སྐབས་བཞི་བའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་ལོ་ཟུང་བྱ་དགའ་ཐོབ་པའི་བརྩམས་སྒྲུང་འོས་སྦྱོར། 《མཚན་མོ》
1
ལོ་དེར། ཨ་ལོ་ལོ་སུམ་ཅུ་དང་སྐར་མ་སྒྲོལ་མ་ལོ་ཉེར་བརྒྱད་ལ་སོན་ཡོད།
དགོང་མོ་དེར། ཆབ་བྲག་དབུ་རྩེ་སྨུག་སྤྲིན་གྱིས་བཏུམས་ཤིང་ཀླུ་ཁོག་རྩྭ་ཐང་ཆར་ནག་གིས་འཁུར་ལ་ཁད་ཅིག་བྱས་པས། རྫོང་མཁར་འདིའི་མི་ཕྱུགས་ཀུན་ལ་འུར་ཟིང་དང་དངངས་སྐྲག་ཆེན་པོ་ཞིག་བསླངས། རྣམ་པ་དེ་ནི་ཨ་ལོའི་རྔུལ་ཆུ་ཡིས་བསྒྲགས་པའི་གད་རྒྱངས་དང་སྐར་མ་སྒྲོལ་མའི་མིག་ཆུ་ཡིས་བསླེས་པའི་ངུ་དབྱངས་དང་ཇི་འདྲའི་འདྲ་ཨང་།
ཨ་ལོའི་གད་རྒྱངས་དང་སྐར་མ་སྒྲོལ་མའི་ངུ་དབྱངས་གླེང་མ་ཐག་ངའི་སྒྲ་འཛིན་གྱི་བུ་གར་འགོག་མེད་དུ་འཁོར་ཡོང་བ་ནི་ཁ་ན་ཏའི་གཞས་མ་སེ་ལེན་རྡས་འུན་གྱིས་བླངས་པའི"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན" ཞེས་པའི་གླུ་དབྱངས་དེ་རེད། འདི་ནི་ཨ་ལོ་ཆེས་དགའ་བའི་གླུ་དབྱངས་ཤིག་རེད།
ཁོས་དབྱིན་ཡིག་མི་ཤེས་ནའང་ནམ་རྒྱུན་གླུ་དབྱངས་འདིའི་འགྱུར་ཁུགས་ལ་མྱོང་རོལ་བྱེད་ཐེངས་རེ་རེ་ནི་ནང་སེམས་ཀྱི་འཇིག་རྟེན་ལ་ལྐོག་ཉན་བྱེད་ཐེངས་རེ་རེ་རེད། གླུ་དབྱངས་དེའི་ཞི་འཇམ་དང་ངར་ཤུགས། འཕག་འཚག་དང་སྐྱོ་ངལ་གྱི་དབྱངས་འགྲོས་དེས་ཁོ་ལ་མི་ཚེའི་ལམ་བུ་ཞིག་སྟོན་གྱིན་པའི་སྣང་བ་སྐྱེ།
ཨ་ལོ་གླུ་དབྱངས་འདི་ལ་ཉན་པར་དགའ་བ་ནི་ཁོ་རང་ཚེ་ལས་མ་འདས་གོང་གི་ལོ་ངོ་གཉིས་གསུམ་རིང་གི་དོན་དག་ཅིག་རེད། སྔོན་ཆད་ཁོ་རང་འདི་ལྟ་བུའི་སྐྱོ་ཤས་ཅན་གྱི་གླུ་གཞས་ལ་ཉན་པར་སྤྲོ་བ་མེད་པ་འདྲ་སྟེ། ཐེངས་ཤིག་ང་ཚོའི་སློབ་ཆུང་གི་སློབ་གྲོགས་ལྷན་འཛོམས་ཀྱི་སྐབས་སུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་དབྱིན་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་གྲོགས་ཤིག་གིས་དབྱིན་སྐད་ཀྱི་གླུ་དབྱངས་འགའ་གཅིག་རྗེས་གཉིས་མཐུད་ནས་བླངས་པར། ཨ་ལོས"གོ་རྒྱུ་མེད་པའི་སྡུག་གླུ་དེས་ཅི་བྱེད། དེ་ལས་རྡུང་ལེན་སྙན་མོ་ཞིག་ལ་ཉན་པས་དགའ"ཞེས་བཤད་མྱོང་། ཡིན་ནའང་། ལོ་ངོ་ལྔ་ཡི་རྗེས་སུ་ང་ཚོ་སླར་ཡང་འཛོམས་དུས། ཁོ་རང"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་པའི་གླུ་དབྱངས་འདི་ལ་དགའ་བ་ཙམ་མིན་པར། དེ་ཁོའི་ཤ་གསེང་རུས་གསེང་དུ་འཐིམ་འདུག་ཅེས་བཤད་ཆོག ཐ་ན་ཁོ་དང་འགྲོགས་ཏེ་ཡོང་བའི་སྐར་མ་སྒྲོལ་མ་ཡང་གླུ་དབྱངས་འདི་ལ་ཉན་པར་ཧ་ཅང་དགའ་བར་གྱུར་འདུག
ཨ་ལོ་ཚེ་ལས་འདས་དུས་ཁོའི་ཁ་པར་དུ་ད་རུང་གླུ་དབྱངས་འདི་གྲག་གིན་འདུག་ཅེས་ཁོའི་ཨ་མ་ཀུན་སྐྱིད་ཀྱིས་བཤད་མྱོང་། འོན་ཀྱང་སྐབས་དེར་ང་ཚོ་སུས་ཀྱང་གླུ་དབྱངས་འདིར་དེ་འདྲའི་དོ་སྣང་ཆེན་པོ་མ་བྱས། རྗེས་སུ་ང་ཚོའི་སློབ་གྲོགས་འགས་གྲོས་འགོ་བཏོན་ཏེ་ཨ་ལོའི་སྙན་ངག་དང་འབོལ་རྩོམ་སོགས་ཕྱོགས་བསྒྲིགས་བྱས་ཏེ་རྗེས་དྲན་གྱི་དཔེ་ཆ་ཞིག་དཔར་རྒྱུའི་གྲོས་ཐག་བཅད། ཨ་ལོ་ནུབ་བྱང་མི་རིགས་སློབ་ཆེན་དུ་སོང་བ་ནས་བཟུང་རྩོམ་རིག་དང་མཚན་ཉིད་རིག་པར་ཧ་ཅང་དགའ་བར་གྱུར། ཁོས་ནམ་རྒྱུན་དེ་འབྲེལ་གྱི་བརྩམས་ཆོས་གྲགས་ཅན་མང་དུ་བཀླགས་པས་རྩོམ་རིག་བློ་སྦྱོང་དང་བསམ་བློའི་གོ་རྟོགས་སོགས་ཀྱི་ཆ་ནས་ན་མཉམ་ཚོའི་རྩེ་གྲར་གྱུར། དེ་བས། ཁོས་རྩོམ་ཡིག་མི་ཉུང་བ་ཞིག་བྲིས་ཡོད་པ་མ་ཟད་རྒྱུ་སྤུས་ཀྱང་ངེས་ཅན་ལྡན། ང་ཚོ་རྫོང་མཁར་དུ་ཡོད་པའི་ཁོའི་མལ་ཁང་དུ་སོང་སྟེ་རྩོམ་ཡིག་སྡུད་སྒྲིག་བྱེད་སྐབས། ཨ་ལོ་རང་ཉིད་ཀྱིས་བྲིས་པའི«རང་རྣམ»ཐུང་ངུ་ཞིག་རྙེད་བྱུང་། འདི་ནི་ང་ཚོའི་ཡིད་ལའང་མ་དྲན་པའི་ལག་ཡོང་ཆེན་པོ་ཞིག་རེད། ཨ་ལོའི«རང་རྣམ»ནི་འཐབ་འཛིང་གི་ལོ་རྒྱུས་ཤིག་རེད། འཐབ་འཛིང་འདི་ནི་མཛེས་སྡུག་གི་རོལ་དབྱངས་ཤིག་ཅི་ལ་མིན།
2
ལོ་དེར། ང་རང་ཟི་ལིང་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། ཕ་ཡུལ་དུ་ཐོན་མ་ཐག་རྐང་ཐང་དུ་མགྲོན་ཁང་ཞིག་བཙལ་དུ་འགྲོ་དགོས་བསམ་དུས། རྐང་སྣམ་བརླ་ཁུག་ནང་གི་ཁ་པར་གྱི་སྒྲ་གྲགས་བྱུང་། ཨ་ལོ་དང་མ་ཕྲད་པར་ཡུན་རིང་འགོར་བས་དེ་རིང་གློ་བུར་དུ་ཁ་པར་གཏོང་དོན་ཅི་ཡིན་སྙམ་ཞོར་ཁོ་ལ་ལན་བྱིན་པ་ཡིན།
"ཨ་རོག ཕྱིར་ཐོན་ནའང་ཁ་པར་ཞིག་ཀྱང་མི་གཏོང་དོན་ཅི་ཡིན། "
"ང་རྫོང་ཐོག་ཏུ་ཐོན་ཡོད་པ་ཁྱོས་ཇི་ལྟར་ཤེས་པ་ཡིན། "
"ཁྱོས་སྐད་འཕྲིན་རྒྱབ་ལོགས་སུ་བསྐུར་བའི་བརྙན་དེ་མཐོང་བྱུང་། "
སྐད་ཆ་དེ་ཐོས་མ་ཐག་གཟོད་རང་གིས་རྫོང་གི་ཉེ་འདབས་ཀྱི་མཛེས་ལྗོངས་ཤིག་བརྙན་དུ་ཕབ་ནས་སྐད་འཕྲིན་རྒྱབ་ལོགས་སུ་བསྐུར་བ་དྲན་བྱུང་། ངས་རྒྱབ་ཁུག་རྡོ་ཐེམ་ཞིག་གི་སྟེང་དུ་བཞག་ནས་ཨ་ལོར་བསྒུགས་ནས་བསྡད། ཨ་ལོ་དང་ངེད་གཉིས་ནི་ཁོག་མ་གཅིག་གི་ནང་ནས་འཐུང་སྟེ་རྩག་པ་གཅིག་གི་ནང་ནས་ནར་སོན་པའི་ཆུང་གྲོགས་དྲི་མ་མེད་པ་ཞིག་ཡིན། ཨ་ལོ་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཐད་ཀར་ལས་ཀར་ཞུགས་པ་དང་། ང་རང་དངོས་གཞི་མཐར་ཕྱིན་རྗེས་ཟི་ལིང་དུ་བསྡད་དེ་ལོ་འགའ་ལ་དབྱིན་ཡིག་སྦྱངས་པ་དང་། དེ་ནས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་དེ་སློབ་གྲྭར་སོང་བས་ངེད་གཉིས་ལོ་འགའི་རིང་ལ་ཕན་ཚུན་ཐུག་འཕྲད་མ་བྱུང་པར་ལུས་སོང་། ཡིན་ནའང་། ཆུང་དུས་ནས་བཞག་པའི་མཛའ་བརྩེའི་བག་ཆགས་ནི་ལྷད་མེད་ཅིང་འགྱུར་དཀའ་བ་ཞིག་ཡིན་པས། དེ་རིང་ཕྲད་ཚེ་སྔར་བཞིན་ཁ་ཡག་ངོ་དགའ་དང་སྒམ་ཚུགས་སོགས་ཅི་ཡང་མི་དགོས་པར་སེམས་སུ་ཅི་དྲན་ཁ་ནས་དྲང་མོར་བཤད་ཆོག འདི་ནི་དེང་རབས་སྤྱི་ཚོགས་སུ་མཐོང་བར་དཀོན་པའི་བརྩེ་འདང་གི་བར་ཐག་ཅིག་རེད། སྐབས་རེར་འདི་ལྟ་བུའི་བར་ཐག་མེད་པའི་བརྩེ་འདང་གིས་མི་ལ་ཆག་འཇིག་བསླང་ཡང་སྲིད།
"ཅི་ཞིག་ལ་འདང་རྒྱག་གིན་ཡོད། ཐོག་མར་ངེད་ཚང་ལ་འགྲོ། དེ་ནས་ཁྱོད་རང་གིས་འདང་དགའ་ཞིག་རྒྱོབས། འགྲོ། "
ཨ་ལོའི་སྐད་ཆ་དེས་ང་རང་ཕྱིར་དྲན་ལས་སད་དུ་བཅུག་བྱུང་། ངས་རྒྱབ་ཁུག་རླངས་འཁོར་གྱི་རྒྱབ་སྒྲོམ་དུ་བཅུག་རྗེས་རླངས་འཁོར་དུ་བུད་དེ་ལམ་ལ་ཆས། རླངས་འཁོར་འདི་ཉོ་བའི་ཆེད་དུ་ཨ་ལོས་གཉེན་ཉེ་དང་གྲོགས་པོ་མང་པོ་ཞིག་གི་གདོང་གི་དཀར་ནག་འཚོ་དགོས་བྱུང་། སྐབས་དེར་ཨ་ལོ་ནི་ཀླུ་ཁོག་ཕྱུགས་ཟོག་འགན་བཅོལ་ཀུང་ཟིའི་པར་ལེན་པ་ཞིག་ཡིན་ནའང་། ཟླ་ཕོགས་ཧ་ཅང་དམའ་བས་གསོག་དངུལ་ཞིག་ཕར་ཞོག ཆེས་མ་མཐའི་འཚོ་བའི་འགྲོ་སྒོ་ཡང་ཁག་ཙམ་ཡོད་པས། རླངས་འཁོར་ཞིག་ཉོ་དགོས་ཚེ་འགྲོ་སྒོ་ཡོད་ཚད་གཞན་ལག་ནས་བསྐྱི་རྒྱུ་ལས་ཐབས་མེད། སྤྱིར་བཏང་ཀླུ་ཁོག་རྫོང་གི་ན་གཞོན་མང་པོ་ཞིག་གིས་རྫིག་རྫིག་རྔམ་རྔམ་གྱིས་བསྐོར་བའི་རླངས་འཁོར་དང་འདུག་སའི་ཁང་གསར་ཕལ་ཆེ་བ་ནི་ཕ་མའི་སྒོར་མོ་བཏང་སྟེ་ཉོས་པ་རེད། ཡིན་ནའང་། ཨ་ལོ་ཚང་ནི་སྒ་ཁིས་སྡེ་བའི་འབྱོར་བ་ཆེས་ཞན་པའི་ཁྱིམ་ཚང་ཞིག་ཡིན་པས་ཨ་ལོར་རོགས་བྱ་རྒྱུའི་སེམས་ཡོད་ཀྱང་ཤུགས་མེད། དེ་ལས་ལྡོག་སྟེ་སྐབས་རེར་ཨ་ལོའི་ཟླ་ཕོགས་ལས་བརྒྱ་ཤོག་འགའ་རེ་ཕ་མ་གཉིས་ལ་སྟེར་གྱིན་ཡོད། མི་ལ་ལས་ཨ་ལོ་ལ"རང་ཁ་མི་སོས་བཞིན་དུ་གཞན་ལ་སྦྱིན་པ་ཞིག་མི་མཛའ"ཟེར་དུས། ཁོའི་བསམ་པར་རང་ཉིད་སྤྲང་ནས་ལྟོགས་དགོས་ཀྱང་ཕ་མ་གཉིས་ལྟོགས་སུ་འཇུག་མི་རུང་འདོད། དེ་བས། རླངས་འཁོར་འདི་ཡང་ཕ་མ་གཉིས་ལ་གསང་སྟེ་རང་ཉིད་ནས་སྒོར་མོ་བསྐྱིས་ཏེ་ཉོས་པ་རེད།
"རླངས་འཁོར་བློར་འབབ་ཅིག་རེད་ཡ། ཡར་མར་ལ་འགྲོ་དུས་སྟབས་བདེ་རེད།"
ངས་ཅུང་ཟད་ཡིད་སྨོན་གྱི་ངང་དེ་ལྟར་བཤད་མ་ཐག་ཨ་ལོས་བསྒག་ཟྭ་གནོན་ཞོར"ང་ལྟ་བུ་ཞིག་ལ་མཚོན་ན་རླངས་འཁོར་ནི་དོང་ཞབས་མེད་ཅིག་རེད། དེ་ལས་བུ་ཕྲུག་ཅིག་གསོས་ན་དེར་འགྲོ་སྒོ་ཉུང་བ་འདྲ། འོན་ཀྱང་མི་ཉོ་རང་དབང་མི་འདུག དུས་རབས་ཀྱི་རླབས་ཟེར་བ་འདིས་མི་ཉམ་ཆུང་ཚོ་གྲག་མེད་འགུལ་མེད་དུ་བསྣུབ་འགྲོ་བ་རེད"ཟེར། སྐད་ཆ་འདི་ཐོས་མ་ཐག་ངས་ཨ་ལོ་ནི་སློབ་ཆེན་སྐབས་ཀྱི་ཨ་ལོ་མིན་པར་ཨ་ལོ་གཞན་ཞིག་ཏུ་འགྱུར་འདུག་པ་ཚོར། ང་རང་མཚར་སྣང་སྐྱེས་ཏེ"ཁྱོད་ལ་ཅི་བྱུང་། སྔོན་ཆད་ཁྱོད་ནི་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་ན་གཞོན་ཞིག་ཡིན། ད་ལྟ་སྐྱོ་སྣང་དང་ཐེ་ཚོམ་གྱིས་བཟུང་འདུག་པ་ཅི་རེད"ཅེས་ཕུགས་འདྲི་ཞིག་བྱས་པ་ཡིན། ཁོས་དངན་པ་རིང་བོ་ཞིག་འཐེན་ཞོར་གཡས་ལག་གིས་དུ་བ་རྐང་གཅིག་བླངས་ཏེ་མེ་བསྒོས་རྗེས་གཡོན་ཕྱོགས་ཀྱི་སྒེའུ་ཤེལ་སྒོ་མར་ཕབ་བྱུང་། སྒེའུ་ཁུང་ལས་མདུན་ཕྱོགས་ཀྱི་ཆབ་བྲག་དབུ་རྩེར་བལྟས་ཏེ"ལོ་ངོ་འདི་དག་གི་རིང་ལ། ཕ་ཡུལ་ལ་འཕེལ་འགྱུར་ཇི་འདྲའི་ཆེན་པོ་ཞིག་བྱུང་ཡོད་པ་རེད་ཨང་། དེ་བཞིན་ངའི་འཚོ་བ་དང་མི་ཚེ་ལའང་གཏམ་རྒྱུད་ཧ་ཅང་མང་པོ་ཞིག་བྱུང་། འདི་དག་ཁྱོད་ཀྱིས་མཐོང་མེད་ལ་ཐོས་ཀྱང་མེད་ལས་ཆེ། ཡང་གཅིག་བཤད་ན་ང་གཅིག་པུ་འགྱུར་སོང་བ་མིན་ཏེ། ཁྱོས་ལྟོས་དང་། སློབ་ཆེན་ནས་ཐོན་མ་ཐག་གི་ན་གཞོན་ཕུགས་བསམ་ཅན་དང་དཔེ་ཆ་པ་དེ་ཚོ་ད་ལྟ་གང་དུ་བུད་སོང་བ་རེད། དངོས་ཡོད་འཚོ་བའི་བྲན་དུ་གྱུར་སོང་བ་མིན་ནམ། ང་དང་གཅིག་མཚུངས་རེད"ཟེར།
