ཆུ་ཤོག

ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) 琼迈文学网 2022-11-13

  གཅིག

  གྲོང་ཁྱེར་ཆེན་པོ་དེའི་ནམ་མཁའ་སྨུག་པས་བཏུམས་འདུག

  ནམ་མཁའ་རྡོ་རྗེ་གྲོང་ཁྱེར་ཆེན་པོ་དེའི་རླངས་འཁོར་འབབ་ཚུགས་ཀྱི་སྒོ་ཁར་ལངས་ཏེ་ཤིན་ཏུ་ཁོ་ཆད་པའི་ངང་ནམ་མཁའ་ལ་ཅེར་འདུག འོན་ཀྱང་། ནམ་མཁའ་ནི་སྨུག་པས་བཏུམས་ཏེ་ཁང་རྩེག་མཐོན་པོ་དེ་དག་གི་ཡང་རྩེ་ཙམ་ཡང་གསལ་ཐག་ཆོད་པ་ཞིག་མཐོང་ཐབས་བྲལ།

  ནམ་མཁའ་རྡོ་རྗེས་གློ་བུར་དུ་རང་ཉིད་ཀྱིས་དུས་ཡུན་རིང་པོ་ཞིག་ལ་ནམ་མཁར་ལྟ་མ་ཐུབ་པ་ཡིད་ལ་དྲན། དེ་ནི་མཐའ་མེད་པའམ་དྭངས་གཙང་གི་ནམ་མཁའ་ཞིག་མིག་གི་ལོངས་སྤྱོད་དུ་ལེན་མ་འདོད་པ་མིན་པར། ལོ་ཟླ་འདི་དག་ལ་གྲོང་ཁྱེར་འདིའི་བཟོ་གྲྭ་ཞིག་ཏུ་ཉིན་མཚན་གོ་ལྡོག་སྟེ་ལས་བྲེལ་བྱས་པས། ལུས་སེམས་གཉིས་ཀ་ལྷོད་ལ་བབས་ཏེ་ནམ་མཁར་ལྟ་བའི་གོ་སྐབས་ཤིག་ལར་ནས་མ་བྱུང་། ནམ་མཁའ་རྡོ་རྗེས་གྲོང་ཁྱེར་ཆེན་པོ་དེའི་སྨུག་པས་བཏུམས་པའི་ནམ་མཁའ་ལ་ལྟ་བཞིན་ཕ་ཡུལ་གྱི་ནམ་མཁའ་ཡིད་ལ་དྲན།

  སྔོ་ཞིང་བསང་བའི་ནམ་མཁའ། དྭངས་ཤིང་གཙང་བའི་ནམ་མཁའ། མཐོང་བ་ཙམ་གྱིས་མིའི་སེམས་ལ་དྭངས་གཙང་དང་སྤྲོ་དགའི་སྣང་བ་སྟེར་བའི་ཕ་ཡུལ་གྱི་ནམ་མཁའ་དེ། ནམ་མཁའ་རྡོ་རྗེའི་ཡིད་ཀྱི་དྲན་ངོགས་སུ་གངས་ལ་ཉི་མ་ཕོག་པ་ལྟར་གསལ་ལམ་མེར་ཤར། མཁའ་ལ་ཟླ་བ་ཚེས་པ་ལྟར་འོད་ཀྲིག་གེར་ཤར།

  འོན་ཀྱང་། ནམ་མཁའ་རྡོ་རྗེ་ནི་གྲོང་ཁྱེར་ཆེན་པོ་དེའི་རླང་འཁོར་འབབ་ཚུགས་ཀྱི་སྒོ་ཁ་རུ་འུ་ཐུག་ཐབས་ཟད་དང་བྱ་དཀའ་བྱེད་གཏད་དུ་གནས་པས། སྐབས་འདིར་ཕ་ཡུལ་གྱི་ནམ་མཁའ་དྲན་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞིག་ཅི་ལ་མིན།

