ཚོང་ཁང་ཆུང་བ།

གཟུངས་འདུས་སྐྱབས། 琼迈文学网 2022-09-01

                                 གཅིག
       ཁྱོད་ཀྱིས་མི་ཞིག་གི་སྐྱེ་བ་བླངས་ཟིན་ཕྱིན་ངེས་པར་དུ་འཚོ་ཚིས་ཀྱི་ཆེད་དུ་འཚོ་བ་ལ་གདོང་གཏད་དགོས་པ་དང་། འཚོ་བ་ཡི་ཆེད་དུ་ལས་གནས་གང་ཞིག་གི་བྲན་གཡོག་བྱེད་དགོས་པ་རེད།དེ་ཡང་ཚིག་དམར་རྗེན་དུ་བཤད་ན། ཁྱོད་ཀྱིས་མི་ཞིག་གི་སྐྱེ་བ་བླངས་ཟིན་ཕྱིན་ངེས་པར་དུ་རང་ཁ་གསོ་བའི་ཕྱིར་དུ་ལས་ཀ་བྱེད་དགོས་པ་རེད།གལ་ཏེ་ལས་ཀ་མི་བྱེད་པའི་མི་ཞིག་ལ་མཚོན་ན་འཚོ་བ་ལ་བདེ་སྐྱིད་ཟེར་བ་ཞིག་ཡོད་ཁག་ལ་མི་ཚེ་ལ་རིན་ཐང་ཟེར་བ་ཞིག་དེ་བས་ཀྱང་ཡོད་ཁག་པས།ལས་ཀར་འབད་འབུངས་ཧུར་ཐག་བྱེད་པ་ནི་འཚོ་བ་རོལ་བའི་ཆེད་ཡིན་པ་མ་ཟད། མི་ཚེར་དོན་སྙིང་ལྡན་པའི་ཕྱིར་དུ་ཡང་ཡིན།དབང་རྒྱལ་ལ་མཚོན་ན་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན་ཟེར་རྒྱུ་དཀའ་ན་ཡང་། གང་ལྟར་བཟའ་མི་གང་བོའི་ཁ་གསོ་བའི་ཕྱིར་དུ་ཚོང་ཁང་ཞིག་གཉེར་བསམ་པའི་འཆར་བཀོད་སྔ་མོ་ནས་འཐེན་ཚར་ཡོད་ལ། མིག་སྔར་མདུན་དུ་ལྷག་པའི་དཀའ་ཁག་གཅིག་ཡོད་པ་ནི་ཚོང་ཁང་གཉེར་བའི་མ་རྩའམ་སྒོར་མོ་ཅི་ལྟར་བྱས་ནས་བཀོད་པ་འཐེན་རྒྱུ་དེ་རེད།
       ཞོགས་པའི་ཉི་ཟེར་དམར་པོས་ས་གཞིའི་པང་དུ་འོད་ཀྱི་ས་གདན་བཏིང་ཞིང་།ས་གདན་འདིའི་སྟེང་གི་སྐྱེ་འགྲོ་རྣམས་ནི་མདང་ནུབ་ཀྱི་རྨི་ལམ་ལས་སད་དེ།དེ་རིང་གི་ཟླ་ཚེས་གསར་བ་ལ་བསུ་མ་བྱེད་བཞིན་པའི་སྐྱེ་འགྲོ་དག་གི་ཁྲོད་དུ་རྐང་གཉིས་འགྲོ་བ་དབང་རྒྱལ་ཡང་འདུ།ཁོས་ཁ་ལག་སྟབས་བདེ་ཞིག་བཀྲུས་རྗེས་ནངས་ཇ་ཡང་མ་འཐུང་བར་མ་སྤུན་ཕུ་བོ་བཀྲ་བྷ་ཡོད་སར་སོང་།བཀྲ་བྷ་ནི་ཀླུ་གཞུང་སྡེ་བ་འདིར་མཚོན་ན་ཕྱུག་པོ་དེའི་ཡན་ན་མེད་མཁན་ཞིག་ཡིན་པ་མ་ཟད།རང་གི་ཤ་ཉེ་རིང་རྣམས་ལ་ཡང་ཉེ་འདང་ཆེས་ཆེར་ཡོད་མཁན་ཞིག་ཡིན་པས།ཐེངས་དུ་མར་རང་གི་མ་སྤུན་ནུ་བོ་དབང་རྒྱལ་ལ་དཔལ་འབྱོར་ཐད་ནས་རོགས་རམ་ཡང་ཡང་བྱས་མྱོང་ན་ཡང་།ད་རེབ་ཚོང་ཁང་གཉེར་བའི་མ་རྩའི་ཐད་ལ་རོགས་ར་བདའ་བྱེད་མིན་ནི་དབང་རྒྱལ་ལ་གདེང་ཚོད་ཆེན་པོ་མེད་དེ།ཐེངས་སྔོན་མ་དག་ལ་རོགས་རམ་བྱས་པ་བདེན་མོད།འོན་ཀྱང་རོགས་རམ་བྱེད་ཐེངས་རེའི་སྒོར་མོའི་གྲངས་ཀ་ནི་དེ་འདྲའི་མཐོན་པོ་ཞིག་མ་ཡིན་པར།ཐེངས་ཤིག་བུ་མོ་བསོད་ནམས་འཚོ་སློབ་གྲྭར་འགྲོ་སྐབས་སྒོར་སྟོང་ལྔ་ཆད་ལ་བཞག་པ་དེ་ནི་ཆེས་མཐོ་ཤོས་རེད།ཡིན་ན་ཡང་ཚོང་ཁང་ཞིག་གི་མ་རྩ་ལ་ཆེས་མ་མཐའ་ཡང་སྒོར་ཁྲི་གསུམ་བཞི་ཙམ་དགོས་པས་ཕུ་བོ་བཀྲ་བྷས་རང་ལ་རོགས་རམ་བྱེད་སྲིད་དམ་སྙམ་ཞིང་།དབང་རྒྱལ་གྱི་བློ་ནི་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཡོད་ཀྱང་གོམ་པའི་སྟངས་སྟབས་དེ་ག་ལེར་ག་ལེར་མ་སྤུན་ཕུ་བོ་བཀྲ་བྷ་ཡོད་སར་སོང་།
       'དབང་རྒྱལ་ཁྱོད་ཡོང་རན་ཞིག་ལ་ཡོང་འདུག ཟ་ཐོག་ལ་ཐོན་ན་ཟ་རོགས་ཉན་དགོས་ཟེར་ནི་རེད།'
