མདའ་བཙན་པོའི་བརྩམས་སྒྲུང་གསར་པ། 《རྫོང་མཁར་ཆུང་ཆུང་དེ་ན》

མདའ་བཙན་པོ།(རྨ་ལྷོ) 琼迈文学网 2022-09-04

   གཅིག

  ལས་རྒྱུ་མེད་པར་ཉིན་གང་ཁྱིམ་ནས་འདུག་རྒྱུ་ནི་འཇིག་རྟེན་སྟེང་གི་ཁུར་བོ་ཆེས་ལྗིད་མོ་དེ་ཡིན་པ་འདྲ་བས།ངས་རྒྱུ་མཚན་ཅི་ཡང་མེད་པར་སྣ་ལོ་དྲན་བྱུང་།

  སྣ་ལོ་དྲན་པས་ཁོ་ལ་བསྟུད་མར་ཁ་པར་ཐེངས་གསུམ་བཏང་མོད།ཁ་པར་ནི་རི་རབ་གསེབ་ཀྱི་གཏེར་ཁ་བཞིན་ལེན་མཁན་མི་འདུག་པས།ངས་སྣ་ལོའི་ཆུང་མ་དྲན་བྱུང་།

  སྣ་ལོའི་ཆུང་མ་སྣ་ལོའི་སྟེང་ལ་བཙན་པ་ནི་གླིང་ལ་གྲགས་ཡོད་ཟེར་ན་འུར་ཏུ་འགྲོ་མོད།རྫོང་ལ་གྲགས་ཡོད་ཟེར་ན་མི་གྲངས་ཁྲི་བཞི་ལ་ཉེ་བའི་རྫོང་འདིའི་མི་ཡོངས་ཀྱིས་"དེ་བདེན།དེ་བདེན།"མི་ཟེར་མཁན་ཞིག་ཡོད་མི་སྲིད་དོ།།

  འོན་ཀྱང་།སྣ་ལོ་རང་གིས་བཤད་ན།"གཅིག།ཞི་ལིའི་ཨ་མ་རེད།རང་གི་སྐྱ་ཡ་རེད།དེ་བས་བསྲན་པ་ཡིན།གཉིས།ང་རང་བཟའ་འཁོན་ལ་སུན་སུན་ཞིག་ཚོགས་འདུ་ལའང་མི་སུན་པས།ངོ་མདོག་དཀར་དམར་གྱི་གཏམ་དག་རོ་ལ་རྒྱོབས།"ཟེར།

  སྣ་ལོའི་བཟའ་སྟོན་གྱི་དགོང་མོ་ཟེར་ཡང་ཆོག་ལ།དེའི་ཕྱི་ཉིན་ཟེར་ཡང་ཆོག་སྟེ་སྣ་ལོའི་མིག་ཡ་གཅིག་སྐྲང་ནས་ཁུ་ཚུར་ཆུང་ཆུང་ཞིག་དང་འདྲ་བར་ནང་དུ་མིག་འབྲས་ཡོད་མེད་ཀྱང་མི་ཤེས་པས།སྣ་ལོའི་ཕ་རྒན་གྱིས་"ཞི་ལི།བཟའ་སྟོན་བྱས་ནས་ཞག་གཅིག་ལས་མ་འགོར་བར་མིག་གཅིག་བོར་འདུག་པ་ཅི་རེད།"ཟེར།

  སྣ་ལོས་"མལ་ཁྲིའི་ཟུར་ཁ་ལ་རྒྱབ་སོང་།"ཟེར།

  ཕ་རྒན་གྱིས་"འོ།ཁྱོད་ཀྱི་འབུར་ས་དག་ཟུར་ཁ་ལ་མི་ཕོག་པར་སྐོ་ས་དེ་ཕོག་དོན་ཡང་ཡ་མཚར་རེད།"ཟེར།

  སྣ་ལོས་ཤ་མོག་བཅུ་དང་ལུག་གི་རྩི་གུ་གསུམ་ཟོས་རྗེས་"སྐྱོན་ཆེར་མི་འདུག"ཟེར།

  ཕ་རྒན་གྱིས་ཟུར་ཟའི་རྣམ་འགྱུར་ཞིག་གིས་"སྐྱོན་ཆེ་དུས་ཚོར་སོང་ནི་རེད།ཕོག་ས་དེ་མིག་རེད།མྱི་གཅིག་ལ་མིག་གཉིས་རེད།"ཟེར།

  ཟླ་གཅིག་གི་རྗེས་སུ་སྣ་ལོས་ཡང་བསྐྱར་ཁུ་ཚུར་ཆུང་ཆུང་ཞིག་དང་འདྲ་བའི་མིག་ཡ་གཅིག་

  "བཏེགས་"ནས་ལས་ཁུངས་སུ་ཐོན་དུས།ལས་གྲོགས་ཚང་མས་སྣ་ལོ་སྐོར་ནས་"ཅི་རེད།ཅི་རེད།སུ་རེད།སུ་རེད།"ཟེར།

  སྣ་ལོས་འདང་རྒྱག་མེད་པར་"དུག་སྦྲང་རེད།"ཟེར།

  ལས་གྲོགས་ཚོས་ཀྱང་གསར་འགྱུར་ཡ་མཚར་ཞིག་ལ་ཉན་མ་ཐུབ་པ་བཞིན་"འོ།"ཟེར་གྱིན་རང་རང་སར་ལོག་སོང་།

  སྣ་ལོའི་བཟའ་སྟོན་བྱས་ནས་ལོ་གཅིག་འགོར་ལ་ཉེ་བའི་མཚན་མོ་ཞིག་ལ་ང་ཚོ་གྲོགས་པོ་སྐོར་ཞིག་བཀོད་པ་ཅུང་ལེགས་པའི་ཟ་ཁང་ཞིག་ནས་འདུ་འཛོམས་བྱས་པ་ཡིན་ལ།སྐབས་དེར་སྣ་ལོའི་ཡ་མཆུ་སྐྲང་ནས་སྒྲུང་རིང་དེབ་ཅིག་གི་མཐུག་ཚད་དང་འདྲ་བས།ཚང་མས་"ཅི་བྱུང་སོང་།ཅི་བྱུང་སོང་།"ཟེར་ནས་གཅིག་འཕྲོ་གཅིག་ལ་དྲིས་པ་ན།

  སྣ་ལོས་"སྒམ་ཁ་བརྒྱག་དུས་བསུབ་ལ་ཤོར་སོང་།"ཟེར།

  གཅིག་གིས་"ཀུ་རེ་མ་རྩེ།"ཟེར།

  གཅིག་གིས་"རྫུན་མ་བཤད།"ཟེར།

  གཅིག་གིས་"དེ་འདྲ་ཞིག་སྲིད་དམ།"ཟེར།

  སྣ་ལོས་བདེན་ཅོག་ཅོག་གིས་"དོན་དངོས་དེ་འདྲ་ཞིག་ཡིན།"ཟེར།

  ཚང་མས་"སྣ་ལོ་འདི་ལ་ལས་རྒྱུ་མང་བ་ལ།"ཟེར་གྱིན།"གནས་ཚུལ་དྲང་བོ་བཤད་ཀྱི་མི་འདུག"ཟེར་གྱིན།ཆད་པར་མི་རེས་བསྟུད་མར་ཆང་ཕོར་གསུམ་རེ་དྲངས་པས།སྣ་ལོའི་སྣ་དང་།ངོ་དང་།སྐེ་སོགས་དམར་པོར་གྱུར་སོང་།

  ང་ཚོ་གྲོགས་པོ་ཟེར་བ་ཚོས་ཟ་འཐུང་བྱས་ནས་དུས་ཚོད་ངེས་ཅན་ཞིག་ལ་ཐོན་པ་ན།སྣ་ལོ་བཟི་བ་ཅུང་ཚབ་ཆེ་བ་འདྲ།སྐབས་ཤིག་ལ་སྣ་ལོས་ཆང་ཕོར་མཐོ་རུ་འདེགས་ཀྱིན་"དོ་ནུབ།སུ་ཡང་རང་ཁྱིམ་ཏུ་ལོག་མི་ཆོག་ལ།ནམ་ལངས་རགས་བར་ཐུངས།"ཟེར།

  གཅིག་གིས་"དེར་རྒྱུ་མཚན་མེད་ཀི"ཟེར།

  གཅིག་གིས་"དེའི་རྒྱུ་མཚན་ཤོད་དང་།"ཟེར།

  གཅིག་གིས་"སྣ་ལོ།"ཞེས་སྐད་ཅིག་རྒྱབ་པ་ན།སྣ་ལོ་ངུས་བྱུང་།ཚང་མ་སྣ་ལོ་ངུ་སའི་སྣོད་ཅིག་དང་འདྲ་བར་འཇམ་ཅག་གེར་གྱུར་སོང་།

  སྣ་ལོ་ངུ་བཞིན་ངུ་བཞིན་ཆུང་མ་གླེང་བྱུང་།མིག་གླེང་བྱུང་།མཆུ་གླེང་བྱུང་།

  ཚང་མ་སྣོད་ལྡན་སློབ་མ་ཞིག་དང་འདྲ་བར་གྱུར་འདུག་སྐབས།

  གཅིག་གིས་"ཁྱོད་ཀྱི་'ཟུར་ཁ་'དེ་རྣོ་བ་ལ།"ཟེར།

  ཡང་གཅིག་གིས་"ཁྱོད་ཀྱི་'དུག་སྦྲང་'དེ་རྒོད་པ་ལ།"ཟེར།

  ཡང་གཅིག་གིས་"ཁྱོད་ཀྱི་'སྒམ་'དེ་ལྕི་བ་ལ།"ཟེར།

  སྙིང་ཉེ་བའི་ཀློག་པ་པོ་ལགས།ང་ཡིས་འདི་ལྟར་བརྗོད་ན།ཁྱོད་ཀྱིས་"ང་ཚོ་བྱིས་པ་ཞིག་མ་རེད།ཁྱོད་ཀྱིས་རྫུན་མ་ལབ།"ཟེར་ངེས་མོད།རྫུན་ཞིག་གང་ནས་ཡིན་ཏེ།འདི་ནས་བརྩིས་ཏེ་ཟླ་གསུམ་གྱི་རྗེས་སུ།

  སྣ་ལོས་རྐང་བ་ན་བཞིན་འདུག་ཟེར་ནས་སུམ་ཐོག་གི་གཞུང་ལས་ཁང་ལའང་འགྲོ་དཀའ་བར་གྱུར་པ་ན།ལས་གྲོགས་ཚོས་ཀྱང་སྣ་ལོར་"ཟུར་ཁ་ལ་ཁེལ་བ་ཡིན་ནམ།"ཟེར་ལ།

  སྣ་ལོས་"མིན།"ཞེས་ལབ་པ་ན།

  ངན་པ་སུ་ཞིག་གིས་"དུག་སྦྲང་གིས་རྨུག་པ་ཨེ་རེད།"ཟེར།

  དེ་ལ་སྣ་ལོས་ཀྱང་"སྐྱིད་པོ་མ་བཤད།"ཅེས་པར།

  ཡང་བལྟས་ངན་ཞིག་གིས་"སྒམ་ཨེ་རེད།"ཟེར།

  སྐབས་འདིར་སྣ་ལོས་ཀྱང་ཅི་ཞིག་རྟོགས་པ་ལྟར་"ཁྱོད་ཚོ་ཕར་སོང་།"ཟེར།

  ལས་གྲོགས་ཚོས་ཀྱང་ཀུ་རེ་འདྲེས་མའི་ངང་"འགྲོ་ན་འགྲོ།ང་ཚོའི་རྐང་བ་ན་གི་མེད།"ཟེར་གྱིན་རང་རང་སར་ལོག་སོང་།

  ཨེ།འཇིག་རྟེན་འདི་ན་གཏམ་ཚོགས་པའི་ཁའམ་ལྕེ་ཞིག་མེད་པ་འདྲ་སྟེ།ང་ཚོ་གྲོགས་པོ་ཟེར་བ་སྐོར་ཞིག་འདུ་འཛོམས་བྱས་པའི་ཕྱི་ཉིན་དེ་ནས་རྫོང་མཁར་ཡོངས་ན་གསར་འགྱུར་ཆུང་ཆུང་ཞིག་ལྡོམ་གྱིན་པ་ནི་"སྣ་ལོའི་ཆུང་མ་བཙན་རབས་"ཀྱི་སྐོར་རོ།།

  ངས་འདི་ལྟར་ཅི་དྲན་ལ་མགོ་རྔ་མེད་པའི་སྐབས་སུ་སྣ་ལོས་ཁ་པར་ཐོན་བྱུང་།ངས་ཁ་པར་གྱི་ཉན་སྒོ་བསྣན་པ་ན།

  སྣ་ལོས་"དོན་དག་ཅིག་གིས་ད་ཅི་ཁ་པར་ལེན་མ་ཐུབ་ཐལ།དོན་དག་འདྲ་ཡོད་དམ།"ཟེར།

  ངས་"དོན་དག་ཅི་ཡང་མེད་མོད།ཁོམ་ན་ཇ་ཁང་ཞིག་ནས་ཁ་བརྡ་བྱེད།"ཅེས་བཤད།

  སྣ་ལོས་"ཆོག་གི གང་ནས་ཐུགས།"ཟེར་བས།

  ངས་ཀྱང་"བཞི་མདོའི་ཐོག་ཁང་ཆེན་མོའི་ཇ་ཁང་ནས་ཐུགས།"ཅེས་བཤད།

  ང་རང་བཞི་མདོའི་ཐོག་ཁང་ཆེན་མོའི་ཇ་ཁང་དུ་སོང་ནས་འདུག་ས་སྐྱིད་པོ་བདམས་ནས་སྣ་ལོར་སྒུག་བསྡད་པ་ཡིན།སྣ་ལོར་བསྒུག་གིན་བསྒུག་གིན་མགོ་སྟིག་དྲན་བྱུང་།

  མགོ་སྟིག་ཟེར་བ་འདི་གྲོགས་པོ་ཟེར་བ་ཚོའི་སྟེང་དུ་ལྷ་འདྲ་ཞིག་བཟང་མོད།ཆུང་མའི་སྟེང་དུ་བདུད་འདྲ་ཞིག་བཙན་རབས་ཟེར།མགོ་སྟིག་བཟི་ཐེངས་རེ་ཁོའི་ཆུང་མའི་མིག་དང་།མཆུ་དང་།རྐང་བ་སོགས་སྣ་ལོ་འདྲ་ཞིག་ཏུ་བཏང་འགྲོ་བས།ཐེངས་ཤིག་ལ་ཁོའི་ཆུང་མའི་ཕུ་བོས་མགོ་སྟིག་གི་ཐོང་རྩ་ནས་བཟུང་ཏེ་"སྐྱག་གཟན།ཁྱོད་དང་ཆུང་མའི་བར་ན་རང་གི་ཤ་ཆད་ཀྱི་བུ་ཕྲུག་ཅིག་ཡོད་པ་ལས་རྩོད་དགོས་པའི་ཤ་འཁོན་ཅི་ཞིག་ཡོད།དེ་རིང་ཁྱོད་ཀྱིས་གན་གན་དང་འདི་འདི་ཟེར་ནས་རྒྱུ་མཚན་ཞིག་བཤད་རྒྱུ་མེད་ན་ངས་ཁྱོད་རང་གར་བསྐྱུར་ན།མི་རིང་མི་རྒྱུད།ཕ་ཤ་མ་ཤ"ཟེར་བ་ན།

  མགོ་སྟིག་གི་སྤྱིར་ནའང་སོར་གསུམ་ལས་མེད་པའི་སྐེ་ཕྲག་བར་ཏུ་བསྡུས་ནས་"ཕུ་བོ།ཕུ་བོ།ཆུང་མ་གསེར་ནག་མ་ལ་ད་ནས་བཟུང་ལག་པ་ཞིག་འགུལ་ན་ཁྱོད་ཀྱིས་བཤས་ཆོག ཁྱོད་ཀྱིས་བཙོས་ཆོག ཚ་བོ་གཅིག་པོའི་ངོ་ལ་ཅིག་ལོས་ལྟ།ཁྱོ་ཤུག་བྱས་ནས་ལོ་བཅུ་འགོར་བའི་ཡུན་ལ་ཅིག་ལོས་བསམ།རྗེས་ནས་ཁྱོད་ཀྱིས་ལྟད་མོ་ལྟོས།"ཞེས་སྐེ་བསྟན།སྙིམ་པ་སྦྱར་བས།ཁོའི་ཆུང་མའི་ཕུ་བོས་ཀྱང་"ངས་ལྟད་མོ་ལྟ།སྒུག་ནས་འདུག"ཟེར་གྱིན་བསྐྱུར་བས་"འཇིགས་པ་དམར་པོ་"དེ་སྲོད་ཁའི་ཉི་མ་བཞིན་ཡལ་སོང་མོད།དུས་ཡུན་ངེས་ཅན་ཞིག་འགོར་བ་ན་ཁོའི་ཆུང་མས་སྔོན་གྱི་"ལྟད་མོ་"དེ་འདྲ་སྐོར་ཞིག་ཉམས་སུ་མྱོང་སོང་མོད།འོན་ཀྱང་།"ལྟད་མོའི་"ཁ་གྲངས་སྔོན་ཆད་ལས་ལྡབ་ཀྱིས་ཇེ་ཉུང་དུ་ཕྱིན་སོང་སྐད།

  དེ་ལྟར་བསམ་ན།མགོ་སྟིག་ནི་ཕོ་ལྟེ་ཐོགས་ཀྱི་ཕྱོགས་ལ་འཛུམ་དང་།མ་ཅོ་ཐོགས་ཀྱི་ཕྱོགས་ལ་དུག་ཡིན་པ་འདྲའོ།།

  གལ་ཏེ།སྣ་ལོའི་ཆུང་མ་དང་མགོ་སྟིག་གཉིས་བཟའ་ཟླ་ཡིན་ན།གཉེན་དོན་དེ་གྱོད་དོན་ག་འདྲ་ཞིག་ཏུ་འགྱུར་རམ་སྙམ་པའི་སྐབས་དེར།

  "ཝེ།ལྷ་ཁང་སྟོང་བ་རེད་ལ།"ཟེར་གྱིན་སྣ་ལོ་ངའི་ཁ་གཏད་དུ་བསྡད་བྱུང་།

  ངས་བཤད་རྒྱུ་ཅི་ཡང་མ་ལོན་པ་དང་འདྲ་བར་སྣ་ལོར་"དེང་སང་མགོ་སྟིག་གིས་ཅི་ཞིག་བྱེད་ཀྱིན་འདུག"ཅེས་དྲིས།

  སྣ་ལོས་དངན་པ་ཞིག་འཐེན་གྱིན་"དེང་སང་མི་ཚང་མ་ཁ་པར་གྱི་ངོས་ནས་རིན་པོ་ཆེའི་གཏེར་ཁ་ཞིག་བརྡོལ་འོང་བ་བཞིན།དེའི་ངོས་སུ་བཅེར་ནས་རྐུབ་ནས་གཏོང་རྒྱུའང་བརྗེད་ཀྱིན་འདུག དེ་ལས་ཀྱང་།མགོ་སྟིག་གིས་ཐད་གཏོང་བྱས་ནས་མཚན་ལ་གཉིད་རྒྱུ་བརྗེད་པ་དང་།ཉིན་ལ་བྱ་བའི་གཞུག་ལས་ཐེབས་ནས།ད་དེའི་བྱ་བ་བཤད་སྲོལ་མེད།"ཟེར།

  ངས་སྣ་ལོར་དེའི་རྒྱུ་མཚན་གསལ་བོར་དྲིས་པ་ན།

  སྣ་ལོས་"ཨ་ཡ།ད་དེ་ཅི་ལྟར་བཤད་དམ།ཁྱོད་ཀྱི་མགོ་སྟིག་གི་ཆུང་མའི་ཕུ་བོས་མགོ་སྟིག་ཙིག་ཁུང་ནང་ལ་དེད་པ་ཨེ་གོ"ཟེར།

  ངས་"ཅུང་ཙམ་གོ་ཡོད།"ཅེས་བཤད།

  སྣ་ལོས་ཅུང་ཟད་སྒམ་ཉམས་ཀྱི་ངང་ནས་"དོན་དེ་བྱུང་ནས་ཕལ་ཆེར་ལོ་གཅིག་གི་རྗེས་ཙམ་རེད།གཅིག དེང་སང་གི་མི་ཚོ་མ་ལྟོགས་མ་གྲང་བས་བྱ་བ་བཟང་པོ་ཞིག་བསྒྲུབ་རྒྱུར་རེམ་པ་ལས་སྐད་ཆ་སྙིང་བོ་མེད་པ་དག་ལ་ཉན་རྒྱུར་དགའ་བས་ལན་པ་འདྲ།གཉིས།མི་ཚེ་དོན་ལྡན་ཞིག་བྱེད་རྒྱུ་ལས་ཉི་མ་དོན་མེད་དུ་བསྐྱལ་རྒྱུར་ལོབས་པས་ལན་པ་འདྲ།གསུམ།--- --"སྣ་ལོས་གཏམ་རིང་མོ་ཞིག་མནར་རྒྱུ་ཡིན་པ་འདྲ་བས།ངས་ཁོའི་སྐད་ཆའི་མཚམས་བཅད་ནས་"བསྡུ་མ་བྱོས་དང་།ཁྱོད་ཀྱི་ལྕེ་རིང་བཤད་ལ་དགའ་རུང་།ངའི་རྣ་ཅོག་ཐུང་ལབ་ལ་དགའ་གི"ཞེས་བཤད་པར།