  གཏམ་རྒྱུད་ཀྱི་མགོ་རྩོམ་ས་ནི་ནམ་མཁའ་རྡོ་རྗེ་མཐོ་འབྲིང་ནས་སློབ་ཐོན་བྱུང་རྗེས་ཡིན་དགོས་ཏེ། ཁོ་རང་མཐོ་འབྲིང་ནས་ཐོན་ཏེ་སློབ་ཆེན་གྱི་སྒོ་ཐེམ་དུ་གོམ་པ་སྤོ་རན་དུས་ཏག་ཏག་དོན་དག་འདིའི་མགོ་བརྩམས་པ་ཡིན།

  གཉིས།

  དྲང་མོར་བཤད་ན། མཐོ་འབྲིང་ནས་སློབ་ཐོན་བྱུང་སྟེ་སློབ་ཆེན་དུ་རྒྱུགས་འཕྲོད་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་ཏེ། ཁྱད་པར་དུ་ནམ་མཁའ་རྡོ་རྗེའི་ཕ་ཡུལ་ལྟ་བུའི་སློབ་ཆེན་སློབ་མ་ཁར་ཁེར་ལས་མེད་པའི་ཡུལ་ལུང་ཞིག་ལ་མཚོན་ན། སློབ་ཆེན་དུ་རྒྱུགས་འཕྲོད་པ་ནི་སློབ་མ་དང་ཁྱིམ་ཚང་བཅས་པའི་མི་ཚེའི་ང་རྒྱལ་ཞིག་ཅི་ལ་མིན།

  འོན་ཀྱང་། ནམ་མཁའ་རྡོ་རྗེས་སློབ་ཆེན་དུ་བསྡུ་བའི་བརྡ་སྦྱོར་ཡི་གེ་བཟུང་སྟེ་རྫོང་ནས་ཁྱིམ་ལ་ལོག་པའི་ལམ་བར་དུ། སུས་ཀྱང་ཡིད་ལ་དྲན་མི་ཐུབ་པའི་ཐག་གཅོད་ཅིག་བྱས།

  “ཁྱིམ་གྱི་འཁོས་ཀ་ཞན་པའི་ངེད་ཚང་ལ་མཚོན་ན། ངའི་སློབ་ཆེན་གྱི་འགྲོ་སོང་ཆེན་པོར་ཁ་གཏད་གཅོག་ཐབས་ཡེ་ནས་མེད།” ནམ་མཁའ་རྡོ་རྗེ་ཕ་ཡུལ་ལ་ལོག་པའི་རླངས་འཁོར་དུ་བསྡད་དེ། རང་ཉིད་ཀྱི་སློབ་བསྡུའི་བརྡ་ཐོར་ལྟ་ཞོར་སེམས་ལ་དེ་ལྟར་དྲན། “སློབ་ཆེན་ལ་རྒྱུགས་འཕྲོད་པ་ནི་རང་ཉིད་ལ་མཚོན་ན་གཏམ་བཟང་ཞིག་ཡིན་ཡང་། ཕ་མར་མཚོན་ན་གཏམ་ངན་ཞིག་མིན་པའི་ངེས་པའང་མེད། བརྒྱ་ལ་ཕ་མ་གཉིས་ཀ་ཤིན་ཏུ་དགའ་སྟེ་རང་ལ་བསྟོད་ར་བྱས་ཀྱང་། སློབ་ཆེན་འདོན་རྒྱུ་ནི་སྔར་བཞིན་རྨི་ལམ་ཁོ་ན་ལས་མ་འདས། དེས་ན་ཕ་མ་གཉིས་ལ་སྔོན་ནས་རྒྱུགས་འཕྲོད་མི་འདུག་ཅེས་བཤད་ན་ལེགས་ཤོས་ཡིན།”