       བཀྲ་བྷས་དབང་རྒྱལ་ལ་དེ་ལྟར་འཛུམ་མདངས་དང་བཅས་ཏེ་བསུ་བ་བྱས་ཤིང་།བཀྲ་བྷའི་ཆུང་མ་ཀླུ་མོ་སྐྱིད་ཀྱིས་ཀྱང་དབང་རྒྱལ་ལ་འོ་ཇ་དཀར་ཡོལ་གང་བླུགས་ཏེ་མགྲོན་པོར་སྣེ་ལེན་བྱེད་འགོ་བརྩམས་སོང་།དབང་རྒྱལ་ཏག་ཏག་བཀྲ་བྷས་བཤད་པ་ལྟར་ཟ་ཐོག་ལ་ཐོན་པའི་ཟ་རོགས་སུ་གྱུར་འདུག་སྟེ།བཀྲ་བྷ་ཚང་གིས་ཤ་མོག་དང་ལུག་ཤ་བཙོས་མ།ཤ་ཁུ་ཅན་གྱི་འཐེན་ཐུག ད་དུང་ལུག་གི་ནང་ཁྲོལ་བཅས་སྣུམ་ཅིང་སྣུམ་པའི་ཟ་མ་ཏག་ཏག་ལོངས་སུ་སྤྱོད་གྲབས་བྱེད་བཞིན་འདུག དབང་རྒྱལ་གྱིས་ནངས་ཇ་རྒྱགས་ཆོད་པ་ཞིག་འཐུང་ཞིང་ཧ་ལམ་དུས་ཡུན་རིང་བོ་ཞིག་ལ་དེ་འདྲའི་ཟ་མ་སྟོབས་ཆེན་ཞིག་ཟོས་མེད་ལས་ཆེ།ཁོས་ཁ་ཤ་ལག་མཐིལ་གྱིས་ཕྱི་ཙམ་བྱས་རྗེས་བཀྲ་བྷ་སར་བལྟ་ཙམ་དང་བལྟ་ཙམ་བྱེད་པའི་མོད་ལ།བཀྲ་བྷས་ཁོ་ལ་དོན་དག་ཅིག་བཤད་རྒྱུ་ཡོད་པ་རྟོགས་ནས་དཀར་ཡོལ་ནང་གི་འོ་ཇ་ལ་ཧུབ་རིང་ཞིག་བཏབ་རྗེས།'དབང་རྒྱལ།ད་ལོ་སར་ལ་ཡང་ཐོན་ལ་ཉེ།ཁྱོད་ལ་ལོ་སར་བྱེད་ཀྱི་སྒོར་མོས་འདང་ངམ།'དབང་རྒྱལ་གྱིས་ཀླུ་མོ་སྐྱིད་སར་བལྟ་ཙམ་བྱས་ཤིང་སླར་ཡང་བཀྲ་བྷ་སར་འཁོར་ཏེ།'ཕུ་བོ་བཀྲ་བྷ།སྔོན་ཆད་ཁྱོད་ཀྱིས་ང་ལ་རོགས་རམ་བྱས་པ་ཐེངས་གཅིག་མིན།ད་ནས་བཟུང་ངས་ཡང་དང་བསྐྱར་དུ་ཁྱོད་ལ་དཀའ་ལས་གཏོད་མི་འདོད།འདི་ནི་ཆེས་མཐའ་མཇུག་ཡིན།ད་རེབ་ཁྱོད་ཀྱིས་ང་ལ་སྒོར་མོ་ཅུང་ཙམ་མང་བོ་ཞིག་ཆད་ལ་འཇོག་རོགས།'ཞེས་བཤད་པ་ན།བཀྲ་བྷའི་ཆུང་ཞིང་བཙུམ་པའི་མིག་ཟུང་དེ་ཡང་ཇེ་ཆེར་བུད་སོང་བ་ལྟར་གྱུར་ལ་ཀླུ་མོ་སྐྱིད་ཀྱི་ཆེ་ཞིང་གོར་བའི་མིག་ཟུང་དེ་སྔར་ལས་ཆེ་རུ་ཕྱེས་སོང་།
       བཀྲ་བྷ་བཟའ་ཟླ་གཉིས་ཀྱི་རྣམ་འགྱུར་དེས་དབང་རྒྱལ་ལ་གཟུགས་མེད་ཀྱི་གནོན་ཤུགས་ལྕི་མོ་ཞིག་བྱིན་པས།དབང་རྒྱལ་ག་ལེར་ཡར་ལངས་ཤིང་གནས་སྐབས་སུ་ཁུ་སིམ་མེར་གྱུར་བའི་ནང་ཁྱིམ་དེ་དང་བྲལ་བར་རྩོམ་པའི་ཚེ་ན།བཀྲ་བྷས་ཁོ་རང་ཕྱིར་ཙོག་པར་སྐུལ་ཞིང་མིད་ཐག་ཕྲ་མོ་བསལ་ཙམ་བྱས་པ་ལ་བལྟས་ན་གླུ་དབྱངས་ཤིག་ལེན་གྲབས་བྱེད་པ་དང་འདྲ་མོད།འོན་ཀྱང་དེ་ནི་གླུ་དབྱངས་ལེན་པའི་སྟ་གོན་མ་ཡིན་པར་སེམས་གཏམ་བཤད་པའི་སྔོན་འགྲོའི་རོལ་དབྱངས་རེད།
       'དབང་རྒྱལ།དང་ཐོག་ཁྱོད་འབྲོག་ལས་བྱས་ནས་བསྡད་ཡོད་ན་ཅི་མ་རུང་།ཆེས་མ་མཐའ་ཡང་གཡང་ལ་དྲིན་ཅན་ཚོའི་དྲིན་ལ་ལོ་སར་བྱེད་ཀྱི་སྒོར་མོ་རྡོག་རེ་ལོན་ནི་རེད།སྡེ་མི་ཚོས་བཀྲ་བྷ་ང་ཕྱུག་རབས་བཤད།དྲང་མོར་བཤད་ན་ལོ་ལོན་རྒན་རྒོན་དག་ཞིང་ཚོའི་དྲིན་ལ་འབྲོག་ལས་ཀྱི་རྨང་གཞི་དགའ་ཞིག་ཡོད་པ་དེའི་རྒྱུན་སྐྱོང་བ་ཙམ་ལས།ཚོང་ཆེན་ནི་ངས་མི་རྒྱག ཚོང་ཆུང་ཡང་ངས་མི་རྒྱག་པས།ང་ལ་ཕྱུག་པོ་ཞེས་པའི་མིང་ཞིག་ཐོགས་དོན་མེད་མོད་ཡོད་ཚད་འབྲོག་ལས་མ་དོར་བའི་བཀའ་དྲིན་རེད་བསམ་ཡོད།ཡ་ད་ཆོག་གི ད་རེབ་ངས་ཁྱོད་ལ་རོགས་བྱས་ཆོག ཡིན་ན་ཡང་ང་ལ་རེ་བ་ཞིག་ཡོད་པ་ནི་ཁྱོད་རང་ཕྱིར་འབྲོག་ལས་ལ་སེམས་འཁོར་རྒྱུ་དེ་ཡིན།སྒོར་མོ་ག་ཚོད་དགོས་སམ།'