སྐབས་དེར་ངའི་སེམས་སུ་ཁོས་སློབ་ཆེན་སྐབས་སུ་བཤད་པའི་སྐད་ཆ་ཞིག་འཁོར་བྱུང་། ཐེངས་ཤིག་ང་ཚོ་ན་གཞོན་སྐོར་ཞིག་གིས་སྐད་འཕྲིན་བརྒྱུད་དེ་བགྲོ་གླེང་བྱེད་སྐབས། ཁོས་སྤོབས་པ་ཆེན་པོའི་ངང"རང་ཉིད་ཀྱི་འཚོ་བ་དང་མི་ཚེ་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་དགོས། ང་ཚོ་ནི་འཚོ་བའི་བྲན་གཡོག་མིན་པར་འཚོ་བའི་བཀོད་འདོམས་པ་ཡིན"ཟེར། དེ་དུས་ང་ཚོས་ཁོ་ལ་མཐེབ་རྒན་དང་རྒྱ་སེ་མེ་ཏོག་གི་ཚོན་རིས་གྲངས་མེད་ཅིག་བསྐུར་མྱོང་།
"ཤག་པོ། མར་བོབས་དང་། ཁྱིམ་དུ་འགྲོ "
དུས་ཚོད་འདས་འགྲོ་བ་ཇི་འདྲའི་མགྱོགས་ཨང་། ངའི་སྣང་བར་སྐར་ཆ་འགའ་ལས་མ་འགོར་བར་ཨ་ལོ་ཚང་ལ་ཐོན་ཟིན། ཨ་ལོས་དབུལ་སྐྱོར་གཞིས་ཁུལ་དུ་ཁང་བ་ཆུང་ཆུང་ཞིག་གླས་ནས་བསྡད་འདུག གཞིས་ཁུལ་དེ་ནི་ཀླུ་ཁོག་རྫོང་གི་ཤར་མཐའི་ཀླུ་ཆུའི་འགྲམ་དུ་ཡོད། དེ་ནས་རྫོང་སྲིད་གཞུང་ལ་རྐང་ཐང་དུ་སོང་ན་ཆུ་ཚོད་ཕྱེད་ཀ་ཙམ་འགྲོ་དགོས་པ་འདྲ། ཨ་ལོའི་མལ་ཁང་ནི་ཁང་རྩེག་གསུམ་པའི་ཉིས་ཐོག་ཅིག་ཏུ་ཡོད། ཁང་བའི་རྒྱ་ཁྱོན་ཆུང་ཡང་དཀར་འོད་གསལ་བ་དང་མཐའ་འཁོར་ཅུང་ལྷིང་འཇགས་ཡིན་པས་དཔེ་ཆ་བ་ཞིག་ལ་ཧ་ཅང་འཚམས་པ་འདྲ། ཐང་གཅལ་དུ་འགྱིག་གདན་ཁྲ་ཁྲ་ཞིག་བཏིངས་པའི་སྟེང་ལྕགས་ཀྱི་ཅོག་ཙེ་སྣ་རིང་ཞིག་བཞག་འདུག་ལ། ཅོག་ཙེའི་གཡས་ཕྱོགས་སུ་གློག་གི་དྲོད་རླངས་ཤིག་ཁ་ཚུར་བསྐོར་ཏེ་བཞག་ཡོད་པའི་གམ་དུ་བྷོར་ཧི་ཞིའི«བྱེ་མའི་དཔེ་ཆ»ཞེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་ཤིག་ཁ་ཕྱེ་སྟེ་བཞག་འདུག ཕར་བལྟས་ན་ཡུན་རིང་དེབ་དེར་མ་བལྟས་པ་འདྲ། ང་རང་ཅོག་ཙེའི་འགྲམ་གྱི་རྐུབ་སྟེགས་ཤིག་གི་སྟེང་དུ་ཙོག་སྟེ་ཁང་བའི་གྲུ་ཁ་སོ་སོར་ཡང་བསྐྱར་མིག་ཉུལ་ཐེངས་གཅིག་བྱས་པ་ཡིན། བརྙན་འཕྲིན་དང་འབོལ་ཁྲི་སོགས་གཅིག་ཀྱང་བཞག་མེད་པས་ཕལ་བའི་འཚོ་བ་ཡི་མཛེས་པ་ཞིག་ཚོར་བྱུང་།
"འཚོ་བ་ནི་མ་གཞི་ནས་འདི་འདྲ་ཞིག་ཡིན་ན་འགྲིག་འདུག"ཅེས་སྐད་ཆ་ཞིག་ངག་ལས་དབང་མེད་དུ་ཤོར། ཨ་ལོ་ཅུང་ཙམ་དོགས་མ་བདེ་ལྟར་དགོད་ཙམ་བྱས་ཏེ"ང་ལྟ་བུས་དེ་ལྟར་རང་སེམས་རང་གསོ་དང་རང་མགོ་རང་གཡོག་བྱ་རྒྱུ་ལས་ཐབས་ཅི་ཡོད། དགེ་འདུན་ཆོས་འཕེལ་གྱིས་སྔོན་ནས་གསུངས་ཡོད་པ་མིན་ནམ། སྤྲང་བོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད། ། ལྟོགས་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས། ། "ཟེར། ཨ་ལོས་དེ་ལྟར་ཤོད་ཞོར་ཆུ་ཁོལ་དཀར་ཡོལ་གང་བླུགས་ཏེ་གོ་རེ་སྡེར་མ་གང་དང་མཉམ་དུ་ངའི་མདུན་ལ་བཞག་རྗེས། ཁ་པར་ལས"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་པའི་དབྱིན་སྐད་ཀྱི་གླུ་དབྱངས་དེ་བཏང་། དེའི་འགྱུར་ཁུགས་ཁྲོད་ནས་ངེད་གཉིས་ལ་སྨྲ་བ་མེད་པར་ཡུད་ཙམ་ལུས།
"ཁྱོད་ཀྱིས་དབྱིན་སྐད་ཀྱི་གླུ་དབྱངས་ལ་གོ་རྒྱུ་མེད་ཁུ་ཟེར་བ་མིན་ནམ། ད་ལྟ་འདི་འདྲའི་སྐྱོ་ཤས་ཆེ་བའི་གླུ་དབྱངས་ཤིག་ལ་ཉན་པར་དགའ་དོན་ཅི་ཡིན། "ངས་ཨ་ལོས་སྔོན་ཆད་དབྱིན་སྐད་ཀྱི་གླུ་དབྱངས་ཉན་པ་མཐོང་མ་མྱོང་བས་གློ་བུར་དུ་དེ་ལྟར་དྲིས།
"ངའི་འཚོ་བ་དང་མི་ཚེ་ནི་གླུ་དབྱངས་འདིའི་དབྱངས་འགྲོས་དང་ཧ་ཅང་འདྲ་བའི་སྣང་བ་སྟེར། ངའི་འཚོ་བས་ང་ལ་གླུ་དབྱངས་འདི་ལེགས་སྐྱེས་སུ་ཕུལ་བ་རེད། ངས་གླུ་དབྱངས་འདིའི་དབྱངས་འགྲོས་ལ་མྱོང་གིན་མྱོང་གིན་རང་ཉིད་ཀྱི་གཏམ་རྒྱུད་ཡོད་ཚད་མིག་ལམ་དུ་ཤར་ཡོང་བའི་སྣང་བ་སྐྱེ། དབྱངས་འགྲོས་འདིའི་ཞི་འཇགས་དང་ངར་ཤུགས། འཕག་འཚག་དང་སྐྱོ་དུབ་ནི་ཁ་དོག་དང་གསོན་ཤུགས་ཀྱིས་ཕྱུག་པའི་ཚེ་སྲོག་གི་རླབས་རྒྱུན་ཞིག་ཅི་ལ་མིན"ཟེར་བཞིན་ངའི་གདོང་ལ་བལྟས་ཏེ"ངས་ཁྱོད་ལ་བཤད་མྱོང་བའི་སྐར་མ་སྒྲོལ་མ་དང་ངེད་གཉིས་ཀྱི་དོན་དག་དེར་ཕལ་ཆེར་རེ་བ་མེད་པ་འདྲ། "ཞེས་འུ་ཐུག་པའི་ཉམས་ཤིག་མངོན་ཏེ་སྐད་གདངས་དམའ་མོས་བཤད།
"ཁྱོད་གཉིས་ཀྱིས་དོན་དངོས་ཐོག་ཅི་ཞིག་རྩོད་ཀྱི་ཡོད། དེང་སང་ན་གཞོན་ཕོ་མོ་སུ་ཞིག་ཡིན་རུང་རང་དབང་རང་འཐད་ཀྱིས་རང་གི་མི་ཚེའི་འདུན་མ་རང་གིས་ཐག་གཅོད་བྱེད་བཞིན་ཡོད། ཁྱོད་གཉིས་ཕར་དགའ་ཚུར་དགའ་དང་ཁྱོད་དུངས་མོ་དུངས་རེད། ད་ལྟ་ཁྱོད་གཉིས་ཀྱི་བར་དུ་འགལ་བ་ཅི་ཞིག་ཡོད། "ང་རང་ཅུང་ཟད་ཁྲོས་ཏེ་དེ་ལྟར་འདྲི་རྩད་བྱེད་དགོས་བྱུང་སོང་། ཨ་ལོ་ཁུ་སིམ་མེར་ཡུན་ཙམ་བསྡད་རྗེས་ང་ལ་ཁོ་དང་སྐར་མ་སྒྲོལ་མའི་གཏམ་རྒྱུད་ཅིག་བཤད་བྱུང་།
3
དབྱར་ཟླ་ལྔ་བ་ཚེས་བྱུང་། ཡིན་ནའང་། ཀླུ་ཁོག་རྩྭ་ཐང་དུ་ད་དུང་ཁ་བ་འབབ་ཀྱིན་འདུག རྒྱང་རིང་གི་དཔའ་བོ་ངར་ལངས་དང་མདུན་གྱི་ཆབ་བྲག་དབུ་རྩེ་སྨུག་སྤྲིན་ནག་པོ་ཞིག་གིས་ཡོངས་སུ་བཏུམས་འདུག་པས་དེ་དག་གངས་ཀྱིས་བཟུང་ཡོད་མེད་མཐོང་དཀའ་མོད། སོ་ཕག་ལྟར་གཤིབ་པའི་ཁང་ལེབ་དང་སྡོང་སྐམ་ལྟར་གཟེངས་པའི་ཁང་རྩེག་གི་སྟེང་དུ་བབས་པའི་ཁ་བ་ད་དུང་ཞུ་མེད་པས་ཕར་བལྟས་ན་རྫོང་མཁར་འདི་ཕྱར་བ་དཀར་པོ་ཞིག་གིས་མནན་འདུག་པའི་སྣང་བ་འགོག་མེད་དུ་སྟེར། ཁང་ལེབ་ཏུ་སྡོད་པའི་ཁྱིམ་ཚང་དག་གིས་རང་ཚང་གི་སྒོ་འགྲམ་གྱི་ཁ་བ་འཕྱག་གིན་ཡོད་ལ། དེའི་ཉེ་འགྲམ་ཀུན་ཏུ་བྱིས་པ་སྐོར་དང་སྐོར་བྱས་ཏེ་ཁངས་རྩེད་བྱེད་ཀྱིན་འདུག དཀར་བོང་བོང་གི་འཇིག་རྟེན་འདིའི་ཁྲོད་དུ་ཤར་ནས་ནུབ་ཏུ་འཐེན་པའི་གཞུང་ལམ་ཁོ་ན་ནག་ཤུར་རེ་དཔྱངས་འདུག
ཨ་ལོའི་ཨ་མ་ཀུན་སྐྱིད་ཀྱང་དེ་རིང་ནམ་མ་ལངས་གོང་དུ་གཞུང་ལམ་འདི་དེད་ནས་ཨ་ལོའི་མལ་ཁང་དུ་ཐོན། ཀུན་སྐྱིད་སློབ་ཆུང་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭར་འགྲོ་བའི་བསྐལ་བ་ཆད་དེ་གནས་ལ་འགྲོ་དགོས་བྱུང་། ཁོ་མོ་ནི་ཡར་དཀོན་མཆོག་གསུམ་ལ་དད་པ་ཆེ་ཞིང་ཁྱིམ་བཟའ་ཚང་ལ་འདང་བརྩེ་ཆེ་བའི་སྲོལ་རྒྱུན་གྱི་འབྲོག་མོ་རྣལ་མ་ཞིག་རེད། དེ་རིང་ཁོ་མོའི་མིག་མདངས་སུ་དངངས་འཚབ་དང་སེམས་ཁུར་གྱི་འོད་ཅིག་འཕྲོ་བཞིན་ཡོད་ལ། ཨ་ལོའི་མལ་ཁང་དུ་ཐོན་པ་ནས་ངལ་གསོ་ཙམ་ཡང་མ་བྱས་པར་ཁྱིམ་ལ་གད་བདར་བྱེད་བཞིན་འདུགཨ་ལོས་ཨ་མ་ཀུན་སྐྱིད་ཀྱི་སེམས་ན་དོན་དག་ཅིག་ཡོད་པ་ཤེས་ཏེ"ཨ་མ། ཁྱོད་དེ་རིང་ཡོང་དོན་ཅི་ཡིན"ཞེས་དྲིས་པར། ཀུན་སྐྱིད་ཀྱིས་མྱུར་དུ་ཨ་ལན་མ་བྱིན་པར་གཙང་སྦྲ་བྱས་ཚར་རྗེས་ཨ་ལོའི་གམ་དུབསྡད་དེ"ཨ་མའི་བུ་རྒོད། ཁྱོད་ཀྱི་དོན་དག་དེ་འགྲུབ་རྒྱུ་མིན་ཁ་རེད། ཁ་སང་ཁྱོད་ཀྱི་ཨ་ཕ་གཉེན་སློང་དུ་སོང་མོད་སྐད་ཆ་ཡག་པོ་ཞིག་མ་ལོན་ཐལ་ཟེར"ཞེས་བཤད་བྱུང་། ཀུན་སྐྱིད་ཀྱིས་བཤད་པའི"ཁྱོད་ཀྱི་ཨ་ཕ"ཞེས་པ་ནི་དོན་དུ་ཨ་ལོའི་ཨ་ཕ་མིན་ཏེ་ཨ་ལོའི་ནུ་བོའི་ཨ་ཕ་རེད། ལོ་དེར་ཀུན་སྐྱིད་སློབ་གྲྭ་ནས་ཕྱིར་འབུད་དགོས་དོན་ནི་ཨ་ལོ་ལུས་ལ་འཁོར་བས་མི་འབུད་ཐབས་མེད་བྱུང་། ཁོ་མོ་རང་ལོ་བཅུ་གསུམ་སྟེང་སློབ་གྲྭར་ཞུགས་ཏེ་རང་ལོ་བཅུ་དགུའི་སྟེང་ཨ་ལོ་སྐྱེས་པ་རེད། ཀུན་སྐྱིད་དང་མོའི་སྐྱེས་པ་བློ་བཟང་གཉིས་ཀས་ཨ་ལོ་ལ་དོན་དག་འདི་གཏན་ནས་གླེང་མ་མྱོང་ལ་གླེང་ཡང་མི་སྲིད། འོན་ཀྱང་ཨ་ལོའི་སེམས་ནས་དོན་དག་འདི་གསལ་པོར་ཤེས་ཡོད། ཆུང་དུས་སུ་ནུ་བོ་དང་མཉམ་དུ"ཨ་ཕ"ཚང་ལ་འགྲོ་ཐེངས་རེར་ཚོར་བ་དེ་ཐེངས་གང་མང་ལ་བྱིན་མྱོང་། ཨ་མེས་ཀྱིས་རྒྱུན་དུ་ཨ་ལོའི་ནུ་བོ་ལ"ངེད་ཚང་གི་རུས་རྒྱུད་ངོ་མ་ཞིག་རེད། ངེད་ཚང་གི་མི་རྒྱུད་ལ་རིག་པར་ལྟོས་དང"ཞེས་ཀུན་ལ་ངོམ་སོ་བྱེད། འོན་ཀྱང་ཨ་ལོ་ལ་སྐད་ཆ་དེ་འདྲ་ཐེངས་གཅིག་ཀྱང་བཤད་མ་མྱོང་། སྐབས་དེར་ཨ་ལོ་ལོ་ན་ཆུང་བས་དོ་སྣང་ཆེན་པོ་མ་བྱས་མོད། ནར་སོན་རྗེས་ན་མཉམ་ཚོའི་ཁ་ནས་དེ་འབྲེལ་གྱི་སྐད་ཆ་སྣ་ཚོགས་གོ་བས་ཡིད་མི་ཆེས་རང་ཆེས་སུ་གྱུར།
"ཅིའི་ཕྱིར། སྐར་མ་སྒྲོལ་མ་ལ་ཕ་མ་མེད་པས་གནས་ལ་མི་སྟེར་དོན་ཅི་རེད། "
"ཁོ་མོའི་ཨ་ཞང་འཐད་པ་མ་རེད་ཟེར། "