  སྤྱིར་ནམ་མཁའ་རྡོ་རྗེ་ལ་མཚོན་ན་རིག་ཚན་ཀུན་ལ་བརྩོན་པས་ཞུགས་ཏེ་སྦྱངས་འབྲས་བཟང་བར་མ་ཟད། དགེ་རྒན་ལ་གཙི་བཀུར་ཆེ་ཞིང་སློབ་གྲོགས་རྣམས་དང་ཤིན་ཏུ་མཛའ་བའི་ཡ་རབས་ཚུལ་ལྡན་གྱི་སློབ་མ་ཞིག་ཡིན་ལ། དགེ་སློབ་ཀུན་གྱིས་ནམ་མཁའ་རྡོ་རྗེའི་མ་འོངས་པ་ནི་མཚར་སྡུག་འོད་སྟོང་འབར་བ་ཞིག་ཡིན་ངེས་ཞེས་བསྟོད་པ་འཐེན་མྱོང་། འོན་ཀྱང་། སྐྱོ་འོས་པ་ཞིག་སྟེ་ཡང་ན་དང་ལེན་མི་བྱེད་ཐབས་མེད་ཀྱི་དོན་དངོས་ཤིག་ཡོད་པ་ནི། ནམ་མཁའ་རྡོ་རྗེའི་ཁྱིམ་ཚང་གི་འབྱོར་བ་ཤིན་ཏུ་ཞན་སྟབས། སློབ་ཆེན་དུ་འགྲིམ་རྒྱུ་ནི་རྨི་ལམ་ཞིག་ལས་ཅི་ཡང་མིན་པའོ།།

  “ཨ་ཕ། ཨ་མ། དགོངས་དག ངས་སློབ་ཆེན་དུ་རྒྱུགས་འཕྲོད་མི་འདུག” དགོང་མོར་ཁྱིམ་མི་གང་བོ་ལྷན་དུ་འཛོམས་ནས་ནུབ་འཚལ་འཐུང་བཞིན་པའི་སྐབས་སུ་ནམ་མཁའ་རྡོ་རྗེས་ཕ་མ་གཉིས་ལ་དོན་དངོས་ལས་ལྡོག་པའི་སྐད་ཆ་ཞིག་དེ་ལྟར་བཤད།

  “ད་ངེད་ཚང་ལ་ལས་བྱེད་པ་ཞིག་གི་བསོད་ནམས་མེད་སོང་བ་རེད། ཞི་ལུས་འབད་བརྩོན་མ་བྱས་པའི་བསམ་པ་ཞིག་མེད།” ཕ་རྒན་གྱིས་ནམ་མཁའ་རྡོ་རྗེ་ལ་འཁང་ར་དང་ལེ་བདའ་ཅི་ཡང་མ་བྱས་ལ། ཧ་ཅང་བསམ་ཤེས་ཡོད་པའི་སྒོ་ནས་དེ་ལྟར་བཤད་ཅིང་། ཡང་མུ་མཐུད་དུ“ད་ནི་སྒོར་རྡོག་འགའ་རེ་བཙལ་ཐབས་བྱས་ན་མི་དགའམ། དེང་སང་གྲོང་ཁྱེར་གྱི་བཟོ་གྲྭའི་ནང་དུ་ལས་ཀར་སོང་ན། སྒོར་མོ་མང་པོ་རག་གི་འདུག་ཟེར”ཞེས་བཤད།

  ནམ་མཁའ་རྡོ་རྗེའི་མ་རྒན་ནི་སྒྱེད་པུའི་ཕར་འགྲམ་ན་མགོ་བོ་དུད་ཅིང་སྐད་ཆ་ཚིག་གཅིག་མི་སྨྲ་བར་ཁོ་ཕ་བུ་གཉིས་ཀྱི་ཁ་བརྡ་ལ་ཉན་འདུག