       ཕུ་བོ་བཀྲ་བྷས་བཤད་པ་ཅི་མ་བདེན།གལ་ཏེ་རང་ཉིད་ཀྱང་ཁོ་དང་འདྲ་བར་འབྲོག་ལས་བྱས་ནས་བསྡད་ཡོད་པ་ཡིན་ན།ཁོ་དང་འདྲ་བར་འབྲོག་ས་རུ་ཕྱུགས་ཟོག་མང་བོ་ས་སྟེང་དུ་མ་ཆུད་པར་ཡོད་པ་ཞིག་དང་།ཡང་གྲོང་རྡལ་དུ་ཁང་བརྩེགས་མང་བོ་ར་སྐོར་དུ་མ་ཆུད་པར་ཡོད་པ་ཞིག་ཏུ་གྱུར་ཡོད་ཟེར་རྒྱུ་དཀའ་ཡང་།རང་ཁ་རང་གསོའི་འཚོ་བ་སྐྱིད།མགོ་སྒུར་པུས་འཛུགས་འཚོ་བ་སྡུག་ཅེས་ཡུ་གུར་རིགས་ཀྱི་ཁ་དཔེ་ཞིག་ཡོད་པ་ལྟར།ཆེས་མ་མཐའ་ཡང་གཞན་ལ་བརྟེན་མི་དགོས་པར་རང་མགོ་རང་གིས་ཐོན་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་འཚོ་བ་རོལ་ཐུབ་ཡོད་པར་བསམ་ན་ཅུང་འགྱོད་པ་སྐྱེ་བ་ཞིག་ལོས་ཡིན།ཡིན་ན་ཡང་ད་ནི་འགྱོད་པ་ལས་ཀྱི་ཐ་མ་ཡིན་ཟེར་བས་མིག་སྔར་གྱི་དོན་དངོས་ལ་གདོང་གཏོད་པ་ལས་ཐབས་ཅི་ཡོད་བསམ་པ་དང་ཆབས་ཅིག
       'འོ་ཡ་ཕུ་བོ།དྲང་མོར་བཤད་ན་ཕྱིར་འབྲོག་ལ་ཡོང་རྒྱུ་དེ་ཡང་སླ་མོ་ཞིག་མ་རེད་ཡ།ཆེས་ཉུང་ན་ཡང་སྒོར་ཁྲི་ཉི་ཤུ་ནས་སུམ་ཅུའི་མ་རྩ་དགོས་རྒྱུ་རེད།གང་ལྟར་སྐྱོན་ཡོད་ནི་མ་རེད།མི་ཡི་བློ་དང་ཕག་གི་སྣ་ཟེར་ནི་རེད།འུན་་་སྒོར་ཁྲི་ལྔ་དགོས་རྒྱུ་རེད།ལོ་སར་རྗེས་ནས་སྒོར་མོ་ཁ་ཚང་བོ་ཕྱིར་འཕྲོད་དུ་འཇུག་ཁོ་ཐག་ཡིན།'ཞེས་བཤད་པ་ན།
       དབང་རྒྱལ་གྱིས་ག་ལེར་ཀླུ་མོ་སྐྱིད་སར་བལྟ་ཙམ་བྱས་ཤིང་ཀླུ་མོ་སྐྱིད་ཀྱིས་ཀྱང་རང་གི་ཁྱོ་གའི་རྣམ་འགྱུར་ཚོར་བ་ལྟར།'ངས་བལྟས་ན་ཡང་སྒོར་ཁྲི་ལྔ་དགོས་རྒྱུ་རེད།ཡང་གཅིག་བཤད་ན་ད་ནི་ལོ་སར་ལ་ཡང་ཐོན་ལ་ཉེ་བས་ཚོང་ཁང་ཞིག་མྱུར་དུ་འཛིན་ཐུབ་ན་ཡོང་སྒོ་བཟང་ན་ཐང་།'ཞེས་ཐབ་ཀ་རུ་ཨོང་རྡོག་འགའ་འཕངས་ཤིང་གདོང་ལ་ལྷད་མ་འདྲེས་པའི་འབྲོག་མོ་རྣལ་མ་ཞིག་གི་གཤིས་ཀ་ཇི་མ་ཇི་བཞིན་རང་ཤུགས་སུ་མངོན་པ་ན།བཀྲ་བྷས་ཀྱང་མགོ་བོ་ནང་དུ་གཡུག་གཡུག་ཙམ་གནང་ཞིང་དབང་རྒྱལ་གྱི་སེམས་སུ་བཤད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་བརྟས་ཤིང་།གལ་ལ་ཐུག་ན་ཕུ་བོ་བཀྲ་བྷ་བཟའ་ཟླ་གཉིས་མ་གཏོགས་རེ་སའི་སྐྱབས་དང་སྐྱོབ་པའི་མགོན་ཞིག་མེད་པ་འདི་ཡང་ཚེ་སྔོན་མའི་ལས་དབང་རེད་བསམ་བཞིན་འདུག                                             
                        གཉིས།   
       དེ་རིང་ནི་ལུགས་གསར་གྱི་ཟླ་དང་པོའི་ཚེས་བརྒྱད་ཉིན་དང་ལུགས་རྙིང་གི་ཟླ་བཅུ་གཅིག་པའི་ཉི་ཤུ་ལྔ་ཉིན་ཡིན་ལ།ལུགས་རྙིང་གི་ལོ་གསར་བ་ཚེས་པར་ཏག་ཏག་ཉིན་བཞི་ཅུ་ཞེ་གཉིས་ལས་མི་འདུག་པས།ཀླུ་གཞུང་གྲོང་རྡལ་གྱི་ཚོང་བ་ཚོར་མཚོན་ན་ཟླ་བ་འདི་ནི་ཚོང་ཁེ་ཆེས་བཟང་བའི་ཟླ་བ་ཞིག་ཡིན་པ་སྨྲོས་ཅི་དགོས།དེ་ལྟ་ན་དབང་རྒྱལ་གྱིས་ཀྱང་གསར་དུ་ཚོང་སྒོ་ཕྱེས་པའི་ཚོང་ཁང་དེ་རུ་ལོ་སར་གྱི་ཉོ་བཅའ་ཉོ་རུ་ཡོང་བའི་མི་དག་ལ་སྒུག་འདུག་པ་ལྟར་ཚོང་ཁང་གི་སྒོ་འགྲམ་ནས་སྲང་ལམ་གྱི་ཕར་འགྲོ་ཚུར་འོང་གི་མི་དག་ལ་རེ་བའི་མིག་ཟུང་གིས་བལྟས་འདུག་མོད།འོན་ཀྱང་སྲང་ལམ་གྱི་མི་དག་སྔར་ནས་གྲོས་བྱས་ཡོད་པ་ལྟར་ཁ་ཆེའི་ཚོང་ཁང་ཆེན་མོ་སྟེ་མ་ཧྲི་ཚང་གི་ཚོང་ཁང་དང་།རྒྱ་ནག་གི་ཚོང་ཁང་ཆེན་མོ་སྟེ་ཞང་ཁྲིན་ཚང་གི་ཚོང་ཁང་གི་སྒོ་རུ་དམག་དཔུང་ལྟར་གྲལ་སྒྲིག་ཡོད་པ་ལས།རང་ཚང་གི་ཚོང་ཁང་དུ་མིའི་གྲིབ་མ་ཙམ་ཡང་མ་ཡོང་བས།ཁོ་རང་ཅུང་ཡིད་མི་ཆེས་པ་ལྟར་'བསོད་ནམས་འཚོ།བསོད་ནམས་འཚོ།'ཞེས་སྐད་མགོ་ཅུང་མཐོ་བའི་སྒོ་ནས་བོས་ཤིང་བསོད་ནམས་འཚོས་ཀྱང་ཕྱིར་ལན་དུ་'ཨ་ཕ།ཡོང་གིན་ཡོད།'ཅེས་ཨ་ལན་བྱིན་ཞིང་སྒོར་བུད་པ་ན།དབང་རྒྱལ་གྱིས་རང་གི་ཉེ་འཁོར་གྱི་གནས་བབ་ལ་མིག་ཉུལ་ཞིག་བྱས་ཤིང་དེ་ནས་བསོད་ནམས་འཚོ་ལ་སྐད་ཅུང་དམའ་བའི་སྒོ་ནས་'ཁྱོད་སོང་ནས་མ་ཧྲི་ཚང་དང་ཞང་ཁྲིན་ཚང་གི་ཚོང་ཁང་དུ་ཚོང་ཟོག་ཅི་དང་གང་ཡོད་པར་ལྟོས་ལ་ཤོག ཨ་མ་ངས་སྲུང་ནས་འདུག'ཅེས་བཤད་པ་ན།བསོད་ནམས་འཚོས་ཀྱང་དེ་མ་ཐག་ཕ་གི་ན་མི་ཚོགས་ཀྱི་འདུ་འཛི་ལང་ལོང་དུ་གཡོ་བཞིན་པའི་མ་ཧྲི་ཚང་དང་ཞང་ཁྲིན་ཚང་གི་ཚོང་ཁང་གི་སྒོ་རུ་བལྟ་ཙམ་བྱས་རྗེས།དབང་རྒྱལ་ལ་ཡ་ལན་གྱི་ཚབ་ཏུ་མགོ་བོ་ནང་དུ་བཀུག་ཙམ་བྱས་ཤིང་།གོམ་པའི་འདེགས་འཇོག་གི་རྒྱུ་བ་མ་ཧྲི་ཚང་དང་ཞང་ཁྲིན་ཚང་གི་ཕྱོགས་སུ་བསྒྱུར་འགོ་བརྩམས་སོང་།
       བསོད་ནམས་འཚོ་ཕར་མ་ཧྲི་ཚང་དང་ཞང་ཁྲིན་ཚང་གི་ཚོང་ཟོག་ཅི་དང་གང་ཡོད་ལ་མྱུལ་ཞིབ་པ་ཞིག་ལྟར་ལྟ་རྟོག་བྱེད་དུ་མངགས་རྗེས།དབང་རྒྱལ་ཚོང་ཟོག་བཤམས་སའི་ཁང་མིག་དང་སྒེའུ་ཁུང་ཞིག་གིས་བར་བཅད་ཡོད་པའི་ཁང་མིག་གཞན་དེ་རུ་དུས་ཡུན་རིང་བོར་ནད་ཀྱིས་ཟིན་ཡོད་པའི་ཆུང་མ་ཚེ་སྒྲོན་གྱི་གམ་དུ་ཐོན།ཆུང་མ་ཚེ་སྒྲོན་གྱི་ངོ་མདངས་ནི་བྱ་རྡོ་དཀར་པོ་ཞིག་དང་འདྲ་བར་ཡོད་པ་དེ་ལ་སྣུམ་མདངས་ཨེན་ཙམ་མི་འདུག་ལ།ཆེ་ཞིང་གོར་བའི་མིག་ཟུང་གཉིས་ཀྱི་མཐའ་ན་ཆུ་བོའི་རླབས་ལྟར་ཡོད་པའི་ཤ་ཡི་གཉེར་མ་འགའ་དང་།དཔྲལ་བའི་ཐོག་ཏུ་ཡང་ཤ་ཡི་གཉེར་མ་འགའ་གསལ་བྱེད་ཀྱི་ཡི་གེ་ཟ་ཡིག་ལྟར་བབས་ཡོད་པ་དེ་དག་མིག་གི་འགུལ་སྐྱོད་དང་བསྟུན་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་འདུག ཁོ་མོ་གློ་ཚད་ལྕི་མོ་ཞིག་གིས་ཡུན་རིང་མནར་མཐར་མལ་ཁྲི་དང་རིང་ཐུང་གཤིབ་པ་ལས་ཡར་ལངས་ཏེ་དབང་རྒྱལ་ཕ་བུ་གཉིས་ལ་རོགས་བྱེད་མི་ཐུབ་མོད།འོན་ཀྱང་ཚོང་ཁང་གི་སྒོ་ཕྱེས་ཀྱང་ཉོ་མཁན་མེད་པ་དེས་ཁོ་མོའི་སེམས་པ་བདེ་ལ་འབབ་ཐུབ་མ་བྱུང་བས་གློ་ལུ་འགའ་དང་མཉམ་དུ།'དང་ཐོག་ཁྱོད་ཀྱིས་ངའི་ཁར་ཉན་ནས་འབྲོག་ཏུ་བསྡད་ཡོད་ན།ཆེས་མ་མཐའ་ཡང་ང་རང་སྨན་པར་སྟོན་བྱེད་དང་ལོ་སར་རོལ་བྱེད་ཀྱི་སྒོར་རྡོག་འགའ་རེ་མར་ཕྱུར་བཙོངས་པས་ཀྱང་ལོན་ཐུབ་ནི་རེད།ད་ནི་ལྟོས་དང་ཚོང་ཁང་ནང་ལ་མི་མ་དགོས་མིའི་གྲིབ་མ་ཙམ་ཡང་ཡོང་མཁན་མེད་པ་ཨེ་རིག་གི'ཞེས་དབུགས་རིང་ཞིག་འཐེན་པ་ན།དབང་རྒྱལ་གྱིས་ཕྱིར་ཚིག་ལན་ཅི་ཡང་མ་བཏབ་པར་ལག་གཡོན་པས་ཚེ་སྒྲོན་གྱི་ཁོག་སྟོད་ནས་སྐྱོར་ཙམ་བྱས་ཤིང་།གཡས་ལག་ཏུ་ཡོད་པའི་ཇ་ཕོར་དེའི་ཁ་ཚེ་སྒྲོན་གྱི་ཁ་རུ་གླན་ཙམ་དང་གླན་ཙམ་བྱས་ནས་མོ་ལ་ཆུ་ཁོལ་ཅུང་ཙམ་ཞིག་འཐུང་དུ་འཇུག་པའི་སྐབས་དེར་ཚོང་ཁང་དུ་མི་འགའ་ཐོན་ཞིང་'ཨ་རོ་ཚང་།'ཞེས་བོས་མ་ཐག་དབང་རྒྱལ་བཟའ་ཟླ་གཉིས་ཀྱི་གདོང་ལ་གཅིག་འཕྲོར་གཅིག་འཛུམ་མདངས་ཉི་མ་འདྲ་བ་རེ་ཤར་ཞིང་དབང་རྒྱལ་གྱིས་དེ་མུར་'འོ།ཡོང་གིན་ཡོད།ཡོང་གིན་ཡོད།'ཞེས་ཁང་མིག་འདི་དང་སྒེའུ་ཁུང་གི་བར་ཆོད་ཡོད་པའི་ཚོང་ཁང་དུ་སོང་ཞིང་།དབང་རྒྱལ་སོང་ཤུལ་དུ་ཚེ་སྒྲོན་གྱི་གདོང་གི་འཛུམ་མདངས་དེ་ད་དུང་ཡང་མ་ཡལ་བར་བསྡད་འདུག་ཅིང་སེམས་སུ་རེ་བ་མེ་སྟག་ཙམ་མཆེད་པའི་འབྲོག་མོ་འདི་ངོ་མ་སྙིང་མ་རྗེ།