  སྣ་ལོས་"དེ་འདྲ་ཞིག་ཡིན་པས།མི་ཚོས་ཐད་གཏོང་ཟེར་བའི་འོག་གཏམ་སྐྱག་གཏམ་ཤུར་ཤུར་བྲོ་ས་དེར་དགའ་མ་ལས་ཀྱང་འདང་ཆེ་ལ།ཕ་མ་ལས་ཀྱང་དྲིན་ཆེ་བར་སྙམ་པས།མགོ་སྟིག་ཀྱང་རྫོབ་དོང་དེར་ལྷུང་ནས་མཚམས་རེར་སྤྲང་པོ་ཞིག་དང་འདྲ་བ།མཚམས་རེར་ཕྱུག་པོ་ཞིག་དང་འདྲ་བ།ཡང་མཚམས་རེར་དཔའ་བོ་ཞིག་དང་འདྲ་བ་སྟེ།མདོར་ན་མི་གྲལ་ལ་འགྲོ་སྲོལ་མེད་པ་དང་ཁྱི་གྲལ་ནས་ཀྱང་རྔ་མ་ཡིན་པ་འདྲ་བ་ཞིག་བཅས་པས།ལག་ཡོང་'གསེར་རེད།གསེར་རེད།'ཟེར་གྱིན་ཁྲིམས་དང་རྒྱབ་ཀྱིས་ཕྱོགས་པ་བཅོ་བརྒྱད་ལས་པས།ད་མྱི་ལྡིང་ཚར་སོང་བ་རེད།"ཟེར།

  ངས་ཅི་བསམ་མེད་པར་"མི་ཞིག་དེ་ལྟར་ཚར་ཨེ་འགྲོ་འམ།"ཞེས་བཤད།

  སྣ་ལོས་ངའི་གདོང་བཅེར་གྱིན་"མི་ཞིག་ཚར་བར་ཐ་མག་རྐང་གཅིག་ཚར་བའི་ཡུན་ཀྱང་མི་དགོས་པ་འདྲ།"ཟེར་གྱིན།དངན་པ་རིང་བོ་ཞིག་འཐེན་གྱིན་"མགོ་སྟིག་འདི་མགོ་བོ་ཆེ་ཡང་དབང་རྩ་ནི་ཤིག་གི་ཁྲག་རྩ་ལས་ཀྱང་ཕྲ་བ་འདྲ།ལག་ཡོང་ཅུང་ཙམ་ཡོད་པའི་སྣང་བ་སྣ་མགོར་བཟུང་ནས་ཆུང་མ་ལ་བཟའ་འཐོར་བྱེད་ལ་དང་།མགོ་བ་ལ་དཔའ་གཏམ་བཤད།མདོ་མེད་མ་ཞིག་དགའ་མར་བཅས།འཆལ་བོ་འགའ་གྲོགས་སུ་བཀུགས་ནས་གཏམ་སྦོམ་པོ་ཀ་བ་འདྲ་བ་ཏག་ཏག་ལབ་པས།རྫོང་འདི་ན་མགོ་སྟིག་ཟེར་ན--- --ཨ་ཡ--།ད་དེས་ཅི་བྱེད།ཇ་ཐུངས།"ཟེར།

  ངས་བསམ་གཟས་ནས་"དེ་ལྟར་བཤད་ན།མགོ་སྟིག་དེ་དམྱལ་བ་སྐྱེ་རྒྱུ་ཞིག་རེད་ལ།"ཞེས་པར།

  སྣ་ལོས་"དེས་ལས་སྲོལ་བཅའ་སྲོལ་དེ་སྐྱག་པ་ལག་མགོར་འབྱར་བ་ལས་ཀྱང་བཙོག་ཡིན།དེས་ང་ལའང་ཅི་བྱས་པ་ཨེ་ཤེས།"ཟེར།

  ངས་ཀྱང་མྱུར་ཏུ་"ཁྲག་མཆོད་རྒྱུ་དེས་ཅི་ཞིག་བྱས་སོང་།"ཞེས་ཁོའི་སེམས་ཁ་ལ་འཕྲོད་ཐུབ་ཐུབ་ཀྱིས་དྲིས།

  སྣ་ལོས་མགོ་གཡུག་གིན་དུ་"ཐེངས་མ་དེར།ཁོ་ཚོ་རྒྱབ་མི་དྲོ་རྒྱུ།ནམ་མི་ལངས་རྒྱུ་སྐོར་ཞིག་ཚོགས་འདུག་ལ།དེང་ཐོག་མགོ་སྟིག་གིས་གྲོགས་པོ་ཟེར་ནས་ང་ཁོ་རང་གི་རྩིབ་ལ་བཞག ཆང་དང་པོ་དྲངས།ཟས་མགོ་མ་བྱིན་མོད།ཅུང་བཟི་གིན་བཟི་གིན་དུ་'སྣ་ལོ།རྒན་མོའི་རྐང་བཅག་ལག་བཅག་ཨེ་ལྗིད་ཀིཁ་ཁྲག་སྣ་ཁྲག་ཨེ་མང་གི སྙིང་ཆུང་འཕར་ལྡིང་ཨེ་མགྱོགས་ཀི'ཟེར་གྱིན།དང་པོ་ཁ་འགུལ།དེ་ནས་ལག་འགུལ།ཐ་མ་སྒོར་ཕུད་སོང་།བྱ་བ་ལམ་ལ་མི་འགྲོ་རྒྱུ་དེ།"ཟེར་བས།

  ང་ལ་ཅུང་ཙམ་དགོད་རྒྱུ་ཞིག་བྱུང་མོད།བཙན་ཚུགས་ཀྱིས་"དེ་ནས།"ཞེས་དྲིས་པར།

  སྣ་ལོས་"དེ་ནས་ཅི་བྱེད་རྒྱུ།ང་རང་ཁོའི་གྲིབ་མ་འདྲུད་ས་ཞིག་ལ་འགྲོ་རྒྱུའང་རྣམ་རྟོག་ཟ་གི"ཟེར།

  དེའི་རྗེས་ནས་སྣ་ལོ་ངེད་གཉིས་ལའང་ཁ་བརྡ་དེ་འདྲའི་རྣ་ལ་འགྲོ་བ་ཞིག་ལབ་རྒྱུ་མ་རྙེད་པས།བསྒྲུབ་དགོས་པའི་དོན་དག་རེ་ཡོད་ཁུལ་གྱིས་རང་རང་སར་ལོགས་པ་ཡིན།

  ངོ་མ།འཇིག་རྟེན་གྱི་བྱ་བ་ཅི་འདྲ་མང་པོ་ཞིག་ནི་ཟློས་གར་འཁྲབ་པ་ལྟར་བློ་ཡིད་ལས་འདས་པ་ལ་ཨང་།ང་རང་ཁྱིམ་ལ་ལོག་པའི་ལམ་བར་ནས་མགོ་སྟིག་ལ་འཕྲད་བྱུང་།

  མགོ་སྟིག་གིས་"ཨ་ཙི།ཨ་ཙི།ཉིན་དཀར་ལག་སྒྲོན་བཀར་ནས་བཙལ་ཡང་མི་རྙེད་པ་དེ།བཙལ་མ་དགོས་པར་རྙེད་བྱུང་།འགྲོ།དེ་རིང་ངེད་གཉིས་ཀྱིས་སྐྱིད་ས་ལ་མི་གཤོང་བ་ཞིག་བརྒྱག"ཟེར་གྱིན་ལག་མགོར་འཇུས་བྱུང་བས།ངས་ཀྱང་ཅི་ཟེར་དགོས་མ་ཤེས་པར་ཁོས་ཁྲིད་པའི་ཕྱོགས་སུ་སོང་།

  ཅི་ལྟར་བལྟས་རུང་ཕྱི་ཚུལ་ནས་མགོ་སྟིག་"ཚར་འདུག་"སྙམ་པའི་སྣང་བ་ཞིག་མི་སྟེར་བས།ངས་མགོ་སྟིག་ལ་"དེང་སང་ཅི་བྱེད་ཀྱིན་ཡོད།"ཅེས་དྲིས།

  མགོ་སྟིག་གིས་སྐེ་ཐུང་ཐུང་གི་ཁུར་བོ་ལྟ་བུའི་མགོ་བོ་སྒེའུ་ཁུང་ཕྱི་ལ་ཕྱོགས་ཀྱིན་"བདེ་བ་ཟེར་བ་ནི་དངུལ་ལོར་ཁུག་མ་གང་བཟུང་ནས་རྐུན་མ་ཞིག་དང་ལྷན་ཏུ་འགྲུལ་བཞུད་བྱེད་པ་བཞིན་རློམ་རྒྱུ་མེད་མོད།སྣ་ལོ་བཞིན་ཆུང་མ་ཟེར་བའི་གཅར་མཁན་མེད་པས།འགྲིག་བསྡད་ཡོད།"ཟེར།

  སྐབས་འདིར་ངས་ཀྱང་སྣ་ལོས་མགོ་སྟིག་ཟེར་ན་མགོ་ན་བ་དང་།མགོ་སྟིག་གིས་ཀྱང་སྣ་ལོ་ཟེར་ན་སྣ་སྦྲིད་རྒྱགས་བྱེད་ལྟ་བུ་ཞིག་ཏུ་གྱུར་འདུག་པས།མགོ་སྟིག་ལ་"སྣ་ལོའི་མགོ་ལ་མི་ཡོང་རྒྱུ་ཅི་ཞིག་ཡོང་ཡོད་དམ།"ཞེས་དྲིས།

  མགོ་སྟིག་ལ་རྣམ་རིག་ཅིག་འཛུལ་ནས་"ད་དེའི་བྱ་བ་བཤད་སྲོལ་མེད་ཡ།ཆུང་མ་མགོ་ལ་ཞྭ་བཞིན་དུ་གོན་ནས་ཕ་མ་སྒོ་ལ་མ་ཕུད་པ་ཙམ་ཡིན།དེའི་ཡོད་ཚད་གསང་རྒྱུ་ལྟ་བུ་ཞིག་ལས་བཤད་རྒྱུ་ཞིག་མིན་ཡ།"ཟེར།

  སྣ་ལོའི་བཅའ་སྲོལ་ལས་སྲོལ་དག་བཤད་རྒྱུ་ཞིག་ཡིན་མིན་སུས་ཀྱང་ཐག་གིས་མི་ཆོད་མོད།མགོ་སྟིག་གིས་མུ་མཐུད་དུ་"རྒྱུད་བཙོག་དེས།ཆུང་མའི་རུམ་ནས་སྐྱིད་ཅིག་རྙེད་ཀི་ཡོད་མེད་མི་ཤེས་མོད།ཆུང་མའི་ལག་ནས་དངུལ་སྐར་ལི་གང་ཡང་རེག་གིན་མི་འདུག་པ་འདྲ་སྟེ།ཐེངས་ཤིག་ང་ལ་ཤོག་སྒོར་སྟོང་གཅིག་བསྐྱིས་བྱུང་།ངས་ཀྱང་ཁོ་ལ་སྒོར་མོ་སྟེར་ཞོར་ཏུ་'ཕ་མ་རྣམ་གཉིས་ནི་བཀུར་དགོས་ས་ཞིག་ཡིན་པ་ལས་ཆུང་མ་ནི་སྐྲག་དགོས་ས་ཞིག་མིན་རབས་'ཀྱི་ཚིག་མགོ་ཙམ་གླེང་བ་ན།སྡར་མ་དེས་'འོ་ཡ།འོ་ཡ།ཤེས་སོང་།ཤེས་སོང་།'ཟེར་གྱིན།ཉན་ཡང་མི་ཕོད་པར་འདུག"ཟེར།

  ངས་ནི་ཅི་ཞིག་བཤད་དགོས་མི་ཤེས་པས་"དེ་ནས་ཅི་ཞིག་བྱས་བྱུང་།"ཞེས་དྲིས།

  མགོ་སྟིག་གིས་"དེ་ནས།ཁྱི་རྫིང་ནང་ལ་ལྷུང་རྒྱུ་དེས།སྔོན་མའི་དོམ་མ་བྱིན་པའི་སྟེང་ལ་ཡང་བསྐྱར་སྒོར་སུམ་སྟོང་བསྐྱི་རོགས་ཞེས་ང་རང་ཕ་ཚུལ་མ་ཚུལ་ཏུ་བཞག་ནས་ཞུ་བ་བྱས་པས།་ངས་ཀྱང་མེད་པོ་མཛུབ་ཆད་ཅིག་བཅའ་ན་བཅའ་སྙམ་གྱིན་བསྐྱིས་པ་ཡིན།འོན་ཀྱང་།གྲི་མགོ་མཆོད་རྒྱུ་དེས་ང་ལ་ཅི་ཞིག་བྱས་པ་ཨེ་ཤེས།"ཟེར།

  ངས་མི་ཤེས་པའི་བརྡ་ལ་མགོ་འཕྲེད་དུ་གཡུགས་གཡུགས་བྱས།

  མགོ་སྟིག་གིས་"རྒྱུད་ཆད་རྒྱུ་དེས།རིག་རིག་ཐུགས་ཐུགས་གཉིས་ཀར་ངས་དྲ་ཐོག་ནས་མགོ་གཡོག་མགོ་སྐོར་བཏང་རབས་ལུང་བ་གང་བཤད་པས།་ང་རང་ཁྱི་རྐུན་ཞིག་ལས་ཀྱང་མི་གྲལ་ཏུ་འགྲོ་སྲོལ་མེད་པ་ཞིག་བཅས་སོང་།"ཟེར་གྱིན།ང་ལ་ཁྲིམས་གཏུགས་བྱེད་པ་དང་འདྲ་བར་གདོང་ལ་བཅེར་བྱུང་།

  ང་ཡང་ཤིན་ཏུ་དོག་མི་བདེ་བར་བཏང་བས་"ཁྱི་སྐོ་བྱེད་རྒྱུ་དེ།"ཞེས་ཁ་ནས་ཐལ་སོང་།སྐད་ཆ་འདི་མགོ་སྟིག་གི་འདོད་ཐོག་ལ་བབས་བྱུང་བ་འདྲ།

  "འོ་ལེ།ཤུལ་ལ་སྡུད་མ་རྒྱག་རྒྱུ་དེས།ང་བཞག་མེད།"ཟེར།

  མགོ་སྟིག་གིས་ལབ་ཀྱིན་ལབ་ཀྱིན་སྣ་ལོ་ལྕགས་ཆག་རྒྱ་མ་གང་གི་རིན་ཡང་མེད་པ་ཞིག་ཏུ་བཏང་བྱུང་ལ།མགོ་སྟིག་ངེད་གཉིས་སོ་སོར་གྱེས་རྗེས།འཇིག་རྟེན་སྟེང་གི་དགྲ་གྲོགས་ཟེར་བ་ནི་ཀུ་རེ་རྩེ་བ་ལས་ཀྱང་དགོད་སྤྲོ་ལ་ངུ་སྤྲོ་ཞིག་ཀྱང་རེད་ཨང་སྙམ་བྱུང་།

  སྐྱེ་བ་ཟེར་བས་ཞོགས་པ་རེ་རེ་བསུ་བ་དང་འདྲ་བར།འཆི་བ་ཟེར་བས་དགོང་ཁ་རེ་རེ་བསྐྱལ་བ་དང་འདྲ་བར་དུས་ཚོད་ཅེས་པ་ནི་བཟང་ངན་ལ་དབྱེ་བ་མེད་པར་དུས་ལྟར་འཁོར་ནས་དགུན་ཁ་འཁྱག་པ་སྲིབ་ངོ་ནས་སྦས་པ་དང་འདྲ་བའི་ནམ་ཟླ་ཞིག་ག་ལེར་བསྐྱལ་ནས་སླེབས་བྱུང་།

  ང་ཚོའི་མགོ་བའི་མགོ་ཐོག་ལ་འདར་སིག་སིག་གི་ཁ་བ་མཐུག་པོ་ཞིག་བབས་པ་ནི་བཙོན་ཁང་ཟེར་བའི་འོབ་ཏུ་ལྷུང་བ་དེ་ཡིན་ལ།ལས་གྲོགས་ལོ་ཆུང་སྣང་བ་ཕྲག་མགོ་ལ་མི་འབབ་པ་ཞིག་ཡོད་པ་དེ་འཁོར་བགག་ཟེར་བའི་སྐྱིད་རྒྱག་བྱེད་སྲོག་འཕྲོག་བྱེད་དུ་གྱུར་བ་དེའི་ལག་ནང་དུ་ཚུད་སོང་བས།སྐྱ་ཐིང་ཐིང་གི་སེམས་ཁམས་ཤིག་ཀྱང་ཁོར་ཡུག་ཟེར་བའི་སྔོར་རྩྭ་རྐང་གཅིག་ཀྱང་མི་མཐོང་བ་དེའི་གཞི་ན་འདར་སིག་སིག་རྒྱུ།

  ཙག་དང་སེར་བུ་ཁྱི་ལྡོམ་བཞིན་གང་སར་འཁྱམ་གྱིན་པའི་ཕྱི་དྲོ་ཞིག་ལ།ང་རང་སྣ་ལོ་དང་མགོ་སྟིག་གཉིས་ལ་འཕྲད་བྱུང་།སོ་སོར་ཡིན་དུས་ཁྱི་དང་ར་ཡིན་པའི་"གྲོགས་པོ་"འདི་གཉིས་ཀྱིས་ང་མཐོང་བ་དང་།དགུན་འཁྱག་གིས་དམར་པོར་གྱུར་བའི་ངོ་གདོང་གཉིས་ཀ་མཉམ་དུ་ང་སར་ཕྱོགས་ནས།

  གཅིག་གིས་"དེ་རིང་སྐྱིད་པོ་ཞིག་རྩེད།"ཟེར།

  གཅིག་གིས་"དེ་རིང་མི་རྩེད་ནམ་ཞིག་རྩེད།"ཟེར།

  ཟ་ཁང་ནང་དུ་མི་ཚོ་ངོ་ཚ་དུས་ཀྱི་སྣང་བ་འདྲ་བའི་དྲོད་རླངས་ཀྱིས་ཁྱབ་འདུག

  འདུ་འཛོམས་ཆེ་ཆུང་གང་ཞིག་ཡིན་རུང་ཆང་རེ་འཐུང་བ་དང་།འུར་རེ་རྒྱགས་པ་ནི་དེང་རབས་ཟེར་བ་འདིའམ་བོད་ཀྱི་ལས་བྱེད་ཟེར་བ་འདི་ཚོའི་ཁྱད་ཆོས་རིགས་ཤིག་ཏུ་བརྩི་ཆོག་ཆོག་ཡིན་པ་འདྲ།

  མགོ་སྟིག་གིས་སྐེ་ཐུང་ཐུང་གིས་མགོ་ཆེན་པོ་དེ་མཐོ་རུ་འདེག་གིན་"ང་ཚོ་ནི་འཆི་བ་མགོ་ཐོག་ཏུ་མ་འབབ་ན།གསོན་དཀར་ངོགས་འདི་ཡི་སྲོག་རྩ་གཅིག་ལ་མདུད་པའི་གྲོགས་པོ་ཡིན།"ཟེར།

  སྣ་ལོས་ཀྱང་སྣ་ཐུང་ཐུང་སྟེང་ལ་གཉེར་མདུད་ཅིག་བརྒྱག་གིན་"དེ་ཅི་ལ་བཤད་དགོས།"ཟེར།

  ཡང་མགོ་སྟིག་གིས་"ཁྱེད་གཉིས་ཡོད་ན་ཁྱིམ་ཚང་མེད་ཀྱང་ཆོག"ཟེར།

  སྣ་ལོས་ཀྱང་"ང་ཡང་གཅིག་འདྲ་ཡིན།"ཟེར།

  མགོ་སྟིག་གིས་"ང་རང་ཉིད་ཀྱི་ལག་པ་གཡས་གཡོན་གཉིས་ལའང་ཆེར་མི་རློམ་མོད།ཁྱེད་གཉིས་ལ་སྲོག་ཀྱང་བཅོལ་ཐུབ།"ཟེར།

  སྣ་ལོས་ཀྱང་"དེ་ལོས་ཡིན།དཔེར་ན།ང་ཁྱེད་གཉིས་ཀྱིས་བསད་བཞག་ན་ཡང་།ཕྱི་མའི་ཡུལ་ནས་ཀྱང་མི་རློམ་གི"ཟེར།

  ངས་ཅི་ཞིག་བཤད་ན་འགྲིག་པའང་མི་ཤེས་པས་"ངས་ཁྱེད་གཉིས་ལ་ཆང་རེ་འདྲེན།"ཞེས་ཆང་ཕོར་ཡར་བཏེགས་པ་ཡིན།

  སྣ་ལོས་"གྲོགས་པོ་ཡོད་ན།འཇིག་རྟེན་དབྱར་གཞུང་རེད།"ཟེར།

  མགོ་སྟིགས་ཀྱང་"གྲོགས་པོ་ཡོད་པས།འཚོ་བ་མར་ཁུ་རེད།"ཟེར།

  ངས་ཀྱང་ཅི་བསམ་འདི་བསམ་མེད་པར་"ང་ཚོར་ལུས་པོ་གཅིག་ལས་མེད་ཀྱང་ཆོག་"ཅེས་ཐལ་སོང་བས།

  གཉིས་ཀས་"དེ་རེད།དེ་རེད།རྐང་རེད།རྐང་རེད།"ཟེར།

  དུས་ཚོད་ཅེས་པ་ནི་རྣ་བ་གླགས་ནས་གཏམ་ལ་ཉན་ནས་འདུག་མཁན་ཞིག་མ་ཡིན་པར།བདེ་སྡུག་གཉིས་ཀ་ཁུར་ནས་འགྲོ་རྐྱང་བྱེད་མཁན་ཞིག་ཡིན་པ་འདྲ་སྟེ།ཉི་མ་དཀར་དཀར་དེ་སྨག་ནག་ནག་གྱོན་པའི་མཚན་གཞུང་དུ་བསྐྱལ་འདུག

  ཆང་འཐུང་ནས་ཚད་ངེས་ཅན་ཞིག་ལ་ཐོན་པས་ཡིན་ནམ།ཅི་ཡིན་གྱི་རྒྱུ་མཚན་གསལ་པོ་ཞིག་ཡིད་ན་མེད་མོད།ངས་མགོ་སྟིག་ལ་"ཁྱོད་ཀྱིས་ཐད་གཏོང་བྱས་པའི་ཚོར་བ་ཞིག་བཤད་ན་ཆོག་གམ།"ཞེས་དྲིས་པར།

  མགོ་སྟིག་གིས་ལག་པ་འཕྲེད་དུ་གཡུག་གིན་"ངས་ཁ་པར་རྩེད་པའི་ལག་རྩལ་དེ་འདྲ་བཟང་རྒྱུ་མེད་པས།ཐད་གཏོང་ཟེར་བ་ཞིག་གཏན་ནས་བྱས་མ་མྱོང་།"ཟེར་ལ།

  སྣ་ལོས་ཀྱང་"དེ་དངོས་གནས་རེད།མགོ་སྟིག་ཁ་པར་རྩེད་རྒྱུར་དགའ་པོ་མེད།"ཟེར།

  ངས་སྣ་ལོའི་གདོང་ལ་རིང་ཙམ་བཅེར་ནས་"སྣ་ལོ།"ཞེས།འབོད་པ་ཡིན་ནམ།དྲི་བ་ཡིན་ནམ།ཡང་ན་ནན་གྱིས་བསྐུལ་བ་ཡིན་མིན་ཅི་ཡིན་རང་གིས་ཀྱང་མ་ཤེས་པ་ཞིག་ཐལ་སོང་།

  སྣ་ལོས་"གླུ་ངས་ལེན།"ཟེར།

  མགོ་སྟིག་གིས་ཀྱང་"གླུ་ངས་ལེན།"ཟེར།

  སྐབས་འདིར་ང་རང་ཞེ་སྡང་གནོན་དཀའ་བ་ཞིག་བྱུང་བས་"ང་རང་ཁྱེད་གཉིས་ལ་སུན་གི"ཞེས་སྐད་རྒྱབ་པར།

  གཅིག་གིས་"མྱི་ལྡིང་།བཟི་བའི་ཚད་ཅིག་ཅིག་ཟིག་མཐོ་གི"ཟེར།

  གཅིག་གིས་"རྙོག་ཏུ་གྱུར་འདུག"ཟེར།

  ང་རང་དངོས་གནས་ལས་རྒྱུ་བྱེད་རྒྱུས་ཕོངས་ཏེ་ངུས་པ་ཡིན།ངུ་བཞིན་ངུ་བཞིན་ཅི་ལྟར་ཡུལ་ལ་ལོག་པ་དང་།ཅི་ལྟར་ཉལ་བ་སོགས་དྲན་རྒྱུ་ཅི་ཡང་མི་འདུག་མོད།མིག་ཁ་ནས་ཡང་བསྐྱར་འཇིག་རྟེན་འདི་ཉིད་མཐོང་དུས་ནམ་ལངས་ཏེ་ཉི་མའང་ཤར་འདུག

  གཉིས།

  སྒེའུ་ཁུང་ནས་བལྟས་ན་འབབ་ཀྱིན་པའི་ཁ་བ་ཧ་ཅང་མཐུག་པ་འདྲ་སྟེ་ནམ་མཁའི་མཐོ་ཚད་ནས་ས་གཞིའི་སྟེང་བར་ཏུ་གཏུགས་འདུག ལས་གྲོགས་མས་"ཝེ།ཁྱོད་རང་སྒོ་ཕྱི་ན་མི་ཞིག་གིས་བསྒུགས་འདུག"ཟེར་དུས།མོའི་བྲང་ཁའི་དེ་གཉིས་ཀྱང་འབབ་ཀྱིན་པའི་ཁ་བ་དང་འདྲ་བར་འདར་གྱིན་འདུག་པ་འདྲ་བས།ངའི་སེམས་སུ་"འདི་ལྟར་སྙི་མོའི་ངང་ནས་འདར་གྱིན་བསྡད་ན།མོའི་བྲང་ཁའི་ག་ཤེད་ཅིག་ནས་ཟ་འཕྲུག་ཟེར་བ་དེ་མི་སྐྱེའམ།"སྙམ་བྱུང་།

  སྒོ་ཕྱིར་བུད་དུས།ངའི་སྣང་བ་ལ་ས་སྟེང་གི་ཁ་བའི་མཐུག་ཚད་ནི་ལས་གྲོགས་མའི་ནུ་ཁེབས་ཀྱི་མཐུག་ཚད་ཙམ་ལས་མེད་པ་འདྲ།ངའི་མིག་འབྲས་ཟུང་གིས་ང་ལ་སྒུག་མཁན་དེ་སུ་ཡིན་འཚོལ་གྱིན་པའི་སྐབས།སྣ་ལོས་

  "དེ་རིང་གྲང་བ་ལ།དགུན་ལྭ་ཟེར་བ་འདི་ཡང་མི་བཞིན་རློམ་ཆོག་ས་ཞིག་མ་རེད།"ཟེར།

  ངས་ཀྱང་བསམ་གཟུས་ནས་"མགོ་སྟིག་དང་ཁྱེད་གཉིས་ལ་འདྲ་བོ་འདུག་པ་རེད་ལ།"ཞེས་ཟུར་ཟ་བྱས།

  སྣ་ལོས་"འགྲོ་དང་།ངས་ཁྱེད་ལ་ཁ་བརྡ་སྐྱིད་པོ་ཞིག་བྱེད།"ཟེར་ནས་གོང་གི་ཚིག་དེ་ལ་གཡོལ་ཐབས་བྱས་བྱུང་།

  སྣ་ལོ་ངེད་གཉིས་ཀྱིས་གུང་ཟས་རོལ་བའི་རིང་ལ་སྣ་ལོས་སྒལ་རིང་ཟེར་བ་ཞིག་ལབ་བྱུང་།

  ཕལ་ཆེར་སྣ་ལོ་ཆུང་མའི་ལག་རྩུབ་འོག་ནས་དཀའ་བའི་སྐབས་ཟེར་ཡང་ཆོག་ལ།མགོ་སྟིག་གི་ལག་སྡུག་འོག་ནས་ཆུང་མས་བདེ་བ་བོར་བའི་སྐབས་ཟེར་ཡང་ཆོག་སྟེ།གང་ལྟར་རྣམ་པ་གཉིས་ཀྱི་འཁོར་བའི་བྲོ་བ་ཧ་ཅང་ཞིམ་པོ་མིན་པའི་བར་སྐབས་དེ་འདྲ་ཞིག་གམ།ང་ཚོའི་རྫོང་མཁར་འདི་ཡང་དེང་རབས་ཅན་ཟེར་བ་དེའི་ཕྱོགས་སུ་ཤི་བརྒྱུག་རོ་བརྒྱུག་བྱེད་ཀྱིན་པའི་སྐབས་དེ་འདྲ་ཞིག་ལ།སྒལ་རིང་ཟེར་བས་ཕྱུག་ཟོག་འགའ་བོ་ཤོག་དངུལ་ལ་བརྗེས།ཤོག་དངུལ་རྩེག་མ་འགའ་བོ་དང་བཟའ་རྙོག་འགའ་བོ་རྫོང་ལ་ཁྱེར་ཡོང་ནས་ཚོང་ཟེར་བ་དེའི་ཕྱོགས་ལ་ཤི་འཐམ་རོ་འཐམ་བྱས།

  ཅང་མ་འགོར་བར་སྒལ་རིང་"ཚོང་"ལ་བྱང་སོང་ཟེར་རྒྱུ་ཤིན་ཏུ་དཀའ་མོད།ཁོས་སྔོན་གྱི་རང་གི་ཁྱིམ་མཚེས་གཡས་གཡོན་གྱི་དབྱར་རྩྭ་དགུན་འབུ་སྐྱེ་སའི་ས་དག་གོང་སླ་མོ་བྱས་ནས་ལོ་མང་པོར་ཉོས་ཏེ་ཕྱི་ཡོང་གི་མི་ཚོར་རིན་གོང་མཐོན་པོ་བྱས་ནས་བཙོང་བས།ལོ་འགའ་ཡི་རིང་ལ་སྒལ་རིང་གི་"སྐེ་"ཇེ་རིང་དང་།སྐད་ཇེ་སྦོམ་ལ་སོང་ནས་ཅི་ཞིག་བཤད་རུང་"དེ་ན་ཅང་མེད་ཀི""དེ་འདྲ་ཡིན་ན་འདང་ཞིག་རྒྱག"ལྟ་བུ་བར་སྣང་ནས་བསྡད་དེ་ས་ཐོག་ཏུ་མི་འབབ་པས།སྔོན་མའི་ཁྱིམ་མཚེས་ཚོས་ཀྱང་ཚོང་མགོ་མ་རྒྱག་དུས་ཀྱི་"ཁྱོད་ལ་ཕན་ན་རིན་གོང་རང་གི་བསམ་ནོ་བྱིན་ཆོག"ཟེར་བ་དེ་འགྱུར་ནས།"སྒལ་རིང་།དབྱར་རྩྭ་གསེར་རེད།དེ་མང་ས་ས་རེད།སའི་རིན་གོང་གནམ་ཡིན།"ཟེར་ནས་དགྱེ་བ་བྱས་པས།

  སྒལ་རིང་གིས་ཀྱང་"ཚོང་ལམ་ཟེར་བ་དེ་འབྲོག་སའི་ཟླ་གཅིག་གི་ཡུན་དེ་ཁོ་ན་མ་རེད།སྲང་ན།མི་མང་ས་ན་ཡོད་དོ།།"ཞེས་ལན་བཏབ།

  དངོས་གནས།སྒལ་རིང་གི་"ཚོང་"སྲང་ན་ཡོད་པ་འདྲ་སྟེ།ཁོས་རྫོང་མཁར་གྱི་སྲང་མཐའ་ཞིག་ནས་མིང་ལ་མགྲོན་ཁང་ཟེར་ཡང་དོན་ལ་སྨད་འཚོང་མ་འདུ་ས་ཞིག་ཕྱེས་པས།སྒལ་རིང་རང་གི་སྐད་ཆ་ལྟར་ལབ་ན་"རྒྱུ་ཐོག་ལ་འབུད་རྒྱུ་དེ་དཀའ་མོ་ཞིག་མ་རེད།འདོད་ཐོག་ལ་ཡོང་རྒྱུ་དེ་སླ་མོ་ཞིག་མ་རེད།"ཟེར་བའི་ཚད་ལ་སླེབས།

  དེ་ནས་རྫོང་མཁར་འདིའི་གསེར་འདོགས་རྒྱུ་དགའ་བའི་མཛེས་མ་ནས།དངུལ་བསྐྱི་རྒྱུ་ལོབས་པའི་རྒྱན་འཇོག་སོགས་སྒལ་རིང་ཟེར་ན་ལྕེ་ལེབ་ལེབ་ཀྱིས་གླེང་རྒྱུ་ཞིག་དང་རྣ་ཅོར་ཅོར་གྱིས་ཉན་ས་ཞིག་ཏུ་གྱུར།

  ཨེ---།མི་ཟེར་བ་འདི་དར་དུས་ཤིག་ལ་ལག་པ་གང་ལ་བསྲིངས་ནའང་གསེར་ཡིན་པ་འདྲ་སྟེ།སྒལ་རིང་གིས་རྒྱུག་རྟ་གཉིས་ཉོས་ནས་བྱང་བ་དེས་ཀྱང་"རྟ་རྒྱུག་འགྲན་ཚོགས་"དུ་མའི་སྟེང་ནས་རྟ་གཅིག་ཨང་དང་པོ་ཡིན་ན།རྟ་གཞན་དེ་ཨང་གཉིས་པ་དང་།ཡང་རྟ་གཞན་དེ་ཨང་དང་པོ་ཡིན།རྟ་གཞན་དེ་ཨང་གཉིས་པ་ཡིན་པས།རྟ་དགའ་"སྒོ་ཟོག་ལ་མི་བལྟ་བ་"གཉིས་ཀྱིས་རྟ་རེར་ཤོག་དངུལ་ཁྲི་སུམ་བཅུ་རེ་བྱིན་ནས་ཉོས་པ་ན།

  སྒལ་རིང་གིས་"ཁྲི་སྒོར་བཅུ་ཕྲག་དུ་མ་ནི་རྟའི་རྨུག་པ་ནས་ཀྱང་བཞུར་འོང་།"ཟེར་ལ།གཏམ་དེའི་དྲིན་ལ་ཕྲག་དོག་ཅན་ཚོས་"དེའི་མགོ་སྐོག་སྐམ་པོ"ཟེར།

  ཧེབ་རྒན་དག་གིས་"དེས་བཅོས་སྐལ་ཅི་ཞིག་བྱས་སམ།"ཟེར།

  དེ་ལས་ཀྱང་སྤྲང་བོ་ཞིག་གིས་"ང་ལ་འཆི་བ་ཞིག་འོང་ན།དེའི་བུ་ལ་སྐྱེ་བར་ཤོག"ཟེར།

  ངེད་གཉིས་སོ་སོ་གྱེས་ཁར་སྣ་ལོས་"ཁོམ་དུས་ཤིག་ལ་ངེད་གཉིས་སྒལ་རིང་ལ་འཕྲད་དུ་འགྲོ"ཟེར།

  ངས་སྣ་ལོའི་རྒྱབ་གཟུགས་ལ་ཡུན་རིང་དུ་བཅེར་བ་ཡིན།གལ་ཏེ།ཀློག་པ་པོ་ཁྱོད་ཀྱིས་"ཅིའི་ཕྱིར།"ཟེར་ན།ངས་ཀྱང་རང་ལ་དྲིས་མོད།རྒྱུ་མཚན་ཅི་ཡང་མེད་དོ།།

  ཉི་མ་གསུམ་ཙམ་ལ་བབས་པའི་ཁ་བ་འདིས་རླུང་དག་ཀྱང་གཙང་མར་བཀྲུས་ནས་དཀར་སིང་སིང་དུ་བཏང་བ་འདྲ་ལ།བཀྲུས་ཚར་བའི་རླུང་ནི་མི་རྣམས་ཀྱི་ངན་སྨྲས་དང་འཕྱ་བ་བཞིན་ཤིན་ཏུ་འཁྱག་པས།ངས་ཀྱང་"མེད་ལ་ཡོད་བརྟོལ་"ཏེ་ཉོས་པའི་དགུན་ལྭ་མཐུག་པོ་ཤ་སྐྱི་གཉིས་ཀའང་དྲོས་ནས་རུལ་ལོས་འགྲོ་སྙམ་པ་དེ་གྱོན་པ་ཡིན།

  ཚ་བ་ཆེ་དུས་སྲབ་མོ་གྱོན་ནས་གློ་སྙིང་ཡང་བསེར་ཁར་གཡེང་ལོས་འགྲོ་སྙམ་པའི་མི་ཚོས་ད་ནི་རང་ཉིད་རྐུས་འོང་བའི་དངོས་པོ་ཞིག་ལྟར་བཏུམས་ནས་སོོ་སོའི་ཁྱིམ་མཚེས་ཡིན་ཡང་ཤེས་དཀའ་བ་ཞིག་ཏུ་བཏང་འདུག

  ང་རང་ལས་ཁུངས་ནས་སྒོར་བུད་དེ་གང་ཞིག་ནས་དགོང་ཟས་ཟའམ་སྙམ་དུས།ཁ་པར་གྲགས་བྱུང་།

  ངས་"སྣ་ལོ།སྒལ་རིང་ཟེར་བ་བཙལ་ནས་རྙེད་པ་ཡིན་ནམ།"ཞེས་ཀུ་རེ་ཞིག་རྩེས།

  སྣ་ལོས་"ཡིན་ཡ།ང་དང་སྦྱིན་བདག་འཁོར་ལོ་གཉིས་ཀ་བཞི་མདོའི་ཇ་ཁང་ན་ཡོད།མྱུར་ཏུ་ཤོག"ཟེར་གྱིན་ཁ་པར་གཏན་བྱུང་།

  ང་རང་བཞི་མདོའི་ཇ་ཁང་ཕྱོགས་སུ་འགྲོ་བཞིན་སེམས་སུ་"འཁོར་ལོ་ཟེར་བ་སུ་ཡིན་ནམ།ཕལ་ཆེར་སྒལ་རིང་ཟེར་བ་དེ་ཡིན་ངེས།"སྙམ།

  ང་རང་དེ་གར་འབྱོར་བ་དང་སྣ་ལོས་"ཁོང་ནི་སྦྱིན་བདག་འཁོར་ལོ་རེད།"ཟེར་གྱིན་མི་དེ་ང་ལ་ངོ་སྤྲོད་བྱས་བྱུང་།

  ཞི་བདེ་ཉི་མ་ལས་ཀྱང་གཟུགས་གཞི་རིང་ལ་གྱོང་རལ་ཡིན་པའི་སྦྱིན་བདག་འཁོར་ལོ་ནི་ཅི་ལྟར་བལྟས་ཀྱང་སྔོན་མ་སྣ་ལོས་ལབ་པའི་སྒལ་རིང་ཟེར་བ་མིན་ནའང་ལོས་ཡིན་སྙམ་པ་ཞིག་འདུག་པས།ངའི་སེམས་སུ་"ཕྱུག་ཟོག་ཅིག་ཡིན་ན།ད་ལོའི་དགུན་འཁྱག་འདི་བརྒལ་དཀའ་དཀའ་རེད།"སྙམ།

  སྦྱིན་བདག་འཁོར་ལོ་ནི་སྒམ་ཚུགས་ཀྱིས་རྒྱགས་པའི་ཤིང་སྒམ་ལྕགས་སྒམ་དེ་འདྲ་སྒུར་མི་ཐུབ་པ་དང་དགྱེ་མི་ཐུབ་པ་ཞིག་མ་ཡིན་པར་"མི་སྐྱིད་པོ་"ཞིག་ཡིན་པ་འདྲ་སྟེ།

  ཁོས་"འཁྱག་དུས་ཇ་ཞིག་འཐུང་ན་སྐྱིད་ཡིན།ཉལ་དུས་མོ་ཞིག་རུམ་ན་སྐྱིད་ཡིན།ཇ་ཐུངས།ཇ་ཐུངས།"ཟེར།

  སྣ་ལོས་ཀྱང་"དེ་རེད།གཏམ་ཀུ་རེ་ཅན་པོ་སྐྱིད་ཡིན།སྐྱིད་རྒྱག་མཁན་ང་ཚོ་སྤུན་ཡིན།"ཟེར།

  དེང་སང་གི་སྐད་ཆ་ལྟར་ན་"ཅི་ཞིག་ཉན་ཡོད་པའི་མི་"ཞིག་མཐོང་དུས་སྣ་ལོས་"མ་རེད།"ཟེར་མི་ཕོད་པའི་གཤིས་ཀ་འདི་ལ་ང་རང་ཅུང་ཙམ་ཞེ་མེར་བས།བསམ་གཟས་ནས་"མགོ་སྟིག་མ་ཡོང་ངམ།"ཞེས་དྲིས།

  སྣ་ལོས་མ་བཤད་གོང་ལ་སྦྱིན་བདག་འཁོར་ལོ་"འཁོར་"བྱུང་"ཁོ་ཚོང་ཞིག་གི་དོན་དུ་ཟི་ལིང་ལ་མངགས་ཡོད།སང་ཉིན་ཕྱི་དྲོ་ཕྱིར་ཐོན་ཐུབ།འོན་ཀྱང་།དོ་ནུབ་དེ་'སྐམ་པོ་'མི་འདུག་པཱ།"ཟེར།

  སྣ་ལོས་"མི་ལྡིང་གིས་'རློན་པར་'བཏང་ཡང་ཕྱིར་ཐོན་དུས།'རྒྱུགས་'མ་སྤྲད་ནའང་སྐྲག་དགོས་ས་ཡོད་པ་མ་རེད།"ཟེར།

  ངས་ཡང་བསྐྱར་བསམ་གཟས་ནས་"ཁོས་བཟའ་འཐོར་བྱས་པ་ཡིན་ནམ།"ཞེས་ལབ་པར།

  འཁོར་ལོ་མྱུར་མོར་"འཁོར་"ནས་"སྣ་ལོ་མིང་ལ་གྲགས་བྱེད་དེའི་ལྡོག་ཟླ།མགོ་སྟིག་མིང་ལ་གྲགས་བྱེད་དེ་མིན་ནམ།དེ་བས།ཅི་བྱེད་རང་ལག་རེད་ཅན་པོ་ཡིན་ཡ།"ཟེར།

  ད་ཐེངས་སྣ་ལོས་"དེ་རེད།དེ་རེད།"མི་ཟེར་བར་"འུ་ཚོ་འཛོམས་རྒྱུ་དཀའ་མོ་རེད།ཆང་ཞིག་འཐུང་ན།"ཟེར།

  སྦྱིན་བདག་འཁོར་ལོ་ལགས།ངོ་མ་"འཁོར་ཚུལ་"ཤིན་ཏུ་མགྱོགས་པའམ།འཁོར་ནས་གཞན་ཞིག་ལ་ཕོག་མི་འགྲོའམ་སྙམ་ནས་འདང་རྒྱག་མཁན་དེ་འདྲའི་རིགས་མིན་པ་འདྲ་སྟེ།

  "སྐྱིད་པོ་ཞིག་བྱེད་ན་བྱེད།ཆང་བཟང་པོའི་རིགས་ཁྱེར་ཤོག"ཟེར།

  སྦྱིན་བདག་འཁོར་ལོ་ལགས་ཆང་ཁ་ནས་"འཁོར་བའང"་ཤིན་ཏུ་མགྱོགས་ཏེ་ཆང་ཕོར་ཏུ་བླུགས་བླུགས་པོ་འཐུང་རྐྱང་བྱས་འགྲོ་བས།ཆང་དཀར་རྒྱ་མ་གང་དང་ཕྱེད་ཀ་ལྷག་འཐུང་རྗེས་ཅུང་བཟི་གིན་པ་འདྲ་སྟེ།

  "ང་སྒལ་རིང་ཟེར་བས་མ་བྱས་པ་ཞིག་དང་མ་མཐོང་བ་ཞིག་མེད།ལས་བཟང་ངན་གཉིས་ཀ་དང་མི་ཆེ་ཆུང་གཉིས་ཀ ཨ--།ངའི་རོགས་ནས་སྡོད་དང་།དགུན་ཁ་ཐབ་ཀའི་དྲོ་ཡིན།ནམ་རྒྱུན་སྐྱིད་ཀྱི་གཡང་ཡིན།--- ---"ཟེར་གྱིན།སྐད་མགོ་ཇེ་མཐོ་དང་སྐད་ཆ་ཇེ་སྦོམ་ཡིན་པས།ང་རང་སྤྱོད་ཁང་དུ་འགྲོ་བར་ཁ་གཡར་ནས་ཕྱི་ལ་བུད་པ་ཡིན་མོད།སྣ་ལོས་ཆང་ལྡུག་ཞོར་དང་ལགས་"བརྩི་"བཞིན་འདུག