སྐར་མ་སྒྲོལ་མ་ནི་ཆུང་དུས་ནས་ཨ་ཕ་མེད་ལ་ཨ་མ་ཡང་འདས་སྔ་བའི་དྭ་ཕྲུག་ཅིག་རེད། ཁོ་མོའི་ཨ་མའི་ནུ་བོ་སྟེ་ཨ་ཞང་གིས་མོ་བསྙོར་ནས་ནར་སོན་པ་རེད། ཨ་ཞང་གིས་སྔ་གཞུག་ཏུ་གཉེན་སྒྲིག་ཐེངས་གསུམ་བྱས་ཀྱང་རྒྱུན་མ་འཁྱོངས་པས་ད་ལྟ་མི་རྐྱང་དུ་བསྡད་ཡོད། ཁོའི་བལྟ་ས་དང་རེ་ས་ཉག་ཅིག་ནི་སྐར་མ་སྒྲོལ་མ་ཡིན་པ་སྨོས་ཅི་དགོས། སྐར་མ་སྒྲོལ་མས་ཀྱང་ཨ་ཞང་ལ་ཁྲེལ་མེད་དང་རྒྱབ་འགལ་བྱ་མི་རུང་ཚུལ་ཨ་ལོ་ལ་ཐེངས་གང་མང་བརྗོད་མྱོང་། ཐེངས་སྔོན་མར་ཨ་ལོ་དང་སྐར་མ་སྒྲོལ་མ་གཉིས་ཀྱིས་གཉེན་དོན་གྱི་སྐོར་ཁ་བརྡ་བྱེད་སྐབས་ཁོ་མོས་རེ་སྨོན་དྲག་པོས"དཀོན་མཆོག་མཁྱེན། ཨ་ཞང་གིས་ང་ཁྱོད་ཚང་དུ་གནས་ལ་སྟེར་བར་སྨོན། ཨ་ཞང་གིས་མ་བྱིན་ཚེ་འུ་གཉིས་ཀྱིས་ཅི་བྱ་འོས། "ཞེས་ཨ་ལོའི་བྲང་ཁར་མགོ་བོ་བཞག་སྟེ་གཉོམ་དུང་དུང་གིས་བཤད། ཨ་ལོ་ཅུང་མ་དགའ་བར"ཁྱོད་ནི་ཁོའི་བུ་མོ་མ་རེད། ཁོར་ཁྱོད་ཀྱི་མི་ཚེའི་མདུན་ལམ་ཐག་གཅོད་བྱེད་པའི་དབང་ཆ་གང་ན་ཡོད། ཡང་གཅིག་བཤད་ན་ཁོས་ཁྱོད་ཀྱི་བདེ་སྐྱིད་དང་བསམ་ཚུལ་ལ་འདང་བརྒྱག་འོས་ཏེ། ད་ལྟ་སྔོན་ཆད་ལྟར་ཕ་མའི་རྩིབ་ནས་ཚེ་གང་བོར་བསྡད་དེ་སྙོར་སྐྱོང་བྱེད་མཁན་ནི་ཧ་ཅང་ཉུང་། ན་གཞོན་མང་ཆེ་བས་གྲོང་ཁྱེར་དུ་ལས་ཀ་གཉེར་གྱིན་ཡོད་པས་མཉམ་དུ་འདུག་ཐབས་མེད་པ་འདྲ། གལ་ཆེ་བ་ནི་འུ་ཚོས་རང་ཁ་རང་གསོ་བྱས་ཏེ་ཕ་མ་ལ་དཀའ་ལས་མི་གཏོད་རྒྱུ་དེ་རེད། དེ་བས། ཁྱོད་ཚང་གི་ཨ་ཞང་གིས་ཁྱོད་རང་གནས་ལ་སྟེར་སྲིད། "ཅེས་སེམས་གསོ་བྱེད་པ་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་།
"སྐར་མ་སྒྲོལ་མ་ནི་ངའི་ཡ་ཐོད་ཀྱི་མིག་དང་མ་ཁོག་གི་སེམས་ཡིན། ཁོ་མོ་ནི་ངའི་ལ་རིང་བོར་འགོ་བའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་ཡིན། གལ་ཏེ་སྐར་མ་སྒྲོལ་མ་རང་ཉིད་ཀྱིས་ང་རང་གཅིག་པུར་བསྐྱུར་ཏེ་གནས་ལ་འགྲོ་བར་འཐད་པ་ཡིན་ན་ངས་ཚིག་གཅིག་ཀྱང་མི་བཤད་ཁོ་ཐག་ཡིན། གལ་ཏེ་དེ་ལྟར་མིན་ན་ངས་མོ་གནས་ལ་མི་སྟེར་ཁོ་ཐག་ཡིན། "འདི་ནི་སྐར་མ་སྒྲོལ་མའི་ཨ་ཞང་གིས་ཨ་ལོའི་ཨ་ཕར་བཤད་པའི་སྐད་ཆ་རེད། ཀུན་སྐྱིད་ཀྱིས་སྐད་ཆ་འདི་ཨ་ལོར་བཤད་རྗེས་མདུན་གྱི་གྱང་ངོས་སུ་ཧད་དེ་འདང་རྒྱག་གི་ནང་དུ་ལྷུངས་འདུག དུས་ཡུན་རིང་ཙམ་འགོར་རྗེས་གཞི་ནས་ཁ་གྲགས་བྱུང་།
"དེ་ཚང་གིས་ཁྱོད་རང་མག་པར་བསླངས་ན་ཅི་བྱ། ཁྱོད་ཀྱིས་ངེད་རྒན་རྒོན་གཉིས་བསྐྱུར་ཏེ་བུད་མེད་ཅིག་གི་རྗེས་སུ་འགྲོ་བར་ང་ལ་སེམས་ཁུར་ཧ་ཅང་ཆེ། "
"ཨ་མ་ལགས། ང་མི་འགྲོ་ཁོ་ཐག་ཡིན། ཡང་གཅིག་བཤད་ན་ང་བུད་སོང་ནའང་སྐྱོན་མི་འདུག་སྟེ། ངེད་ཚང་ལ་ད་དུང་ནུ་བོ་ཡོད"ཅེས་ཀུ་རེ་དང་བདེན་པ་འདྲེས་པའི་སྐད་ཆ་ཞིག་བཤད་མ་ཐག་ཀུན་སྐྱིད་ཡར་ལངས་ཏེ་མིག་ཟུང་ཨ་ལོའི་མིག་ཟུང་དུ་བཙུགས་ནས་"ཁྲེལ་མེད། ཁྱོད་རང་ངའི་བུ་ཆེ་བ་ཡིན་པས་ཁྱོས་ངེད་གཉིས་ལ་བདག་བྱེད་དགོས་པ་མིན་ནམ། བུ་ཆེ་བ་མག་པར་སོང་སྟེ་བུ་ཆུང་བས་གཞི་འཛིན་བྱེད་སྲོལ་ཞིག་གང་ན་ཡོད། སྲིད་པ་སར་ཆགས་ནས་བ་སོ་ཁར་སྐྱེ་རག་བར་འདི་འདྲའི་དགོད་གཏམ་ཞིག་གོ་ཡང་མ་མྱོང་། ཁྱོའི་བཤད་སྲོལ་ལ་བལྟས་ན་ཁྱོད་རང་དེ་ཚང་ལ་མག་པར་འགྲོ་རྩིས་འདུག བཟང་གི ཁྱོད་རང་མག་པར་སོང་ཉིན་ནས་འུ་གཉིས་ཀྱི་མ་བུའི་འབྲེལ་བ་ཆད་པ་ཡིན"ཞེས་ཁོང་ཁྲོ་ལངས་ཏེ་ཨ་ལོར་གསལ་བཤད་བྱེད་དབང་ཡང་མ་བྱིན་པར་ཡུལ་དུ་ལོག་སོང་།
ཀུན་སྐྱིད་ལའང་ཁག་མི་འདུག་སྟེ། ཨ་ལོ་ནི་ཁོ་མོའི་མིག་གིས་བལྟ་ས་དང་སེམས་ཀྱིས་རེ་ས་ཉག་ཅིག་ཏུ་བཟུང་ཡོད། ཨ་ལོའང་ཆུང་དུས་ནས་ཨ་མ་ལ་འདང་ཆེ་ཞིང་ཨ་མའང་བུ་གཉིས་ལས་ཨ་ལོ་ལ་འདང་བརྩེ་ཆེ། ཀུན་སྐྱིད་ཀྱི་སེམས་སུ་ཨ་ལོའི་ནུ་བོ་ནི་ཕ་འཛོམས་མ་འཛོམས་ཡིན་པས་གཞུག་ཕྱོགས་ཀྱི་འཚོ་བར་འདང་རྒྱག་མེད་མོད། ཨ་ལོ་ནི་ཐང་བུ་ཞིག་ཡིན་པས་ཨ་མ་གཅིག་པུ་ལས་སྐྱབས་ས་རེ་ས་ཅི་ཡང་མེད་སྙམ། དེ་བས་ཀུན་སྐྱིད་ཀྱིས་ཨ་ལོ་སློབ་མཐར་ཕྱིན་པ་ནས་གང་མགྱོགས་འཁོར་བ་བཅའ་དགོས་རྒྱུའི་སྐུལ་སློང་ཐེངས་མང་བྱས་མྱོང་། ཁོ་མོའི་བསམ་པར་ཨ་ལོའི་ནུ་བོ་སློབ་མཐར་མ་ཕྱིན་སྔོན་ཨ་ལོས་འཁོར་བ་བཅས་ཚེ་གཞི་འཛིན་མཁན་ཨ་ལོ་ཡིན་པས་ཁོའི་མི་ཚེ་ལ་འདང་རྒྱག་མེད་སྙམ། ཁ་སང་ཨ་ལོའི་ཨ་ཕ་གཉེན་སློང་དུ་མངག་མཁན་ཡང་མདོར་དེད་ན་ཀུན་སྐྱིད་རེད། ཨ་ལོའི་ཨ་ཕ་ནི་མི་ངན་པ་ཞིག་མིན་པ་འདྲ། ད་བར་དུ་ཨ་ལོ་དང་ཨ་ལོའི་ནུ་བོ་གཉིས་ལ་མངོན་སུམ་གྱི་ཁྱད་པར་ཅི་ཡང་བཏོད་མ་མྱོང་། འདི་ནི་ཕ་ཡར་ཞིག་ལ་མཚོན་ན་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་དུ་རང་གི་བུ་ཕྲུག་དང་དབྱེ་བ་གཏན་ནས་མི་ཕྱེ་བ་ནི་ཤིན་ཏུ་དཀའ། ཀུན་སྐྱིད་ཀྱིས་ཨ་ལོར་འཁོར་བ་བཅའ་དགོས་རྒྱུའི་སྐད་ཆ་ཤོད་ཐེངས་རེར། ཨ་ལོའི་ཨ་ཕས་ཀུན་སྐྱིད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མོད། རང་གི་སེམས་སུ་ཐེ་ཚོམ་ཞིག་ཀྱང་ཟ་བཞིན་ཡོད་པ་གསལ་པོར་ཤེས། ནམ་རྒྱུན་སྡེ་བ་གོང་མའི་ཅིག་ཚང་གི་བུ་སྐལ་བྲོས་སོང་ཚུལ་དང་སྡེ་བ་ཞོལ་མའི་ཉིག་ཚང་གི་བུ་སྐལ་མས་ཕ་མ་གཉིས་ཤུལ་དུ་བསྐྱུར་ནས་གནས་ལ་བུད་སོང་རབས་སོགས་ཀུན་སྐྱིད་ལ་ཁ་བརྡ་བྱས་ཏེ་སྐབས་རེར་དངན་པ་འཐེན་པ་དང་ལན་རེར་སྡིགས་མོ་བྱེད།
ཀུན་སྐྱིད་སོང་རྗེས་ཨ་ལོའི་སེམས་པ་རྣལ་ལ་འབེབས་མི་ཐུབ་པར་གནམ་གཅལ་ལ་ཅེར་ནས་ཡུན་རིང་ལུས། སྐབས་འདིར་ཁོའི་སེམས་ཁོང་གི་སྡུག་བསྔལ་མང་པོ་ཞིག་སྐད་ཆས་བརྗོད་ཐབས་བྲལ་བས་རི་བོ་མཐོན་པོ་ཞིག་གི་རྩེར་འགོས་ནས་ཀི་རིང་དང་ངུ་སྐད་བསྲེས་ཏེ་མཐོ་སྒང་གི་ལུང་བ་སོ་སོར་ཁྱབ་ཏུ་འཇུག་འདོད། ཀུན་སྐྱིད་ཀྱིས་བཤད་པ་ལ་གནས་ལུགས་ཆེན་པོ་ལྡན་ཏེ། ཨ་ལོ་ནི་མི་ལས་ངན་ཞིག་རེད། ཁོ་རང་སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་རང་དོན་གཅིག་ཀྱང་མ་འགྲུབ་ཅེས་བཤད་ཆོག
4
ཐོག་མར་གཞུང་གི་བྱ་བ་ཞིག་ལག་ཏུ་རག་ཆེད་ལོ་ངོ་གཅིག་ལྷག་ལ་བརྩོན་པ་ལྷོད་མེད་བྱས་ཏེ་ཡིག་རྒྱུགས་ཐེངས་མང་པོར་སྤྲད་ཀྱང་ཁ་རྒྱུགས་ལ་ཐེངས་གཅིག་ལས་ཞུགས་མ་ཐུབ། ཐེངས་གཅིག་པོ་དེའང་ཨང་རིམ་མཐའ་མ་དེ་ཡིན་པས་རེ་བ་ཧ་ཅང་ཆུང་། ཡིན་ནའང་། ཨ་ལོར་ཁྱད་ཆོས་ཤིག་ཡོད་པ་ནི་དཀའ་ཁག་དང་ཕམ་ཁ་གང་ལ་ཐུག་ཀྱང་མགོ་མི་སྒུར་བར་ཡང་དང་ཡང་དུ་ཚོད་ལྟ་བྱེད་པའི་སྤོབས་པ་དེ་རེད། ལོ་ངོ་གཅིག་ལྷག་འགོར་རྗེས་ཁོས་གཞུང་གི་བྱ་བ་ཞིག་རག་རྒྱུ་དེ་བརྩོན་པ་ཙམ་གྱིས་མི་ཡོང་བ་གསལ་པོར་ཤེས་ཏེ་གནས་སྐབས་ཀྱི་ལས་ཀ་ཞིག་མི་འཚོལ་ཀ་མེད་བྱུང་། སྐབས་དེར་ཀླུ་ཁོག་ཕྱུགས་ཟོག་འགན་བཅོལ་ཀུང་ཟིས་ལས་མི་སྡུད་བཞིན་ཡོད་པས་ཁོ་ཡང་དེའི་གྲས་སུ་ཚུད། ཁོ་རང་སློབ་མཐར་མ་ཕྱིན་པའི་ཟླ་འགའི་སྔོན་ལ་ཀླུ་ཁོག་རྫོང་གིས་ཚབ་ཁྲིད་དགེ་རྒན་བརྒྱ་ལྷག་བསྡུས་པ་རེད། དེ་ལ་དགེ་རྒན་གྱི་འཛིན་ཡིག་མི་དགོས་པ་མ་ཟད་ཆེད་ལས་ལ་ཚད་བཀག་མེད་པས་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད། ཨ་ལོའི་སློབ་གྲོགས་ཚོའི་གྲས་ནས་རང་ཉིད་ལ་དེ་འདྲའི་ཡིད་ཆེས་མེད་པ་འགས་གོ་སྐབས་དེ་དམ་འཛིན་བྱས་སོང་བས་ལོ་གཅིག་གི་རྗེས་ནས་དེ་ཚོ་ཚང་མའི་ལག་ཏུ"ལྕགས་ཀྱི་ཅ་ནེ"རག་འདུག སློབ་གྲོགས་འདི་དག་མཐོང་དུས་ཨ་ལོ་རང་གིས་གོ་སྐབས་དམ་འཛིན་མ་བྱས་པར་འགྱོད་པ་གཏིང་ནས་སྐྱེ་བཞིན་འདུག ཨ་ལོསའགན་བཅོལ་ཀུང་ཟིའི་ནང་པར་ལེན་གྱི་བྱ་བ་གཉེར་སྐབས་འབྲོག་པ་ཚོས་ལྐོག་ནས་ཁོ་ལ"ཟོག་ལུག་གི་ཨ་མཆོད"ཅེས་འབོད། དེ་ནི་ཕལ་ཆེར་ཨ་ལོ་རུ་ནང་དུ་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་སྟེ་ཕྱུགས་ཟོག་གི་རོ་ལ་པར་ལེན་དགོས་པས་ཡིན་པ་འདྲ། ཨ་ལོའི་བསམ་པར་ལས་གནས་གང་ཞིག་ནས་བྱ་བ་ཅི་ཞིག་གཉེར་ཡང་ལས་ཀ་ཡིན་པས་དེ་ལ་བརྩི་འཇོག་བྱས་ཏེ་ཧུར་ཐག་གིས་འབད་དགོས་སྙམ། ལྷམ་འཚེམ་མཁན་ཞིག་ཡིན་ཡང་ཆོག་ལ་ཁྲིམས་དཔོན་ཞིག་ཡིན་ཡང་རུང་། ཚང་མའི་འཚོ་བ་རོལ་སྟངས་མ་འདྲ་བ་མི་གཏོགས་མཐོ་དམན་དྲག་ཞན་གྱི་ཁྱད་པར་མེད་སྙམ་བཞིན་ཡོད། དེ་བས་ཁོ་རང་ཉིན་གཅིག་ལ་རུ་ནང་དུ་ཐེངས་ག་ཚོད་ལ་འགྲོ་དགོས་ཀྱང་འཁང་ར་དང་ལེ་བདའ་བྱས་མ་མྱོང་།
འོན་ཀྱང་ཡུལ་ལ་ལོག་ཐེངས་རེ་རེ་ནི་མནར་གཅོད་མྱོང་ཐེངས་རེ་རེ་ལས་མ་འདས། ལ་ལས"ཁྱོད་རང་སློབ་མཐར་ཕྱིན་སོང་བ་མིན་ནམ། ལས་ཁུངས་གང་ཞིག་ཏུ་བྱ་བ་ཅི་ཞིག་གཉེར་གྱིན་ཡོད། ཟླ་ཕོགས་ལ་སྒོར་ག་ཚོད་འབབ་ཀྱིན་ཡོད། "ཅེས་གཏིང་འདྲི་བྱེད། ལ་ལས"ཁྱོད་རང་སློབ་མཐར་ཕྱིན་ནས་ལོ་ངོ་གཉིས་འགོར་ལ་ཉེ། ད་དུང་འཁོར་བ་མི་བཅའ་དོན་ཅི་ཡིན། "ཞེས་བཅར་འདྲི་བྱེད་པ་ལྟར་འདྲི་བ་ངེས། ལ་ལས"ཁྱོད་ཀྱིས་ད་དུང་རྒྱལ་ཁབ་ཀྱི་བྱ་བ་རག་མེད་དམ། པར་ལེན་པ་དེ་སྡུག་ཐུག་གི་བྱ་བ་རེད"ཅེས་ཁྱད་གསོད་བྱེད་པ་ལྟར་བཤད། ད་དུང་ལ་ལས"ཟོག་ལུག་ལ་པར་ལེན་པ་དེ་འབྲོག་པ་ཡིག་རྨོངས་པ་ཚོའི་ལས་ཀ་རེད། ཁྱོད་ཚོ་སྟེ་སློབ་ཆེན་སློབ་མ་ཚོས་རྒྱལ་ཁབ་ཀྱི་བྱ་བ་མི་ལས་པར་ང་ཚོའི་སྐལ་འཕྲོགས་ནས་ཅི་བྱེད། "ཅེས་འཁང་ར་བྱེད། ཨ་ལོས་མི་ཁ་དང་ཁྱད་གསོད་འདི་ལ་བཙན་གྱིས་གདོང་གཏད་དེ་རེ་བ་དང་ཡིད་ཆེས་ཀྱིས་རང་གི་ལས་འགན་གང་ལེགས་བསྒྲུབས། "མི་ཚེ་ནི་སྡུག་བསྔལ་ཡིན་པས་ང་ཚོས་དེ་ལ་མགོ་སྒུར་ཏེ་ཞུ་བ་བྱ་རྒྱུ་མིན་པར་དེའི་གདོང་དུ་བུད་ནས་དེ་དང་འཐབ་འཛིང་བྱེད་དགོས། དགོད་སྒྲ་ནི་ནམ་ཡང་མིག་ཆུ་འདོན་ཕོད་མཁན་ལ་དབང་། "འདི་ནི་ཨ་ལོས་སློབ་ཆེན་སྐབས་སུ་གྲོགས་པོ་འོད་ཟེར་ལ་བཤད་མྱོང་བའི་སྐད་ཆ་ཞིག་རེད། བདེན་དེ། ཁོས་སྔར་བཞིན་དགོད་སྒྲ་ལ་བརྩོན་ལེན་བྱེད་བཞིན་ཡོད།