       ཚོང་ཁང་དུ་ཡོང་བའི་མི་དེ་དག་ནི་དབང་རྒྱལ་གྱི་ངོ་ཤེས་གྲོགས་པོ་ཏག་ཏག་ཡིན་འདུག དེ་ཡང་ལོས་ཡིན་ཏེ་བྱ་རྒོད་གཅིག་ལ་ཐོགས་འདྲའི་གཤོག་པ་དང་སྟག་རྒོད་གཅིག་ལ་ཐོགས་འདྲའི་སྡེར་མོ་ལྟ་བུའི་ཀླུ་གཞུང་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་སྡེ་མི་ཞིག་ཡིན་ཕྱིན།ཕན་ཚུན་ཆ་ཡོད་མིན་ན་གྲོགས་པོ་དང་ཡང་གྲོགས་པོ་མིན་ཡང་ཆ་རྒྱུས་ཡོད་མཁན་ལོས་ཡིན།ཁོ་ཚོ་ལ་ལས་བོད་ལྭ་གོན་ཞིང་ཡང་ལ་ལས་ནུབ་ལྭ་གོན་འདུག་པ་དང་།དབང་རྒྱལ་ཚོང་ཁང་དུ་ཐོན་མ་ཐག་ཁོ་ཚོའི་གྲལ་གྱི་གསར་བུ་ལྟག་སྐྲ་རིང་བོ་ཅན་ཞིག་ཡོད་པ་དེས་དབང་རྒྱལ་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ལྟར་'ལྟས་ངན།ཁྱོད་འདི་ཅི་འདྲའི་མི་ཀླད་པ་ཅན་ཞིག་རེད།ལོ་སར་ལ་ཡོད་དུས་ཚོང་ཁང་ཞིག་གི་སྒོ་ཕྱེས་སོང་ངམ།ཀན།རྨ་ཆུ་རྟགས་ཅན་གྱི་ཝུ་ཆང་ཤོག་སྒམ་གང་ལ་སྒོར་ག་ཚོད་རེད།'ཅེས་དྲིས་པ་ན་དབང་རྒྱལ་གྱིས་དགོད་རྒྱུ་མེད་ཀྱང་དགོད་ཁུལ་ཞིག་བྱས་ཤིང་།རྩིས་རྒྱག་འཕྲུལ་ཆས་སུ་རྩིས་རྒྱག་འགོ་བརྩམས་སྐབས།མྱུལ་མར་མངགས་པ་ལྟ་བུའི་བསོད་ནམས་འཚོ་ཡང་ཕྱིར་ཐོན་སོང་བ་མཐོང་མོད།འོན་ཀྱང་གནས་སྐབས་སུ་མོ་ལ་ཅི་ཡང་མ་བཤད་པར་མུ་མཐུད་དུ་རྩིས་བརྒྱབ།
       'ཤོག་སྒམ་གང་ལ་སྒོར་སོ་དྲུག་རེད།'
       'ཨ།དཔེ་སྲིད་དམ།མ་ཧྲི་ཚང་ནས་སྒོར་སུམ་ཅུ་བྱས་ནས་བཙོངས་བཞིན་འདུག ཡ་ཡ།འོ་ན་1616རྟགས་ཅན་གྱི་ཝུ་ཆང་ཤོག་སྒམ་གང་ལ་སྒོར་ག་ཚོད་རེད།'
       དབང་རྒྱལ་གྱིས་མུ་མཐུད་དུ་འཛུམ་རྒྱུ་མེད་ཀྱང་འཛུམ་ཁུལ་ཞིག་བྱས་ཤིང་སླར་ཡང་རྩིས་རྒྱག་འཕྲུལ་ཆས་བཀོལ་ཏེ་རྩིས་བརྒྱབ་རྗེས།
       'སྒོར་བདུན་ཅུ་དོན་གཉིས་རེད།'
       གསར་བུ་ལྟག་སྐྲ་རིང་བོ་ཅན་དེའི་ངོ་མདངས་ཅུང་གཟབ་ནན་དང་ལྡན་པ་ལྟ་བུ་ཞིག་ཏུ་གྱུར་ཞིང་'ཡ་ཡ།ཤེས་སོང་།'ཞེས་ལན་སྟབས་བདེ་ཞིག་བཏབ་རྗེས་ཚོང་ཁང་གི་སྒོ་རུ་སོང་ཞིང་མི་གཞན་པ་དེ་ཚོས་ཀྱང་ཚིག་འབྲུ་མི་གསལ་བའི་ཤབ་ཤུབ་ཀྱི་སྐད་ཆ་རེ་བརྡོལ་བཞིན་གཅིག་རྗེས་གཉིས་མཐུད་དུ་སྒོ་རུ་བུད་སོང་།ཁོ་ཚོ་སོང་ཤུལ་དུ་དབང་རྒྱལ་གྱིས་ངོ་འདོམ་པ་གང་དྲུད་ཅིང་བསོད་ནམས་འཚོ་ལ་བལྟ་ཙམ་བྱས་པ་ན།བསོད་ནམས་འཚོས་ཀྱང་ངོ་འདོམ་པ་གང་དྲུད་ཡོད་ཅིང་མཐུག་ལ་དམར་བའི་ཁ་ཤ་དེའི་བར་ནས་'ཨ་ཕ།ཁོ་ཚོར་འུ་ཚང་གི་ཚོང་ཟོག་ཏུ་མེད་པའི་ཆང་གོང་མཐོ་དང་ཐ་མག་གོང་མཐོ།ད་རུང་སྔོ་ཚལ་གྱི་རིགས་འགའ་ཡོད་པ་མ་གཏོགས་གཞན་ཚང་མ་འུ་ཚང་གི་ཚོང་ཁང་དང་གཅིག་པ་གཅིག་རྐྱང་རེད་'ཅེས་བཤད་ཚར་རྗེས་ཏག་ཏག་གློ་ལུ་རྒྱག་བཞིན་པའི་ཨ་མ་ཚེ་སྒྲོན་ཡོད་སར་བུད་སོང་བ་དང་།དབང་རྒྱལ་གཅིག་པུས་ཤུལ་ཏུ་ཅི་ཞིག་ལ་འདང་རྒྱག་པ་ལྟར་ལག་པས་གྲུ་མོ་གཉིས་ཚོང་ཟོག་བཤམས་སའི་ཚོང་སྒྲོམ་གྱི་སྟེང་དུ་བཞག་ཅིང་ལག་ངར་གཉིས་ཀྱིས་འགྲམ་པ་གཡས་གཡོན་གཉིས་སྐྱོར་ཏེ་མིག་གཉིས་འགུལ་མེད་དུ་མདུན་དུ་ཧད་འདུག                        