  འཁྱག་རླུང་སྨྱོན་པ་ཞིག་རྫོང་མཁར་ཆུང་ཆུང་འདིའི་སྲང་ལམ་དག་ལ་གཅན་གཟན་གྱི་མཆེ་བ་བཞིན་གཙིག་གིན་པའི་ཉི་མ་འདི།གཟའ་ཉི་མར་ཁེལ་བ་ནི་"ངལ་ཡག་པོ་གསོས།ཁྱི་ལྡོམ་བཞིན་ཉུལ་རྒྱུ་ཉུང་ཙམ་བགྱིས།"ཟེར་བ་དང་འདྲ་བོ་འདུག་ལ།ཡང་ཏན་ཏན་དེའི་ལྡོག་ཟླ་གྱུར་ཏེ་"ཁྱོད་ཚོས་འདི་ཟོ།ཕག་ཕྲུག་ཚོ།"ཟེར་བ་དང་ཡང་འདྲ་བོ་འདུག

  ངས་ཁ་པར་ལས་དེང་རབས་ཀྱི་གླུ་དབྱངས་<<ལྷ་མོ།ལྷ་མོ།མྱོས་བུམ་འཇམ་པོ་འཁྱག་བྱུང་ངམ།>>ཟེར་བ་དེར་ཉན་འདོད་ནས་གྲགས་ཏུ་བཅུག་པ་དང་།དེ་ལ་བགག་བྱེད་པ་དང་འདྲ་བར་མགོ་སྟིག་གིས་ཁ་པར་ཐོན་བྱུང་།

  ངས་བསམ་གཟས་ནས་"སུ་ཡིན་ནམ།"ཞེས་ལབ་པར།

  མགོ་སྟིག་གིས་བྲེལ་འཚུབ་ཀྱི་ངང་ནས་"སྣ་ལོ།མདང་ནུབ་འདས་སོང་ཟེར།མྱུར་མོ་སྒོར་ཤོག་དང་།"ཟེར།

  འཆི་བ་ཟེར་བ་འདི་ཡོང་འདོད་དུས་རྟ་ཞོན་ཞིག་ལས་ཀྱང་མགྱོགས་པ་འདྲ་ལ།སྣ་ལོ་མཚན་གཅིག་གི་རྒྱུ་སྐར་དག་ཀྱང་བཞུས་མ་ཚར་གོང་ལ་བཞུད་པ་འདིས།ང་ཡི་གང་ཞིག་ནས་འཆི་བ་ཟེར་བ་འདི་ལ་བདེན་རྫུན་ཅིག་ཡོད་ན་སྣ་ལོ་རྫུན་མ་དེ་ལ་གཏོགས་སྲིད་སྙམ་པའི་བློ་ཞིག་གིས་བྲང་ཁ་གཟེར་བར་བྱེད།

  སྣ་ལོའི་ཆུང་མས་ངོ་འདོམ་པ་གསུམ་དྲུད་ནས་"ཞི་ལིས་ཅི་བྱེད།ངས་ཅི་བྱེད།ཁྱིམ་ཚང་འདིས་ཅི་བྱེད།ང་ངོ་མ་ལས་ངན་ཟེར་བ་རེད་ཡ།"ཞེས་ངུ་བཤད་བྱས་པར།

  ལ་ལས་"ལས་གསོག་པ་ལ་གཟུར་ས་འགྲོ་བ་མ་རེད།སེམས་མ་སྡུག"ཟེར།

  ལ་ལས་"ཤི་བོར་དགོས་པ་ཆོས་ཡིན།ཁ་འདོན་རེ་ཐོན།"ཟེར།

  ལ་ལས་"ཞི་ལི་ལའང་འདང་རྒྱོབས།ཁྱོད་ལ་ཅིག་བྱུང་དུས་ཚར་སོང་ནི་རེད།"ཟེར།

  མགོ་སྟིག་ངེད་གཉིས་ཕྱིར་ལོག་པའི་ལམ་ཁ་ནས།

  མགོ་སྟིག་གིས་"སྣ་ལོའི་རྒན་མོ་གན།སྣ་ལོ་མེད་ན་'ངས་ཅི་བྱེད་'ཟེར།ད་སྣ་ལོ་མེད་ན་ཁྱོད་ལ་མཚོན་ན་གཅར་ས་མེད་པ་ཙམ་རེད།ད་རུང་'ཁྱིམ་ཚང་'ཟེར།ཁྱིམ་ཚང་སྒལ་རིང་ལ་བཅོལ་ན་དེ་རེད།"ཟེར།

  ངས་མགོ་སྟིག་ལ་"ཡིན་མིན་བདེན་རྫུན་མེད་པར་མ་ལབ།"ཅེས་པར།

  མགོ་སྟིག་གིས་"ང་ཚོ་གྲོགས་པོ་ཚོས་ཆང་འཐུང་བའི་མཚན་མོ་དེར་སྣ་ལོས་གསལ་བོར་བཤད་པ་མིན་ནམ།ཁོས་'གཅིག།ཞི་ལིའི་ཨ་མ་རེད།རང་གི་སྐྱ་ཡ་རེད།དེ་བས་བསྲན་པ་ཡིན།གཉིས།ང་རང་བཟའ་འཁོན་ལ་སུན་སུན་ཞིག་ཚོགས་འདུ་ལའང་མི་སུན་པས།ངོ་མདོག་དཀར་དམར་གྱི་གཏམ་དག་རོ་ལ་རྒྱོབས།'ཟེར་གྱིན།མིག་ཆུ་རྫ་ཆུ་བཞུར་བཞུར་བྱེད་པ་དེས་ཅི་ཞིག་མཚོན་པ་ཨེ་ཤེས།དམྱལ་བ་མ་དེས་སྣ་ལོ་ལ་ལས་རྒྱུ་བཅོ་བརྒྱད་པོ་ལས་ཡོད་པ་སུས་མི་ཤེས།ད་དེ་དག་གིས་ཅི་བྱེད།"ཟེར་བར།

  ངས་"འོན་ཀྱང་།སྒལ་རིང་དང་མོའི་བར་ན་འབྲེལ་བ་ཅི་ཞིག་ཡོད་དམ།"ཞེས་དྲིས།

  མགོ་སྟིག་གིས་མགོ་སྟིག་སྟིག་འོག་གི་སྐེ་ཐུང་ཐུང་ཀུམ་ཙམ་བྱེད་ཀྱིན་"སྣ་ལོས་ང་ལ་ཤོག་དངུལ་ག་ཙམ་བསྐྱིས་པ་ཨེ་ཤེས།དོམ་དེ་དག་མ་བྱིན་པར་ངས་ཁོ་ལ་མཚང་འབྲུ་དང་གཅར་རྡུང་ཅི་ཙམ་བྱས་པ་ཨེ་ཤེས།ད་ངོ་མ་འགྱོད་པ་སྐྱེ་བྱེད་དང་སེམས་གདུང་བྱེད་རེད་ཡ།"ཟེར་གྱིན།

  "ཐེངས་ཤིག་ངའི་ངོ་ཤེས་ཤིག་གིས་'སྒལ་རིང་ཟེར་བའི་ཚོང་བ་ཞིག་དང་སྣ་ལོའི་ཆུང་མ་གཉིས་ཀས་འཁྲིག་པ་སྤྱད་ན།སྤྱོད་ཐབས་བཅོ་བརྒྱད་དང་འཁུན་བཤད་བརྒྱད་བཅུ་ཡོད་རབས།"བཤད་པས།

  ངས་'ཨེ་བདེན་ནམ།'ཞེས་པར།

  ལྟས་ངན་དེས་རྒྱུས་གསལ་པོ་ཡོད་རབས་ཀྱིས་དེ་གཉིས་གང་ནས་ཉལ་བ།ཅི་ལྟར་བྱས་པ།འདོམ་བསྲེག་རྒྱུ་མ་དེར་ཡོང་སྒོ་ག་ཙམ་རེག་པ།དངུལ་དེ་དག་གིས་ཕྱིར་ཁྱིམ་ལ་སོང་ནས་སྣ་ལོར་རང་ཉིད་ཀྱིས་ཅི་ཞིག་ཅི་ལྟར་བསྒྲུབས་ཏེ་ཡོང་སྒོ་ཆེ་རབས་དང་།སྣ་ལོས་མི་ནུས་པ་དང་མི་འཇོན་པ་ལུང་བ་གང་བརྩིས་པ་སོགས་ངའི་རྣ་ཚ་རེག་བར་བཤད་སོང་།

  ངས་ཀྱང་སྣ་ལོས་དངུལ་བསྐྱི་བ་ནི་'གཡག་ཆད་གད་པར་ཐུགས་པ་'གསལ་བོར་ཤེས་པས།གྲོགས་པོས་ཁ་ངོ་བསམ་ནས་རོགས་ཐུབ་ཐུབ་ཅིག་བགྱིས་པ་ཡིན།ད་ཡོད་ཚད་ཚར་སོང་བ་འདི་རེད།"ཟེར།

  སྐད་ཆ་དེ་དག་ངའི་རྣ་ནང་ལ་ཡོང་དུས་སྣ་ཁུང་ནང་སྐྱུར་ཤུར་ཤུར་བྱེད།ཨེ--།ད་ལོའི་དགུན་ཁ་འདི་སྲིབ་ངོས་ནས་རྙེད་པའི་ལྕགས་ལོག་ཅིག་ལྟར་འཁྱག་པ་ལ།

  གསུམ།

  དཔྱིད་ཀ་ཟེར་བ་སླེབས་འདུག་ཨང་སྙམ་པའི་ཉི་མ་དྲོན་པོ་ཞིག་ཤར་བའི་ཉིན་འདིར།ལས་ཁུངས་ཀྱི་མགོ་བ་ཆུ་སྐོལ་བྱེད་ཀྱི་མེ་སྦར་བ་བཞིན་ཁོང་ཁྲོས་འགད་ལ་ཁད་བྱས་འདུག

  ཁོ་ང་ཚོ་ལས་མི་ཚོའི་སྔུན་ནས་གཡས་སུ་གོམ་པ་འགའ་དང་གཡོན་ཏུ་གོམ་པ་འགའ་སྤོས་ནས"ལས་ཁུངས་ཟེར་བ་དེ་ཕག་ཉལ་ས་མ་རེད།ཁྱི་སྐྱག་གཏོང་ས་ཡང་རེད།དེ་ལས་ཀྱང་ཟླ་རེའི་གླ་ཕོག་ལ་སྒུག་ས་ཁོ་ན་ཙམ་ཞིག་གཏན་ནས་མ་རེད།"ཟེར་གྱིན།

  མདུན་ལ་གོམ་པ་གང་སྤོས་ནས"ང་ལས་ཁུངས་དུ་མ་ནས་མིའི་'སྔུན་'ལ་བུད་ནས་ཡོང་མོད།ཁྱོད་ཚོ་ལྟ་བུ་ཞིག་ལ་འཕྲད་མ་མྱོང་།མ་རེད།ཁྱོད་ཚོ་ལྟ་བུའི་ཟ་མཁན་དང་གཏོང་མཁན་ལས་མི་ཉན་པ་ཞིག་ཐོས་ཀྱང་མ་མྱོང་།"ཟེར་གྱིན།ལུས་པོ་ཐུང་ཐུང་གི་གོམ་ཁ་ཐུང་ཐུང་དེ་ཁོང་རང་གི་ལས་སྒྲུབ་ཁང་ལ་ཕྱོགས་ནས་འགྲོ་ཞོར་ཏུ་ཕྱི་བལྟ་ཙམ་ཡང་མི་བྱེད་པར་"ལག་ཡོང་།འདིར་ཤོག་དང་།"ཟེར།

  ལག་ཡོང་ལས་ཁུངས་འདིར་ཡོང་ནས་ལོ་གསུམ་ལྷག་ལས་འགོར་མེད་ལ།ཁོ་མཱ་ཅང་ཟེར་བ་དེ་རྩེད་རྒྱུ་ཤིན་ཏུ་དགའ་ལ་ནམ་རྩིང་པའང་ཧ་ཅང་མང་རབས་ཟེར།

  ཁོས་མཚན་མོ་མཱ་ཅང་རྩེས་ཤིང་ཕྱི་ཉིན་ལས་ཁུངས་སུ་ཐོན་པ་ན་མ་དྲིས་རང་ཤུགས་ཀྱིས་"མདང་ནུབ་ག་ཚོད་ལོན་རབས་"དག་དག་ལབ་པས།ཁོ་ནི་མཱ་ཅང་རྩེད་གྲོགས་ཚོས་"འབུལ་ས་"ཞིག་དང་འདྲ་བས།ཚང་མས་ཁོང་གི་ལག་ཡོང་བཟང་བ་མཚོན་བྱེད་དུ་"ལག་ཡོང་"ཞེས་བཏགས་ཤིང་།འདྲེས་ཀྱིན་འདྲེས་ཀྱིན་ལས་གྲོགས་ཚོས་ཁོའི་ལག་ལྡན་ཟེར་བའི་དངོས་མིང་དེ་ཡིག་ཆ་རྙིང་བ་ཞིག་ལྟར་གཡུགས་ནས་"ལག་ཡོང་"ཞེས་འབོད་པར་ལོབས་སོང་ལ།ཐ་ན་མགོ་བ་ལགས་ཀྱིས་ཀྱང་ཁོང་གི་"ངོ་དཀར་ནག་"གཉིས་ཀྱི་གང་གི་སྐབས་སུ་ཡང་"ལག་ཡོང་"ཞེས་འབོད་པས་ན་ང་ཚོ་ལ་བཤད་མ་དགོས་པ་ཞིག་གོ།

  ལག་ཡོང་ཕྱིར་རང་གི་འདུག་གནས་སུ་ལོག་པ་ན།ལས་གྲོགས་ཚོ་གཅིག་གི་རྗེས་ལ་གཅིག་འཇབ་ནས་"ཅི་ཟེར།"ཞེས་མགོ་བའི་ཁོང་ཁྲོའི་འབྱུང་རྐྱེན་འདྲི་བ་ཡིན་ནམ།ལག་ཡོང་གི་ལག་ལ་ཅི་ཞིག་ཡོང་བ་འདྲི་བ་གང་ཡིན་མི་ཤེས་པ་ཞིག་དྲིས་པ་ན།

  ལག་ཡོང་གིས་"ད་ཕན་ཆད་ཤོ་ཁང་དུ་འགྲོ་ན།ལས་ཁུངས་སུ་མ་ཡོང་ཟེར།"ཞེས་མི་རེ་རེའི་ངོ་ལ་བལྟས།

  ལས་གྲོགས་མས་"ཨ་ཙི།དེ་འདྲ་ཡིན་དུས་ཁྱོད་བསད་བཞག་ནི་རེད།ལག་ཡོང་བཅད་བཞག་ནི་རེད།"ཟེར།

  གཞན་ཚོས་འདང་མ་ཕོགས་པ་ལྟར་སོ་སོའི་འདུག་གནས་སུ་ལོག་པ་དང་།དེའི་ནང་གི་གཅིག་གིས་ཕྱིར་འགྲོ་ཞོར་ཏུ་ཁེར་ལབ་ལྟ་བུ་ཞིག་གི་ངང་ནས་"དེ་འདྲ་ཞིག་འབབ་ན་ཐང་།"ཟེར།

  དཔྱིད་ཀ་ཟེར་བ་འདི་ཁུར་བོ་ཤིན་ཏུ་ལྗིད་མོ་ཁུར་བའི་མི་ཞིག་དང་འདྲ་བར་ཡོང་བ་འགོར་ལ།དེ་དང་ཡང་མི་འདྲ་བར་བྱིས་པ་ཁྱུ་ཞིག་ཡུལ་ལ་ལོག་པ་དང་འདྲ་བར་རྩེད་ཞོར་འགྲོ་ཞོར་བྱེད་པས།མཐོ་སྒང་གི་ནམ་ཟླའི་འགྱུར་བ་ལ་བལྟས་ནས་སུ་ཞིག་གིས་"དཔྱིད་ཀ་སླེབས་འདུག"ཟེར་ཐུབ་བམ།

  འོན་ཀྱང་།སྣ་ལོ་འདས་པ་ནས་མགོ་སྟིག་ནི་ནམ་ཟླ་དེའི་ལྡོག་ཟླར་ལངས་པ་དང་འདྲ་བར་ང་འཚོལ་ཏུའམ་ང་དང་ལབ་གླེང་བྱེད་པར་"ཐོན་ཐོན"ལ་ཡོད།

  "ངེད་ཚང་དུ་ཤོག་དང་།དེ་རིང་ང་གཅིག་པུ་ཡིན།ངས་བསྒུག་ནས་འདུག"ཟེར་གྱིན་ཁ་པར་གཏན་བྱུང་ལ།ཅི་ཞིག་གིས་ཡིན་པ་མི་ཤེས་མོད།ང་ཡང་མགྱོགས་པོར་ལམ་ལ་ཆས་པ་ཡིན།

  མགོ་སྟིག་གིས་ངའི་དཀར་ཡོལ་ཏུ་ཇ་ལྡུག་ཞོར་ཏུ་"ད་ལོའི་དཔྱིད་ཀ་འདི་ཆག་རོ་ཞིག་ལྟར་ངའི་སྣང་བ་ཞིག་ལ་ཁ་མི་ཚང་བ་ཞིག་དང་།ཡིབ་ཙམ་མངོན་ཙམ་ངང་ནས་དཔྱིད་ཀ་ཟེར་བ་ཞིག་ཐོན་ཡོད་མེད་ཀྱང་མི་ཤེས་པ་ཞིག་རེད།"ཟེར།

  ངས་ཅི་ཟེར་དགོས་པ་མ་ཤེས་པར་"སྐྱིད་པོ་ཞིག་ཤོད་དང་།སྣ་ལོ་ཡོད་དུས་ཐེངས་མ་རེ་རེ་བཞིན་ཁྱོད་ཀྱི་ལབ་པ་དག་ནི་'གསེར་ནག་གྲུ་བཞི་'ཞིག་ཡིན་རབས་ཟེར།"ཞེས་པར།

  མགོ་སྟིག་གིས་ངས་སྨྲས་པ་ལ་ལན་མི་འདེབས་པར་"གོ་ཐོས་སུ་སྒལ་རིང་ཚར་ལ་ཡོད་རབས་ཟེར།ཁྱོད་ཀྱིས་ཨེ་གོ"ཟེར།

  ཅི་ཞིག་གིས་ཡིན་པ་མི་ཤེས་མོད།ང་ཡིས་སྒལ་རིང་ཟེར་བ་འདིའི་མིང་གོ་ན་རྣ་ཚ་བའམ།སྙིང་མི་བདེ་བས་"དེ་ཚར་ན་མ་ཚར་ན་ང་ལ་འབྲེལ་བ་ཅི་ཞིག་ཡོད་དམ།"

  མགོ་སྟིག་གིས་མྱུར་ཏུ་"ཨེ---།དེ་ལྟར་མ་བཤད་དང་།སྣ་ལོའི་ཆུང་མ།མ་རེད།མཐོ་རིས་པོའི་ཆུང་མ།དེ་ཡང་མ་རེད།དེའི་འདོམ་ལ་ཆུ་ཁོལ་ལྡུག་རྒྱུ་མ་དེས་དེ་ལྟར་ཟེར་གྱིན་འདུག འོག་གི་ནང་ནས་ཚེར་མ་སྐྱེ་རྒྱུ་མ་དེས་ད་དུང་'ཤིང་ཞིག་གི་སྐྱེ་སྟོབས་ཅན་པོ།།རོ་ཞིག་གི་སྐྱི་མོ་ཅན་པོ།།གླང་ཞིག་གི་འདོད་ཆགས་ཅན་པོ།།རྒྱུ་ཟེར་ནོ་དགུན་ཁའི་རྩྭ་རེད།།དོམ་ཟེར་ནོ་དབྱར་ཀའི་ཆུ་རེད།།ཁ་ཁྱི་ལབ་ཁྱི་ཁ་རྩེས་འདྲ།།མིང་ངན་པ་འབྲུག་ཆུང་གྲགས་འདྲ།།དེ་མ་བྱེད་ལྔ་བཅུའི་མི་རེད།།རྟ་ལོ་ལོན་མི་ཞོན་མནའ་ཡིན།།རོགས་རྒས་འཁོག་མི་དགོས་སྲོག་ཡིན།།'ཟེར་གྱིན་སྒལ་རིང་ལ་སྒོ་ཕྱེ་གྱི་མི་འདུག"ཟེར།

  "དེས་ཁོ་གཉིས་འགྲིག་གིན་མེད་པ་མཚོན་མོད།སྒལ་རིང་ཚར་གྱིན་པ་གང་ནས་མཚོན་ཐུབ།"ཞེས་བཤད་པར།

  མགོ་སྟིག་ལ་སྐོམ་ཚད་ཅིག་སྐྱེས་པ་ལྟར་"ཨ་ཡ།དེ་གཅིག་པུས་གང་ནས་ཚད།ཁེ་ཉིན་ང་ཚོ་ལས་ཁུངས་ཀྱི་སྒལ་རིང་དང་ཡུལ་ཕྱོགས་གཅིག་པའི་གསར་བུ་ཞིག་ཡོད་པ་དེས་ཀྱང་'ཨ་ཁུ་འཁོར་ལོ་མདང་ནུབ་བཟུང་སོང་ཟེར།དེས་འཁོར་ལོ་འཁོར་མི་ཆོག་པ་ཅི་ཞིག་བྱས་སམ།'ཞེས་ཁོའི་མཛའ་མོ་ལ་འདྲི་བཞིན་འདུག སྐད་ཆ་འདིས་སྒལ་རིང་ལམ་ལ་འགྲོ་གི་མེད་པ་མི་མཚོན་ནམ།"ཟེར།