  གསུམ།

  ནམ་མཁའ་རྡོ་རྗེ་མཐོ་འབྲིང་ནས་སློབ་ཐོན་བྱུང་རྗེས། ཁྱིམ་ཚང་གི་འབྱོར་བ་དང་ཕ་མའི་དཀའ་སྡུག་བསམས་ཏེ་མུ་མཐུད་དུ་སློབ་ཞུགས་བྱེད་རྒྱུའི་སྐལ་བཟང་ལ་བཞི་ཤད་འཐེན་དགོས་བྱུང་ཞིང་། གྲོང་ཁྱེར་ཆེན་པོ་འདིའི་བཟོ་གྲྭ་ཞིག་གི་ལས་བཟོ་བའི་འོས་འགན་ཕྲག་ཏུ་བླངས་ཏེ་ལས་ཀར་ཞུགས་པ་ཡིན།

  ཁོ་རང་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གི་ངོ་སྤྲོད་བརྒྱུད་དེ་གནས་འདིར་སླེབས་པ་ཡིན་ལ། གནམ་གྲུ་ལས་བབས་ཏེ་གནམ་ཐང་སྒོ་ཁར་སླེབས་དུས་ཏན་ཏན་གྲོགས་པོས་བཤད་པ་ལྟར་བཟོ་གྲྭའི་རླངས་འཁོར་བསུ་བར་སླེབས་འདུག་པས། ནམ་མཁའ་རྡོ་རྗེའི་སྣང་ངོར་འདི་ལྟ་བུའི་ཐོབ་ཐང་དང་སྐུ་བསོད་ནི་ཕ་ཡུལ་དུ་འགོ་ཁྲིད་མཐོན་པོ་དང་ཚོང་པ་ཕྱུག་པོ་ཁོ་ན་ལས་གཞན་དག་ལ་ཡོད་མི་སྲིད། རང་གིས་སློབ་ཆེན་འདོན་པའི་གོ་སྐབས་བསྐྱུར་ཏེ་གྲོང་ཁྱེར་དུ་ཡོང་བ་ནི་སྤྱིར་བཤད་ན་མི་ཚེའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྲིད་མོད། འོན་ཀྱང་། འདི་ལྟ་བུའི་ལས་བཟོ་བར་བློ་སེམས་དཀར་ཞིང་འགན་ཁུར་བའི་བཟོ་གྲྭ་ཞིག་ཏུ་ཡོང་ཐུབ་པའང་དགའ་འོས་པ་ཞིག་མ་ཡིན་ནམ་སྙམ་སྟེ། ཧ་ཅང་ཡིད་མགུ་བའི་རྣམ་པ་ཞིག་གདོང་ལ་མངོན་བཞིན་རླངས་འཁོར་ལ་བསྡད་དེ་བཟོ་གྲྭའི་ཕྱོགས་སུ་ཕྱིན།

  ནམ་མཁའ་རྡོ་རྗེའི་སེམས་སུ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཏེ་བཟོ་གྲྭ་ཆེན་མོ་དེའི་ལས་ཀར་ཞུགས་ཤིང་། ལེགས་ཉེས་གང་ཡིན་ཡང་ད་ནས་བཟུང་རང་ཉིད་ཀྱང་ཟླ་ཕོགས་ལེན་པའི་མི་སྣ་ཞིག་གམ་ཡང་ན་བཟོ་གྲྭ་ཆེན་མོ་འདིའི་ལས་བཟོ་བ་ཞིག་ཏུ་གྱུར་སོང་བས། རང་ཁ་རང་གསོ་ཙམ་དུ་མ་ཟད་ཕ་མ་ལའང་རོགས་དན་ཐུབ་སོང་བ་རེད་སྙམ་བཞིན་ཡིད་ཀྱི་གཏིང་རིམ་ནས་ང་རྒྱལ་ཕྲན་བུ་ཞིག་སྐྱེས།