ཡིན་ནའང་། ངན་བྱེད་མཁན་གྱི་མི་དེ་བཙལ་མི་དགོས་ལམ་ནས་ཐུག་ངེས་ཞེས་པའི་དཔེ་ལྟར་ལྷ་མོ་ནི་ཨ་ལོའི་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་གཏོང་མཁན་གྱི་མི་དང་པོར་གྱུར། ཨ་ལོ་ལྷ་མོ་དང་ཐོག་མར་འཕྲད་དུས་དབྱར་ཁ་ཞིག་རེད། ཨ་ལོ་སྒ་ཁིས་སྡེ་བར་པར་ལེན་དུ་སོང་ནས་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་ཁར་བུད་མེད་ཅིག་གིས་ལག་པ་གཡུག་གིན་འདུག ཁོས་མོ་རླངས་འཁོར་བཞག་ནས་རྫོང་ཐོག་ཏུ་བསྐྱལ། ཉིན་དེར་ཕན་ཚུན་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་བས་རྗེས་སུ་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་མཐའ་མར་བརྩེ་དུང་གི་མེ་རླབས་དྲག་ཏུ་འཕྱུར་བྱུང་། ལྷ་མོ་དང་འགྲོགས་ཏེ་ཟླ་བ་འགའ་སོང་བའི་རྗེས་སུ་ལྷ་མོར་མངལ་ཆགས་འདུག་པ་ཤེས། ལྷ་མོས་བཤད་ན་མོ་ནི་འགྲོ་སའི་ཡུལ་དང་འཁེན་སའི་གཉེན་མེད་པའི་བུད་མེད་ལྡོམ་པོ་ཞིག་རེད། ཨ་ལོས་རང་གི་ཕ་མ་ལ་དོན་དག་འདི་ཤི་གསང་རོ་གསང་བྱས་ཏེ་ལྷ་མོར་བྱིས་པ་དེ་སྐྱེ་རུ་བཅུག་པ་མ་ཟད། ཉིན་རྒྱུན་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་སྙོར་སྐྱོང་བྱས། བྱིས་པ་དེ་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད་ཁོས་གཞན་ལག་ནས་སྒོར་མོ་བསྐྱིས་པ་མ་ཟད་ཞོར་ལས་སྣ་ཚོགས་ལའང་གང་ཐུབ་ཀྱིས་སོང་སྟེ་སྒོར་མོ་བཙལ། འཚོ་བ་ནི་དཀའ་ཁག་ཧ་ཅང་ཆེ་ནའང་ཁོས་ལེ་བདའ་དང་ཕྱི་བཤོལ་ཐེངས་གཅིག་ཀྱང་བྱས་མ་མྱོང་། ཁོའི་བསམ་པར་རང་གིས་བདམས་པའི་ལམ་བུ་ལ་རང་གིས་འགན་འཁུར་དགོས་སྙམ། དེ་ལྟར་དཀའ་སྡུག་དང་བཙིར་གནོན་གྱིས་གང་བའི་དུས་ཚིགས་མང་པོ་ཞིག་ཕར་ལ་བསྐྱལ་བའི་ཉིན་ཞིག་གི་མཚན་མོར། ཨ་ལོའི་མལ་ཁང་དུ་གསར་བུ་གསུམ་ཐོན་ཏེ་ཁོ་ལ་གཅར་རྡུང་ཡིད་ཚིམས་པ་ཞིག་བྱས་རྗེས་ལྷ་མོ་དང་བྱིས་པ་ཁྲིད་དེ་མུན་པའི་ཁྲོད་ཡལ་སོང་། རྗེས་ནས་ལྷ་མོ་ལ་སྔོན་ནས་ཁྱོ་ག་ཡོད་པ་མ་ཟད་བུ་ཕྲུག་གཞན་ཞིག་ཀྱང་ཡོད་པ་ཤེས། གསར་དུ་སྐྱེས་པའི་བྱིས་པ་དེའང་ཨ་ལོའི་ཁྲག་རྒྱུད་མིན་པར་ཨ་ལོ་དང་མ་ཕྲད་སྔོན་ནས་མངལ་ཆགས་ཡོད་པ་རེད། དེ་ལས་ཀྱང་འཚིག་པ་ཟ་དགོས་པ་ཞིག་ནི་ལྷ་མོས་ཨ་ལོའི་མིང་ཐོག་ནས་སྒོར་མོ་སུམ་ཁྲི་ལྷག་བསྐྱིས་ཡོད་པ་དེ་རེད། དོན་དག་འདི་ལྷ་མོ་དང་མོའི་ཁྱོ་ག་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་བསྒྲུབས་པ་རེད། གནས་ཚུལ་དེ་དག་ཤེས་རྗེས་ཨ་ལོ་ནི་ལྕགས་དྲར་བཅུག་པའི་དོམ་ནག་སྨྱོན་པ་ཞིག་དང་འདྲ་བར་སྐབས་རེར་ཁྲོ་བའི་གད་རྒྱངས་སྒྲོག་ལ་སྐབས་རེར་མགོ་བོ་རུམ་དུ་བཅུག་སྟེ་སྐད་ཆེན་པོས་ངུ་ངག་འདོན། ཁོས་དེ་ལྟར་ཉིན་མཚན་མང་པོ་ཞིག་ཕར་ལ་བསྐྱལ་ཏེ་པར་ལེན་དུ་འགྲོ་བའི་སེམས་ཤུགས་ཀྱང་ཤི་ཟིན་པས་ཁག་ཐེག་ཀུང་ཟིས་ཁོ་རང་ལས་གནས་ལས་ཕྱིར་འབུད་བཏང་བ་རེད། ཨ་ལོའི་སྡུག་བསྔལ་དང་ན་ཟུག་ནི་ཁོ་རང་གིས་མ་གཏོགས་སུ་ཞིག་གིས་ཚོར་ནུས།
5
"དུས་དེ་ནས་བཟུང་། ང་རང་གླུ་དབྱངས་འདི་ལ་ཉན་པར་དགའ་བར་གྱུར། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་གླུ་དབྱངས་འདིས་ངའི་སྲོག་བསྐྱབས་སོང་། སྐབས་དེར་ངའི་སེམས་སུ་ཅི་ཡང་འཆར་གྱི་མི་འདུག ཡོད་ཚད་ནག་འཐིབ་བེར་འདུག ང་ལ་མཚོན་ན་འཇིག་རྟེན་འདི་ཆ་མེད་རྒྱུས་མེད་ཅིག་རེད། ངའི་དགའ་སྐྱོ་ཆགས་སྡང་དང་འདུ་བྲལ་རྒྱལ་ཕམ་ཡོད་ཚད་ནི་འཇིག་རྟེན་འདི་དང་འབྲེལ་བ་ཅི་ཡང་མེད་པ་འདྲ། ཉིན་དེ་ནས་བཟུང་ང་རང་གླུ་དབྱངས་འདི་ལ་ཉན་པར་དགའ་བར་གྱུར་ལ། ཆང་རག་ལ་ཚོད་མེད་དུ་རོལ་བའི་མགོའང་དེ་ནས་བརྩམས་པ་ཡིན། ངས་ཆང་རག་འཐུངས་ནས་ར་བཟི་ཐེངས་རེར་རྫོང་མཁར་གྱི་གྲུ་ཁ་སོ་སོར་ཉུལ་ཏེ་ལྷ་མོའི་ཁྱོ་ག་དེ་བཙལ་བ་ཡིན། ངས་ཁོ་དང་གསོད་རེས་ཐེངས་གཅིག་བྱེད་པར་སེམས་ཐག་བཅད་པ་ཡིན། ངས་ཁོ་རང་གསོད་བྱེད་ཀྱི་གྲི་རིང་ཞིག་ཉོས་པ་ཡིན། གྲི་དེ་ད་དུང་ཉར་ནས་བསྡད་ཡོད། "
ཨ་ལོས་བཤད་ནས་མཚམས་འདིར་ཐོན་དུས་རྐུབ་སྟེགས་ལས་ཡར་ལངས་ཏེ་དཔེ་ཁང་དུ་སོང་ནས་གྲི་རིང་དེ་ཁྱེར་ཡོང་སྟེ་ང་ལ་བསྟན། ངས་གྲི་རིང་དེ་མཐོང་མ་ཐག་ཧ་ལས་སོང་། ངའི་སེམས་སུ་ཨ་ལོ་ནི་སྔོན་ཆད་ཚེ་སྲོག་ལ་བརྩི་བཀུར་ཧ་ཅང་ཆེ་བའི་ན་གཞོན་ཞིག་ཡིན་པ་མ་ཟད། ཁོས་སློབ་གྲོགས་གཞན་དང་མཉམ་དུ་ཁ་རྩོད་ཅིག་བྱས་པའང་ཐོས་མ་མྱོང་། ཁོ་ནི་ནམ་རྒྱུན་གནས་ལུགས་དང་བདེན་པ་སྐྱོང་བའི་མི་ཞིག་ཡིན། དོན་དག་ཅི་ཞིག་ལ་ཐུག་ཀྱང་དཔྱོད་ཤེས་ཀྱིས་འཇུག་མཁན་ཞིག་ཡིན། ཁོས་གྲི་རིང་འདོམ་གང་ཉོས་ནས་མི་གཞན་ཞིག་གསོད་རྩིས་བྱ་སྲིད་པ་ངའི་ཡིད་ལའང་མ་དྲན།
"གྲོགས་པོ། ཁྱོད་ནི་ཤེས་ཡོན་པ་ཞིག་ཡིན་པས་དྲག་སྤྱོད་ཀྱིས་དོན་དག་ཐག་གཅོད་བྱས་ན་མི་འཚམ་སྙམ། ལྷ་མོའི་ཁྱོ་ག་དེ་ཁྱོའི་ལག་ཏུ་མ་ཚུད་པ་འགྲིག་སོང་། དེ་མིན་ཚེ་དོན་དག་ཆེན་པོ་ཞིག་གི་ཁ་ཕྱེ་ཡོད་སྲིད། "
ངས་ཨ་ལོའི་སྐབས་དེའི་སེམས་ཁམས་ངོ་མ་རྟོགས་དཀའ་ཡང་། སྡུག་བསྔལ་དང་ན་ཟུག་བཟོད་གླགས་བྲལ་བ་ཞིག་ཡོད་པར་གདོན་མི་ཟ། ཡིན་ཡང་ངས་ཁོ་ལ་ཤ་ཚ་བའི་ཚུལ་གྱིས་དེ་ལྟར་ལེ་བདའ་བྱེད་དགོས་བྱུང་སོང་།
"གྲོགས་པོ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་གནས་ལུགས་དང་རྒྱུ་མཚན་བཤད་ས་མི་འདུག
ལྷག་པར་འུ་ཚོའི་ཁོར་ཡུག་འདི་ལྟ་བུར་མཚོན་ན་དེ་འདྲ་རང་རེད། "
ཨ་ལོས་ང་ལ་ལམ་འཇུག་བྱེད་ཞོར་དེ་ལྟར་བཤད། ང་རང་ཡུལ་ལ་ལོག་པའི་ལམ་བར་དུ་ཨ་ལོའི་སྐྱོ་གར་ལ་ཕྱིར་དྲན་བྱས་ཏེ་སོང་བ་ཡིན།
ཉིན་ཞིག་ཨ་ལོས་ཤོ་བརྒྱབ་སྟེ་སྒོར་མོ་ཁྲི་དྲུག་ལྷག་ཤོར་བས་སེམས་ཁམས་ཧ་ཅང་མ་སྐྱིད་པར་ཤོ་རྒྱག་གྲོགས་པོ་འགའ་བོས་ཏེ་མཉམ་དུ་ཆང་འཐུང་སྟེ་ནམ་གུང་བར་དུ་བསྡད། ནམ་གུང་འཛུར་ལ་ཉེ་སྐབས་ཨ་ལོ་གཅིག་པུས་རླངས་འཁོར་བསྐོར་ཏེ་ལྷ་མོའི་ཁྱོ་ག་འཚོལ་དུ་སོང་། རྫོང་མཁར་ལ་བསྐོར་བ་འགའ་བརྒྱབ་ཀྱང་དོགས་པ་ཟ་ཆོག་པའི་མི་གཅིག་ཀྱང་མ་མཐོང་། ཕྱིར་མལ་ཁང་དུ་ལོག་དགོས་བསམ་སྟེ་འགྲོ་སྐབས། རྒྱ་ལམ་གྱི་ཕ་རོལ་ན་མི་ཞིག་རྐང་ཐང་དུ་འགྲོ་བཞིན་འདུག་ལ་རྒྱབ་གཟུགས་ལ་བལྟས་ན་ལྷ་མོའི་ཁྱོ་ག་ཡིན་པ་འདྲ། ཁོས་ཞེ་སྡང་གིས་རླངས་འཁོར་གྱི་སྣུམ་སྒོ་ཆེས་ཆེར་མནན་ཏེ་མི་དེར་གཟས་ནས་བརྒྱུགས་པ་དང་། དེའི་རྗེས་ནས་ཡོད་ཚད་ནག་འཐིབ་བེར་གྱུར་སོང་། ཉིན་འགའི་རྗེས་སུ་རིམ་བཞིན་སད་དུས་ཁོ་རང་སྨན་ཁང་དུ་ཡོད་ལ་ཁོའི་གྲོགས་པོ་འོད་ཟེར་ཡང་ཁོའི་གམ་དུ་ཡོད། འོད་ཟེར་གྱིས་བཤད་ན་དགོང་མོ་དེར་ཨ་ལོས་གློག་སྡོང་ཞིག་ལ་རྡུང་ག་བརྒྱབ་སྟེ་རླངས་འཁོར་ལེན་རྒྱུ་མེད་པར་བཟོས་འདུག་ཟེར། སྨན་ཁང་ནས་བུད་རྗེས་ཨ་ལོ་ས་ཕྱོགས་ངེས་མེད་དུ་འཁྱམས་ནས་ཤོ་བརྒྱབ་ཅིང་ཆང་རག་ལ་བག་མེད་དུ་རོལ་བས་དོམ་དང་མི་ཁ་མཉམ་དུ་འཁོར། དོམ་པ་ལ་ལ་ཁོའི་ཕ་མའི་སར་ཡོང་ནས་དོམ་དེད་པ་དང་། ལ་ལས་ཨ་ལོ་རང་ཉིད་བཙལ་ཏེ་དོམ་དེད་པ་རེད། ད་དུང་དོམ་པ་ལ་ལས་ཁོ་རང་གསོད་རྩིས་ཀྱང་བྱས་མྱོང་།
སྐབས་དེར། ང་རང་ཟི་ལིང་ན་ཡོད། ངའི་སློབ་ཆུང་གི་སློབ་གྲོགས་ཤིག་གིས་ང་ལ་ཁ་པར་བཏང་བྱུང་།
"ཨ་ལོ་དང་ང་ཚོ་ནི་ཆུང་དུས་ཀྱི་སློབ་གྲོགས་དང་རྩེད་གྲོགས་རེད། ལྷག་པར་ཁྱོད་གཉིས་ནི་འདང་རྩིས་ཅན་གྱི་གྲོགས་པོ་རེད། འུ་ཚོས་ཁོ་ལ་སེམས་གཏམ་བཤད་དེ་ཤོ་དང་ཆང་གཅོད་དུ་བཅུག་ན་ཅི་འདྲ་རེད། "
"རེད། ཁོའི་ཕ་མས་ཀྱང་ཁོ་ལ་སློབ་གསོ་བཏང་ཡོད་པ་རེད། ཁོའི་ཨ་མས་ཁོས་ཆང་དང་ཤོ་མ་བཅད་ན་མ་བུའི་འབྲེལ་བ་གཅད་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད། དེ་དང་བསྟུན་ནས་འུ་ཚོས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་ཁོ་དང་ཁ་བརྡ་བྱ། "
ངས་ཨ་ལོ་དང་ཁ་བརྡ་ཅི་ཞིག་བྱེད་དགོས་པ་དང་བྱ་འོས་པར་ཉིན་མཚན་དུ་མར་འདང་བརྒྱབ་པ་ཡིན། ང་ནི་གྲོགས་པོ་སྡུག་ཐུག་ཅིག་ཡིན་ཏེ། ཨ་ལོའི་མི་ཚེའི་ཁྲོད་དུ་གཏམ་རྒྱུད་དེ་འདྲའི་མང་པོ་ཞིག་བྱུང་ཟིན་ཡང་ངས་རོགས་རམ་ཅི་ཡང་བྱེད་མ་ཐུབ། ང་ནི་ཁོའི་སྐྱོ་གར་ལ་ལྟད་མོ་ལྟ་མཁན་ཞིག་ཏུ་གྱུར་བ་འདི་ལས་ཐབས་རྡུགས་ཤིག་གང་ན་ཡོད། ངས་བསམ་བློ་ཡུན་རིང་ལ་བཏང་མཐར་མི་ནི་བཙན་གཏམ་བཤད་ནས་འདུལ་ཐུབ་པ་ཞིག་དང་ཁ་ཏ་བྱས་ནས་འགུག་ཐུབ་པ་ཞིག་མིན་པ་ཤེས། མི་ལ་དགོས་པ་ནི་གཏམ་རྒྱུད་རེད། མིས་དང་ལེན་བྱེད་སླ་བའང་གཏམ་རྒྱུད་རེད། འདི་ནི་མི་ཡི་རང་བཞིན་རེད། བྱིས་པ་བསམ་མེད་ཅིག་ཡིན་ཡང་གཏམ་རྒྱུད་ལ་མཉན་རྒྱུར་དགའ་སྲིད། དེ་བས་ངས་ཨ་ལོར་འཕྲིན་ཞིག་བཏང་བ་ཡིན།