  ངས་བསམ་གཟས་ནས་མགོ་སྟིག་ལ་"དེས་ན་ཁྱོད་ཀྱིས་སྦྱིན་བདག་འཁོར་ལོ་རིན་པོ་ཆེའི་གནས་ཚུལ་ཞིབ་ཆ་མི་ཤེས་སམ།ཁྱོད་ཁོང་ཉིད་ཀྱི་ཚོང་རོགས་མིན་ནམ།"ཞེས་པར།

  མགོ་སྟིག་གིས་མགོ་སྟིག་སྟིག་པོ་འཐད་ལ་གཡུག་གིན་"དེ་འདྲ་ཞིག་གང་ནས་ཡིན།ངས་སྣ་ལོ་མཐོ་རིས་པོའི་ཆུང་མ་དང་རིལ་རིལ་གཉིས་ཀ་ལེབ་ལེབ་བྱེད་རྒྱུ་བོ་དེ་གཉིས་ཀ་ལ་འབྲེལ་བ་ཡོད་པ་ཐོས་པས།མཐོ་རིས་པོར་གསལ་བརྡ་གཏོང་བྱེད་དུ་'རང་ཉིད་ལ་ཉོ་རྒྱུ་མང་པོ་ཞིག་ཡོད་རབས་དང་།སྒལ་རིང་ཟེར་བ་དེས་རོགས་ཤིག་བྱེད་ཐུབ་བམ།'ཞེས་པར།མཐོ་རིས་ནས་སྐྱེ་རྒྱུ་བོས་བདེན་པར་བཟུང་ནས་ང་རང་ནར་ནར་བོ་གཅོད་རྒྱུ་དེར་འཚམས་སྦྱོར་བྱས་ཤིང་།དེས་ཀྱང་སྒལ་བ་ཁོ་ལས་ཀྱང་རིང་བའི་མི་ཞིག་ལ་ང་རང་ངོ་སྤྲད་པ་དེ་འུར་བ་ཡིན་རྒྱུ་རེད།"ཟེར།

  དེ་ལ་ངས་ཀྱང་"དེས་ན་སྦྱིན་བདག་འཁོར་ལོ་ཟེར་བའམ་སྒལ་རིང་ཟེར་བ་དེ་དང་སྣ་ལོ་མཐོ་རིས་པོ་གཉིས་ཅི་ལྟར་ངོ་ཤེས་པ་ཡིན་ནམ།"ཞེས་དྲིས་པར།

  མགོ་སྟིག་གིས་"མཐོ་རིས་པོ་ཚང་གི་'སྟག་མོས'ངོ་སྤྲོད་བྱས་པ་མིན་ནམ།"ཟེར།

  ངས་"ཧ་མི་གོ་གི"ཞེས་པར།

  མགོ་སྟིག་གིས་"དེ་ལ་ཧ་མི་གོ་རྒྱུ་ཅི་ཞིག་ཡོད་དམ།དེའི་ཨོང་ཤ་འཁྱག་ལ་སྦྱར་རྒྱུ་མ་དེས་སྒལ་རིང་དང་རང་ཉིད་ལ་སྟབས་བདེ་བཟོ་རྒྱུའི་ཆེད་མིན་ནམ།"ཟེར།

  དགུན་ཁ་དང་དབྱར་ཀའི་བར་གྱི་ཟམ་པ་ལྟ་བུའི་དཔྱིད་ཀ་འདི་ག་ལེར་བརྒལ་ནས་ད་ནི་ཆར་བ་ཁོ་ན་ལས་འབབ་མི་ཤེས་ལ།ཚ་བ་ཁོ་ན་ལས་སྟོན་རྒྱུ་མེད་པའི་དབྱར་ཀ་ཟེར་བ་དེ་སླེབས་བྱུང་།རྫོང་མཁར་ཆུང་ཆུང་སྦྱིན་བདག་ཆེན་མོ་ཞིག་གིས་ཁམ་གང་གིས་མིད་འགྲོ་བ་འདིའི་ལས་བྱེད་པ་ཟེར་བ་ཚོ་དབྱར་ཀ་འདིར།དབྱར་ཀས་བརྔོ་བཞིན་པའི་ནས་ཁྲ་ཞིག་དང་འདྲ་བར་ཁོམ་གྱིན་མི་འདུག་སྟེ།གོང་རིམ་ནས་

  "འཁོར་ཞིབ་ཚོགས་པ་"ཟེར་བ་ཞིག་མངགས་པ་དེར་ལས་ཀ་ངོ་སྤྲོད་པར་ཟེར་ཡང་ཆོག་ལ།ཡང་ན་

  "གོང་གི་དེའི་"ངོ་ལེན་པར་ཁྱི་འདུར་འདུར་བྱེད་ཀྱིན་འདུག་སྟེ།ཡུལ་མི་ཚོས་ལབ་པ་ལྟར་སྨྲས་ན།མཐོ་པོ་ཚོས་ཅི་ཞིག་"ཁྱེར་"ཡོད་མེད་དང་།དམའ་མོ་ཚོས་ཅི་ཞིག་"ཟོས་"ཡོད་མེད་ལ་བལྟ་མཁན་ཡིན་པས།ད་བར་ཁོ་ཚོ་སྐྲག་ཐག་ཆོད་ནས་"གཏོང་རྒྱུའང་མི་འདུག་"ཟེར་བ་དེ་ལྟར་རོ།།

  ང་ཡང་གཞུང་གི་བྱ་བ་ལས་མཁན་ཞིག་ཡིན་པས།"གཏོང་རྒྱུ་མེད་པ་"དེ་འདྲ་ཞིག་མིན་མོད།ཉིན་ཐོག་ལ་མཚན་བཞག་ནས་མེད་པ་ཁ་གསབ་དང་།ནོར་བ་དག་བཅོས་སོགས་གཏོང་ཁོམ་མེད་པ་ཞིག་ཏུ་བསྐྱལ་སོང་བས།ལག་ཡོང་གིས་ཀྱང་མཚན་མོ་ཞིག་ལ་"ད་ནི་དངོས་གནས་ལས་ཁུངས་སུ་མི་ཡོང་བར་ཤོ་ཁང་དུ་སོང་ན་བཟང་བ་འདྲ།"ཟེར་བ་ཡང་ཀུ་རེ་ཁོ་ན་ཞིག་མིན་པ་འདྲ།

  མི་ཁོམ་པ་བརྒྱ་དང་བརྒྱད་ལག་ལ་ལྷུང་བའི་སྐབས་འདིར་འགུལ་མེད་དུ་འདུག་དགོས་པ་ཞིག་བྱུང་བ་ནི་ལག་ཡོང་གི་ལག་ནས་བྱ་བ་ཤོར་སོང་བ་དང་།སྒལ་རིང་ལ་ལོ་བཅུ་ཡི་ཁྲིམས་ཐག་བཅད་པ་དེའོ།།

  མགོ་སྟིག་གིས་ཁ་པར་ལས་"ལག་ཡོང་ལ་དེ་མི་འབབ་མོད།དེའི་འོག་རྐུན་དེ་ལ་དེ་བབས་བབས་ཡིན།"ཟེར།

  དོན་ལ།སྒལ་རིང་ཁྲིམས་ལ་ཚུད་པའི་རྒྱུ་ནི་"འོག་རྐུན་"གྱིས་མ་ཡིན་སྟེ།གཞུང་གི་"རྒྱུ་རྐུན"གྱི་གྲས་སུ་ཞུགས་པའི་རྐྱེན་གྱིས་ཡིན་རབས་ཟེར།

  ཨེ---།དབྱར་ཀའི་ཚ་བ་དང་མཉམ་དུ་འདི་འདྲའི་རྔུལ་ནག་ཐོན་པའི་བྱ་བ་མང་པོ་ཞིག་ཡོད་ན།ད་ལོའི་དགུན་ཁའི་འཁྱག་རླུང་དང་ལྷན་ཏུ་མི་སེམས་ཁངས་འགྲོ་བའི་དོན་དག་ཅི་འདྲ་ཞིག་གིས་སྒུག་ཡོད་དམ།

  བཞི།

  ཁ་པར་གྲགས་བྱུང་བས་སྣང་བ་ཞིག་ལ་མགོ་སྟིག་མིན་ན་ད་ནི་སུ་ཡིན་ནམ་སྙམ་བྱུང་མོད།ཁ་པར་གཏོང་མཁན་ནི་ལག་ཡོང་རེད།

  ངས་ཅི་ཞིག་ནས་སྐད་ཆའི་མགོ་བརྩམ་དགོས་མ་ཤེས་པར་"བདེ་མོ།"ཞེས་འཚམས་འདྲི་ཙམ་ཞིག་བྱས་པར།

  ལག་ཡོང་གིས་"ཁོམ་གིན་ཡོད་དམ།ངེད་གཉིས་རྫོང་མཁར་མཐའ་ཡི་གཙང་འགྲམ་དུ་འཆམ་འཆམ་ལ་འགྲོ་པཱ།"ཟེར།

  ངས་ཀྱང་ཁོ་དང་ཡུན་རིང་དུ་འཕྲད་མ་པས་"དེ་ལྟར་བྱ།ནུབ་མཐའ་ནས་འཕྲད།"ཅེས་བཤད།

  སྐྱོ་བ་ཅུང་ཙམ་ཁུར་ལོས་ཡོད་སྙམ་པའི་སྟོན་རླུང་ལྡོམ་པོ་དག་འགྲམ་ནས་འདུག་ཙམ་ཡང་མི་བྱེད་པར་ཁ་གྱེས་རྐྱང་བྱེད་པས།ངས་ལག་ཡོང་ལ་"དུས་ཚོད་ནི་མགྱོགས་པ་ལ།མིག་ཆུ་ཙམ་བཞུར་བའི་ཡུན་ལའང་གསོན་པོ་ཞིག་ཤི་བོར་གྱུར་འགྲོ་ལ།སྐྱིད་པོ་ཞིག་སྡུག་པོར་གྱུར་འགྲོ།"ཞེས་པར།

  ལག་ཡོང་གིས་"དེ་འདྲ་ཞིག་རེད།ཡིག་ཆ་གཅིག་གི་ནང་དོན་གྱིས་ང་རང་ལས་བྱེད་པ་ཞིག་ནས་ལས་མེད་ཅིག་ཏུ་གྱུར་སོང་།ཡོད་ཚད་དེ་འདྲའི་ཀུ་རེ་ལ་བྱང་བ་ལ།"ཟེར།

  ངེད་གཉིས་ཀྱིས་གོམ་པ་རེ་སྤོས་པས་ད་ལྟ་བ་ཟེར་བ་དེ་འཆོར་གྱིན་འདུག་ལ།ད་ལྟ་བ་ཟེར་བ་རེ་ཚུར་ལ་འོང་བཞིན་འདུག་པས།ཁ་བརྡ་མེད་པར་འཆམ་འཆམ་བྱེད་པ་ནི་སྐྱོ་གདུང་ཟེར་བ་དེ་འཚོལ་བ་དང་འདྲ་བར་སེམས་ཁམས་ཇེ་དོག་ནས་ཇེ་དོག་ཡིན་པའི་སྣང་བ་ཞིག་སྟེར།

  ལག་ཡོང་གིས་ངང་ཚུལ་འདི་རྐང་མགོར་བཏེགས་ནས་སོང་ན་སྐྱིད་པོ་མིན་པ་གཏོར་བྱེད་དང་འདྲ་བར་"ཉིན་འགའི་སྔོན་ལ་ལྷ་མོ་ངའི་ཁྱིམ་ཏུ་ཡོང་ནས་རྙོག་བཤད་ལུང་བ་གང་བྱས་བྱུང་།"ཟེར།

  "དེ་འདྲ་ཡིན་དུས།ཁྱོད་ཀྱི་མི་རྐྱང་གི་དུས་ཚོད་དང་མོའི་མོ་རྐྱང་གི་འཚོ་བ་གཉིས་མེ་འབར་འབར་བྱས་ཡོད་པཱ།"

  "མོ་ཡོང་དུས་བཟི་འདུག 'ང་ཚོ་ཚང་མ་གདུང་བའི་ཕྲག་པ་ལེབ་ལེབ་ཡིན་པའི་མི་རེད།མཉམ་དུ་སྐྱིད་པོ་ཞིག་རྩེ་ཟེར།'"

  "དེ་ནས་ཁྱོད་ཀྱིས་བཟང་པོ་ཞིག་མ་དྲན་པར་'སྐྱིད་པོ་'གཞན་ཞིག་དྲན་ཡོད་པཱ།"

  "མོས་མཚན་གང་པོའི་གཏམ་གྱི་སྙིང་བོ་ནི།ལས་ཁུངས་ཟེར་ན་དགུན་ཁ་ལས་ཀྱང་འཁྱག་ས་ཞིག་དང་།ལས་ཀ་ཟེར་ན་དབྱར་ཀ་ལས་ཀྱང་རྔུལ་ས་ཞིག མགོ་བ་ཟེར་ན་མུན་ནག་ལས་ཀྱང་ཅི་ཡང་མི་ནུས་མི་ཤེས་པ་ཞིག ང་དེ་ནས་'གཡུགས་པ་'ནི་སྐྱིད་ཐོག་སྐྱིད་ཡིན་རབས་རྣ་བ་འགངས་རེག་བར་ལབ་བྱུང་།"ཟེར།

  ནུབ་ཁའི་ཉི་འོད་ཀྱིས་ང་དང་ལག་ཡོང་གི་གྲིབ་མ་རིང་དུ་བརྒྱངས་པ་ནི་གོམ་པ་སྤོ་སའི་སྣུམ་ལམ་ཞིག་གསར་ཏུ་བཟོས་པ་དང་འདྲ་མོད།ངེད་གཉིས་ཀྱི་རྐང་བ་ངལ་བྱུང་ཟེར་བ་ལས་ཀྱང་ལྕེ་གཉིས་ཀ་ངལ་བྱུང་ཟེར་ན་འགྲིག་པ་འདྲ་སྟེ་ཁ་བརྡ་ཚར་བས།ཅུང་ཙམ་ནས་རང་རང་སར་ལོག་པ་ཡིན།

  ནུབ་མ་གསུམ་ཙམ་ལ་བསྟུད་མར་མགོ་སྟིག་རྨི་ལམ་དུ་རྨིས་བྱུང་།ཁོས་རང་གི་ཆུང་མ་ཁུར་ཏེ་གནས་མཇལ་དུ་འགྲོ་བཞིན་འདུག་ལ།ཆུང་མས་ཁོའི་འཕོང་ཤར་སེན་བཏོག་ཅིག་བྱས་ན།མགོ་སྟིག་ལྕག་གིས་འབྲབ་པའི་རྟ་ཕོ་བཞིན་རྒྱུག་འགྲོ་ལ།ཆུང་མས་ཁོའི་རྣ་ཅོག་ནས་འཐེན་ཙམ་བྱས་ན།མགོ་སྟིག་གཡག་གི་སྣ་ཐིག་ནས་འཐེན་པ་དང་འདྲ་བར་བརྟན་སེར་བསྡད་འགྲོ ནུབ་མ་གསུམ་གྱི་རྨི་ལམ་ཚང་མ་གནས་མི་འདྲ་བ་ཙམ་ལས་གོང་གི་དེ་འདྲ་དག་དག་རེད།

  ངས་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཅི་ཞིག་འགྲིག་གིན་མེད་པ་འདྲ་བའི་སྣང་བ་ཞིག་སྐྱེས་པས།མགོ་སྟིག་ལ་ཁ་པར་བཏང་བ་ཡིན།

  མགོ་སྟིག་གིས་ཁ་པར་གྱི་ཉན་སྒོ་ཕྱེས་པ་ན་ངས་"གང་ན་ཡོད།ཅི་ཞིག་བྱེད་ཀྱིན་ཡོད།"ཅེས་འདྲི་བ་གཉིས་ཤོར་སོང་།

  མགོ་སྟིག་གིས་"ང་ཉིན་འགའ་ལ་ཁྱོད་ཀྱི་སར་མ་ཡོང་བས་དྲན་བྱུང་བ་ཨེ་རེད།སེམས་མ་སྡུག་དང་།དགོང་མོར་འཕྲད་ཆོག"ཟེར་གྱིན་ཁ་པར་གཏན་བྱུང་།

  བཞི་མདོའི་ཇ་ཁང་ནས་མགོ་སྟིག་ལ་འཕྲད་དུས།འོག་གི་དེ་བཅད་ནས་སྐེ་ལ་འདོགས་རྒྱུ་དེས་བུ་མོ་ཁོ་ལས་ལོ་བཅུ་ལྷག་གིས་ཆུང་བ་ཞིག་ཁྲིད་འདུག་ལ།ཀུ་རེ་འདྲེས་མའི་ངང་མོ་ནི་ཁོའི་"ཁོག་གི་སྙིང་ཟེར་ན་ཆོག་ལ།འདོམ་གྱི་སྐྱིད་ཟེར་ནའང་ཆོག"ཅེས་ལབ་པར།

  བུ་མོ་དེས་ཀྱང་ཁ་སྐྱེངས་ཁུལ་ཙམ་བྱས་རྗེས།"ཁྱེད་གཉིས་ཀྱིས་ཇ་ཐུངས།"ཟེར་གྱིན་ངེད་གཉིས་ཀྱི་ཇ་ཕོར་ཏུ་ཇ་བླུགས་བྱུང་།

  མགོ་སྟིག་གི་སྣང་བ་སེམས་ནའམ་མགོ་ན་མེད་པར་དགུང་ན་ཡོད་པ་འདྲ།ཁོས་ཇ་ཁམ་གང་འཐུང་རྗེས་"ངོ་རྫོགས་རྒྱུའི་འཁོར་བ་ཟེར་བ་འདི་སྦྲ་ཆད་ཅིག་དང་འདྲ་བར་ཙག་དང་བསེར་བུ་རྒྱུ་སའི་ལམ་མདོ་ཞིག་ཡིན་མོད།འདང་དང་ཞེ་རྩིས་ཀྱི་མེ་ལྕེ་དམར་ལྷབ་ལྷུབ་བྱེད་པའི་བུ་མོ་མཛེས་མ་ཐབ་ཀ་འདྲ་བ་འདི་ཡོད་ན།མ་རེད།ཐབ་ལྷ་འདྲ་བ་འདི་ཡོད་ན།"ཞེས་ལབ་མ་ཚར་གོང་ལ།

  བུ་མོ་དེས་"ཁྱོད་ཀྱིས་ང་ལ་རྩེད་སྤྱོད་མ་བྱེད།"ཟེར།

  མགོ་སྟིག་གིས་ང་ལ་མིག་བརྡ་ཞིག་བྱེད་ཀྱིན་བུ་མོ་དེ་ལ་"ཨ་ཡ---།ངའི་སྣང་བ་དར་དཀར་གྱི་གོས་ལྭ་འཐག་བྱེད་མ།ཁྱོད་ལ་རྩེད་སྤྱོད་ཅིག་བྱེད་པ་ལས་ངས་རང་གི་དེ་བཅད་བཞག་རུང་ཨ་ཚ་མི་ཟེར་ཁོ་ཐག་ཡིན།"ཟེར།

  བུ་མོ་དེར་ཡང་དེ་འདྲའི་ཚིག་འཕྲོད་པ་འདྲ་"ཁ་ཡག ཁྱོད་ཀྱི་ལྕེ་སྦྲང་རྩིས་བཟོས་པ་ཡིན་ནམ།"ཟེར།

  མགོ་སྟིག་གིས་ཅི་ཞིག་གློ་བུར་དྲན་ནས་"ཨེ---།དེ་ལྟར་བཤད་ན།ཁྱོད་ཀྱི་གྲོགས་མོ་སྦྲང་རྩིའི་བྲོ་བ་ཅན་དེ་ད་དུང་མི་སླེབས་པ་ཅི་རེད།"ཟེར།

  བུ་མོ་དེས་"དབྱར་དྲུག་པའི་ནང་གི་ཆར་འབབ་རྒྱུར་ཡང་བསྒུག་དགོས་པས་ན།ཡག་མོ་སྒོ་ནམ་མཁའི་ལྷ་མོ་འདྲ་ཞིག་ཡོང་རྒྱུར་སྒུག་ལོས་དགོས།"ཟེར།

  མགོ་སྟིག་གིས་"དེ་རེད།དེ་རེད།འོན་ཀྱང་།ངེད་ཚང་གི་མི་རྐྱང་མ་གཉིད་སྔོན་ལ་ཐོན་དགོས།"ཟེར་གྱིན་ང་བསྟན་བྱུང་།

  ངས་མགོ་སྟིག་གིས་"རྩིས་"ཅི་ཞིག་བརྒྱག་གིན་པའི་སྣང་བ་ཞིག་བྱུང་བས་"མགོ་སྟིག ཅི་ཞིག་བཤད་ཀྱིན་ཡོད།"ཅེས་པར།

  མགོ་སྟིག་གིས་"མ་བྲེལ་དང་།དོན་བཟང་ཡིན།དོན་བཟང་ཡིན།"ཟེར།

  ཅུང་ཙམ་ལས་མ་འགོར་བར་དོན་བཟང་ཡིན་མིན་མི་ཤེས་མོད།བཞིན་བཟང་ལ་གཟུགས་ཀྱང་བཟང་བའི་བུ་མོ་ཞིག་སླེབས་བྱུང་ལ།མགོ་སྟིག་གིས་"དེ་ནས་སྡོད།དེ་ནས་སྡོད།"ཟེར་གྱིན་ངའི་མར་ཕྱོགས་བསྟན་སོང་།བུ་མོ་དེ་མར་བསྡད་རྗེས།

  མགོ་སྟིག་གིས་བུ་མོ་དེ་སྟོན་གྱིན་"མོའི་མིང་ལ་ལྷ་མོ་ཟེར།ངའི་བཟང་མོ་ལགས་ཀྱི་གྲོགས་མོ་རེད།"ཟེར།