  དེ་ལྟར། ནམ་མཁའ་རྡོ་རྗེས་གྲོགས་པོ་བརྒྱུད་ནས་ཟླ་ཕོགས་ལེན་ཆོག་པའི་ལས་གནས་ཤིག་རྙེད་པར་མ་ཟད་། བཟོ་གྲྭའི་བཀོད་སྒྲིག་ལྟར་རང་ལ་འོས་བབ་ཀྱི་ལས་འགན་ཡང་ཡོད་པར་གྱུར། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ནམ་མཁའ་རྡོ་རྗེའི་ལས་འགན་ནི་རྙོག་དྲ་ཅན་ཞིག་གཏན་ནས་མིན་ལ། བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་ཡིན་ཏེ། གཞན་གྱིས་ཐོན་སྐྱེད་བྱས་ཟིན་པའི་ཅ་ལག་གང་ཞིག་ཚད་གཞི་དང་མཐུན་མིན་ལ་རྩིས་འཕྲུལ་གྱི་ངོས་ནས་ཞིབ་བཤེར་བྱེད་པ་དེ་ཡིན། གསལ་པོར་བཤད་ན་ཉིན་གང་བོར་རྩིས་འཕྲུལ་ངོས་ལ་ཅེར་ཏེ་ཚད་ལྡན་མིན་པའི་རྟགས་ཤར་བའི་ཅ་ལག་རྣམས་ཕྱིར་སྤྲད་པ་དང་ཚད་གཞིར་ཐོན་པ་རྣམས་རིམ་པ་རྗེས་མར་སྤྲད་པ་དེའོ།།

  ལུས་སེམས་གཉིས་ཀས་དཀའ་ངལ་ཆེན་པོ་མྱོང་མི་དགོས་པར་སྒོར་མོ་མང་ཙམ་གསོག་ཐུབ་པའི་ལས་ཀ་འདིས་ནམ་མཁའ་རྡོ་རྗེ་ལ་ཐོག་མའི་ཆར་སྤྲོ་སྣང་ཟད་མི་ཤེས་པ་ཞིག་སྦྱིན། ཁོས་རང་ཉིད་ཀྱིས་ལས་ཀ་ཡག་པོ་ཞིག་རྙེད་སོང་བསམས། ཕ་ཡུལ་གཅིག་པའི་གྲོགས་པོ་དེ་བཀའ་དྲིན་ཆེ་བ་ལ་ཨང་སྙམ། ཐ་ན་རང་ཉིད་སློབ་ཆེན་དུ་མ་ཞུགས་པའང་ལམ་ཡང་དག་པ་ཞིག་ཏུ་འདོད།

  འོན་ཀྱང་། ཉིན་ཞག་བརྩེགས་པས་ཟླ་བ་དང་། ཟླ་བ་བརྩེགས་པས་ལོ་ཁ་གང་བ་ན། ནམ་མཁའ་རྡོ་རྗེའི་ལུས་སེམས་གཉིས་ལ་ཉིན་རེ་ཉིན་རེར་མི་བདེ་བ་ཇེ་མང་དུ་ཕྱིན། ཐོག་མར་མིག་ཚ་བ་དང་རབ་རིབ་ལས་མི་མཐོང་བ། མིག་ཆུ་བཞུར་བ་སོགས་མིག་གི་དབང་པོར་མི་བདེ་བ་བྱུང་བ་དང་། དེ་ནས་སྒལ་ཚིགས་དང་སྐེད་སྐབས་སོགས་ལ་མཚམས་མེད་དུ་ཟུག་གཟེར་ལངས་ཏེ་བཟོད་ཐབས་མེད་པའི་ན་ཟུག་རྒྱས་ཡོང་བ་ཞིག་ཏུ་གྱུར། ཡང་མཚམས་ཤིག་ནས་བཟོ་གྲྭའི་ནང་གི་འཕྲུལ་ཆས་འདྲ་མིན་གྱི་སྒྲ་སྐད་ཀྱིས་རྣ་བའི་དབང་པོར་རབ་ཏུ་གཙེས་པས་རྣ་བས་བཟོད་གླགས་མེད་པར་གྱུར་ཅིང་། རིམ་གྱིས་སྒྲ་འཛིན་གྱི་ནུས་པའང་ཞན་དུ་འགྱུར་བཞིན་པའི་སྣང་བ་བྱུང་། དེ་ལས་ཀྱང་ཚབས་ཆེ་བ་ནི། བར་སྐབས་ཤིག་ནས་བཟུང་ནམ་མཁའ་རྡོ་རྗེའི་ལས་ཀར་འགྱུར་བ་ཏོག་ཙམ་བྱུང་བ་སྟེ། མཚན་མོའི་ལས་ཐུན་ལ་ཞུགས་ནས་ཉིན་མོར་ངལ་གསོ་རྒྱུ་དེ་ཡིན། འོན་ཀྱང་། གོམས་ལོབས་སུ་ཕྱིན་མེད་པའི་གནས་སྟངས་དེས། ནམ་མཁའ་རྡོ་རྗེའི་ལུས་སེམས་གཉིས་ལ་ངལ་དུབ་དང་དཀའ་སྣང་ཇེ་ཆེར་གྱུར།