                        གསུམ།
       དེ་རིང་ནི་ལུགས་གསར་གྱི་ཟླ་གཉིས་པའི་ཚེས་བཅུ་ཉིན་དང་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཉི་ཤུ་དགུ་ཉིན་ཡིན་པས།ཀླུ་གཞུང་གྲོང་རྡལ་གྱི་བར་སྣང་དུ་ཤོག་སྦག་གི་སྒྲ་མཚམས་མེད་དུ་གྲགས་པ་དང་།དེ་ལ་རམ་འདེགས་བྱེད་པ་ལྟ་བུའི་སྒྲ་སྟེ་ཀྭི་སྒྲ་རེ་ཟུང་ཡང་མཚམས་མཚམས་སུ་ཐོས་རྒྱུ་འདུག སྡེ་མི་ཚོས་ཉི་ཤུ་དགུ་ཉིན་གྱི་ཕྱི་དྲོའི་གཏོར་རྒྱག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད།ཁྱིམ་མི་ལྷན་འཛོམས་ཀྱི་དགུ་ཐུག་འཐུང་བར་ཡང་སྟ་གོན་བྱེད་བཞིན་འདུག ཡིན་ན་ཡང་སྒོ་བྱང་ཆུང་ཞིང་ཆུང་བ་ཞིག་གི་སྟེང་དུ་ཚོང་ཁང་ཆུང་བ་ཞེས་བྲིས་ཡོད་པའི་དབང་རྒྱལ་ཚང་ནི་དགུ་གཏོར་དང་དགུ་ཐུག་ལ་གྲ་སྒྲིག་བྱེད་པའི་སེམས་པ་ཞིག་གང་ནས་ཡོད་དེ།ཚེ་སྒྲོན་གྱི་ནད་གཞི་ཇེ་ཐུ་ནས་ཇེ་ཐུ་རུ་སོང་ཞིང་ད་ལྟ་ཁ་ཡང་དགའ་ཞིག་གྲག་མ་ཐུབ་པར་གཞི་ནས་མལ་སའི་ནང་དུ་ལྷུང་ཚར་འདུག་པས།དབང་རྒྱལ་དང་བསོད་ནམས་འཚོ་ཕ་བུ་གཉིས་དང་།ད་དུང་བཀྲ་བྷ་བཟའ་ཟླ་གཉིས་བཅས་ཚེ་སྒྲོན་གྱི་གམ་དུ་འདུས་ཏེ་མིག་སྔར་གྱི་ཞེ་སྡུག་པའི་གནས་བབ་འདི་ལ་ཅི་ལྟར་གདོང་གཏོད་དགོས་པའི་ཐབས་བཀོད་འཐེན་བཞིན་འདུག
       'རེད།ཕུ་བོ་བཀྲ་རྒྱ།ད་ནི་འདི་ལྟར་བསྒྲུབ་པར་བྱེད།ཁྱོད་ཀྱིས་ང་ལ་སྒོར་ཁྲི་གཉིས་ཆད་ལ་ཞོག་དང་།འདི་ནི་ཆེས་མཐའ་མཇུག་ཡིན།རྒན་མོ་སྨན་པར་བསྟན་ཚར་རྗེས་སྒོར་མོ་ཁ་ཚང་བོ་ཕྱིར་འཕྲོད་དུ་འཇུག་ཁོ་ཐག་ཡིན།'
       དབང་རྒྱལ་གྱིས་ཐ་མག་རྐང་ཐུར་གཅིག་ལ་འཇིབ་རིང་ཡིད་ཚིམ་པ་ཞིག་བླངས་རྗེས་དེ་ལྟར་བཤད་པ་ན།བཀྲ་བྷས་སྔོན་མ་ལྟར་ག་ལེར་ཀླུ་མོ་སྐྱིད་སར་བལྟ་ཙམ་བྱེད་སྐབས་ཀླུ་མོ་སྐྱིད་ཀྱི་མིག་མཐར་མཆི་མས་བཟུང་ཞིང་ཚེ་སྒྲོན་གྱི་ལག་པར་འཇུས་ཏེ་ཆེས་མཐའ་མཇུག་གི་ཕན་ཚུན་ལ་བདེ་མོ་འཇོག་པ་ལྟར་འདུག་པ་དང་།ཡང་བསོད་ནམས་འཚོ་སར་བལྟ་ཙམ་བྱེད་སྐབས་བསོད་ནམས་འཚོ་ཡང་རང་གི་ཆུང་མ་ལྟར་བསྡད་འདུག་པས།བཀྲ་བྷས་དབང་རྒྱལ་གྱི་ཕྲག་པར་ལག་པས་རྡེབ་རྡེབ་ཙམ་གནང་ཞོར་'དབང་རྒྱལ།མྱི་འཚམ་ན་སྒོར་མོ་སྐྱོན་ཡོད་ནི་མ་རེད།ཡིན་ཡང་ངས་ཁྱོད་ལ་ཆེས་མཐའ་མཇུག་གི་རེ་བ་ཞིག་འདོན།ཚེ་སྒྲོན་སྨན་པར་བསྟན་ནས་ཕྱིར་ཐོན་རྗེས་གནས་སྐབས་སུ་རུ་ནང་དུ་ཡོང་ནས་ངེད་ཚང་གི་ཟོག་ལུག་འཚོས་དང་ངས་ཁྱོད་ལ་གླ་ཆ་མཐོན་པོ་སྟེར།ད་ནི་ཁྱོད་ཀྱིས་ཚོང་ཁང་མི་གཉེར་རྒྱུ་བྱོས།ཡང་གཅིག་བཤད་ན་ཚོང་ཁང་ཞིག་གཉེར་ན་ཞབས་ཞུའི་རྣམ་འགྱུར་བཟང་དགོས་པ་མ་ཟད་ཚོང་རྒྱག་པར་ཡང་བྱང་ཆ་དགོས་ནི་རེད།'ཅེས་བཤད་སྐབས།དབང་རྒྱལ་གྱིས་ཕྱིར་ལན་དུ་'འོ་ཡ།བཀའ་དྲིན་ཆེ།'ཞེས་བཀྲ་བྷའི་བཤད་པའི་སྐད་ཆ་ལ་མོས་མཐུན་ཡོད་མདོག་བསྟན་མོད།འོན་ཀྱང་ཚོང་རྒྱག་པར་ཞབས་ཞུའི་རྣམ་འགྱུར་བཟང་དགོས