  ལྷ་མོ་དང་བཟང་མོ་གང་ཡིན་ཡང་འདྲེས་སླ་བ་ནི་ཇ་ལོ་སྦངས་པ་འདྲ་བས།ང་ཚོས་ཡར་བཤད་མར་བཤད་དང་ཡག་བཤད་བཙོག་བཤད་མཚན་གུང་ལ་སླེབས་པ་ཞིག་བྱས་རྗེས།མགོ་སྟིག་གིས་བཤད་པའི་མགྲོན་ཁང་སྐྱིད་པོ་ལྷ་ཡུལ་ལས་དཔེ་མེད་ཟེར་བ་དེར་སོང་བ་ཡིན།

  ངོ་མ།རང་གི་ཆང་ཤེད་མི་བཟང་བས་ཟེར་ཡང་ཆོག་ལ།བུ་མོ་དེའི་མཛེས་པ་གང་ཞིག་ལ་བཤམས་ཀྱང་རུང་བ་དེའི་རྐྱེན་གྱིས་ཟེར་ཡང་ཆོག ཡང་ན་མགོ་སྟིག་གི་"ཀླད་པའི་"དྲིན་ཟེར་ཡང་ཆོག གང་ལྟར་ངས་བུ་མོ་དེར་སྟོན་རྒྱུ་བརྒྱ་དང་བརྒྱད་པོ་བསྟན་ཞིང་།ལས་རྒྱུ་སུམ་བརྒྱ་དྲུག་ཅུ་བོ་ལས་པས།ཕྱི་ཉིན་ཞོགས་པར་མོའི་མིག་མདངས་མཐོང་ན་བལྟ་མི་ཐུབ་པ་དང་།མོའི་འཛུམ་ཆུང་བསམ་ན་བརྗེད་མི་ཐུབ་པ་ཞིག་ཏུ་གྱུར་འདུག

  ང་རང་ལས་ཁུངས་སུ་སླེབས་དུས།ལས་གྲོགས་མས་"མདང་ནུབ་རང་གི་ཁྱིམ་ནས་མི་འདུག་པར་གང་ལ་སོང་བ་ཡིན།"ཟེར།

  ངས་ཀྱང་"ཁྱོད་ཀྱང་རང་གི་ཁྱིམ་ནས་མི་འདུག་པར་ཅིའི་ཕྱིར་ཡོང་བ་ཡིན།"ཅེས་བཤད།

  ལས་གྲོགས་མས་"མི་ཞིག་ལ་འགྲོ་རོགས་ཙམ་བྱས་པ་ཡིན།"ཟེར།

  ངས་འདང་རྒྱག་མི་དགོས་པར་མིག་ལམ་དུ་ལག་ཡོང་ཤར་བྱུང་བས་"ཨ་ཙི།ལྷ་མོའི་འགྲོ་རོགས་རང་ག་བ་ཡིན་རྒྱུ་མ་རེད་པཱ།"ཞེས་པར།

  ལས་གྲོགས་མས་"ང་ལ་ལས་རྒྱུ་ཞིག་ཡོད།"ཟེར་གྱིན་མོ་རང་གི་སྡོད་གནས་སུ་བུད་སོང་།

  སྟོན་ཀས་འདྲུད་ཀྱིན་པའི་དུས་ཚོད་འདི་མགྱོགས་པ་ལ།མི་ཚོས་རང་ཉིད་ཀྱི་གྱོན་པ་བརྗེ་རེས་ཙམ་གྱི་ཡུན་ལ།དགུན་ཁ་སླེབས་ཡོད་ཟེར་བ་དང་འདྲ་བའི་ཁ་བ་མི་མཐུག་མི་སྲབ་པ་ཞིག་བབས་བྱུང་།དེས་ན་མི་རིང་བའི་ཟླ་འགའི་རྗེས་ནས་འུ་ཚོ་ཚང་མ་ལོ་གཅིག་གིས་རྒས་འགྲོ་བ་མིན་ནམ།

  ལྔ།

  ལས་གྲོགས་མས་འདོད་ལྡན་ཨ་ཕོའི་མིག་ལམ་ནས་རྒྱན་ཆ་ལྟ་བུའི་དེ་དག་གཡུག་གིན་གཡུག་གིན་ང་སར་ཡོང་ནས་"ལག་ལྡན་གྱིས་ཉིན་གུང་ང་ཚོའི་མཉམ་དུ་ཟ་མ་ཟ་ཟེར།ལས་ཀ་གྲོལ་དུས་ལྷན་དུ་འགྲོ"ཟེར།

  ཡིག་ཆ་ཟེར་བ་དེའི་སྣེ་ཁྲིད་འོག་ནས་ཤར་བསྟན་ན་ནུབ་བརྗེད་དགོས་པ་དང་།ནུབ་བསྟན་ན་ཤར་ཟེར་བ་དེ་གཡུགས་དགོས་པའི་ལས་ཁུངས་ཀྱི་ལས་ཀ་དེ་དག་གིས་མི་མང་པོ་ཞིག་གི་"ཀླད་པ་"ཇེ་ཉུང་ལ་བཏང་ཡོད་པ་འདྲ།ངས་སྔ་དྲོའི་ལས་ཀ་ཟེར་བ་དེ་བསྒྲུབས་ཚར་དུས།ཉིན་གུང་གི་ངལ་གསོའི་ཚད་ལའང་རན་འདུག་ལ་ལས་གྲོགས་མས་ཀྱང་"ད་འགྲོ་པཱ།"ཟེར།

  ང་ཚོ་ལྷན་ཏུ་འཛོམས་པའི་སྐབས་འདིར་ལག་ཡོང་གིས་ལས་གྲོགས་མར་"ལྷ་མོ"ཞེས་འབོད་ལ།ལས་གྲོགས་མས་ཀྱང་ལག་ཡོང་མི་ཟེར་བར་"ལག་ལྡན"ཞེས་འབོད་པས།ངས་ཀྱང་རྣམ་པ་གཉིས་ལ་ལད་ཟློས་"ཤ་ལ་ཐུགས་པ་"ཞིག་བྱས།

  ང་ཚོས་ཟ་འཐུང་བྱེད་ཀྱིན་པའི་མཚམས་ཤིག་ལ་ལག་ལྡན་གྱིས་ང་ལ་"རྒན་ལགས།ལྷ་མོ་ངེད་གཉིས་ཀྱིས་ཟླ་རྗེས་མའི་ནང་ལ་ཚོང་ཁང་ཞིག་ཕྱེ་རྩིས་ཡོད།ཁྱོད་ཀྱིས་བལྟས་ན་ཅི་འདྲ་རེད།"ཟེར།

  "དཔེ་མེད་པ་ཞིག་རེད།"ཞེས་ན་ཁ་ཡག་ཡིན་དྲགས་པ་དང་།"འགྲིག་བསྡད་ཡོད་ཀི"ཞེས་ན་སྣང་མེད་དུ་བཞག་པ་འདྲ་བས།ངས་ཅི་ཞིག་བཤད་རྒྱུའང་མ་ཤེས་པའི་བར་དེར་ལྷ་མོས་"ལག་ལྡན་ལའང་ལས་རྒྱུ་མེད་པས།ཡོང་སྒོ་ཅུང་ཙམ་ཨེ་ཡོད་འདོད་པ་ཙམ་ཡིན།"ཟེར།

  ངས་ཀྱང་"རེད།དེ་དུས་ང་ཅིས་ཀྱང་རྟེན་འབྲེལ་ཞུ་རུ་ཡོང་ཁོ་ཐག་ཡིན།"ཞེས་ལབ།

  ལག་ལྡན་གྱིས་"གནད་དོན་གཙོ་བོ་མ་རྩས་ཅུང་མི་འདང་བས།རྒན་ལགས་ལ་དངུལ་ཅུང་ཙམ་བསྐྱི་འདོད་པ་ཡིན།"ཟེར།

  དེ་ལ་ལྷ་མོས་ཀྱང་ཁ་སྣོན་གྱི་ཚུལ་གྱིས་"ངེད་གཉིས་ལ་ངོ་ཤེས་མང་པོ་མེད་པ་དང་།ངེད་གཉིས་ཀྱང་འདི་ལྟར་གྱུར་ནས་དུས་ཡུན་རིང་པོ་ལོན་མེད་པས།མི་ཚོ་བཤད་རྒྱུར་དགའ་བས་རྒན་ལགས་བཙལ་བ་ཡིན།"ཟེར།

  ངས་ལག་ལྡན་དང་ལྷ་མོ་གཉིས་ལ་"མང་ཉུང་ཅི་ཙམ་ཡིན།"ཞེས་དྲིས་ཚར་ཙམ་ལ།ཁ་པར་གྲགས་བྱུང་།ཨང་གྲངས་ཆ་མེད་ཅིག་ཡིན་པས་"ཝེ--།སུ་ཡིན།"ཞེས་པར།

  "ང་ལྷ་མོ་ཡིན།ཁྱོད་ཀྱི་ལྷ་མོ་ཡིན།ས་རུབ་ན་མ་གཏོགས་ནམ་ལངས་ན་ང་བརྗེད་འགྲོ་བ་ཡིན་ནམ།"ཟེར།

  ངས་ལག་ལྡན་དང་ལྷ་མོ་གཉིས་ལ་བལྟས་ཙམ་བྱས་རྗེས་"མིན་མིན།གང་ནས་ཡིན།དོན་དག་འདྲ་ཡོད་དམ།"ཞེས་པར།

  མོས་"ངེད་གཉིས་དང་།ངེད་གཉིས་ལྟ་བུ་ལ་སྟབས་བདེ་བཟོ་ཕྱིར་མགྲོན་ཁང་ཞིག་ཕྱེ་དགོས་པས།ཁྱོད་ལ་ཁོམ་པ་ཨེ་ཡོད།ངེད་གཉིས་སྔོན་མའི་མགྲོན་ཁང་དེ་ནས་འཕྲད་ཆོག"ཟེར།

  ངས་ཅི་ཞིག་བཤད་དགོས་པར་འདང་བརྒྱག་སྐབས་ཕ་རོལ་ནས་"ཝེ།མགོ་སྟིག་གིས་ཁྱོད་ལ་ཨེ་བཤད་ཐལ།ད་ཐེངས་མ་རྩའི་ཕྱོགས་ནས་ང་ལ་ཅིས་ཀྱང་རོགས་ཤིག་བྱེད་དགོས།ང་ལ་ཡོད་པ་ནི་ཁྱོད་མིན་ནམ།"ཟེར།

  ངའི་ཁ་ནས་དབང་མེད་དུ་"ཅི་ཙམ་དགོས།"ཞེས་ཤོར།

  ཕ་རོལ་ནས་"དགོང་ཁ་ངོ་འཕྲད་དུས་ལབ།"ཟེར་གྱིན་ཁ་པར་གཏན་བྱུང་།

  ལག་ལྡན་དང་ལྷ་མོ་གཉིས་ཀྱིས་ཀྱང་ཅི་ཞིག་འགྲིག་གིན་མེད་པ་ཚོར་བ་བཞིན་"སུ་ཞིག་རེད།"ཟེར།

  ངས་ཅི་ལྟར་བཤད་ན་འཚམས་པ་མི་ཤེས་པས་"ངོ་ཤེས་ཤིག་རེད།"ཅེས་ལན་བཏབ།

  ལྷ་མོས་ཅི་ཞིག་དྲན་གསོས་པ་བཞིན་"ངེད་གཉིས་ལ་ཁྲི་ལྔ་བསྐྱི་དགོས།བསྐྱི་ཡིག་ཡང་འབྲི་ངེས།"ཟེར།

  མ་གཞི་འཇིག་རྟེན་སྟེང་གི་ཆེས་དཀའ་མོ་ནི་མི་བཟང་ཞིག་བཅའ་རྒྱུ་དེ་ཡིན་པ་འདྲ་ལ།མི་བཟང་ཞིག་གི་ས་ནས་ཁེ་བཟང་ཨེ་ལོན་སྙམ་པའི་མི་དག་ནི་དེ་ལས་ཀྱང་དཀའ་མོ་ཡིན་ནམ།སླ་མོ་ཡིན་ནམ།

  ངས་རང་ཉིད་ལ་དེ་འདྲ་དངུལ་མང་པོ་ཞིག་མེད་རབས་དང་།ད་ལོ་ཕ་མ་གཉིས་ལྷ་སར་མཇལ་སྐོར་ལ་ཁྲིད་བརྩིས་ཡོད་པས།སེམས་ལ་མི་གནོད་རྒྱུ་གཙོ་བོ་ཡིན་རབས་སོགས་ལབ་པ་ན།

  ཁོ་གཉིས་ཀྱིས་"སྐྱོན་མེད།སྐྱོན་མེད།"ཟེར་མོད།ང་ཚོ་སོ་སོར་གྱེས་རེག་བར་ཏུ་"ངོ་ལྗིད་མོ་"རྒྱ་མ་སྟོང་རེ་དྲུད་འདུག

  ཁ་པར་དེའི་རྗེས་ཀྱི་ཆུ་ཚོད་ཕྱེད་ཀ་ཙམ་གྱི་གཞུག་ནས་ང་རང་མགྲོན་ཁང་དེའི་སྒོ་ཁར་ཐོན་སོང་།ཁལ་མ་གཡུང་མ་ཞིག་ལྟར་མི་འདུག་པར་སྤྲེའུ་ཕྲུག་རྒོད་པོ་ཞིག་དང་འདྲ་བའི་མགོ་སྟིག་གིས་ང་དང་བཅས་པ་ཁྲིད་ནས་མགྲོན་ཁང་འདིར་ཐོག་མར་ཡོང་དུས།སྣང་བ་ནི་གནམ་ཡིན་མོད།དེ་རིང་སྣང་བ་ནི་ས་རུབ་ཁ་འདི་དང་འདྲ་བར་སྨུག་ནག་གེར་འདུག

  སྒོ་རྟགས་222མགྲོན་ཁང་དུ་ལྷ་མོས་"ལྷ་མོ་"འདྲ་བ་ཞིག་དང་མཉམ་དུ་རྒུན་ཆང་འཐུང་གིན་འདུག་ལ།ཅུང་ཙམ་བཟི་ཡང་ཡོད་པ་འདྲ།

  ལྷ་མོས་སྣང་དོག་ཅི་ཡང་མེད་པར་"སྙིང་ཉེ།ངའི་སྐྱིད་ཀྱི་རུ་མ།"ཟེར་གྱིན་ངའི་སྐེ་ལ་འཇུས་ཤིང་།མོ་དང་མཉམ་དུ་རྒུན་ཆང་འཐུང་རོགས་དེ་བསྟན་ནས་"མོ་ནི་ཁྱོད་དང་འདྲ་བར་ངའི་སྙིང་གི་ཕྱེད་ཀ་བཟུང་བའི་སྒྲོལ་མ་རེད།ངེད་གཉིས་ནི་རྐང་སྣམ་གཅིག་ལས་མེད་ཀྱང་ལྷན་ཏུ་གོན་པའི་གྲོགས་མོ་ཡིན།"ཟེར།

  སྒྲོལ་མ་ཟེར་བ་དེས་ཀྱང་ཆང་ཕོར་བཏེགས་ནས་"ལྷ་མོས་ཁྱོད་ཟེར་དུས་སྲོག་གི་འདང་ཞིག་གླེང་གིན་འདུག་པས།ཆང་ཕོར་གང་པོ་འདི་ཁྱེད་གཉིས་ཉིན་སྐྱིད་མཚན་སྐྱིད་ཡོང་བའི་རྟེན་འབྲེལ་ཏུ་དྲངས་པ་ཡིན།"ཟེར་ནས་མོའི་བྲང་གི་དེ་ངའི་བྲང་ཁར་ཐུགས་ལ་ཁད་དང་།ཆང་ཕོར་དེ་ཁ་ནང་དུ་ལྡུག་ལ་ཁད་ཅིག་བྱས་པས།ངས་ཀྱང་གཙང་དག་བྱས་པ་ཡིན།

  ཕོ་ཟེར་བ་རྣམས་བཟི་ན་དཔའ་བཤད་མང་བ་བཞིན་དུ།མོ་ཟེར་བ་འདི་ཚོ་བཟི་ན་འོག་བཤད་མང་བ་འདྲ་སྟེ་སྒྲོལ་མ་ཟེར་བ་དེས་དགོད་ཞོར་དང་སྐྱེངས་ཞོར་གྱི་ཚུལ་གྱིས་མོའི་མཛའ་བོ་གསུམ་པ་དེ་འོག་གི་ལས་དེ་ལ་འཇུག་དུས་གང་ནས་ཡོང་བ་མི་ཤེས་པའི་"རྩལ་"ཅིག་ཡོད་ལ།དེས་མོར་གཅིན་འཆོར་ལ་ཁད་དང་སྣང་བ་སྦྲིད་ལ་ཁད་དུ་གཏོང་བས།མོས་ཀྱང་ལས་ཀ་དེའི་མཐོ་ཚད་ཅིག་ལ་སླེབས་དུས་རང་ཉིད་ཀྱིས་ཅི་ཞིག་བྱས་པ་དང་ཅི་ཞིག་བཤད་པ་སོགས་དྲན་རྒྱུ་ཆེར་མེད་ལ།ད་ལྟའང་མཛའ་བོ་གསུམ་པ་དེའི་གན་ལ་སྲ་མཁྲེགས་སེར་འདུག་པའི་"རོ་ཐོ་"དེ་དྲན་ན་སྣང་བ་རྒྱུན་ལྡན་མིན་པ་ཞིག་ཏུ་འགྱུར་འགྲོ་ཟེར་ལ།དེ་མིན།མཛའ་བོ་དང་པོ་དེའི་"བྱ་ལ་འཕེན་རྒྱུ་དེ་"དང་"རྩལ་"ནི་བྱིས་པ་ཞིག་གི་ཚད་ལའང་མི་སླེབས་རབས་ལུང་བ་གང་ལབ་རྗེས།ལྷ་མོ་ལ་བལྟས་ནས་ང་ལ་མཆུ་སྟོན་ཅིག་བྱེད་ཀྱིན་"ཅི་འདྲ་འདུག 'གཉིད་རྫོགས་བྱེད་'ཙམ་མིན་པཱ།"ཟེར།

  ལྷ་མོས་"འགྲིག་བསྡད་ཡོད།"ཟེར་གྱིན་དགོད་ཙམ་བྱས་སོང་།

  ཡང་"སྦོམ་ཕྲ་དང་རིང་ཐུང་ཅི་འདྲ་འདུག"ཟེར་ལ།

  ལྷ་མོས་ཀྱང་"འགྲིག་བསྡད་ཡོད།"ཟེར།

  ཡང་"མྱོང་བ་གསར་བ་སྟེར་ཨེ་ཐུབ་ཀི"ཟེར།

  ད་ཐེངས་ལྷ་མོས་ཀྱང་"འགྲིག་བསྡད་ཡོད།"མི་ཟེར་པར་"དེ་ངེད་གཉིས་ཀྱི་གསང་བ་ཡིན།"ཟེར།

  ངས་གསང་བའི་སྒོ་ནས་མགོ་སྟིག་ལ་ས་གནས་བསྐུར་ནས་ཆུ་ཚོད་ཕྱེད་ཀ་ཙམ་འགོར་རུང་མགོ་སྟིག་ལ་གྲགས་རྒྱུ་མི་འདུག་པས།ངས་ཡང་བསྐྱར་ཁོ་མོ་གཉིས་ཀྱིས་ཆང་འཐུང་གིན་པའི་པར་ཞིག་བསྐུར་བ་ཡིན་ལ།སྐར་མ་བཅུ་ལྷག་འགོར་ཙམ་ལ་སྒོ་རྡུང་བྱུང་།

  སྒྲོལ་མ་ཟེར་བ་དེས་"སུ་ཡིན།"ཟེར།

  "ང་ཡིན།མགོ་རིན་པོ་ཆེ་ཡིན།"སྐད་ལ་ཉན་ན་མགོ་སྟིག་ཡིན་པས།ངས་སྒོ་ཕྱེས་པ་ཡིན།

  མགོ་སྟིག་ནང་ལ་ཐོན་དུས།བུ་མོ་དེ་གཉིས་ལས་ཀྱང་བཟི་སྣང་གིས་ཁེངས་འདུག་སྟེ།དེ་གཉིས་ལ་མཆུ་སྒྲོས་སྦྱོར་རྐྱང་བྱེད་པས།དེ་གཉིས་ཀྱིས་ཀྱང་"མགོ་སྟིག 'མི་མི་གྲལ་ལ་མི་འཇོག་པ་ཅི་རེད།རླིག་པ་ཤ་གྲལ་ལ་མི་འཇོག་པ་ཅི་རེད།'"ཅེས་པ་ན།

  མགོ་སྟིག་གིས་ཀྱང་"དྲན་དྲགས་པས་རེད།དྲན་དྲགས་པས་རེད།"ཟེར་གྱིན་མཆུ་ཏོ་ལ་བདག་བྱས་མོད།ཁོ་ཚོ་གསུམ་པོས་ཆང་འཐུང་གིན་དང་འོག་བཤད་"གཡུག་"རྒྱུ་ལ་མཚམས་ཤིག་མེད་པས།ང་རང་མལ་ཁྲིའི་སྟེང་ནས་གན་རྐྱལ་ཏུ་ཉལ་ཏེ་གཉིད་ཨེ་ཡོང་བལྟས།

  དུས་ཚོད་ཅི་ཙམ་ལ་སླེབས་པ་མི་ཤེས་མོད།ང་རང་གཉིད་མ་སད་ཀྱི་སྐབས་སུ་ལྷ་མོ་ངའི་"དེར་"

  འཇུས་ནས་འཁུན་སྒྲ་འབྱིན་གྱིན་འདུག་པ་ནི།ད་ཅི་མགོ་སྟིག་གིས་མོ་གཉིས་ལ་འཇུས་པ་ལས་ཀྱང་ངའི་གང་ཞིག་འཇུབ་ནས་ཚར་རྩིས་བྱེད་ཀྱིན་པ་དང་འདྲ་བས།ང་ཡང་རླབས་ཇི་ལྟར་རྒོད་ན་ཟེགས་མ་དེ་ལྟར་མང་བ་ལྟར་མོའི་གང་ཞིག་ལ་འཐིམ་ན་སྙམ་པའི་སྐབས་དེར།ལྷ་མོས་"ཁྱོད་ཀྱིས་ང་ལ་སྒོར་མོ་ཁྲི་བཅུ་སང་ཉིན་བསྐྱི་ཨེ་ཐུབ།"ཟེར་ལ།