  དེ་ལྟར་ཐོག་མའི་སྤྲོ་སྣང་དང་དགའ་སྣང་། རེ་བ་དང་ཡིད་ཆེས་ཡོད་ཚད་ངལ་དུབ་དང་དཀའ་སྣང་། རེ་ཆད་དང་སྡུག་ཡུས་སོགས་ཀྱི་ངོ་བོར་གྱུར་པ་དང་། ནམ་མཁའ་རྡོ་རྗེའི་ལུས་སེམས་གཉིས་ལའང་གནམ་ས་བློ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། མཐར་གཏན་ནས་སྡོད་བཟོད་མེད་པར་གྱུར་བས། བཟོ་གྲྭའི་འགན་ཁུར་བར་རང་ཉིད་གནས་སྐབས་སུ་བཟོ་གྲྭ་ལས་ཕྱིར་བུད་དེ་ཕ་ཡུལ་དུ་ལོག་རྒྱུ་ཡིན་ཚུལ་བཤད་མོད། འོན་ཀྱང་། བཟོ་གྲྭའི་འགན་ཁུར་བས་ཁྱོད་ཀྱི་འདོད་པ་ལྟར་སྒྲུབ་པ་ལྟ་ཞོག ཐ་ན་ཁོའི་ཐོབ་ཐང་དཔང་ཡིག་སོགས་ཀྱང་ཡར་བླངས་ཏེ་མུས་སུ་ལས་ཀར་ཞུགས་དགོས་པར་བཤད་པས། གནས་སྐབས་སུ་ནམ་མཁའ་རྡོ་རྗེའང་སྔར་རྒྱུན་བཞིན་ལས་ཀར་ཞུགས་ཏེ་མི་འདུག་ཐབས་མེད་བྱུང་།

  ཏག་ཏག་མི་ལོ་གསུམ་འགོར་སོང་། ནམ་མཁའ་རྡོ་རྗེ་གྲོང་ཁྱེར་འདིའི་བཟོ་གྲྭ་ག་གེ་མོའི་ལས་ཀར་ཞུགས་ནས་ཏག་ཏག་མི་ལོ་གསུམ་འགོར་སོང་། མི་ལོ་གསུམ་གྱི་རྗེས་སུ་གཞི་ནས་ནམ་མཁའ་རྡོ་རྗེའི་འདོད་ཐོག་ཏུ་རྟ་བརྒྱུགས་བྱུང་སྟེ། བཟོ་གྲྭའི་འགན་ཁུར་བས་ལས་མཚམས་འཇོག་ཆོག་པའི་གནང་བ་སྦྱིན་པས། ཁོ་རང་དགའ་སྤྲོ་དང་བཅས་ཏེ་ཁྱིམ་ལ་ལོག་རྒྱུའི་སྟ་གོན་བྱས།