་ཞེས་ལབ་ན་རང་གི་ཞབས་ཞུའི་རྣམ་འགྱུར་གང་ནས་མ་བཟང་ངམ།གལ་ཏེ་ཞབས་ཞུའི་རྣམ་འགྱུར་དངོས་ནས་མི་བཟང་ཟེར་རྒྱུ་ཞིག་ཡོད་ན་ནི་རང་གིས་སྔོན་ཆད་ཉོ་མཁན་ཚོའི་མདུན་ནས་དགོད་རྒྱུ་མེད་ཀྱང་དགོད་ཁུལ་བྱས་པ་དང་འཛུམ་རྒྱུ་མེད་ཀྱང་འཛུམ་ཁུལ་བྱས་པ་དེ་ལན་པ་ཡིན་ནམ།ཡང་ན་བུ་མོ་བསོད་ནམས་འཚོ་ཡིས་གཡོ་ཟོལ་ཤིག་སྲོ་མང་ཙམ་ཡང་མེད་པར་ཚོང་ཟོག་འདི་ངེད་ཚང་གིས་ལེན་ཞ་གྲོང་ཁྱེར་དུ་སོང་ནས་ཉོ་སྐབས་རིན་གོང་འདི་ལྟར་བྱས་ནས་ཚུར་བླངས་པ་ཡིན་ལ།ད་ལྟ་འདི་ལྟར་བྱས་ནས་ཕྱིར་བཙོངས་བཞིན་ཡོད་ཅེས་ཚོང་ཟོག་རེའི་མགོ་ནས་ཁེ་སྤོགས་མོ་ཙེ་ཆ་རེ་ལེན་བཞིན་ཡོད་པ་དེ་ཡང་དྲང་མོར་བཤད་པས་ལན་པ་ཡིན་ནམ།གང་ལྟར་ཕུ་བོ་བཀྲ་བྷས་སྡེ་མི་སུ་ཞིག་གི་ཁ་ནས་དེ་འདྲའི་སྒྲོ་སྐུར་གྱི་གཏམ་ཞིག་ཐོས་ཡོད་པ་ཁོ་ཐག་རེད།ཚོང་རྒྱག་པར་བྱང་ཆ་ཡོད་དགོས་ཟེར་བ་ནི་ངོ་མ་བདེན་པ་རེད་དེ་མ་ཧྲི་ཚང་དང་ཞང་ཁྲིན་ཚང་ལྟ་བུའི་ཚོང་ཟོག་གི་རིན་གོང་ང་ཚོའི་ཚོང་ཟོག་གི་རིན་གོང་ལས་ཤིན་ཏུ་དམའ་ན་ཡང་།ཁེ་སྤོགས་ང་ཚོ་ཚོང་ཆུང་ཆུང་རྒྱག་མཁན་ཚོ་ལས་ལྡབ་འགྱུར་གྱིས་བཟང་བ་སྔོན་ཆད་ཞང་ཁྲིན་ཚང་གི་བུ་ཚེ་རིང་(ཀླུ་གཞུང་གྲོང་རྡལ་དུ་ཡུན་རིང་ཚོང་བརྒྱབ་མཐར་དམིགས་ཡུལ་ཡོད་མེད་མི་ཤེས་མོད།འོན་ཀྱང་ཞང་ཁྲིན་གྱིས་རང་གི་བུ་མིང་ལ་བོད་མིང་ཞིག་བཏགས་འདུག)གིས་ང་ལ་བཤད་མྱོང་།

                         བཞི།
       དབང་རྒྱལ་བཟའ་མི་གསུམ་གཞི་ནས་ཁྲུན་ཏུའུ་གྲོང་ཁྱེར་དུ་ལམ་ལ་ཆས་སོང་།དབང་རྒྱལ་ཚང་ཁྲུན་ཏུའུ་གྲོང་ཁྱེར་དུ་ལམ་ལ་ཆས་པ་ནི་དེང་སང་གི་འབྲོག་པའི་ཁྱིམ་ཚང་མང་བོ་ཞིག་ལྟར་ལོ་གསར་བ་རོལ་དུ་རྒྱ་གཏིང་དང་ལྷ་སར་བུད་འགྲོ་བ་དེ་བཞིན་མ་ཡིན་པར།ཁྲུན་ཏུའུ་མི་དམངས་སྨན་ཁང་དུ་ཚེ་སྒྲོན་སྨན་པར་སྟོན་དུ་འགྲོ་བ་དེ་རེད།སྨན་ཁང་དེས་མང་ཚོགས་ཀྱི་བདེ་ཐང་བསམ་པ་དང་ཡང་ན་མང་ཚོགས་ཀྱི་སྒོར་མོ་བསམ་པ་གང་ཡིན་མི་ཤེས་མོད་ཀྱང་།གང་ལྟར་ལོ་གསར་སྐབས་སུ་ཡང་ནད་པར་སྨན་བཅོས་བྱེད་བཞིན་འདུག་ཟེར།ལམ་བར་དུ་དབང་རྒྱལ་གྱིས་ཕྱོགས་གཅིག་ནས་རླངས་འཁོར་བསྐོར་བ་དང་ཕྱོགས་གཅིག་ནས་འདས་དོན་ལ་ཕྱིར་དྲན་བྱེད་འགོ་བརྩམས་སོང་།ལོ་ཇི་སྙེད་ཅིག་གི་སྔ་རོལ་ཏུ་ཁོང་ཚང་གི་བཟའ་མི་གང་བོ་འབྲོག་ཏུ་ཡོད་པ་དང་འབྲོག་ཏུ་ལོ་སར་བཞིན་འདུག དེ་དུས་ཀྱི་བསོད་ནམས་འཚོ་ནི་ད་ལྟ་བཞིན་དུ་ལང་ཚོ་དར་ལ་བབ་པའི་བུ་མོ་བསམ་ཤེས་ཤིག་མིན་ཡང་།བྱིས་པའི་ལྷད་མ་འདྲེས་པའི་བྱ་ལུགས་དང་བྱེད་ལུགས་དེ་ནི་ཇི་འདྲའི་སྙིང་རྗེ་ཞིང་ཡིད་དུ་འོང་བ་ཞིག་རེད།ད་དུང་དེ་དུས་ཀྱི་ཆུང་མ་ཚེ་སྒྲོན་ནི་དེ་རིང་བཞིན་དུ་ནད་པ་ཉམ་ཐག་ཅིག་མ་ཡིན་པར།ལུས་ཟུངས་ཇི་འདྲའི་ཡང་ཟོར་དང་ལྡན་པའི་འབྲོག་མོ་བཟང་མོ་ལས་ཀ་ཅན་ཞིག་ཡིན་འདུག