  ངས་ཀྱང་"སྙིང་ཉེ་མ།ངའི་གློ་སྙིང་མཆིན་གསུམ་མྱུར་ཏུ་བཙོང་རྗེས་བསྐྱི་ཁོ་ཐག་ཡིན།"ཞེས་སྨྲས་མ་ཐག མོ་ནི་ད་ཅི་ཡི་འདམ་ལྟར་སྙི་བ་དེ་མ་ཡིན་པར་ལྕགས་ལྟར་སྲ་ལ་རྡོ་ལྟར་འཁྱག་པ་ཞིག་ཏུ་གྱུར་སོང་།

  མོས་"དངོས་གནས་བསྐྱི་ཨེ་ཐུབ།"ཟེར།

  ངས་"ང་ལ་དེ་འདྲའི་སྒོར་མོ་མང་པོ་ཞིག་གང་ན་ཡོད།"ཅེས་དྲང་མོར་ལབ།

  མོ་སྔོན་མ་ལས་ཀྱང་མི་གཞན་ཞིག་ཏུ་གྱུར་ནས་"ཁྱོད་ངའི་ཐོག་ནས་སྐྱིད་བརྒྱག་པར་དགའ་བ་ལས།ངའི་ལག་ལ་སྐར་གང་ཡང་བསྐྱི་མི་འདོད་པ་དེར་དགོད་རྒྱུ་ཡོང་བ་ལ།"ཟེར།

  ངས་ཅི་ཞིག་བཤད་དགོས་པ་མ་ཤེས་པར་"ང་ལ་དངོས་གནས་དེ་འདྲའི་དངུལ་མང་པོ་ཞིག་མེད་ལ།བསྐྱི་ས་ཡང་རྙེད་མི་སྲིད་པས།དགོངས་དག"ཅེས་པར།

  མོས་"དེས་ན།ཁྱོད་ཀྱིས་མལ་ཁྲི་འདི་ནས་རང་གི་འདོམ་གྱི་དེ་ལ་ཅེར་ནས་སྡོད།"ཟེར་གྱིན་གོན་པ་དག་གྱོན་ནས་སྒོ་ལ་བུད་སོང་།

  དྲུག

  ང་རང་དངུལ་བསྐྱི་མཁན་རིགས་མི་འདྲ་བ་གཉིས་ཀྱི་ལག་ནས་ཐར་སྟེ་གཟའ་འཁོར་གསུམ་ཙམ་འགོར་སོང་།དེ་རིང་ནི་དགུན་ཁ་ཡིན་ཡང་གནམ་གཤིས་བུ་མོ་གཞོན་ནུ་མ་ཞིག་གི་འཛུམ་མདངས་བཞིན་ཡག་པས།ངས་ཉིན་གུང་ཟ་མ་ཅི་ཞིག་བཟའ་དགོས་པར་འདང་བརྒྱག་སྐབས་མགོ་སྟིག་གིས་ཁ་པར་ཐོན་བྱུང་།

  "མགོ་སྟིག གང་ན་ཡོད།"

  མགོ་སྟིག་གིས་"གསང་བའི་ས་གནས།ཟམ་ཁའི་ཟ་ཁང་དུ་མྱུར་མོར་ཤོག"ཟེར།

  མགོ་སྟིག་གི་སྐད་ཆ་ལབ་སྟངས་ལ་བལྟས་ན་ཅི་ཞིག་འགྲིག་གིན་མེད་པ་འདྲ་བས།ངས་ཀྱང་དལ་འགོར་མ་བྱས་པར་ཟ་ཁང་དེར་ཕྱིན་པ་ཡིན།

  ང་མར་བསྡད་པ་དང་མགོ་སྟིག་གིས་"ལྷ་མོ་ཟེར་བ་དེས་ཁྱོད་ལ་ཅི་ཞིག་ཟེར།"ཞེས་མགོ་རྔ་མེད་པ་ཞིག་དྲིས་བྱུང་།

  "ཅི་ཞིག་བཤད་སོང་ཟེར་ན་མང་མོད།མོས་ང་ལ་སྒོར་མོ་བསྐྱི་དགོས་ཟེར།ཁྲི་བཅུ་རེད།ངས་དེ་འདྲ་མང་པོ་ཞིག་གང་ནས་བཙལ་ཨང་།"

  "ད་མ་འགྲིག སྐེ་གཅུ་རྒྱུ་མ་དེས་ཁྱོད་ཀྱང་དཀའ་ལས་ལ་གཏོད་ངེས།ཚང་མ་ང་ཡིན།"ཟེར།

  ངས་"ཁྱོད་ཀྱིས་ང་ལ་མི་འགྲིག་པ་ཅི་ཞིག་བྱས་སོང་།"ཞེས་ལབ་པར།

  མགོ་སྟིག་གིས་སྐེ་ཙམ་ཡོད་པ་དེའི་སྟེང་གི་མགོ་སྟིག་སྟིག་པོ་གཡས་གཡོན་གཉིས་ཀྱི་གང་ཞིག་ལ་འགྲིལ་ལོས་འགྲོ་སྙམ་བྱེད་ཅིག་ཕར་ཚུར་ལ་གཡུག་གིན།ཁོ་རང་གི་ད་ལྟའི་གནས་བབས་སྡུག་པོ་དེ་ང་ལ་ལབ་བྱུང་།

  ལམ་ལ་མི་འགྲོ་རྒྱུའི་དོན་དག་ལམ་ལ་མ་སོང་བ་དེའི་མགོ་ནི་བཟང་མོ་ཟེར་བའི་མགོ་སྟིག་གི་སྙིང་དང་མཆིན་པའི་ཚད་ལ་བཞག་པ་དེ་ངོ་ཤེས་པ་ནས་བརྩམས་སོང་ཟེར།

  མགོ་སྟིག་གིས་མེད་ཀྱང་ཡོད་ཁུལ་གྱིས་གྲོགས་པོ་ཟེར་བ་འགའ་དང་ལྷན་ཏུ་སྣང་བ་དགུང་ལ་ཐོན་པའི་དུས་ཤིག་ལ་བཟང་མོ་ཟེར་བ་དེ་དང་འཕྲད་ཅིང་།དེ་ནས་མི་རེག་ས་ཞིག་ལ་རེག་པ་དང་མི་ལས་རྒྱུ་ཞིག་ལས་པ་དེ་ནི་"སྐྱིད་ཡུན་ཙམ་དང་སྡུག་ཚེ་ཐོག་"ཡིན་པ་མ་ཤེས་པས།"སྐྱིད་"དེ་ལའང་ཚོད་མ་བཟུང་བར་"སྙིང་ཉེ་མ་"བརྒྱ་དང་"སེམས་ཀྱི་ཕྱེད་ཀ་"སྟོང་ཞེས་བོས་པའི་མཇུག་འབྲས་ནི་"དངུལ་བསྐྱི་"དགོས་པར་ཐུགས་པ་དེ་ཡིན་ལ།དེ་ཡང་ཡོད་དུས་བསྐྱི་བ་དང་མེད་དུས་བསྐྱུར་བ་ཙམ་མ་ཡིན་པར།མི་བསྐྱི་ན་ཁྱིམ་ཚང་"འགད་"རྒྱུ་ཟེར་བ་དེའོ།།

  ངོ་མ་ཆུང་མའི་སྟེང་ལ་"ཐོག་"ཡིན་པའི་མགོ་སྟིག་ལགས།ད་ནི་ཆུང་མའི་སྡེར་འོག་གི་"ཙི་གུ་"ཞིག་ཏུ་གྱུར་སྟེ།མཚམས་རེ་མིག་"ཁུ་ཚུར་"ཏུ་འགྱུར་བ་དང་།མཚམས་རེར་མཆུ་ཏོ་"སྒྲུང་དེབ་"ཏུ་འགྱུར་བ་སོགས་ཏེ།མདོར་ན་དེང་མའི་སྣ་ལོའི་མྱོང་རྒྱུ་བརྒྱ་བོ་རང་ཉིད་ཀྱི་སྟེང་ལ་བབས་རབས་ལབ་ཀྱིན།

  "ཨེ--།མདང་ནུབ་ཀྱང་འདི་'ཉོས་'སོང་།"ཞེས་སེན་བྲད་ཀྱིས་ཁེངས་པའི་རང་ཉིད་ཀྱི་རྒྱབ་གཞུང་དེ་བསྟན་བྱུང་།

  ངས་"འདྲེ་ཡིས་འཛིན་རྒྱུ་མ་དེ་ལ་དྲེད་ཀྱི་རྣམ་ཤེས་ལྡོམ་པོ་ཞིག་ཞུགས་པ་མིན་ནམ།"ཞེས་ཐལ་སོང་།

  མགོ་སྟིག་གིས་"ཆུང་མ་རིན་པོ་ཆེར་ཡང་ཁག་ཡོད་པ་མ་རེད།འདྲེ་རྒན་མ་དེ་གསུམ་གྱིས་ང་ནི་དངུལ་བསྐྱི་རྒྱུ་མེད་པའི་'ཁུག་སྟོང་'ཞིག་ཡིན་པ་ཤེས་རྗེས།ཁྱོད་ཀྱི་ལག་ནས་'ལེན་རོགས་'བྱེད་དགོས་ཟེར།དེ་ལ་ངས་ཁྱོད་ནི་ང་ལས་ཀྱང་'ཁུག་མའང་'མེད་པ་ཞིག་ཡིན་རབས་ལབ་པས།དེས་ན་ཁྱོད་ཀྱིས་དཀའ་རྒྱུ་རེད་ཟེར།"

  "ཨེ--།"མགོ་སྟིག་གིས་དངན་པ་འཐེན་རྗེས་"དགོང་མོ་དེར་ཁྱོད་ཀྱིས་ང་ལ་ས་གནས་དེ་བསྐུར་བ་ན།ང་ཡང་ཆང་གིས་བཟི་དེ་'ཕག་'ཡིན་པས།བུ་མོ་ཞིག་གིས་ཅི་ཞིག་བྱས་འགྲོ་སྙ་ནས་དེ་གར་ཡོང་བ་ཡིན་ལ།དེ་གར་ཡོང་ནས་ཀྱང་ཁྱོད་གཉིད་རྗེས་འདོམ་བཙེམ་རྒྱུ་དེ་ལ་སང་ཉིན་དངུལ་བསྐྱི་རབས་ལུང་བ་གང་ལབ་ནས་རང་གི་'སྐྱིད་'གཞན་གྱི་འོག་ནང་ལ་བླུགས་པས།དེའི་རྗེས་ནས།ངན་སོང་ནས་སྐྱེ་རྒྱུ་མ་གསུམ་པོས་ངེད་ཚང་ལ་བཙལ་ཡོང་བ་མིན་ནམ།ཆུང་མ་རིན་པོ་ཆེས་རང་གི་སྲོག་འབེན་ལ་བཞག་པས་འོག་ལ་སྐྲང་མ་འབུད་རྒྱུ་མ་གསུམ་པོ་ཡང་ཐབས་ཟད་པས།ང་ལ་རྣ་བ་བསྲེག་ལོས་འགྲོ་འདོད་སྤྱོད་ཅིག་སྡིག་ནས་བུད་སོང་།"ཟེར།

  ངས་"ཁྱོད་ཀྱིས་ཁས་མ་ལངས་ན་འོག་གི་དེའི་ནང་ལ་གཡག་རྭ་རྡེབ་རྒྱུ་མ་དེ་གསུམ་ལའང་བཀོད་པ་མེད་པ་མིན་ནམ།"ཞེས་པར།

  མགོ་སྟིག་གིས་མགོ་སྟིག་སྟིག་པོ་རང་གི་སྐེ་ནས་འབལ་རྒྱུ་ལོས་ཡིན་སྙམ་བྱེད་ཅིག་འཐེན་གྱིན་"སྒྲར་ཕབས་འདུག དགོང་མོ་དེར་ངས་ལབ་པ་ཚང་མ་སྒྲར་ཕབས་འདུག ངས་བཤད་བཤད་པོ་ཉན་སྲོལ་ཞིག་མེད་ཀི"ཟེར།

  ངའི་ཁ་ནས་"ཅི་འདྲའི་མི་གྲལ་ནས་འདེད་རྒྱུ་མ་གསུམ་རེད་ཨང་།"ཞེས་ཤོར་སོང་།

  མགོ་སྟིག་གིས་"འོ--།ད་དེ་བྱེད།ཁྱོད་ཀྱིས་ཀྱང་མཉམ་འཇོག་བྱོས།དེ་ཚོ་སྤྱང་ལྟོགས་ལས་ཀྱང་བཙོག་གི"ཟེར།

  མགོ་སྟིག་ངེད་གཉིས་རང་རང་གི་སར་གྱེས་རྗེས།ངས་མགོ་སྟིག་གིས་བཤད་པ་དག་ཨེ་བདེན་སྙམ་གྱིན།ཁོའི་སེན་བྲད་ཀྱིས་ཁེངས་པའི་རྒྱབ་གཞུང་དེ་ངོ་མ་ཆུང་མས་འབྲད་པ་ཨེ་ཡིན་སྙམ་སྐབས་ཁ་པར་གྲགས་བྱུང་།ཁ་པར་ཨང་གྲངས་ནི་སྔོན་མ་ཞིག་ལ་འབྲེལ་བ་བྱས་མྱོང་མྱོང་འདྲ་བའི་སྣང་བ་ཞིག་ཀྱང་ཡོད་པས།གློ་བུར་ཏུ་ལྷ་མོ་ཟེར་བ་དེ་དྲན་བྱུང་།མགོ་སྟིག་གིས་ལབ་པ་དག་ཀྱང་དྲན་བྱུང་།

  ཨེ--།ད་ནི་ཅིས་ཀྱང་རང་གི་ཁ་པར་ཨང་གྲངས་གསར་བ་ཞིག་ལ་བརྗེ་དགོས།ཅིས་ཀྱང་བརྗེ་དགོས།

  བདུན།

  ཅི་ཞིག་གིས་ལན་པ་མི་ཤེས་མོད།ཉིན་འདི་འགར་ལུས་པོ་ཆད་སྣང་གིས་ཁེངས་ལ་དྲན་པ་ཡང་བརྗེད་ཆེ་བ།འཚུབ་སྣང་གིས་"གཡུག་"གིན་པ་ཞིག་ཡིན་པས།ཁྱིམ་ལ་ཐོན་པ་དང་ཉལ་སར་འཛུལ་བ་ཡིན།རྨི་ལམ་ཟེར་བའི་"དཀྲུག་ཞིང་"ལ་དགའ་བ་དེའི་གྲིབ་མ་ཙམ་ཡང་སེམས་སུ་མ་རེག་པར་གཉིད་ལས་སད་དུས།ཆུ་ཚོད་བརྒྱད་དང་ཕྱེད་ཀ་བརྒལ་འདུག་ལ།འབྲེལ་བ་བྱས་མྱོང་མྱོང་འདྲ་བའི་ཁ་པར་དེས་འཕྲིན་ཐུང་ཞིག་ཀྱང་བསྐུར་འདུག

  ངས་རང་གིས་རང་ལ་"དམྱལ་བ་ནས་མི་སྐྱེ་རྒྱུ་བོ།ཉིན་འདི་འགར་ཁ་པར་ཨང་གྲངས་བརྗེ་རྒྱུ་བརྗེད་ནས།ཁྱོད་ཀྱི་ཀླད་པའི་ནང་ལ་ཁྱི་རྫིང་བླུགས་པ་ཡིན་ནམ།"ཞེས་ཁེར་ལབ་ཅིག་བརྒྱག་གིན།འཕྲིན་ཐུང་དེར་བལྟས་པ་ཡིན།

  "ཅི་རེད།རུམ་ན་ཡོད་དུས་ང་རང་ཀ་ར་ཞིམ་པོ་ཞིག་ལྟར་འཇུབ་ནས་ཚར་གི་ལོས་འཇུག་སྙམ་པ་ཞིག་ཡིན་མོད།རུམ་ནས་ཤོར་དུས་ཁ་པར་ཡང་མི་ལེན་པར་ང་ཡིས་ཁྱོད་ལ་ནད་ཅིག་བགོས་འགྲོ་བ་ཡིན་ནམ།ཁྱོད་ཚོ་ཞི་ལི་ཟེར་བ་འདི་ཚོ་ནི་འོག་གི་དེ་མེ་ལ་བསྲེགས་རྒྱུ་དག་དག་རེད།

  ཁྱོད་ཀྱིས་དངུལ་མི་བསྐྱི་ན་ཡང་ཁ་པར་ལོངས་དང་།ངེད་གཉིས་གྲོགས་པོ་གཙང་མ་ཞིག་བཅས་ན་ལོས་ཆོག ཡང་གཅིག་བཤད་ན།ཁྱོད་ཀྱི་སེམས་ཀྱང་ལྕགས་ཀྱིས་བཟོས་པ་མིན་ན་ངེད་གཉིས་ཀྱང་སྐྱིད་རྒྱག་རོགས་ལས་དགྲ་ཡ་ཟེར་བ་དེ་མ་རེད།ངས་ཁྱོད་ཀྱི་སྤྲང་ཁུག་ནང་ལ་ལག་པ་མི་བསྲིངས་ཁོ་ཐག་ཡིན།སྔོན་མ་ཞིག་ལ་ཁྱོད་ཀྱིས་ཟ་ལ་ཁད་དང་བལྡག་ལ་ཁད་བྱས་མྱོང་བའི་བུ་མོ་དེ་ནས།"ཞེས་བྲིས་འདུག

  ངས་ངག་ནས་"སྐྱག་པ་ཟ་རྒྱུ་བོ།ཁྱོད་ཀྱིས་གཅིན་གཏོང་བྱེད་ཅིག་ལ།ངས་འུ་གཉིས་ཀ་སྐྱིད་ལ་རོལ་ཏུ་བཅུག་ན་དེར་སྐྱོན་ཅི་ཞིག་ཡོད་དམ།"ཞེས་ཤོར་སོང་མོད།འོན་ཀྱང་།འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་འཕྲིན་ལན་ཞིག་མ་བྲིས་ནའང་ཅུང་འགྲིག་གིན་མི་འདུག་སྙམ་ནས།

  "གསེར་ནག་གིས་བཞེངས་རྒྱུ་མ་ལགས།ཉེ་ལམ་ལས་ངན་ང་ལ་རྒྱུ་མེད་པའི་སྟེང་ལ་ལས་རྒྱུ་ལུང་བ་གང་བྱུང་བས།ཁྱོད་ཀྱི་ཐུགས་དཀྲུག་ཁོམ་ཙམ་ཡང་མ་བྱུང་བར་དགོངས་དག་ཞུ།

  ཁྱོད་ནི་ང་ལ་མཚོན་ན་རུམ་མི་དགོས་སྙིང་ན་ཉལ་བ་ཞིག་དང་།མཐོང་མི་དགོས་སེམས་སུ་འཆར་བ་ཞིག་ཡིན་པས།སྐད་ཅིག་ཀྱང་དྲན་པ་ཟེར་བའི་འདང་གི་ཁུག་མ་རུ་ཁ་པར་བཞིན་བཟུང་བཟུང་ལ་ཡོད།ཁྱོད་ལ་མ་མཇལ་བ་ནི་ང་ཡིས་བསོད་ནམས་མ་བསགས་པས་ལན་པ་ལས།བྲང་ལ་སྦྱར་ན་དྲོད་ཡིན་པ་ཁྱོད་ཀྱི་ཅི་ཞིག་གིས་ལན་པ་གང་ནས་ཡིན།"ཞེས་བསྐུར།

  དུས་ཚོད་ཅེས་པ་འདི་རང་གི་སྔུན་ནའམ།ད་ལྟ་བ་ཟེར་བ་ཡིན་དུས་མགྱོགས་པ་མི་ཤེས་མོད།ཕར་ལ་ཉི་མ་བཞིན་ཡལ་བ་དག་ལ་འདང་ཞིག་རྒྱབ་ན་ཤིན་ཏུ་མགྱོགས་དྲག་ནས་ཅི་ཞིག་བསྒྲུབས་པའང་དྲན་གྱི་མི་འདུག་སྟེ།ང་རང་མགོ་བ་ཟེར་བ་དེ་ལ་སྐྲག་ནས་ཟེར་ཡང་ཆོག་ལ།ཡིག་ཆ་ཟེར་བ་དེ་ལ་བཅར་ནས་ཟེར་ཡང་ཆོག་སྟེ།མི་ལོ་བཅོ་བརྒྱད་ནི་ཁྱིམ་ནས་ལས་ཁུངས་སུ་འགྲོ་བ་དང་།ལས་ཁུངས་ནས་ཁྱིམ་ལ་ལོག་པའི་བར་ནས་ཟད་ཚར་འདུག

  དེ་རིང་གི་ཉི་མ་འདི་ཡང་ཞི་མོ་ཟེར་དགོས་པ་ཡིན་ནམ།ལྷ་མོ་ཟེར་དགོས་པ་ཡིན་ནམ།གང་ཟེར་དགོས་པ་མི་ཤེས་པ་དེར་འཕྲིན་པ་བསྐུར་རེས་ཙམ་གྱི་གསེབ་ནས་སྲོད་ལ་རེམས་འདུག་པས།ངས་མགོ་སྟིག་ལ་ཁ་པར་བཏང་བ་ཡིན།

  "མགོ་སྟིག ཁོམ་གིན་ཨེ་ཡོད།ཡོད་ན་མཉམ་དུ་ཟ་མ་ཞིག་ཟ་པཱ།"

  "ཟམ་ཁའི་དེར་ཤོག་དང་།ངས་ཀྱང་ཁྱོད་རང་འབོད་འདོད་ནས་བསྡད་ཡོད།རེམས་མར་ཤོག"