  བཞི།

  ནམ་མཁའ་རྡོ་རྗེ་མི་ལོ་གསུམ་ལ་ལས་ཀར་ཞུགས་སའི་བཟོ་གྲྭ་ཆེན་མོ་དེ་དང་དངོས་སུ་ཁ་བྲལ་ཏེ་ཕ་ཡུལ་ལ་ལོག་རྩིས་བྱས། ལོ་གསུམ་གྱི་སྔོན་དུ་ཁོ་རང་ཐོག་མར་བཟོ་གྲྭ་འདིར་ཡོང་དུས། གནམ་ཐང་སྒོར་བུད་མ་ཐག་བཟོ་གྲྭའི་རླངས་འཁོར་བསུ་བར་སླེབས་མོད། འོན་ཀྱང་། དེ་རིང་ཕྱིར་ལོག་དུས་བཟོ་གྲྭའི་རླངས་འཁོར་གྱིས་གནམ་ཐང་བར་དུ་སྐྱེལ་མ་བྱེད་པ་ལྟ་ཞོག ཐ་ན་བཟོ་གྲྭའི་སྒོ་ཁ་བར་དུ་སྐྱེལ་མ་བྱེད་མཁན་ཞིག་ཀྱང་མི་འདུག དེ་ལྟ་ནའང་། ཁོ་རང་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་གིས་བཟོ་གྲྭའི་སྒོར་བུད་དེ་གནམ་ཐང་དུ་འགྲོ་བའི་རླངས་འཁོར་བཙལ་བར་ཕྱིན།

  བཟོ་གྲྭ་ནས་རླངས་འཁོར་འབབ་ཚུགས་དབར་བར་ཐག་ངེས་ཅན་ཞིག་ཡོད་སྟབས། ནམ་མཁའ་རྡོ་རྗེ་གླ་འཁོར་ཆུང་ཆུང་ཞིག་ཏུ་བསྡད་ནས་སོང་། གླ་འཁོར་དེའི་ནང་དུ་ཁ་ལོ་བ་དང་བཅས་པའི་མི་གསུམ་ཡོད་མོད། ནམ་མཁའ་རྡོ་རྗེར་དོགས་པ་ཟ་དགོས་པའི་སྣང་བ་ཅི་ཡང་མ་བྱུང་ལ། དེ་ལས་ལྡོག་སྟེ་གནོན་མི་ཐུབ་པའི་དགའ་བ་ཞིག་གིས་སེམས་པ་བརྟས་ཏེ་རླངས་འཁོར་གྱི་རྒྱུ་ཕྱོགས་ལྟར་མདུན་ནས་མདུན་ལ་ཆས། འོན་ཀྱང་། རླངས་འཁོར་འབབ་ཚུགས་སུ་སླེབས་ལ་ཉེ་དུས། གླ་འཁོར་དེའི་ནང་གི་མི་གཅིག་གིས་གློ་རྡེག་ཏུ་རང་ཉིད་ཀྱི་སྒོར་ཁུག་བོར་བརླག་ཤོར་འདུག་ཅེས་འུར་བརྒྱབ་པ་དང་། དེར་ཡོད་ཚང་མའི་ཁུག་མའི་ནང་དུ་བལྟ་དགོས་པའི་རེ་བ་བཏོན་པས། ནམ་མཁའ་རྡོ་རྗེས་ཀྱང་རང་གི་ཁུག་མའི་ཁ་ཕྱེས་ཏེ་ཁོ་ཚོར་ལྟ་རུ་མི་འཇུག་ཐབས་མེད་བྱུང་། ཡིན་ནའང་། སྐབས་དེར་དོན་རྐྱེན་མི་ལེགས་པ་ཅིའང་མ་བྱུང་བས་ནམ་མཁའ་རྡོ་རྗེའི་སེམས་ཀྱི་སྤྲོ་བ་ལའང་གནོད་པ་སྤུ་ཙམ་མ་ཐེབས།