མི་ནི་ཕམ་ཉེས་ཀྱི་ཆེད་དུ་སྐྱེས་པ་མིན། མི་ནི་རྨེག་མེད་དུ་གཏོང་ཐུབ་ཀྱང་རྩ་བ་ནས་ཕམ་དུ་འཇུག་མི་ཐུབ། «རྒད་པོ་དང་མཚོ»ཞེས་པའི་གཏམ་རྒྱུད་དེ་ཀློགས་ཤིག ཉིན་རེར་སླར་ཡང་རང་དབང་དང་འཚོ་གནས་ལ་བརྩོན་ལེན་བྱེད་པའི་མི་དེར་ད་གཟོད་དེ་གཉིས་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད། «ཧྥུ་ཧྲི་ཐི»ཞེས་པའི་གཏམ་རྒྱུད་དེ་ཀློགས་ཤིག
ངས་སྐད་ཆ་འདི་གཉིས་དང་འབྲེལ་ཏེ་གཏམ་རྒྱུད་གཉིས་འོས་སྦྱོར་བྱས་པ་ཡིན། ཉིན་གསུམ་བཞི་ཙམ་འགོར་རྗེས་ཨ་ལོས་གཞི་ནས་ང་ལ་འཕྲིན་ལན་བྱིན་བྱུང་།
"གྲོགས་པོ་ལགས། ང་ཡང་རང་ཉིད་ཀྱི་ལས་སྟངས་བཅའ་སྟངས་འདི་ལ་ཧ་ཅང་སྡང་། འོན་ཀྱང་ངས་འདི་དག་ལས་གཞན་ཅི་ཞིག་འཇོན་ངེས། ཤོ་དང་ཆང་ལ་རོལ་དུས་གཟོད་ངའི་ལུས་སེམས་གཉིས་ཀའི་སྡུག་བསྔལ་མང་པོ་ཞིག་བརྗེད་འགྲོ། འདི་ནི་ང་ལ་མཚོན་ན་ན་ཟུག་སེལ་ཐབས་ཤིག་ལོས་ཡིན། ང་ལྟ་བུའི་མི་སྡུག་ཐུག་ཅིག་གླིང་འདི་ན་ཡོད་མི་སྲིད། ངས་ཆང་དང་ཤོ་ཐེངས་གང་མང་ལ་བཅད་མྱོང་། ཆང་དང་ཤོ་མེད་དུས་འཇིག་རྟེན་གྱི་ཡོད་ཚད་ཀྱིས་ང་ལ་གཡོལ་གྱིན་པའི་སྣང་བ་སྟེར། མཚན་མོར་གཉིད་མི་ཁུག་ལ་ཉིན་མོར་སེམས་མི་ཁུག ད་ལྟའི་ང་ལ་མཚོན་ན་དོན་དུ་ཅི་ཞིག་སྒྲུབ་ནུས། ཡང་ན་ཅི་ཞིག་བསྒྲུབ་དགོས། ངའི་མི་ཚེའི་འདུན་མ་གང་དུ་ཡོད། དྲིན་ཆེན་གྱི་ཨ་མ་དང་གྲོགས་པོ་ཚོས་ངའི་ཆེད་དུ་དཀའ་ལས་མི་ཉུང་བ་མྱངས་པ་ངས་ཤེས་ཡོད། ཡིན་ཡང་གཅེར་བུར་ཚེར་ཕུང་དུ་འཕངས་འདྲའི་ངའི་ནང་སེམས་འདི་སུ་ཡིས་རྟོགས། ངའི............ངའི............ཁྱོད་ཀྱིས་བསྐུར་བའི་སྐད་ཆ་དེ་གཉིས་ཡག་གི ད་དུང་ཁྱོད་ཀྱིས་འོས་སྦྱོར་བྱས་པའི་གཏམ་རྒྱུད་དེ་གཉིས་ཀྱང་བཀླག་ངེས། "
འཕྲིན་ཐུང་འདི་འབྱོར་བ་ནས་ཨ་ལོ་གྲག་མེད་འགུལ་མེད་དུ་གྱུར་སོང་། ལ་ལས་བཤད་ན་ཨ་ལོས་ཤོ་དང་ཆང་རག་བཅད་ནས་ཇ་ཁང་ཞིག་ཕྱེ་འདུག་ཟེར། ལ་ལས་ཁོས་ཇ་ཁང་ཞིག་གཉེར་ཞོར་དུ་ཁང་བ་ཞིག་ཀྱང་ཉོས་འདུག་ཟེར། ཡང་ལ་ལས་ཨ་ལོ་ངོ་མ་འགྱུར་འདུག ད་ལྟ་ཁོས་དོམ་ཕལ་ཆེར་འཇལ་ཟིན་པ་མ་ཟད་དངུལ་ཁང་ནས་སྒོར་མོ་བསྐྱིས་ཏེ་ཕ་མ་གཉིས་ལ་ཁང་བ་གསར་བ་ཞིག་ཀྱང་ཉོས་འདུག ཆེས་དགའ་དགོས་པ་ནི་ཁོས་ལྷ་མོ་བརྗེད་དུ་བཅུག་སྟེ་སྐར་མ་སྒྲོལ་མ་ཟེར་བའི་བུ་མོ་ཡ་རབས་གཤིས་ཡག་ཅིག་ལ་འགྲོགས་འདུག་ཟེར། དོན་དག་འདི་དག་གི་བདེན་རྫུན་ང་རང་སློབ་མཐར་ཕྱིན་ནས་ཕྱིར་ཡུལ་ལ་ལོག་རག་བར་མ་ཤེས། ཨ་ལོ་ངོ་མ་འགྱུར་འདུག འགྱུར་འདུག་ཟེར་ནའང་མི་འཚམ་སྟེ་ཨ་ལོས་རང་ཉིད་ཡང་བསྐྱར་རྙེད་འདུག་ཟེར་དགོས། སྔོན་ཆད་ཀྱི་ཡིད་ཆེས་དང་ངར་ཤུགས་ཀྱིས་ཕྱུག་པའི་ན་གཞོན་དེ་མིན་ཡང་། འཚོ་བའི་དཀའ་སྡུག་དང་གནད་དོན་ལ་གདོང་གཏད་ཕོད་མཁན་ཞིག་ཡིན་པ་འདྲ། ད་ལྟའི་ཁོ་ནི་སྐྱོ་སྣང་དང་ཁེར་རྐྱང་གི་ཚོར་བ་ཤིན་ཏུ་རྣོ་བའི་མི་ཞིག་རེད། ཁོས་ནམ་རྒྱུན་སྐར་མ་སྒྲོལ་མ་དང་མཉམ་དུ"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་གླུ་དབྱངས་དེར་ཉན་བཞིན་ཡོད། ཨ་ལོར་ཆང་དང་ཤོ་གཅོད་དུ་འཇུག་མཁན་ནི་སྐར་མ་སྒྲོལ་མ་ཡིན་པ་འདྲ། འོན་ཀྱང་ཨ་ལོས་དེ་ལྟར་བསམ་གྱིན་མེད། ཁོའི་བསམ་པར་ཁོ་ལ་ཆང་དང་ཤོ་གཅོད་དུ་འཇུག་མཁན་ནི་ངས་ཁོ་ལ་བསྐུར་བའི་སྐད་ཆ་དེ་གཉིས་དང་འབྲེལ་བའི་གཏམ་རྒྱུད་དེ་གཉིས་ཡིན་པར་འདོད། གང་ལྟར་སྐར་མ་སྒྲོལ་མ་དང་འཕྲད་པ་ནི་ཨ་ལོས་རང་གི་བསོད་ནམས་སུ་བསམ་ཡོད།
6
ཉིན་དེར་ཀུན་སྐྱིད་ཕྱིར་སོང་རྗེས་ཨ་ལོས་སྐར་མ་སྒྲོལ་མ་བོས་ཏེ་མཉམ་དུ་ཟ་མ་བཟའ་རུ་སོང་། ཨ་ལོའི་མིག་ནང་གི་ཐེ་ཚོམ་དང་སྐར་མ་སྒྲོལ་མའི་མཁུར་ཚོས་ཀྱི་སེམས་ངལ་དེ་ཇ་ཁང་གི་ཁོར་ཡུག་བརྗིད་པོ་དང་ཆ་མི་འགྲིག་པའི་སྣང་བ་ཞིག་འགོག་མེད་དུ་སྟེར། ཨ་ལོས་ཁོ་མོའི་མིག་ནང་ལ་བལྟས་ཏེ་བསྡད། དེ་ནི་ཕར་བལྟས་ཚོད་ཀྱིས་དྲི་བ་ཞིག་གི་ལན་ལ་སྒུག་གིན་པ་དང་ཧ་ཅང་འདྲ།
"དེ་ལྟར་ཅེར་ནས་མ་འདུག ང་ངོ་ཚ་བཞིན་པ་མི་མཐོང་ངམ། "
"ཁྱོད་རང་གནས་ལ་མི་སྟེར་ཟེར། ད་ཅི་བྱ། "
ཨ་ལོས་ཇ་ཁང་འདི་བློ་ཡིས་མི་ཐོངས་པ་བཞིན་མིག་ཉུལ་ཐེངས་གཅིག་བྱས། སྐར་མ་སྒྲོལ་མ་དང་ཐེངས་དང་པོར་ཕྲད་དུས། ཁོ་མོ་ཇ་ཁང་འདིའི་ཕྱག་བདེ་མ་ཞིག་རེད། དུས་དེ་ནས་ད་ལྟའི་བར་དུས་ཚིགས་ཇི་འདྲའི་མང་པོ་ཞིག་བརྗེས་ཡོད་པ་རེད་ཨང་། ཁོ་དང་ཁོ་མོ་ཡི་བར་དུའང་དོན་དག་ཇི་འདྲའི་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་།
"ཨ་ཞང་གིས་དེ་ལྟར་བཤད་ཟིན་དུས། ང་ཁྱོད་ཚང་ལ་མནའ་མར་ཡོང་རྒྱུར་རེ་བ་མེད་པ་འདྲ།"
སྐར་མ་སྒྲོལ་མས་ཡིད་ཧ་ཅང་ཕམ་པའི་ངང་དེ་ལྟར་བཤད་རྗེས། གློ་བུར་དུ་ཅི་ཞིག་དྲན་པ་ལྟར"ཡང་མིན་ན་ཁྱོད་ངེད་ཚང་ལ་མག་པར་ཡོང་ན་ཅི་འདྲ་རེད། གང་ལྟར་ཁྱོད་ཚང་གི་གཞི་འཛིན་ནི་ཁྱོད་ཀྱི་ནུ་བོ་ཡིན་པ་ལས་ཁྱོད་ཡིན་མི་སྲིད་པ་སུས་ཀྱང་ཤེས། "ཞེས་ཕག་ན་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད། སྐད་ཆ་དེ་ཐོས་མ་ཐག་ཨ་ལོར་དངངས་འཚབ་ཅུང་ཟད་སྐྱེས་ཏེ"མིན། མིན། ང......ང......། ང་ནི་ངེད་ཚང་གི་བུ......བུ་ཆེ་བ་ཡིན་པས་འཁོར་བའི་གཞི་འཛིན་ང་མིན་ན་སུ་ཡིན། ངས་ཕ་མ་གཉིས་བསྐྱུར་ཏེ་བུད་མེད་ཅིག་གི་རྗེས་སུ་སོང་ན་མི་ཆོས་ཀུན་སྤྱོད་དང་མི་མཐུན་པས་རུ་སྡེ་བས་ཇི་ལྟར་བཤད་སྲིད། "ཟེར། སྐར་མ་སྒྲོལ་མ་ཅུང་ཟད་མ་དགའ་བར"བུད་མེད་ཅིག་གི་རྗེས་སུ་སོང་ན་ཅི་རེད། སྐྱེས་པ་ཞིག་གི་རྗེས་སུ་བུད་མེད་སོང་ཆོག་ཀྱང་བུད་མེད་ཅིག་གི་རྗེས་སུ་སྐྱེས་པ་སོང་ན་མི་ཆོག་དོན་ཅི་རེད། ཚང་མ་མི་ཡིན་པས་ཐོབ་ཐང་འདྲ་འདྲ་ལོས་ཡིན། རང་དབང་རང་འཐད་ཀྱི་བརྩེ་དུང་ཡིན་པ་ལས་རྐུ་འཕྲོག་བྱས་པ་དང་གཡོ་རྫུན་འཁྲབ་པ་མ་རེད།"ཅེས་དབུགས་ཐེངས་གཅིག་གིས་བཤད།
"གནས་ལུགས་གཅིག་པ་རང་རེད། ཁྱོད་ཀྱིས་ཨ་ཞང་ལ་ཁྲེལ་མེད་བྱ་མི་རུང་ཟེར། ངས་ཀྱང་ཕ་མ་ལ་ཁྲེལ་མེད་བྱ་མི་རུང་སྙམ། "
"གང་ལྟར་འུ་གཉིས་ཀས་རང་རང་ས་ནས་བརྩོན་ལེན་བྱ། ཁྱོད་ཚང་ལ་བུ་ཆེ་ཆུང་གཉིས་ཡོད་པས་ངས་བལྟས་ན་ཁྱོད་ཀྱིས་འདང་གསལ་པོ་ཞིག་བརྒྱབ་ན་འགྲིག་འདོད། "
ཨ་ལོའི་སེམས་སུ་སྐར་མ་སྒྲོལ་མའི་སྐད་ཆ་དེ་དང་ལེན་བྱས་ཆོག་ན་ཅི་མ་རུང་སྙམ་པའི་མོད་ལ། ཁོའི་ཨ་མས་བཤད་པའི་སྐད་ཆ་དེ་ཡིད་ལ་འཁོར་བྱུང་།
"ངས་ཇི་ལྟར་བརྩོན་ལེན་བྱ། མ་བུའི་འབྲེལ་བ་གཅད་དགོས་པ་རེད་དམ། "
"འོ་ན་འུ་གཉིས་ལ་ལས་འཕྲོ་ཡོད་རྒྱུ་མ་རེད། ཨ་ཞང་གིས་བཤད་ན་འུ་གཉིས་ཀྱི་གཉེན་དོན་ལ་ལུང་བསྟན་ཡང་མི་ཆུད་ཟེར། ཁ་སང་ཁོས་ཨ་ལགས་ཚང་ལ་ཞུས་པ་རེད། "ཅེས་བཤད་དེ་ཇ་ཁང་དང་ཁ་བྲལ་སོང་།
ཨ་ལོས་ཇ་ཁང་གི་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་པ་ན་མུན་སྔར་ནས་རུབ་ཟིན། རྒྱ་སྲང་གི་གློག་སྒྲོན་འོག་ཏུ་བྱིས་པ་གཉིས་ཀྱིས་ཅི་ཞིག་རྩོད་ཀྱི་འདུག གསལ་པོར་བལྟས་པ་ན་དེ་གཉིས་ཀྱིས་ཨ་རབ་ཀྱི་ཨང་ཀི་ཞིག་རྩོད་ཀྱིན་འདུག དེ་གཉིས་ཨང་ཀི་ཞིག་གི་མགོ་རྐང་གཉིས་སུ་ལངས་ཏེ་གཅིག་གིས་དྲུག་རེད་ཅེས་སྒྲུབ་ཀྱི་འདུག གཅིག་གིས་དགུ་ཡིན་པར་སྒྲུབ་ཀྱི་འདུག
སློབ་མཐར་ཕྱིན་མ་ཐག་ཨ་ལོའི་ཕུགས་བསམ་ནི་ཀླུ་ཁོག་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཞིག་བྱ་རྒྱུ་དེ་རེད། ཁོའི་སེམས་སུ་དེང་གི་སྤྱི་ཚོགས་འདིར་རང་གིས་རང་ཚུགས་ཟིན་རྒྱུ་ནི་ཧ་ཅང་དཀའ། དགེ་རྒན་གྱི་ལས་གནས་ནི་ཤེས་ཡོན་པར་འཚམ་པའི་ལས་གནས་ཤིག་རེད་འདོད། དགེ་རྒན་ཚོར་མཚོན་ན་ཆེས་མ་མཐའ་ཡང་ཆུ་ཚོད་སྐར་མ་ཞེ་ལྔའི་རང་དབང་ཡོད། དེའི་ནང་དུ་རང་གིས་ཅི་ལྕོགས་ཀྱིས་སློབ་མ་ཚོར་ཤེས་བྱ་བསླབ་ཆོག་པས་དེ་ལས་བདེ་སྐྱིད་ཅིག་གང་ན་ཡོད། དེ་དུས་ཨ་ལོས་དགེ་རྒན་གྱི་ལས་གནས་ཞིག་མི་རག་པར་ཐེ་ཚོམ་ཙམ་ཡང་སྐྱེས་མ་མྱོང་། དེ་ནི་སྐར་མ་སྒྲོལ་མ་དང་ཁོ་གཉིས་ཀྱི་བརྩེ་དུང་ལ་འདི་འདྲའི་བར་ཆད་མང་པོ་ཞིག་འབྱུང་སྲིད་པ་ཡིད་ལའང་མ་དྲན་པ་དང་ཧ་ཅང་མཚུངས།