  ང་མཚོན་ནས་བཤད་ན།གྲོགས་པོ་ཟེར་བ་ཚོ་ཡང་དུས་ཚོད་ཆོད་བྱེད་ཀྱི་རྩེད་ཆས་ཤིག་དང་འདྲ་བོ་འདུག་སྟེ།ལས་རྒྱུ་མེད་པའམ་ལས་རྒྱུ་མ་རྙེད་པའི་སྐབས་སུ་མ་གཏོགས་དེ་འདྲ་འབྲེལ་འདྲེས་བྱེད་ཀྱི་མེད་པས།ཐེངས་འདིར་མགོ་སྟིག་ལ་ཁ་པར་བཏང་རྗེས་ངུ་རྒྱུ་ཞིག་ཀྱང་སྐྱེས་སོང་།

  མགོ་སྟིག་མཐོང་དུས།ཁོ་ལ་གང་ཞིག་ནས་ཡོང་བ་མི་ཤེས་པའི་རྣམ་རིག་ཅིག་གིས་ཁེངས་འདུག

  "མ་ཐུགས་པར་ཅུང་ཙམ་འགོར་ཡོད་ལ།དོ་ནུབ་སྐྱིད་པོ་ཞིག་རྩེད།གསོན་ཐོག་ན་ཡོད་དུས་སྐྱིད་ཅིག་མ་རྒྱབ་ན།ཤི་ཚར་རྗེས་རང་ཉིད་ཟེར་བ་འདི་ནི་གཞན་གྱི་མིག་ནང་གི་ཤ་ལོག་འཁྱག་པ་ཙམ་ཞིག་རེད།ཆང་གང་འཐུང་རྒྱུ།ཟས་གང་ཟ་རྒྱུ།"ཟེར།

  "མགོ་སྟིག ངེད་གཉིས་ཀྱིས་སྔོན་མའང་སྐྱིད་ལ་སྐྱིད་ཚོད་མ་ཟིན་པར་ཁྱོད་ཆུང་མའི་ལག་འོག་ལ་ལྷུང་།ང་ཡང་འདོམ་ཞིག་གིས་དོམ་འོག་ལ་བརྫང་ལ་ཁད་ཅིག་བྱས་པ་མི་དྲན་ནམ།"

  མགོ་སྟིག་གིས་ལག་པ་ཐད་ལ་གཡུག་གིན་"དེང་ཐོག་ངེད་གཉིས་ཀྱིས་སྐྱིད་ཅིག་རྒྱག དེ་ནས་ངས་ཁྱོད་ལ་དགའ་ནི་བསོར་ནི་ཞིག་བཤད།ཨེ་ཆོག"ཟེར།

  དོ་ནུབ་མགོ་སྟིག་ལ་ཟས་ཀྱི་ཡི་ག་སྟོབས་ཤིང་ཆང་ཤེད་ཀྱང་ཆེ་བ་འདྲ་སྟེ།ཟ་ཞོར་དང་འཐུང་ཞོར་ཏུ་ད་བར་ནམ་ཟླ་འཁྱག་པ་ནི་ཅི་ཅི་ཡི་རྐྱེན་ཡིན་པ་དང་།རྒྱལ་ཁབ་གང་ནས་དོན་རྐྱེན་དེ་འདྲ་ཞིག་བྱུང་བས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་གྱོང་ཅི་ཙམ་རེག་པ་སོགས་ལུང་བ་གང་ལབ་ཀྱིན།

  "འོ--རེད་ཡ།ཁྱོད་ཀྱིས་བྲང་གི་ནུ་མ་རྡོ་ལ་འགྱུར་རྒྱུ་མ་དེ་གསུམ་ཨེ་དྲན་གི"ཟེར།

  ངས་མགོ་སྟིག་འདིས་ཅི་ཞིག་བྱེད་འདོད་པའམ་ཅི་བསམ་གྱི་ཡོད་དམ་སྙམ་གྱིན་"ཅི་རེད།ཡང་ཁྱོད་ཉལ་སར་བརྫངས་པ་ཡིན་ནམ།"ཞེས་པར།

  "ཅི་ལ་ཡིན།ད་ལྟ་འཕོང་ཤ་ལ་རྡོ་འདོགས་རྒྱུ་མ་དེ་དག་ཉལ་སར་ལྷུང་ཡོད།ཨེ་རློམ་གི"ཟེར།

  ཨེ--།སེམས་ཀྱི་ཡག་བཙོག་གི་ཕྱོགས་ནས་གླེང་ན་མི་ཟེར་བ་འདི་ཡི་བཙོག་ཅིག་མེད་པ་འདྲ་སྟེ།ང་ལ་བྲེལ་བ་འདྲ་ཞིག་སྐྱེས་ནས་"རེམས་མར་ཤོད་དང་།གསལ་བོར་བགྱིས་དང་།ཅི་ཞིག་བྱུང་བ་རེད།"

  ཅེས་དྲིས།

  "རྒྱུ་འབྲས་རེད་ཡ།རྒྱུ་འབྲས་ཟེར་བ་དེས་ཁ་གྲགས་པ་རེད་ཡ།"ཟེར་གྱིན་མིག་གིས་གནམ་ལའམ་མཐོ་ཚད་ཅིག་ལ་བལྟས་སོང་།

  "རྒྱུ་འབྲས་ཡིན་ན་ཐང་མོད།ཅི་ལྟར་ཡིན་པ།ཅིའི་ཕྱིར་ཡིན་པ་གསལ་བོར་ཤོད་དང་།"

  "ངས་བསང་ཞིག་ཕུད་ནས།གཏོར་མ་ཞིག་འཕང་བས་མིན་ནམ།"ཟེར།

  "མགོ་སྟིག ཡག་པོར་མི་བཤད་ན་ང་ཅུང་བཟི་གི་ཡང་ཡོད་པས་འགྲོ་རྒྱུ།དེ་ནས་རང་གིས་རང་གི་རྣ་ཅོག་ཏུ་དལ་མོར་བླུགས།"ཞེས་ཡར་ལངས་གྲབས་བྱས།

  "ངས་བཤད།ངས་གསལ་བོ་དག་པོ་བྱས་ནས་བཤད་ཆོག སྲིད་ཇུས་ཟེར་བ་དེའི་དྲིན་རེད་ཡ།"ཟེར།

  "ད་དུང་ཧ་མི་གོ་གི ཤོད་དང་།"

  "ནག་འཇོམས།ནག་འཇོམས་རིན་པོ་ཆེའི་དྲིན་རེད་ཡ།མགོ་གཡོག་མགོ་སྐོར་ཞིག་འདུག་ས་གང་ན་ཡོད།སྨད་འཚོང་དམེ་བོ་ཚོ་བཙོང་ས་གང་ན་ཡོད།ད་ཨེ་ཤེས་ཐལ།"ཟེར།

  "ད་རུང་མ་ཤེས་ཐལ།ཤོད་དང་།"

  "དེའི་འདོམ་ལ་རླངས་འཁོར་རྒྱུག་རྒྱུ་མ་དེ་གསུམ་གྱིས་རང་ཉིད་ཀྱི་ལས་ལས་པོ་ཁྲིམས་ཁ་དང་མི་མཐུན་པ་ཤེས་པས།ང་ལ་ཁ་པར་བཏང་ནས་གྲོགས་པོ་ཡིན་ཚུལ།ངེད་ཚང་གི་རྒན་མོ་རིན་པོ་ཆེར་'ཞལ་མཇལ་'ཞུས་ནས།དོན་དེ་ཁོ་མོ་གསུམ་གྱིས་སྐྱོན་ཡིན་པ།སྐྱོན་དེ་ལྟར་བྱུང་དོན་ཁོ་མོ་གསུམ་ལ་ཁྱིམ་ན་ལོ་ལོན་ནད་པ་ཡོད་རབས།བྱིས་པ་ཆུང་ཆུང་བསྙོར་རྒྱུ་མང་རབས།ཁ་གསོ་མ་ཐུབ་པ་དང་རྒྱབ་དྲོ་མ་ཐུབ་པས་དེ་ལྟར་དོང་ཞབས་ནས་སྐྱེ་རྒྱུའི་ལས་ངན་པ་ཞིག་བསྒྲུབས་རབས་སོགས་མདོར་ན།ཚང་མ་བོད་ཡིན་པའི་མི་ངོར་མི་བལྟ་རུང་།ཚང་མ་ཆོས་ལ་དད་མཁན་ཡིན་པས་དེའི་ངོ་ལ་ཅིས་ཀྱང་བལྟ་དགོས་རབས་ལུང་བ་གང་བཤད་པས།དེ་གསུམ་དང་ངེད་ཚང་གི་ཆུང་མ་འགྲིག་སོང་བའི་མི་ཚད།ངེད་ཚང་གི་ཆུང་མ་ལ་བོད་ལྭ་ཞིག་ཀྱང་'བཙན་གྱིས་'ཕུལ་བས།མོས་ཀྱང་དེ་གསུམ་ལ།དོན་དེ་ད་ནས་བཟུང་ས་ས་མལ་དང་རྡོ་རྡོ་མལ་ཡིན་པ་མནའ་ལ་བཞག་པས།དེ་གསུམ་གྱིས་ཀྱང་ཉིན་རེ་རེ་བཞིན་ང་ལའང་འཕྲིན་ཐུང་བསྐུར་ནས་'ཆང་ཉུང་འཐུང་དང་།ལུས་པོ་བདག་གཅེས་བྱེད་དགོས་པ་'སོགས་ངའི་ཕ་མ་ཡིན་པ་འདྲ་ཞིག་བཤད་འོང་བས།ང་དགོད་རྒྱུ་ཡོང་གི ང་ངུ་རྒྱུ་ཡོང་གི ཧ་ཧ་ཧ།"ཟེར།

  "མ་གཞི་དེ་འདྲ་ཞིག་ཡིན་ནམ།དེས་ན་ཁྱོད་ཀྱི་ཆུང་མ་ཡང་ཁྱོད་ཀྱི་སྟེང་ལ་ཇེ་བཟང་ལ་སོང་ཡོད་པཱ།"

  "ཐུངས།ཆང་ཐུངས།དོ་ནུབ་སྐྱིད་པོ་ཞིག་བྱེད།ཡང་མིན་ན་དེ་གསུམ་ལ་འབོད།"

  "ཁྱོད་མི་སྐྲག་གམ།ཁྱོད་འདི་མི་ཅི་འདྲ་ཞིག་རེད་དམ།"

  "སྐྲག་དགོས་པ་མ་རེད།ང་ལ་ཐབས་ཤིག ཆང་ཐུངས།ཆང་ཐུངས།"

  བརྒྱད།

  དགོང་མོ་དེར།ཆང་འཐུང་གིན་འཐུང་གིན་མགོ་སྟིག་བཟི་ནས་རྙོག་ཏུ་གྱུར་སོང་ཟེར་བ་ལས་ཀྱང་ཆུ་ཞིག་ཡིན་ན།གསལ་གསལ་དྭངས་དྭངས་ཚང་མ་སྐམ་ནས་འདམ་དུ་གྱུར་སོང་།

  མཚམས་ཤིག་ལ་"གསེར་ཡུམ་དུམ་པ་བཅུ་གཉིས།ངེད་གཉིས་ཀ་མཇེ་མགོར་རྒྱུན་རྒྱུ་དེ་གསུམ་བཙལ་ཏུ་འགྲོ འོག་སྐྱིད་ས་མ་དགོས་གནམ་ལའང་མ་ཆུད་པ་ཞིག་བརྒྱག་ཏུ་འགྲོ"ཟེར།

  "མགོ་སྟིག ཁྱོད་འདི་ཅི་འདྲ་ཞིག་རེད་ཨང་།ས་རུབ་ན་སྨག་འདྲ་ཞིག་འཐིབ་རྒྱུ།དེ་ནས་ནམ་གསལ་ན་འོད་འདྲ་ཞིག་གིས་གཟེར་རྒྱུ་མང་གི་ཨང་།"

  "ད་སྐྲག་མི་དགོས།དེ་གསུམ་ལྷུང་ས་བཅོ་བརྒྱད་ལ་ལྷུང་ཡོད།འགྲོ"

  "ཁྱོད་འདི་ཆང་ཞིག་འཐུང་རྗེས་འོག་སྨྱོན་གྱི་ནད་འདྲ་བྱུང་རྒྱུ་ཡོད་པ་ཅི་འདྲ་རེད།ངེད་གཉིས་ཁྱེད་ཚང་ལ་འགྲོ"

  "ང་གསོད་རྒྱུ་ཟེར་ནའང་ཁྱིམ་ལ་མི་འགྲོ ཉིན་འདི་འགར་ཡང་རྒན་མོ་ང་ལ་སྒུར་གི་བཅུག་ཡོད།མི་འགྲོ་ཁོ་ཐག་ཡིན།"

  ངོ་མ།བཟི་བོ་ཞིག་གིས་སྐོར་ལོག་བྱེད་པ་དྲང་ལ་ལེན་རྒྱུ་ནི་རྭ་ཅོ་ཞིག་གི་འཁྱོག་དྲང་མོར་གཏོང་རྒྱུ་ལས་ཀྱང་དཀའ་བ་འདྲ་བས།ངས་ཀྱང་མགོ་སྟིག་ལ་"དེ་གསུམ་ཡོད་སར་འགྲོ་ན་འགྲོ"ཞེས་སྐྱིད་པོ་ལབ་ཀྱིན།བསོར་མོ་བཤད་ནས་ཁོ་རང་གི་ཁྱིམ་ལ་སོང་བ་ཡིན།

  མགོ་སྟིག་གི་ཆུང་མས་མགོ་སྟིག་བཟི་ནས་བཟའ་ངོ་མི་ཤེས་པའི་ཚད་ལ་སླེབས་ཡོད་པ་མཐོང་རྗེས།ངའི་སྟེང་ལ་ཞེ་སྡང་རྒྱ་མ་བརྒྱ་ཕུད་བྱུང་།

  "ཁྱོད་ཚོ་གྲོགས་པོ་ཟེར་བ་ཚོས་མགོ་སྟིག་ལ་འདི་ལྟར་ཆང་བླུད་ནས་མི་མིན་ཟོག་མིན་ཞིག་གི་གཏོང་དོན་ཅི་ཡིན།མགོ་སྟིག་དྲང་མོ་ཡིན་དྲག་པས་ཁྱོད་ཚོས་ཁོ་གང་ལའང་མདའ་ལྟར་འཕེན་དོན་ཅི་ཡིན།"ཟེར།

  ངས་ཅི་ཞིག་བཤད་ན་རྒྱུ་མཚན་ལྡན་པ་དང་།ཅི་ལྟར་ལབ་ན་མགོ་སྟིག་གི་ཆུང་མའི་"ངོ་"ལེན་ཐུབ་པར་འདང་རྒྱབ་མོད།ང་རང་མ་ཉལ་བ་ལས་ཀླད་པ་ཟེར་བ་དེ་སྔ་མོ་ནས་གཉིད་པ་དང་འདྲ་བར་ནག་སྟོང་ངེར་འདུག་པས།ངག་ནས་"མིན།ངོ་མ་དེ་འདྲ་ཞིག་གང་ནས་ཡིན།"ཞེས་ཤོར་བར།

  "ཨ་ཙི།དེ་འདྲ་ཞིག་མིན་ན་འདི་འདྲ་ཞིག་ཏུ་ཅི་ལྟར་ལྷུང་འགྲོ་བ་རེད།ཁྱོད་ཚོས་འདང་ཞིག་རྒྱོབས་དང་།ཁྱོད་ཚོ་ང་ལ་ངོ་སྟོན་རྒྱུ་ངོ་མི་ཚ་འམ།ཁྱོད་ཚོ་ཇག་པ་ཞིག་ལས་ཀྱང་གདུག་རྩུབ་ཆེ་གི ཁྱོད་ཚོ་རྐུན་མ་ཞིག་ལས་ཀྱང་ལས་རྒྱུ་མང་གི ཁྱོད་ཚོ་ངོ་མ་མི་མ་རེད།ངོ་དེའང་ལྕགས་ཀྱིས་བཟོས་པ་འདྲ།"

  མགོ་སྟིག་གི་ཆུང་མས་ཁ་ནང་ནས་བུད་པ་"ཁྱོད་ཚོ་"ཞེས་མང་པོ་ཞིག་སྟོན་གྱིན་པ་འདྲ་མོད།དོན་ལ་མང་པོ་ཞིག་སྟོན་རྒྱུ་གང་ན་ཡོད།ཏག་ཏག་ལ་ང་རང་ངན་པ་དགུ་འཛོམས་ཤིག་ཡིན་པ་སྟོན་བྱེད་ཀྱི་ཐ་སྙད་ཅིག་གསར་ཏུ་བཟོས་པ་དང་འདྲ།

  "ཁྱོད་རང་སྤོ་མ་ལངས་དང་།ང་རང་ལ་དངོས་གནས་གནག་སེམས་དྲི་ཙམ་ཡང་མེད།རྗེས་མ་འདི་འདྲ་ཞིག་ཏུ་མི་འགྱུར་བར་ངས་ཁྱོད་ལ་ཁེག་ཐག་བྱེད་ཆོག"

  "ཨ་ལ་ལ།'གནག་སེམས་དྲི་ཙམ་ཡང་མེད་'ཟེར།ཁྱོད་ཚོས་རང་རང་གི་འདོམ་གྱི་བཅོ་བརྒྱད་ནས་སྐྱེ་རྒྱུ་དེ་བདག་མ་ཐུབ་པར་མི་ལས་དགུ་ལས་བྱས་རྗེས།རྩམ་ཁུག་ངེད་ཚང་གི་རྒད་པོའི་མགོ་ལ་གཡུགས་ནས།འོག་ལ་འབུ་འདེབས་རྒྱུ་མ་དེ་ཚོ་ངེད་ཚང་ལ་ཁྱི་རྒྱུག་རྒྱུག་བྱས་པ་དེ་གནག་སེམས་མེད་པ་ཨེ་རེད།ད་རུང་རྗེས་མ་ཟེར།རྗེས་མ་ད་རུང་ཁྱོད་ཚོའི་ལག་ཏུ་ངེད་ཚང་གི་གན་ཤོར་ན་ཕྱིར་ཡོང་ཡོད་རྒྱུ་མ་རེད་ཡ།"

  "དེ་ཚོ་ཟེར་བ་སུ་རེད།ངས་རང་གི་དེ་བདག་མ་ཐུབ་པར་ཅི་ཞིག་བྱས་སོང་།"

  "ཨ་ལ།གྲིམ་པོ་ལྕགས་སྐུད་ཀྱིས་བཟོས་པ་ཁྱོད་ཀྱང་བཟི་ཡོད་པ་མིན་ནམ།ཞི་མོ་དེ་གསུམ་གྱི་སྟེང་ནས་སྐྱིད་ཁྱོད་ཀྱིས་རྒྱབ་ནས་སྡུག་ངེད་ཚང་གི་རྒད་པོའི་མགོར་གཡུགས་པ་དེ་ལ་ཟེར་བ་ཡིན།ཅི་རེད།སྐྱིད་རྒྱུ་མང་དྲག་ནས་བརྗེད་སོང་བ་ཨེ་རེད།"

  "དེ་འདྲ་ཞིག་སྲིད་དམ།མགོ་སྟིག་ཀྱང་ཚེ་གང་བོ་བཟི་བ་མ་རེད།དེ་ལས་ཀྱང་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་ཀྱང་མ་རེད།དགོད་གཏམ་མ་བཤད།"

  "དགོད་གཏམ་ཟེར།དེས་ན་ངས་སང་ཉིན་ཁྱོད་ལ་ངུ་རྒྱུ་དཀའ་བའི་དོན་ཞིག་ཁྱེར་ཡོང་།ཁྱོད་ཀྱིས་ལྟད་མོ་ལྟོས།"

  མོས་བཤད་ཚར་བ་དང་ང་རང་སྒོར་དེད་ནས།སྒོ་ཁྲོག་གེར་གཏན་སོང་།

  ཕྱིར་ལམ་ཏུ་ངའི་སེམས་སུ་"ངས་མགོ་སྟིག་གཟེར་འབུད་རྒྱུ་མ་དེ་སར་བསྐྱལ་བ་ལས་གཟེར་འབུད་རྒྱུ་མ་དེ་གསུམ་ཡོད་སར་མངགས་ན་འགྲིག་འདུག"སྙམ།

  སེམས་རབ་ཏུ་འཁྲུག་བྱེད་ཅིག་ནི་མགོ་སྟིག་གི་ཆུང་མས་"སྐྱོན་ཡོད་ཚད་"ངའི་མགོ་ལ་འཇོག་དོན་ཅི་ཡིན་ནམ།མགོ་སྟིག་གིས་བཤད་པ་ལྟར་གཟེར་འབུད་རྒྱུ་མ་དེ་གསུམ་གཟེར་འབུད་རྒྱུ་མ་གན་སར་

  "མཇལ་"ཏུ་སོང་དུས་སྐྱོན་ཚང་མ་ངའི་མགོར་གཡུགས་པ་ཡིན་ནམ།ཡང་ན།མགོ་སྟིག་གིས--- ---དེ་དཔེ་མི་སྲིད།

  ཨེ--།ད་ནི་ནམ་ཞིག་ལ་གཟེར་འབུད་རྒྱུ་མ་དེས་"ལྟད་མོ་"སྟོན་དུས་ཤིག་གམ།ཡང་ན།གཟེར་འབུད་རྒྱུ་མ་དེ་གསུམ་ལ་འཕྲད་དུས་ཤིག་གི་བར་ཏུ་སྒུག་དགོས།ཅིས་ཀྱང་སྒུག་དགོས།འཇིག་རྟེན་ན་ཐག་གིས་གཅོད་མི་ཐུབ་པའི་དོན་དག་ཅིག་ཡོད་མི་སྲིད།

                                  ༢༠༢༢ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པར་བཀོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། 《མི་རིགས་ཀྱི་རྩོམ་རིག》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མདའ་བཙན་པོའི་བརྩམས་སྒྲུང་གསར་པ། 《རྫོང་མཁར་ཆུང་ཆུང་དེ་ན》

2022-09-04 མདའ་བཙན་པོ།(རྨ་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།