  འོན་ཀྱང་། ནམ་མཁའ་རྡོ་རྗེ་གླ་འཁོར་ལས་བབས་ཏེ་རླངས་འཁོར་འབབ་ཚུགས་ཀྱི་སྒོ་ཁར་སླེབས་ལ་ཉེ་དུས། ད་གཟོད་རང་གི་ཁུག་མའི་ནང་གི་སྒོར་མོ་ཐམས་ཅད་ག་ཤེད་ལ་བོར་བརླག་ཤོར་ཟིན་པ་རྟོགས། ནམ་མཁའ་རྡོ་རྗེས་ཁ་ཕྱིར་འཁོར་ནས་ད་ཅི་རང་ཉིད་འབབ་སའི་ཕྱོགས་སུ་བལྟས་མོད། གཞུང་ལམ་ཆེན་མོ་དེར་ཁོ་རང་བསྡད་མྱོང་བའི་གླ་འཁོར་དང་རིགས་གཅིག་པའི་གླ་འཁོར་མང་པོ་ཞིག་ཕར་རྒྱུགས་ཚུར་རྒྱུགས་བྱེད་བཞིན་འདུག་པས། རང་ཉིད་བསྡད་པའི་གླ་འཁོར་དེར་ཆགས་འཇོག་ས་གང་ཡང་མ་རྙེད།

  ལྔ།

  མི་ལོ་གསུམ་གྱི་རྗེས་ཏེ། ནམ་མཁའ་རྡོ་རྗེ་ཕ་ཡུལ་དང་ཁ་བྲལ་ནས་ཏག་ཏག་མོ་ལོ་གསུམ་འགོར་བའི་རྗེས་སམ། ཡང་ན་ནམ་མཁའ་རྡོ་རྗེ་མཐོ་འབྲིང་ནས་སློབ་ཐོན་བྱུང་སྟེ་ཏག་ཏག་མི་ལོ་གསུམ་འགོར་རྗེས་ཀྱི་ཉིན་མོ་ཞིག་ལ། ནམ་མཁའ་རྡོ་རྗེ་དེ་ལྟར་ཁུག་མ་སྟོང་བ་ཞིག་ལག་ཏུ་ཐོགས་ཏེ་གྲོང་ཁྱེར་ཆེན་པོ་དེའི་རླངས་འཁོར་འབབ་ཚུགས་ཀྱི་སྒོ་ཁར་ལུས།

  ནམ་མཁའ་རྡོ་རྗེ་ཤིན་ཏུ་ཁོ་ཆད་པའི་ངང་རླངས་འཁོར་འབབ་ཚུགས་ཀྱི་སྒོ་ཁར་ལངས་ཏེ་ནམ་མཁར་ཅེར། འོན་ཀྱང་། སྨུག་པས་བཏུམས་པའི་ནམ་མཁའ་དེས་འུ་ཐུག་ཐབས་ཟད་དུ་གྱུར་བའི་ནམ་མཁའ་རྡོ་རྗེར་སྡུག་བསྔལ་ལྷག་མ་ཞིག་ལས་གང་ཡང་མ་བསྩལ།

  བར་སྐབས་ཤིག་ལ། བསིལ་རླུང་གིས་སྤུར་བའི་ཆུ་ཤོག་ཁུག་མ་ཞིག་བར་སྣང་སྟོང་བའི་དབྱིངས་སུ་རླུང་གི་རྒྱུ་ཕྱོགས་ལྟར་འཕུར་བཞིན་འདུག་པ་ནམ་མཁའ་རྡོ་རྗེའི་མཐོང་ལམ་དུ་བརྒྱུད་པས། རང་གི་མི་ཚེ་དང་ལས་དབང་ལ་མནོ་བསམ་གཏོང་བཞིན་པའི་ནམ་མཁའ་རྡོ་རྗེས། རང་ཉིད་ཀྱི་མི་ཚེའི་ལས་དབང་ནི་ཁ་ཕྱོགས་ངེས་མེད་དུ་འཕུར་བཞིན་པའི་ཆུ་ཤོག་དེ་དང་ཆ་འཇོག་མི་བྱེད་ཐབས་མེད་བྱུང་།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆུ་ཤོག

2022-11-13 ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།