ལྷག་པར་དུ་ཁྱིམ་མཚེས་བཟང་བོ་གསེར་གྱིས་མི་ཁུག་ཅེས།དེ་དུས་ཀྱི་གཡས་གཡོན་གོང་ཞོལ་གྱི་རུ་ཁ་ཁྱིམ་མཚེས་རྣམས་ནི་ཇི་འདྲའི་ཕན་ཚུན་ལ་འདྲིས་ལོབས་ཆེ་ཞིང་འདང་རྩིས་ཆེ་བ་ཞིག་སྟེ།ལོ་སར་སྐབས་སུ་ཁོ་ཚོ་ཕན་ཚུན་ལ་ལོ་སྐལ་བསྐྱལ་དུ་འགྲོ་བ་མ་ཟད་གླུ་ལེན་གར་རྩེད་ཀྱི་དཔལ་ལ་རོལ་བའི་འབྲོག་ཐང་གི་ལོ་སར་སྟངས་དེ་ནི་ཇི་འདྲའི་ཡིད་སྨོན་ཤོར་བ་ཞིག་རེད་ཨང་།དབང་རྒྱལ་གྱིས་དེ་ལྟར་ཕྱིར་དྲན་བྱེད་པའི་མོད་ལ་རང་དབང་མེད་པར་མིག་ཆུའི་རྡོག་པ་འགའ་ཡང་མཁུར་ཚོས་སུ་ག་ལེར་བཞུར་འོང་བ་ན་བསོད་ནམས་འཚོས་དེ་མཐོང་འཕྲལ་ཁ་ཤ་ལག་པས་བཀབ་སྟེ་ངུ་དངངས་ཙམ་བྱས་སོང་ལ།རླངས་འཁོར་གྱི་རྒྱབ་ངོས་དེ་འདི་གའི་ཀླུ་གཞུང་གྲོང་རྡལ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་སོང་།
       དབང་རྒྱལ་ཚང་ཁྲུན་ཏུའུ་རུ་ལམ་ལ་ཆས་ཤུལ་དུ་ཚོང་ཁང་ཆུང་བ་ཞེས་བྲིས་ཡོད་པའི་སྒོ་བྱང་དེ་ཡང་ཁེར་རྐྱང་གི་སྡུག་བསྔལ་གྱིས་མ་བཟོད་པ་ལྟར་དྲི་བཞོན་རླུང་གི་རྒྱུ་ཕྱོགས་ལ་བརྟེན་ནས་ཕར་གཡོ་ཚུར་གཡོ་ཡུད་ཙམ་བྱས་རྗེས།མཐར་ཤག་སྒྲ་ཞིག་དང་མཉམ་དུ་ཀླུ་གཞུང་གྲོང་རྡལ་གྱི་སྲང་ལམ་དུ་འཁྱམ་ཁུར་བྱས་ཤིང་།སྲང་ལམ་དུ་ཡར་མར་ལ་འཁྱམ་ཁུར་བྱས་བྱས་པའི་མཚམས་སུ།མཐར་རླུང་འཇགས་པའི་བབ་དང་བསྟུན་ནས་དེ་རུ་འགྲོ་བཞིན་པའི་མི་ཞིག་གི་མདུན་དུ་ཀན་རྐྱལ་དུ་ལོག་སོང་།མི་དེས་དཔེ་དེབ་ཅིག་མཆན་ལ་བཙིར་ཡོད་པ་དང་མདོག་དཀར་པོའི་ཤེལ་མིག་ཅིག་མནབས་འདུག་པ་ལ་བལྟས་ན།ཁོ་རང་དཔེ་ཆ་བ་ཞིག་མིན་ཡང་དཔེ་ཆར་དགའ་བའི་མི་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར།ཁོས་རང་གི་མདུན་དུ་ཀན་རྐྱལ་དུ་ལོག་པའི་སྒོ་བྱང་དེའི་ངོས་ཀྱི་ཚོང་ཁང་ཆུང་བ་ཞེས་བྲིས་ཡོད་པའི་ཡིག་འབྲུ་དག་ལ་ཞིབ་ལྟ་ཞིག་བྱས་རྗེས།སྒོ་བྱང་དེ་ཉིད་གཅིག་ལྟེབ་གཉིས་ལྟེབ་གསུམ་ལྟེབ་བཞི་ལྟེབ་བྱས་རྗེས་དཔེ་དེབ་དང་མཉམ་དུ་མཆན་འོག་ཏུ་བཙིར་ཞིང་།ཀླུ་གཞུང་གྲོང་རྡལ་གྱི་སྲང་ལམ་དེ་ལ་མིག་ཉུལ་ཞིག་བྱས་པ་དང་ཆབས་ཅིག་རང་གིས་རང་ལ་འདི་ལྟར་ཆིག་ལབ་ཅིག་བརྒྱབ་པ་སྟེ།'ནམ་རྒྱུན་ཕ་ཡུལ་དང་ཡུལ་མི་སྤུན་ཟླ་ཞེས་འུར་རྒྱག་པར་དགའ་བའི་ཀླུ་གཞུང་རྩྭ་ཐང་གི་སྡེ་མི་ཚོ།ད་ཡང་ཁྱོད་ཚོས་སྒོར་རྡོག་འགའི་དོན་ལ་རང་གི་རིགས་གཅིག་སྤུན་ཟླ་ཞིག་ཡར་ལངས་རྒྱུ་མེད་པར་བཟོས་འདུག'ཅེས་མིག་ཟུང་དམར་པོ་གྱུར་ཞིང་ཨམ་གཙིགས་བསྡམས་ཡོད་པའི་མི་འདི་ནི་མ་འོངས་པར་ཀླུ་གཞུང་རྩྭ་ཐང་གི་མི་གང་ཡོད་ནང་གི་དེ་ཡོད་ཡིན་པའི་རེ་བ་ཅན་གྱི་མི་ཞིག་ཡིན་ཡང་སྲིད།
       དབང་རྒྱལ་གྱི་ཚོང་ཁང་ཆུང་བ་ཕམ་པར་རྒྱག་མཁན་ནི་གཅིག་བྱས་ན་མ་ཧྲི་ཚང་དང་ཞང་ཁྲིན་ཚང་མ་ཡིན་པར་ཀླུ་གཞུང་གྲོང་རྡལ་གྱི་སྡེ་མིའམ་རང་མི་ཡིན་ཡང་སྲིད།གང་ལྟར་བདག་གི་བསམ་པར་དབང་རྒྱལ་ཁྲུན་ཏུའུ་ནས་ཕྱིར་ཕ་ཡུལ་དུ་ཐོན་རྗེས་མུ་མཐུད་དུ་ཚོང་ཁང་ཆུང་བ་ཞིག་གི་སྦྱིན་བདག་མི་བྱེད་པར་རྩྭ་ཐང་ཆེན་མོ་ཞིག་གི་བདག་པོ་བྱེད་རྒྱུའི་རེ་བ་ཡོད་ལ།དེ་ནི་ཁོའི་མ་སྤུན་ཕུ་བོ་བཀྲ་བྷའི་རེ་བ་ཡང་མ་ཡིན་ནམ།​

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚོང་ཁང་ཆུང་བ།

2022-09-01 གཟུངས་འདུས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།