དེ་དུས་ཀྱི་ཨ་ལོ་ནི་ཉིན་རེར་སྙན་ངག་རེ་འབྲི་ལ་དང་ཟླ་རེར་དཔེ་ཆ་ལྔ་དྲུག་ལྷག་ཀློག་པའི་ན་གཞོན"ཧམ་སེམས"ཅན་ཞིག་རེད། ཁོས་ནམ་རྒྱུན་རང་ཉིད་ཀྱི་མ་འོངས་པའི་མི་ཚེ་དང་འཚོ་བ་རྟོག་བཟོ་བྱས་ཏེ་ལན་རེར་ལྷུག་ལྷུག་ཏུ་དགོད་ལ། ལན་རེར་རང་གི་བྲང་ཁར་ཁུ་ཚུར་གྱིས་གཞུ་བར་བྱེད། ཐེངས་ཤིག་ཁོས་འོད་ཟེར་ལ་བཤད་རྒྱུར"མ་འོངས་པར་ཀླུ་ཁོག་རྫོང་ནས་སྒེར་གྱི་སློབ་འབྲིང་ཞིག་གཟུགས་རྒྱུ་ཡིན། སློབ་གསོ་གོང་དུ་སྤེལ་ཐབས་མང་པོ་ཡོད་སྲིད་ཀྱང་སློབ་གཉེར་བ་ཚོ་འགྲོ་སའི་སློབ་གྲྭ་ཇེ་མང་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད། དེ་ལྟར་བྱས་ན་སློབ་གྲྭ་སོ་སོའི་བར་འགྲན་རྩོད་ཧ་ཅང་ཆེ་བས་གཅིག་ལས་གཅིག་ལེགས་པར་འགྱུར་ངེས། དེ་མིན་ཚེ་རྫོང་མི་རིགས་སློབ་འབྲིང་གཅིག་པུ་ལ་འགྲན་ཡ་མེད་པས་འཕེལ་རྒྱས་ཀྱང་ཡོད་དཀའ།" ལོ་འགའི་རྗེས་སུ་འོད་ཟེར་གྱིས་ཨ་ལོའི་གོ་ས་ནས་སྐད་ཆ་འདི་ཡང་བསྐྱར་བཤད་སྐབས་ཨ་ལོས་ཁོའི་སྐད་ཆའི་མཚམས་བཅད་དེ"སློབ་གྲྭ་གཟུགས་རྒྱུ་ཕར་ཞོག་ཇ་ཁང་ཞིག་ཀྱང་གཉེར་དབང་མེད་པ་འདི་རེད། སྔོན་ཆད་ང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བའི་སྐད་ཆ་དེར་རློམ་མྱོང་མོད། ད་ལྟ་འདང་བརྒྱབ་ན་ཡོན་ཏན་ཡོད་པ་ཙམ་གྱིས་ཅི་ཡང་མི་འཁྱོངས་། ཁོར་ཡུག་འདི་ལྟ་བུར་མཁོ་བའི་མི་ནི་ཡོན་ཏན་པ་མིན་པར་དངོས་ཡོད་ཀྱི་སྤྱི་འགྲོས་གང་ཞིག་དང་བསྟུན་ཤེས་པའི་མི་ཁྲ་ཁྲའི་རིགས་རེད། ངའི་བསམ་པར་རང་གིས་ལས་དཀར་བོ་བྱས་ཏེ་ལམ་དཀར་བོ་དེད་ན་ནི་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གང་ལའང་མི་འགལ་བས་ཁྲིམས་མཐུན་ལུགས་མཐུན་རེད་སྙམ། འོན་ཀྱང་ངས་ཕ་ཡུལ་ནས་ཕྱེ་བའི་དར་མའི་རོལ་རྩེད་ཁང་དང་ཇ་ཁང་གཉིས་སྔ་གཞུག་ཏུ་སྡེ་བ་དང་དགོན་པས་གོང་རིམ་ལ་གཏུག་བཤེར་བྱས་ཏེ་སྒོ་རྒྱག་ཏུ་བཅུག་པ་དེས་ང་ལ་གནས་ལུགས་མང་པོ་ཞིག་རྟོགས་སུ་བཅུག"ཅེས་སྔོན་ཆད་ཀྱི་སྤོབས་པ་དང་དཔའ་གདེང་མཐོང་དཀའ་བའི་སྐད་ཆ་མག་མོག་ཅིག་བཤད།
ཨ་ལོས་བཤད་པའི་རོལ་རྩེད་ཁང་དང་ཇ་ཁང་ནི་སྐར་མ་སྒྲོལ་མས་མ་རྩ་བཏང་སྟེ་ཨ་ལོའི་མིང་ཐོག་ནས་ཕྱེ་བ་རེད། དེ་གཉིས་ལོ་གཅིག་ཙམ་ལ་མ་གཏོགས་འབྱེད་དུ་མ་བཅུག་མོད་དེའི་རིང་དུ་མགྲོན་པོ་ཅུང་མང་བས་མ་རྩ་ལོན་པའི་སྟེང་ཡོང་སྒོའང་སྒོར་ཁྲི་གཉིས་ཙམ་ཐོབ་པ་རེད། སྒོར་ཁྲི་གཉིས་པོ་དེའི་སྟེང་ལ་གྲོགས་པོ་ཚོའི་རོགས་དངུལ་བསྣན་ཏེ་ཨ་ལོའི་དོམ་ཡང་ཕལ་ཆེ་བ་འཇལ་ཚར་བ་རེད། ལོ་གཅིག་པོ་དེའི་རིང་ལ་ཨ་ལོ་དང་སྐར་མ་སྒྲོལ་མ་གཉིས་ཀྱི་འཚོ་བར་དོན་དག་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་རེད། དེ་ལས་ཆེས་ཡིད་ཕམ་དགོས་པ་ནི"ཨ་ལོའི་རོལ་རྩེད་ཁང་དང་ཇ་ཁང་གིས་སྡེ་བའི་ན་གཞོན་ཚོ་ལོག་ལམ་དུ་ཁྲིད་སོང"ཟེར་བའི་མི་ཁ་དེ་རེད། སྒོ་འབྱེད་དུས་ཧ་ཧ་ཧོ་ཧོ་ཟེར་བཞིན་འཛོམས་པ་ཡག་མོད་སྒོ་རྒྱག་དུས་སྡིགས་མོ་དང་འཁང་རའི་ངང་འབྲལ་དགོས་པ་དེ་ཧ་ཅང་སྐྱོ།
ཨ་ལོས་འདི་ལྟར་ཕྱིར་དྲན་བྱེད་བཞིན་མལ་ཁང་དུ་ལོག་པ་ན་སྐར་མ་སྒྲོལ་མ་སྔར་ནས་མལ་ཁང་དུ་ཐོན་ཏེ་ཉལ་འདུག ཁོས་མོ་ལ་འོ་ཞིག་བྱེད་ཞོར་མོའི་རུམ་དུ་འཛུལ། ཉལ་ཁྲིའི་གཡོན་ཕྱོགས་སུ་དཔེ་ཆ་བརྒྱ་ལྷག་གྱེན་དུ་བརྩིགས་འདུག ཁོས་དཔེ་ཆ་དེ་དག་མིག་ལམ་དུ་ཤར་མ་ཐག་རང་གིས་ཡུན་རིང་ལ་དཔེ་ཀློག་མ་བྱས་པ་དྲན་པས་སེམས་ནས་རང་ཉིད་ལ་ལེ་བདའ་ཞིག་བྱས། ལྷ་མོ་དང་འཕྲད་པ་ནས་ཨ་ལོའི་མི་ཚེའི་གོམ་འགྲོས་ཡོངས་སུ་འཆོལ་སོང་བ་འདྲ། དཔེ་ཀློག་ཀྱང་དུས་དེ་ནས་མཚམས་ཆད་པ་རེད། ད་ལྟ་འདིར་བརྩིགས་པའི་དཔེ་ཆ་འདི་དག་ཀྱང་གཞུག་ནས་སྐར་མ་སྒྲོལ་མས་སྔོན་གྱི་ཨ་ལོ་དང་ལྷ་མོའི་མལ་ཁང་ནས་བཏུས་ཡོང་བ་རེད། སྐར་མ་སྒྲོལ་མ་རང་ཉིད་དཔེ་ཀློག་ལ་མི་དགའ་མོད། མོས་རྒྱུན་དུ་ཨ་ལོ་དཔེ་ཀློག་ལ་བསྐུལ་བ་རེད། ཐེངས་ཤིག་མོའི་ལས་ཁུངས་ཀྱིས་ལས་བཟོ་བ་ཚོར་ལོ་སར་ལེགས་སྐྱེས་རེ་གདམ་དུ་བཅུག་པར་མོས«དུང་དཀར་ཚིག་མཛོད་ཆེན་མོ»ཞིག་བདམས་པ་རེད། སྐར་མ་སྒྲོལ་མ་དང་འཕྲད་པ་ནས་ཨ་ལོས་ཆང་དང་ཤོ་བཅད་དེ་ལེགས་ལམ་དུ་འགྲོ་བཞིན་ཡོད་མོད་དཔེ་ཀློག་གི་གོམས་གཤིས་དེ་ད་དུང་སླར་གསོ་བྱས་མེད་པ་འདྲ། ཨ་ལོས་འདང་རྒྱག་གིན་རྒྱག་གིན་སྐར་མ་སྒྲོལ་མའི་སྐེ་ལ་འཁྱུད་དེ་སྐད་དམའ་མོས་ངུས་བྱུང་། ཁོའི་ངུ་སྐད་ལ་ཉན་མཁན་ནི་མཚན་མོའི་ཟླ་བ་དང་ཟླ་འོད་འོག་ཁུ་སིམ་མེར་གནས་པའི་དཔེ་ཆ་དག་ལས་སུ་ཞིག་ཡོད། ཁོའི་ངུ་སྐད་ཀྱི་གསེང་དུ་སྦས་པའི་སྐད་ཆ་དེ་དག་སུ་ཞིག་གིས་ཐོས་མྱོང་། ཁོའི་རུམ་གྱི་སྐར་མ་སྒྲོལ་མ་གཅིག་པུས་ཐོས་ཡོད་ན་ཐང་།
7
ཕལ་ཆེར་ཟླ་གཅིག་གི་རྗེས་སུ། ཨ་ལོའི་གཉེན་དོན་སྔར་བཞིན་གྲག་མེད་འགུལ་མེད་དུ་ལུས་འདུག ཨ་ལོ་སྐར་མ་སྒྲོལ་མ་ལེན་དུ་འགྲོ་སྐབས། ཁོའི་ཡིད་ལ་འོད་ཟེར་གྱིས་བཤད་པའི་སྐད་ཆ་ཞིག་དྲན་གྱིན་འདུག དེ་ནི་ཟླ་སྔོན་མར་འོད་ཟེར་ཁོ་ལ་བལྟ་རུ་ཡོང་བའི་སྐབས་བཤད་པ་རེད། ཨ་ལོས་སྐར་མ་སྒྲོལ་མ་དང་ཁོ་གཉིས་ཀྱི་དོན་དག་གི་མགོ་མཇུག་བར་གསུམ་ཁོ་དང་ཁ་བརྡ་བྱས། འོད་ཟེར་གྱིས་ཨ་ལོར་བལྟས་ནས་སྐད་ཆ་ཞིག་ཡང་དང་ཡང་དུ་བཤད་རྩིས་བྱས་ཀྱང་བཤད་མ་ཕོད་པའམ་མ་ཤོད་པར་ཕྱིར་མིད་བྱུང་། ཨ་ལོས་འོད་ཟེར་གྱི་རྣམ་འགྱུར་ལས་ཅི་ཞིག་ཚོར་སོང་བ་བཞིན"ཁྱོད་ལ་སྐད་ཆ་ཞིག་ཡོད་པ་ཁོ་ཐག་རེད། ཤོད་དང་སྐྱོན་མེད། "ཅེས་ཧ་ཅང་ཉན་འདོད་ཀྱིས་བསྐུལ་བ་ན། འོད་ཟེར་གྱིས་ཡར་མར་ལ་མིག་ཉུལ་ཙམ་བྱས་རྗེས"ཁྱོད་ཀྱི་ནུ་བོ་དང་ཁྱོད་གཉིས་ཀྱི་ཕ་མི་གཅིག་པ་བདེན་ནམ། ངས་དེ་འདྲ་ཞིག་གོ་བྱུང་། "ཞེས་མཚར་སྣང་གིས་དྲིས། ཨ་ལོའི་སེམས་ལ་སྐར་མ་སྒྲོལ་མ་དང་ཨ་མ་ཀུན་སྐྱིད་ཀྱི་སྐད་ཆ་དག་རེས་མོས་ཀྱིས་ཤར་བྱུང་།
"བདེན་པ་རེད། ངའི་ཨ་མ་གནས་ལ་མ་ཡོང་གོང་དུ་ང་སྐྱེས་ཡོད་པ་རེད། ང་ཨ་ཕ་ཚང་གི་ཐབ་རྩ་ནས་སྐྱེས་པའི་བུ་མ་རེད། "ཅེས་ཅུང་ཟད་སེམས་ཕམ་སྟེ་བཤད། ཨ་ལོས་ཕ་ཡར་དེ་ཨ་ཕ་ངོ་མ་ཞིག་ཏུ་བསམ་ཡོད་པ་མ་ཟད། རང་ཉིད་ཀྱང་ཁོའི་བུ་ཕྲུག་ངོ་མ་དེ་ཡིན་པར་འདོད་ཡོད། འདི་ནི་ཁོས་དོན་དངོས་མ་ཤེས་པ་མིན་ཏེ་ཕན་ཚུན་ལ་འདང་རྩིས་ཆེ་བས་ལོས་ཡིན། མ་མཐའ་ཡང་ད་བར་དུ་དེ་ལྟར་བསམ་ཡོད།
"ངོ་མ་ཡིན་ནམ། རློམ་དཀའ་བ་ཞིག་རེད། འོ་ན་ཁྱོད་རང་མག་པར་མི་འགྲོ་དོན་ཅི་ཡིན། "
"ང་རང་བུ་ཆེ་བ་ཡིན། འཁོར་བའི་གཞི་འཛིན་ང་ཡིན། ད་དུང་ང་མག་པར་འགྲོ་བར་ཨ་མ་ཡང་གཏན་ནས་མི་འཐད་པ་འདྲ། "
"ད་ཁྱོད་ཀྱིས་གླེན་རྟགས་མ་སྟོན། འཁོར་བའི་གཞི་འཛིན་པ་ཁྱོད་ཀྱི་ནུ་བོ་ཡིན་པ་ང་ལྟ་བུ་ཞིག་གིས་ཀྱང་ཤེས་ཐུབ། ཁྱོས་འདང་ཞིག་རྒྱོབས་དང་། རང་གི་བུ་ངོ་མ་བསྐྱུར་ནས་ཐང་གི་བུ་ཞིག་ལ་འཁོར་བ་སྤྲོད་འདོད་མཁན་གྱི་ཨ་ཕ་ཞིག་ཡོད་དམ། ཡང་གཅིག་བཤད་ན་འདི་ཨ་ཕའི་ཁྱིམ་ཚང་རེད། ཁྱོད་ཀྱི་ཨ་མ་འདི་ཚང་དུ་གནས་ལ་ཡོང་བ་རེད། ཁྱོད་ཀྱི་ཨ་ཕས་ཁ་ནས་མ་ཕུད་པ་མ་གཏོགས་སེམས་ན་ཁྲ་གསལ་ལེར་ཡིན་ཁོ་ཐག་རེད། རང་གི་བུ་ཕྲུག་ལ་ཆགས་པ་དང་དེའི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ་ནི་མིའི་རང་བཞིན་རེད། ཡུལ་དུས་ཇི་འདྲ་འགྱུར་ཡང་དེ་ལ་འགྱུར་བ་འབྱུང་མི་སྲིད། "འོད་ཟེར་གྱིས་ཨ་ལོ་ལ་གསལ་བརྡའི་ཚུལ་དུ་བཤད།
"འོ་ན་ངས་རང་གི་དྲིན་ཆེན་ཨ་མ་ཡང་བསྐྱུར་ནས་འགྲོ་དགོས་པ་ཨེ་རེད། དེ་ལྟར་བྱས་ན་མ་བུའི་འབྲེལ་བ་ཡང་འཆད་རྒྱུ་རེད། "
"ཁྱོད་རང་རང་དབང་ལ་དགའ་བ་མིན་ནམ། རང་གི་འཚོ་བའི་ལམ་བུ་རང་གིས་བདམས་ཏེ་རང་གིས་འགན་འཁུར་དགོས་ཚུལ་ཡང་ཁྱོད་ཀྱིས་བཤད་པ་མིན་ནམ། ད་ལྟ་ཁྱོད་ལ་ཅི་བྱུང་། ཕ་མ་ལ་དྲིན་ལན་འཇལ་སྟངས་སྣ་ཚོགས་ཡོད་པ་རེད། ཡིན་གཅིག་མིན་གཉིས་འཁོར་བའི་གཞི་འཛིན་མ་བྱས་ན་དྲིན་ལན་འཇལ་ཐབས་མེད་པ་མ་རེད། ཡང་གཅིག་བཤད་ན་འཁོར་བའི་གཞི་འཛིན་པ་མང་པོ་ཞིག་གི་སྐྱུག་བྲོ་བའི་བྱ་བ་ལ་ལྟོས་དང་། ཕ་མའི་རྒྱུ་ནོར་ཡོད་ཚད་ལོངས་སུ་སྤྱོད་བཞིན་ཕ་མ་ལ་སྙོར་སྐྱོང་མི་བྱེད་པར་ཁང་ཆག་རེའི་ནང་བསྐྱུར་ཡོད་པ་མིན་ནམ། "
"ང་རང་རང་དབང་ལ་དགའ་བ་བདེན་པ་ཡིན་ལ་ཨ་མ་ལ་དགའ་བ་ཡང་བདེན་པ་ཡིན། བདེན་པ་གཉིས་འགལ་ཟླར་གྱུར་ཚེ་ཅི་ཞིག་བྱ་འོས། གལ་ཏེ་ཨ་ཕའི་སེམས་སུ་དོན་ངོ་མར་དེ་ལྟར་འདོད་ཀྱིན་ཡོད་ཚེ......ཨ་ཨ......ད་དོན་དག་འདི་ཅི་རེད། བཤད་མི་ཤེས་གེ་སར་གྱི་སྒྲུང་འདྲ་འདྲ་དང་བཤིག་མི་ཤེས་གོས་སྐུད་ཀྱི་དཀྲིས་འདྲ་འདྲ་ཞིག་རེད། "
"ཁྱོད་ཀྱི་མི་ཚེ་ནི་མགོ་འཁོར་ཕོ་བྲང་ཞིག་དང་འདྲ། ཁྱོད་ཀྱི་ཨ་མ་དང་སྐར་མ་སྒྲོལ་མའི་ཨ་ཞང་ནི་ཇི་འདྲའི་འདྲ་ཨང་། ད་ནི་ལམ་གཅིག་ལས་མི་འདུག ཁྱོད་གཉིས་བར་དུ་ཁྱིམ་ཚང་བཅའ་རྒྱུ་དེ་རེད། ཁྱོད་གཉིས་ཀྱིས་རང་གི་ནུས་པར་བརྟེན་ཏེ་འཁོར་བ་བསྐྱང་རྒྱུ་དེ་རེད། "
ཨ་ལོས་འོད་ཟེར་གྱིས་བཤད་པའི་སྐད་ཆ་ལ་འདང་རྒྱག་གིན་རྒྱག་གིན་སྨྲ་མི་ཤེས་པའི་སྤོབས་པ་ཞིག་རྒྱས་ཡོང་སྟེ་ཨ་མ་ཀུན་སྐྱིད་དང་ཡང་བསྐྱར་ཁ་བརྡ་ཐེངས་གཅིག་བྱེད་པར་ཡུལ་ལ་ལོག ཨ་ལོས་སྐར་མ་སྒྲོལ་མ་ནི་རྙེད་དཀའ་བའི་ནོར་བུ་ཞིག་ཡིན་ཚུལ་དང་རང་ཉིད་ཀྱི་འཚོ་བར་ཆེས་དཀའ་ཁག་ཆེ་དུས་མོས་ཇི་ལྟར་རོགས་རམ་བྱས་ཚུལ་སོགས་མོ་དང་འབྲལ་ཐབས་མེད་པའི་བརྩེ་དུང་གི་ཟབ་ཚད་གླེང་།
"ངས་བལྟས་ན་ཁྱོད་ཀྱིས་བུད་མེད་གཞན་ཞིག་བཙལ་ན་དགའ། སྐར་མ་སྒྲོལ་མ་དང་ཁྱོད་གཉིས་ལ་ལས་འཕྲོ་མེད་པ་འདྲ། ང་ཁྱོད་ཀྱིས་བཤད་པར་གཏན་ནས་མི་འཐད། བུ་ཆེ་བས་བུད་མེད་ཅིག་གི་ཆེད་དུ་ཕ་མ་བསྐྱུར་ནས་འགྲོ་མཁན་ནི་གླིང་འདི་ན་ཁྱོད་ལས་མེད་ཁོ་ཐག་ཡིན། མིག་རྫོད་རེད་ཡ། མིག་རྫོད་རེད། "ཀུན་སྐྱིད་ཀྱིས་འདང་ཞིག་བརྒྱབ་རྗེས་ཡང་བསྐྱར་བཤད་རྒྱུར། "ཁྱོད་གཉིས་ལོགས་སུ་ཁྱིམ་ཐབ་བཅས་ན་ཁང་བ་སུས་ཉོ་དགོས། ནང་གི་ཅ་ལག་སུས་བསྒྲིག་དགོས། ཁྱོད་གཉིས་ལ་སྒོར་མོ་ཡོད་དམ། འུ་ཚང་ལ་སྒོར་མོ་ཡོད་དམ། ཁྱོད་གཉིས་ཀྱི་ཟླ་ཕོགས་བསྡོམས་ནའང་སྒོར་མོ་སྟོང་གསུམ་མ་གཏོགས་མེད་ལ། དེང་སང་སྒོར་མོ་སྟོང་གསུམ་གྱིས་ཟས་གོས་ཙམ་ཡང་འཁྱོངས་དཀའ། ད་རུང་སྐར་མ་སྒྲོལ་མའི་ཨ་ཞང་ནམ་རྒྱུན་མཱ་ཅང་རྒྱག་རྒྱུར་དགའ་བས་དོམ་ཡང་མང་པོ་འཁོར་ཡོད་ཟེར། ཁྱོས་ཁོ་ལ་ཁ་ཡ་མི་བྱེད་སྲོལ་གང་ན་ཡོད། བཟང་ན་ངན་ན་ཁྱོད་ཀྱི་ཆུང་མའི་ཨ་ཞང་རེད། ཁ་ཡ་བྱེད་འདོད་ཚེ་ཁྱོད་ཀྱིས་རང་ཉིད་ཀྱི་དོམ་ཡང་འཇལ་མི་ཐུབ་པར་གཞན་དོམ་ཇི་ལྟར་འཇལ། "
"ཁོ་ལ་ནོར་ལུག་མང་བ་མིན་ནམ། མ་གཞི་ནས་ཁོའི་དོམ་གཞལ་རྒྱུ་དེ་ངའི་འོས་འགན་མ་རེད། ངའི་དོམ་ཕལ་ཆེར་འཇལ་ཚར་སོང་། "ཨ་ལོས་དེ་ལྟར་བཤད་རྗེས་ཡིད་ལ་ཕ་མ་གཉིས་ལ་གསར་དུ་ཉོས་པའི་ཁང་བ་དེ་དྲན་བྱུང་། ཁང་བ་དེ་ཡང་ཨ་ལོས་དོམ་བླངས་ནས་ཉོས་པས་དངུལ་ཁང་ལས་སྒོར་མོ་ཁྲི་བཅུ་ཙམ་བསྐྱིས་པ་རེད། ཨ་ལོའི་སེམས་སུ་ཅི་ཞིག་གིས་ལྗིད་ཏིག་གེར་མནན་འདུག་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བྱུང་།
"ཧོ་ཧོ......ཁྱོད་ཀྱིས་སྐྱིད་པོ་མ་བཤད། ཁྱོད་གཉིས་ཀྱིས་གཉེན་སྒྲིག་བྱེད་པ་ནི་ཁྱོད་གཉིས་ཀྱི་སྒེར་དོན་ཙམ་མིན་པར་ཁྱིམ་ཚང་གཉིས་ཀྱི་དོན་དག་རེད། ཁྱོད་ཀྱིས་འགན་མི་འཁུར་རང་དབང་གང་ན་ཡོད། "
"ཨ་མ། ང་ལ་རང་ལམ་རང་གིས་འདེད་པའི་ཁེ་དབང་ཞིག་ཀྱང་མེད་སོང་བ་ཨེ་རེད། "
"ལོས་ཡོད། ཁྱོད་ལ་རང་དབང་དགོས་ན་འུ་གཉིས་ལ་མ་བུའི་འབྲེལ་བ་མེད། "
ཀུན་སྐྱིད་ཀྱིས་ཨ་ལོའི་ཚེ་གང་གི་བདེ་སྐྱིད་ལ་འདང་རྒྱག་གིན་པ་ཨ་ལོས་ཀྱང་གསལ་པོར་ཤེས་ཡོད། འོན་ཀྱང་རླབས་ཆེ་བའི་བརྩེ་བ་འདིས་ཨ་ལོའི་མི་ཚེ་ལ་རྨ་ཁ་བཅོས་ཐབས་བྲལ་བ་ཞིག་བཞག་པའང་ཨ་ལོས་སེམས་ཀྱིས་ཚོར་ཡོད། ཨ་ལོ་ནི་ལམ་ནོར་ཐེབས་པའི་ལམ་འགྲོ་བ་ཞིག་དང་འདྲ་བར་མི་ཚེའི་སུམ་མདོ་ཞིག་ཏུ་ཁེར་རྐྱང་གིས་འགྲེང་འདུག སྐར་མ་སྒྲོལ་མས་རང་ཉིད་ལ་བཤད་པའི་སྙིང་གཏམ་རེ་རེ་དང་ཁོ་མོའི་གདོང་གི་ལྷད་མེད་ཀྱི་འཛུམ་ཆུང་དེ་ཡིད་ལ་དྲན་དུས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་ཁོ་མོའི་ཕྱོགས་སུ་གོམ་ཁ་བསྒྱུར་འགྲོ། ཨ་མ་ཀུན་སྐྱིད་ཀྱིས་བསྒྲགས་པའི་ཐ་ཚིག་དང་ཁོ་མོའི་རེ་བ་དྲན་དུས་ཨ་ལོའི་ངོ་གདོང་ཚ་བེར་བེར་དུ་གྱུར་ཏེ་རང་དབང་གི་གོམ་འགྲོས་འཁྱར་འཁྱོར་དུ་འགྱུར་འགྲོ། ཡང་སྐར་མ་སྒྲོལ་མའི་ཨ་ཞང་གི་སྤྱོད་པ་དང་ཨུ་ཚུགས་དྲན་དུས་ཨ་ལོའི་འགན་ཁུར་གྱི་འདུ་ཤེས་ལ་གཡོ་འགུལ་ཐེབས་འགྲོ། ཐ་ན་ཨ་ལོས་ཀིར་སྟི་ཡིས་གསུངས་པའི"ཉིན་རེར་སླར་ཡང་རང་དབང་དང་འཚོ་གནས་ལ་བརྩོན་ལེན་བྱེད་པའི་མི་དེར་ད་གཟོད་དེ་གཉིས་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད"ཅེས་པའི་སྐད་ཆ་དེར་ཡང་དོགས་པ་ཟ་བཞིན་འདུག
སྐབས་རེར་ཨ་ལོའི་བསམ་པར་གནས་ལུགས་དང་བདེན་པར་ཁས་ལེན་མེད་པའི་ཁོར་ཡུག་ཏུ་བརྩོན་ལེན་ནི་རང་ཉིད་ངལ་བྱེད་ཀྱི་རྒྱུ་ཙམ་དུ་འདོད། སྐར་མ་སྒྲོལ་མའི་ཨ་ཞང་གིས་ཁོ་མོ་གནས་ལ་མི་སྟེར་བར་གནས་ལུགས་མི་འདུག་སྙམ། ཁོ་མོས་བརྩོན་ལེན་མ་བྱས་པ་ག་ལ་ཡིན་ཏེ། ལན་རེར་མིག་ཆུ་བཏོན་ནས་ཞུ་བ་བྱས་མྱོང་ལ། ལན་རེར་ཨུ་ཚུགས་ཀྱིས་ངོ་རྒོལ་ཡང་བྱས་མྱོང་། ཁོ་ལ་གནས་ལུགས་ཆེན་པོ་ཅི་ཡང་བཤད་རྒྱུ་མི་འདུག གནས་ལུགས་གཅིག་ཡོད་པ་ནི་ཁོ་རང་ལ་བུ་ཕྲུག་མེད་པས་སྐར་མ་སྒྲོལ་མ་ནི་རེ་བ་དང་བལྟ་ས་གཅིག་པུ་རེད། འོན་ཀྱང་ཁོ་རང་ད་དུང་ཕོ་ལོ་ཞེ་ལྔ་ཙམ་ལས་མིན་པས་ཆུང་མ་ཞིག་བླངས་ཀྱང་ཅི་ལ་མི་ཆོག ཁོས་རང་གི་བདེ་སྐྱིད་དེ་སྐར་མ་སྒྲོལ་མའི་མིག་ཆུའི་སྟེང་དུ་བསྐྲུན་འདོད་པ་མིན་ནམ། འདི་འདྲ་བྱེད་སྲོལ་གང་ན་ཡོད། ཨ་ལོས་དེ་ལྟར་འཁང་ར་བྱེད་སྐབས་འོད་ཟེར་གྱི་གདོང་ལ་འཛུམ་ཞིག་ལངས་ཏེ"སྐར་མ་སྒྲོལ་མའི་ཨ་ཞང་དང་ཁྱོད་གཉིས་ཀ་གཅིག་རེད། རང་དོན་མ་གཏོགས་དྲན་གྱི་མི་འདུག"ཅེས་བདེན་ཤས་ཆེ་བའི་ཀུ་རེ་ཞིག་བཤད།
"མོའི་ཨ་ཞང་ནི་ཁྱོད་རང་ལ་གཞུང་གི་བྱ་བ་མེད་པས་འཐད་ཀྱི་མེད་པ་མིན་ནམ། གོ་ཐོས་ལྟར་ན་ཁང་བ་དང་རླངས་འཁོར་སོགས་ཕར་ཞོག་ཆེས་མ་མཐའི་འཚོ་གནས་ཀྱི་གནད་དོན་ཡང་ཐག་གཅོད་མི་ཐུབ་པའི་མི་ཞིག་ལ་ངའི་ཚ་མོ་སྟེར་རུང་ངམ་ཞེས་ཀུན་ལ་བཤད་ཀྱི་འདུག་ཟེར། "
"ངོ་མ་ཡིན་ནམ། བྱ་བཙོག་གིརྐང་ལག་འཚམས་ན་འབྱོར་བ་རང་གིས་བསྐྲུན་དགོས་པ་མིན་ནམ། དེང་སང་བཟའ་ཚང་ཞིག་ཡིན་ཕྱིན་སྐྱིད་མཉམ་རྒྱག་བྱེད་དགོས་མ་ཟད་སྡུག་ཀྱང་མཉམ་དུ་མྱོང་དགོས། གནས་ལ་མ་ཡོང་སྔོན་ནས་ཁང་བ་དང་རླངས་འཁོར་སོགས་ཉོས་ནས་འགྲུབ་འདུག་པའི་ན་གཞོན་ཧ་ཅང་ཉུང་ཚོད་རེད། ཕྱུག་བདག་དང་དཔོན་ཕྲུག་ཚོ་མ་གཏོགས། "
"གནས་ལུགས་དེ་ཁོ་ལ་ཤོད། ང་ལ་བཤད་ནས་ཅི་བྱེད། གང་ལྟར་ཁྱོད་རང་བློར་འབབ་ཀྱི་མེད་པ་ཁོ་ཐག་རེད། དུས་རབས་འགྱུར་ཟིན། ད་ལྟ་ནི་སྒོར་མོ་དཀོན་མཆོག་ཏུ་བཀུར་བའི་དུས་རབས་ཡིན་པས་ཁོ་ལའང་ཅི་ཁག"
འོད་ཟེར་གྱིས་དགོད་ཞོར་དུ་དེ་ལྟར་བཤད་རྗེས"ངས་མུ་མཐུད་དུ་ཁོའི་རྣམ་འགྱུར་དང་སྐད་ཆ་ལ་རྩད་གཅད་ངེས། "ཟེར། འོད་ཟེར་སོང་རྗེས་ཨ་ལོས་ཡུན་རིང་ལ་ཁེར་འདང་བརྒྱབ། "ཁོས་བཤད་པ་བདེན་ཏེ། ང་འདྲ་བའི་སྤྲང་ཕྲུག་ཅིག་རྫོང་མཁར་འདི་ན་ཧ་ལམ་མེད་ཚོད་རེད། ང་དང་འདྲ་བར་ལས་ཀ་ཅི་ཡང་མེད་པར་ཡར་འཁྱམས་མར་ལྡོམ་བྱས་ཏེ་སྡོད་པའི་ན་གཞོན་ནི་མང་དུ་ཡོད་ཀྱང་། ཁོ་ཚོ་ང་ལྟར་སྤྲང་བོ་མིན། ངས་སྤྲང་བོ་མིན་ཞེས་པ་ནི་རྒྱུ་འབྱོར་བས་མི་དབུལ་ཞེས་པའི་དོན་ཡིན། མ་མཐའ་ཡང་ཁོ་ཚོ་རང་ཉིད་ཀྱིས་དེ་ལྟར་འདོད་ཡོད། རིག་གནས་ཡོན་ཏན་གྱི་ཆ་ནས་ང་ལས་ཀྱང་དབུལ་བ་བགྲང་གིས་མི་ལང་། ཡིན་ནའང་། ཁོ་ཚོ་འདུག་ས་ཐོག་ཁང་དང་འགྲོ་ས་རླངས་འཁོར་ཡིན་པས་ཕར་བལྟས་ན་རྒྱལ་ནང་གི་ཕྱུག་བདག་ཚོ་དང་ཁྱད་པར་ཅི་ཡང་མེད་པའི་ཚོར་བ་སྟེར། ང་དང་ན་མཉམ་གྱི་སློབ་གྲོགས་དང་གྲོགས་པོ་ཕལ་ཆེ་བས་འཁོར་བ་བཅས་ཟིན་པ་མ་ཟད་བུ་ཕྲུག་གཉིས་རེ་ཅན་ཡང་མང་པོ་ཞིག་ཡོད། ངའི་མི་ཚེ་ནི་སྐྱོ་ངལ་ལ་བརྒྱུས་པའི་དབྱངས་རྟ་ཞིག་རེད།" ཨ་ལོས་དེ་ལྟར་ཆིག་ལབ་བྱེད་བཞིན་གློ་ཁུག་ལས་ཁ་པར་བླངས་ཏེ"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་པའི་གླུ་དབྱངས་ལ་ཉན། གླུ་དབྱངས་འདིར་ཉན་སྐབས་ཁོའི་སེམས་ཀྱི་སྐྱོ་ངལ་ཡོད་ཚད་བརྗེད་འགྲོ་བའི་སྣང་བ་སྐྱེ། རོལ་མོ་ནི་མིའི་རང་བཞིན་དང་འཇིག་རྟེན་གྱི་བདེན་པ་ལ་ཆེས་ཉེ་བའི་སྒྱུ་རྩལ་ཞིག་ཡིན་པ་ཨ་ལོས་མྱོང་སྟེ་ཤེས་ཡོད།
འཛིན་བསམ་ན་ལག་པ་བསྲེག་པ་དང་གཏོང་བསམ་ན་རྫ་མ་འཆག་པའི་དཔེ་ལྟར་ཨ་ལོ་ཅི་བྱ་གཏོལ་མེད་དུ་གྱུར་འདུག་ཅེས་བཤད་ཆོག་སྟེ། སྐར་མ་སྒྲོལ་མ་དང་ཁ་ཁར་འགྲོ་བསམ་ཡང་འགྲོ་མི་ཐུབ། ཐེངས་སྔོན་མར་ཁོ་དང་ཁོ་མོས་གཉེན་སྒྲིག་གི་དོན་དག་བརྩད་དེ་འཁོན་རེས་ཡིད་ཚིམ་པ་ཞིག་བྱས་རྗེས་རང་རང་སར་འགྲོ་བར་ཐག་བཅད་དེ་མནའ་རེའང་བསྐྱལ་ཡོད་ཀྱང་། ཉིན་གསུམ་མ་འགོར་བར་ཨ་ལོས་སྐར་མ་སྒྲོལ་མ་ལ་བཟོད་གསོལ་ཞུས། རྒྱུ་མཚན་དང་གནས་ལུགས་ཅི་ཞིག་ཡིན་པ་ཨ་ལོ་རང་གིས་ཀྱང་བཤད་མི་ཤེས། བརྩེ་དུང་ནི་མ་གཞི་ནས་གཏན་ཚིགས་དང་གནས་ལུགས་ལས་བརྒལ་བའི་དོན་དག་ཅིག་ཡིན་པ་འདྲ། དེའི་རྗེས་ནས་སྐར་མ་སྒྲོལ་མའི་ཨ་ཞང་གིས་ཨ་ལོ་ལ་སྤྲང་བོ་ཞེས་མི་ཁ་བཞག་པས་ཨ་ལོ་ཧ་ཅང་མ་འཐད་པར་ཉི་མ་ལྔ་ཙམ་གྱི་རིང་ལ་སྐར་མ་སྒྲོལ་མར་ཁ་ཡ་མ་བྱས། དེའི་རིང་དུ་ཨ་ལོ་མོའི་ཨ་ཞང་ལ་གནས་ལུགས་བཤད་དུ་ཐེངས་འགར་སོང་ཡང་མ་རྙེད། སྐར་མ་སྒྲོལ་མས་ཨ་ལོ་བཙལ་ཏེ་ཐེངས་འགར་ཁོའི་མལ་ཁང་དུ་ཐོན་ཡང་ཁོ་དང་མ་ཐུག སྐར་མ་སྒྲོལ་མས་སེམས་ཚེགས་བྱས་དྲགས་པས་ལྡ་ང་ལྡིང་ངེ་ཞིག་ཏུ་གྱུར་འདུག ཁོ་མོས་རང་གི་ངོ་ཤེས་ཚང་མར་ཁ་པར་བཏང་སྟེ་ཨ་ལོ་རིག་མ་རིག་གི་གནས་ཚུལ་དྲིས། ང་ལའང་མོས་ཁ་པར་བཏང་བྱུང་།
"ཨ་རོགས། སྐར་མ་སྒྲོལ་མ་ཡིན་ནམ། "
"ཡིན། ཨ་ལོ......ཨ་ལོ། ཁྱོད་ཀྱིས་ཨེ་རིག་ཐལ། "
"དལ་མོར་ཤོད་དང་། ཨ་ལོ་ཅིག་ལ་བུད་སོང་བ་ཨེ་རེད། "
"རེད། རེད། ཁོས་ངའི་ཁ་པར་མི་ལེན་གིཁོ་རང་གི་མལ་ཁང་དུའང་མེད་ཁུ། ད་ཅི་བྱ། དྲིན་ཅན་པོ། ང་ལ་འཚོལ་རོགས་ཤིག་བྱོས་དང་། "
"ཁྱོས......ངས....."
ངས་སྐད་ཆ་བཤད་མགོ་བརྩམས་མ་ཐག་ཁོ་མོས་ཁ་པར་གྱི་ཁ་བརྒྱབ་སོང་། ངས་ཀྱང་ཁོ་མོའི་སེམས་ཁམས་བདེ་ཡི་མེད་པ་ཤེས་ཏེ་ཨ་ལོར་འབྲེལ་བ་བྱས་པ་ཡིན། ཁ་པར་བཏང་རྗེས་ང་རང་འགྱོད་པ་སྐྱེས་སོང་། ངས་ཁ་པར་མ་བཏང་ཡང་ཨ་ལོ་རང་ཉིད་ཀྱིས་བཟོད་ཀྱི་མི་འདུག ངས་ཁ་པར་གཏོང་སྐབས་ཁོ་རང་སྐར་མ་སྒྲོལ་མའི་སར་འགྲོ་བཞིན་པའི་སྒང་རེད།
ཨ་ལོའི་དོན་དག་ནི་ཨ་ལོ་ཙམ་མ་ཟད་སློབ་གྲོགས་ཚོས་ཐོས་ནའང་མགོ་ན་ཡི་འདུག ད་ལོའི་སྟོན་ཁར་ཎ་ཏམ་སྤྲོ་ཚོགས་ཀྱི་སྐབས་སུ་ང་ཚོའི་སློབ་ཆུང་གི་སློབ་གྲོགས་འགའ་ལྷན་དུ་བསྡད་དེ་ཟས་ཆང་ལ་རོལ་བཞིན་ཁ་བརྡ་བྱས་པ་ཡིན། ཉིན་དེར་ཨ་ལོའང་ཐོན་འདུག
"ཨ་ལོ། ཁྱོད་ཀྱི་གཉེན་དོན་ཨེ་འགྲུབ་ཐལ། "སློབ་ཆུང་སྐབས་ཀྱི་འཛིན་དཔོན་གྱིས་ཨ་ལོ་ལ་ཤ་སོག་པ་ཞིག་སྟེར་བཞིན་དེ་ལྟར་དྲིས།
"འགྲུབ་དཀའ་གི། ཕལ་ཆེར་རེ་བ་མེད་པ་འདྲ། "
"ཁྱོད་གཉིས་ཁ་ཁར་བཏང་ན་ཉ་མོ་སྟོང་གཅིག་བསད་པའི་སྡིག་པ་ཡོད་ཁོ་ཐག་རེད། "ཅེས་སློབ་གྲོགས་གཞན་ཞིག་གིས་བཤད་མ་ཐག་འཛིན་དཔོན་གྱིས་ཀུ་རེའི་ཚུལ་དུ"ཨ་ལོའི་བརྩེ་དུང་ལ་ཉ་མོ་སྟོང་གཅིག་གི་རིན་ཐང་མ་གཏོགས་མེད་ན་རྒྱ་ནང་ནས་བྲིན་རྒྱུ་མ་རེད། "ཟེར།
"མནའ་མར་ཡོང་རྒྱུར་དེ་ཚང་མི་འཐད། མག་པར་འགྲོ་རྒྱུར་འདི་ཚང་མི་འཐད། ཁ་ཁར་འགྲོ་རྒྱུར་ཁྱོད་གཉིས་མི་འཐད། ཤུལ་ན་ལམ་གཅིག་ཡོད་པ་ནི་བར་ནས་འདུག་རྒྱུ་དེ་རེད། དེ་ལེགས་འགྲུབ་མ་བྱུང་ཚེ་བརྩེ་དུང་འདིའི་མདུན་ལམ་ལ་འདང་ཕོག་དཀའ་གི"ངས་དེ་ལྟར་བཤད་པ་ན་འོད་ཟེར་གྱིས་ངའི་སྐད་ཆའི་རྒྱུན་བསྐྱངས་ཏེ"གང་ལྟར་བརྩེ་དུང་ལ་འབྲས་བུ་ལེགས་པོ་ཞིག་སྨིན་དགོས་ན་དོན་དག་ལ་ལ་ཞིག་བློས་གཏོང་དགོས་པ་ཆོས་ཉིད་རེད། ཕ་མ་དང་བུ་ཕྲུག་སུ་ཡིན་ཡང་རང་རང་ས་ནས་ཨུ་ཚུགས་བྱས་ཏེ་བསྡད་པས་མི་ཡོང་བར་གནས་ལུགས་དང་ཕུགས་དོན་ལ་འདང་རྒྱག་རྒྱུ་ནི་གལ་ཆེ་བར་སྙམ། "
"སྐར་མ་སྒྲོལ་མའི་ཨ་ཞང་དང་ཁྱོད་ཚང་གི་ཨ་ཕ་གཉིས་ཀྱིས་ཡང་བསྐྱར་ཁ་བརྡ་ཞིག་བྱ་ཐུབ་ཚེ་ཐབས་གཞན་པ་ཡོད་ཀྱང་སྲིད།" འཛིན་དཔོན་གྱིས་ཨ་ལོ་ལ་སེམས་གསོའི་ཚུལ་དུ་དེ་ལྟར་བཤད་རྗེས"ཡ་ཤོག་ཤོག......"ཟེར་བཞིན་ཆང་ཕོར་ཡར་བཀྱགས་བྱུང་། ཨ་ལོས་ཀྱང་རང་གི་བཏུང་ཆུའི་ཤོག་ཕོར་གནམ་ལ་བཀྱགས་ཏེ"ཡ་འཐུང་འཐུང......"ཟེར་བཞིན་སྐད་བཏོན་ཏེ་ཧབ་ཆ་ཞིག་བསྒྲགས་བྱུང་། ང་ཚོས་ཨ་ལོར་བལྟས་ཏེ་ཡུན་རིང་ལ་བགད།
8
ཨ་ལོ་མལ་ཁང་གི་སྒེའུ་འགྲམ་དུ་ལངས་ཏེ་ཕྱི་རོལ་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་ཡོད་ཟེར་བ་ལས་མཛེས་ལྗོངས་ཀྱིས་ཨ་ལོའི་འཇིག་རྟེན་ལ་ལྟད་མོ་ལྟ་བཞིན་ཡོད་ཟེར་ན་འཚམ། མདུན་ཕྱོགས་ཀྱི་ཆབ་བྲག་དབུ་རྩེའི་བརྗིད་ཉམས་དང་ཉེ་འདབས་ཀྱི་ཀླུ་ཆུ་སྔོན་མོའི་རླབས་སྒྲ་ནི་ནམ་རྒྱུན་ལྟར་མཛེས་སྡུག་དང་གསོན་ཤུགས་ཀྱིས་ཕྱུག་འདུགཨ་ལོ་གཅིག་པུ་ནི་འདུར་རྒྱུགས་དང་བྲེལ་འཚུབ་ཀྱིས་མནར་ཏེ་ངལ་དུབ་དང་སྐྱོ་གདུང་གིས་བཟུང་འདུགཨ་ལོས་གློ་བུར་དུ་འོད་ཟེར་གྱི་ཚ་འདྲི་ཞིག་དྲན་བྱུང་།
"གལ་ཏེ་སྐར་མ་སྒྲོལ་མ་ཁྱོད་ཚང་ལ་གནས་སྟེར་བར་འཐད་པ་བྱུང་ཚེ། ཁྱོད་ཀྱིས་དོན་དུ་ཁོ་མོ་ལེན་ཕོད་དམ་མི་ཕོད། "འོད་ཟེར་གྱིས་འདྲི་གཅོད་པ་ཞིག་གི་ཚུགས་ཀ་བཏོད་ནས་དྲིས་པས་ཨ་ལོ་ཅུང་ཟད་མ་དགའ་བར"དོན་དག་མང་པོ་ཞིག་ལ་གལ་ཏེ་ཞེས་པའི་ཚིག་དེ་གཏན་ནས་མེད། "ཅེས་དྲི་བ་ལ་ཐད་ཀར་ལན་མ་བཏབ་པར་གནས་ལུགས་རབ་རིབ་ཅིག་བཤད་དེ་བཞག
ཨ་ལོ་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་དེར་འོད་ཟེར་གྱིས་ཁོ་ལ་ཁ་པར་བཏང་བྱུང་། ཨ་ལོའི་སེམས་སུ་རེ་བ་ཞིག་དང་ཐེ་ཚོམ་ཞིག་མཉམ་དུ་སྐྱེ་བཞིན་ཁ་པར་ལ་ཉན། ཨ་ལོས་འོད་ཟེར་གྱིས་བཤད་པའི་གཏམ་དེ་གོ་རྗེས་ཁ་པར་གྱི་ཁ་བརྒྱག་རྒྱུའང་བརྗེད་དེ་སྔར་གྱི་སྒེའུ་འགྲམ་ན་ཤིང་དུམ་ཞིག་ལྟར་གྲག་མེད་འགུལ་མེད་དུ་ཧད་འདུག ཁོའི་མིག་ཟུང་གིས་གཡོ་རྡེབ་གཅིག་ཀྱང་མི་བྱེད་པར་ཁ་གཏད་གྱང་ངོས་ཀྱི་ནག་ཐིག་ཅིག་ལ་ཅེར་འདུག དུས་དེར་བླ་འཁྱམས་སོང་ཟེར་བའི་སྐད་ཆ་དེ་ཨ་ལོའི་གནས་ཚུལ་ལ་སྦྱར་ན་ཧ་ཅང་འཚམ། ང་རང་ཁོའི་མལ་ཁང་དུ་ཐོན་དུས་ཁོས་སྔར་བཞིན་འདང་ཕོག་གིན་མེད་པ་འདྲ། ཁྱིམ་དུ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་ཁ་ནས་མུར་མུར་དུ་ཅི་ཞིག་བཤད་ཀྱིན་འདུག ཁོས་ང་རང་ཐོན་པ་མཐོང་ནས་མྱུར་དུ་ངའི་གམ་ལ་བཅར་ནས་"ད་ཅི་ཞིག་བྱ་འོས"ཞེས་འདྲི་བ་དང་འདྲ་བའི་མིག་མདངས་ཀྱིས་ང་ལ་བལྟས་ནས་བསྡད། ང་ཡང་ཅུང་ཟད་དོགས་མ་བདེ་བར་ཅོག་ཙེའི་འགྲམ་གྱི་རྐུབ་སྟེགས་དེའི་སྟེང་དུ་ཙོག་ཞོར"དོན་དག་དེ་སྐར་མ་སྒྲོལ་མས་ཤེས་ཨེ་ཡོད། "ཅེས་དྲིས་པ་ཡིན།
"མོས་ཤེས་ཡོད་རྒྱུ་མ་རེད། མོས་ཤེས་མེད་པ་ཁོ་ཐག་རེད། གལ་ཏེ་མོས་ཤེས་ཡོད་ན་ང་ལ་བཤད་ངེས། དོན་དག་དེ་ཤེས་མཁན་འོད་ཟེར་གྱི་ཨ་ཕ་གཅིག་པུ་ལས་མེད་སོང་བ་ཨེ་རེད། "ཨ་ལོས་རང་གིས་རང་ལ་འདྲི་བ་ལྟར་དེ་ལྟར་བཤད།
"དཔེ་མི་སྲིད། མི་རྒན་པ་ཕལ་ཆེ་བས་ཤེས་རྒྱུ་རེད། ཁོ་རང་སྐར་མ་སྒྲོལ་མ་ཚང་ལ་ཡོང་དུས་སྐར་མ་སྒྲོལ་མ་འཛོང་ཁུག་ནང་ན་ཡོད་ཟེར། དེ་དུས་ཁོ་རང་ཕལ་ཆེར་ཕོ་ལོ་བཅོ་བརྒྱད་ཙམ་རེད་ཟེར། སྐར་མ་སྒྲོལ་མའི་ཨ་མས་ཁོ་རང་གད་རྩ་ཞིག་ཏུ་ཕྱིད་ལ་ཁད་ཀྱིས་སྡོད་པ་མཐོང་ནས་སེམས་ཀྱིས་མ་བཟོད་པར་ཁྱིམ་ལ་ཁྲིད་ནས་ཡོང་བ་རེད། རིམ་བཞིན་ཁོ་ཚོ་ཕན་ཚུན་འདྲིས་ལོབས་སུ་སོང་སྟེ་སྐར་མ་སྒྲོལ་མ་ཚང་གི་ཟོག་རྫི་བྱས་ནས་བསྡད། ཁོ་དང་སྐར་མ་སྒྲོལ་མ་གཉིས་ཆུང་དུས་ནས་འདྲིས་པས་མོས་ཁོ་ལ་ཨ་ཞང་ཟེར་བ་དང་ཁོས་ཀྱང་མོ་ལ་ཚ་མོ་ཟེར་ནས་གཅེས་པར་བྱེད། སྐར་མ་སྒྲོལ་མའི་སེམས་སུ་ཁོ་རང་ཨ་མའི་མིང་བོ་ངོ་མ་ཞིག་ཡིན་པར་འདོད་ཡོད། རྫུན་མ་ངོ་མར་གྱུར་བའི་དོན་དག་འདི་ད་བར་དུ་མོར་སུས་ཀྱང་བཤད་མེད་ཚོད་རེད། ཕལ་ཆེར་མོའི་ཨ་མ་འདས་ཚོད་སྔ་བས་ཡིན་རྒྱུ་རེད། "
"རང་གི་ཨ་ཞང་ངོ་མ་ཡིན་མིན་མོས་མི་ཤེས་ན་ཁག་མེད་ཁུ། འོན་ཀྱང་ཁོས་མོར་བཅངས་པའི་བརྩེ་དུང་དེ་ཨ་ཞང་དང་ཚ་མོའི་བར་གྱི་རྒྱུན་ལྡན་གྱི་བརྩེ་བ་ཙམ་མིན་པ་ལོས་ཤེས། "ཞེས་ཨ་ལོས་སྐར་མ་སྒྲོལ་མ་ལ་ལེ་བདའ་བྱེད་པ་ལྟར་བཤད།
"དེ་སྐར་མ་སྒྲོལ་མའི་ནང་སེམས་དྭངས་གཙང་ཡིན་པའི་རྟགས་རེད། མོས་ཨ་ཞང་ལ་གུས་ཞེད་ཀྱི་སེམས་ཤིག་བཟུང་ཡོད་པས་ཨ་ཞང་གི་ངོ་གདོང་ངོ་མ་དེ་མ་མཐོང་བ་རེད། ངས་བལྟས་ན་མོར་དོན་དག་འདི་མ་བཤད་ན་བཟང་། དོན་དག་འདི་བཤད་དགོས་ས་ནི་མོའི་ཨ་ཞང་རེད"ཅེས་ང་ཨ་ལོའི་སྐད་ཆ་ལ་ཅུང་ཟད་མ་དགའ་བས་དེ་ལྟར་ངག་ནས་ཤོར།
"དོན་དག་དེ་མྱུར་དུ་མ་བསྒྲུབས་ན་སྐར་མ་སྒྲོལ་མའི་མགོར་དོན་དག་ཅི་ཞིག་ཡོང་རྒྱུ་བཤད་དཀའ། ད་ལྟ་ཁོ་རང་ལ་དབང་ཆ་ཅི་ཡང་ཡོད་པ་མ་རེད། ཁྱོད་ཀྱིས་ང་ལ་འགྲོ་རོགས་བྱོས། "
ཉིན་དེའི་ཕྱི་ཉིན་སྔ་དྲོར་ཨ་ལོ་དང་ངེད་གཉིས་ལམ་ལ་ཆས་པ་ཡིན། རྫོང་མཁར་ནས་སྐར་མ་སྒྲོལ་མ་ཚང་གི་བར་ལ་ཕལ་ཆེར་ལེ་དབར་ཉི་ཤུ་ཡོད། ཉིན་དེར་ཀླུ་ཁོག་རྩྭ་ཐང་སྨུག་པས་ཡོངས་སུ་བཏུམས་འདུག སྨུག་ས་ལ་འཐིམ་ན་ཙད་ཡིན་པ་དང་སྨུག་གནམ་ལ་སོང་ན་ཆར་ཡིན་ཞེས་པའི་བཤད་སྲོལ་ཞིག་ཡོད། ཉིན་དེའི་སྨུག་པ་ནི་ཙད་ཀྱི་མཚོན་བྱེད་ཡིན་ནམ་ཆར་གྱི་མཚོན་བྱེད་རེད། ངེད་གཉིས་ཀྱིས་སྨུག་པ་སྟུག་པོ་དེ་གཤགས་ཏེ་སྐར་མ་བཅོ་ལྔ་ཙམ་སོང་ཙ་ན་དམིགས་ཡུལ་གྱི་སར་ཐོན་བྱུང་། ཨ་ལོས་སྐར་མ་སྒྲོལ་མའི"ཨ་ཞང"མཐོང་མ་ཐག་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་བོད་གྲི་དེ་ཕྱར་ཏེ་བརྒྱུག་པར་རྩོམ་དུས་ངས་ཁོའི་ལག་པ་ནས་ཟིན་བྱུང་། གྲི་རིང་དེ་ནི་སྔོན་ཆད་ལྷ་མོའི་ཁྱོ་ག་གསོད་བྱེད་དུ་ཉོས་པ་དེ་རེད། ངས་ཁོའི་གྲི་རིང་ལག་ནས་བླངས་ཏེ"ཁྱོད་རང་སྐར་མ་སྒྲོལ་མ་དང་མཉམ་དུ་འདུག་འདོད་དམ། འདོད་ན་གླེན་རྟགས་མ་སྟོན། "ཞེས་སློབ་གསོ་གཏོང་ཞོར་སྐར་མ་སྒྲོལ་མའི"ཨ་ཞང"ཚུར་བོས་པ་ཡིན།
"འདི་སྐར་མ་སྒྲོལ་མའི་དགའ་རོགས་རེད། སྔོན་མར་ཐེངས་འགའ་ལ་ཁྱོད་ཚང་དུ་གཉེན་སློང་དུ་ཡོང་བ་དེ་ཁོའི་ཨ་ཕ་རེད། དེ་རིང་ངེད་གཉིས་ཀྱིས་ས་ནག་པོ་འདོམ་ལ་ཚད་ནས་སྤྲིན་དཀར་པོ་ཐོད་ལ་བཟུང་ནས་ཡོང་དོན་ནི་ཁྱོད་དང་མཉམ་དུ་དོན་དག་འགའ་ལ་གྲོས་བྱེད་བསམ་པ་ཡིན། "ངས་དོན་དག་གི་མགོ་མཇུག་བཤད་ནས་མ་ཚར་གོང་སྐར་མ་སྒྲོལ་མའི"ཨ་ཞང"གིས་ངའི་སྐད་ཆའི་མཚམས་བཅད་དེ"དོན་དག་དེར་གྲོས་བྱེད་རྒྱུ་མེད། ང་མི་འཐད་ཁོ་ཐག་ཡིན། "ཟེར་ཞོར་ཡར་ལངས་ཏེ་ཕྱིར་འགྲོ་རྩིས་བྱེད་སྐབས་ཨ་ལོས་ཟུར་ཟའི་ཚིག་གིས"ཁྱོད་མི་འཐད་པར་ཁག་མེད་ཁུ། ཁྱོད་མོའི་ཨ་ཞང་ངོ་མ་མིན་པས་ཨེ་ཡིན"ཞེས་དྲིས་པ་ན་ཁོ་ཕྱིར་འཁོར་ཏེ"ཁྱོད་ཀྱིས་ཅི་ཞིག་བཤད་ཀྱི་འདུག ངས་ཧ་མི་གོ་གི"ཟེར་ཞོར་སྔར་གྱི་འདུག་སར་ཙོག་བྱུང་།
"ཁྱོད་ཀྱི་གསང་བ་ཡོད་ཚད་ང་ཚོས་ཤེས་ཡོད། ཁྱོད་རང་མུ་མཐུད་དུ་ཁྱིམ་ཚང་འདི་ནས་འདུག་འདོད་ན་ང་ཚོའི་རེ་འདུན་བསྐང་དགོས།"
ཁོས་ངའི་སྐད་ཆ་དེ་ཐོས་དུས་ཧ་ཅང་ལྷོད་ལ་བབས་པའི་ཚུལ་གྱིས"ང་ལ་གསང་བ་ཅི་ཞིག་ཡོད་སྲིད། ངོ་མ་དགོད་རྒྱུ་ཡོང་གི"ཞེས་གད་མོ་བགད་བྱུང་། ངས་ཁོ་ལ་དོན་དག་གི་མགོ་རྔ་ཆ་ཚང་བཤད་ཚར་དུས་ཁོའི་འགྲམ་ལྟག་གཉིས་སུ་རྔུལ་ཆུ་ནག་པོ་གཉིས་དྲུད་འདུག་པ་མཐོང་།
"ཁྱོད་ཀྱིས་མོར་བདེ་སྐྱིད་བསྐྲུན་མི་ཐུབ། ཁྱོད་ཀྱིས་དོན་དག་མང་པོ་ཞིག་གི་ངོ་བོ་ཤེས་མེད་པ་འདྲ། ཁྱོད་ཀྱི་ཨ་ཕ་དེས་ཁྱོད་ལ་འཁོར་བ་བྱེད་འདོད་ཀྱི་མེད། རྒྱུ་མཚན་ཅི་ཡིན་ང་ལ་བཤད་མ་སོང་། ཁྱོད་ཚོས་ཐོས་པ་དེ་དག་ངེད་གཉིས་ཀྱིས་རྫུན་བཟོ་བྱས་པ་ཡིན། "ཞེས་ཁོས་ཨ་ལོར་སྐྱིན་པ་ལེན་པ་ལྟར་ཡིད་ལ་མི་ཤོང་བའི་གསང་བ་ཞིག་གི་སྒོ་ཕྱེས་བྱུང་། ཨ་ལོས་དེ་མ་ཐག་དང་ལེན་བྱེད་མ་ཐུབ་པར་ཁ་ཤ་འདར་འདར་གྱིས་ཡར་ལངས་ཏེ་སྐར་མ་སྒྲོལ་མའི"ཨ་ཞང"གི་གདོང་ལ་མཛུབ་མོ་བཙུགས་ཏེ"ཁྱོད་ཚོ་རྔ་མ་མེད་པའི་ཁྱི་རེད"ཅེས་ཁོའི་སྟེང་ལ་མཆིལ་ཞགས་འཕངས། ངས་ཁོ་གཉིས་ལ་བར་བཤོལ་བྱས་ཏེ"ད་ཕན་ཆད་ནས་ཁྱོད་ཀྱིས་སྐར་མ་སྒྲོལ་མའི་འཚོ་བར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། གལ་ཏེ་ཐེ་གཏོགས་བྱེད་པའམ་སྐྱུག་བྲོ་བའི་བསམ་སྦྱོར་གང་རུང་སྤེལ་ཚེ་ང་ཚོས་མོར་གསང་བ་ཡོད་ཚད་བཤད་རྒྱུ་ཡིན་པར་མ་ཟད། ཁྱོད་རང་ཁྱིམ་ཚང་འདི་ནས་བདའ་རྒྱུ་ཡིན། ལམ་གང་གདམ་རྒྱུ་ཁྱོད་རང་གིས་ལྟོས"ཞེས་བཤད་རྗེས་ཨ་ལོ་དང་ངེད་གཉིས་ཕྱིར་རྫོང་མཁར་དུ་ལོག
ཉིན་དེའི་དགོང་མོར་ཨ་ལོ་ཡང་བསྐྱར་ར་བཟི་འདུག ལོ་ངོ་དུ་མའི་སྔོན་དུ་ཨ་ལོས་ལྷ་མོའི་ཆེད་དུ་ཆང་རག་འཐུང་སྟེ་ར་བཟི་བ་རེད། ཐེངས་འདིར་ཨ་ལོས་ཆར་རག་མ་འཐུང་ཡང་སེམས་སྡུག་གིས་བཟི་འདུག ཁོས་སྔར་བཞིན"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་པའི་གླུ་དབྱངས་ལ་ཉན་བཞིན་འདུག ཨ་ལོས་གྲོགས་པོ་དང་སློབ་གྲོགས་ཚོས་བཤད་མྱོང་བའི་སྐད་ཆ་མང་པོ་ཞིག་ཡིད་ལ་དྲན། ཨ་ལོའི་བསམ་པར་རང་ཉིད་སློབ་མཐར་ཕྱིན་པ་ནས་རྒུད་པ་ནས་རྒུད་པའི་ལམ་དུ་ཞུགས་པ་འདྲ། ཡང་ན་རང་ཉིད་གཅིག་པུ་མིན་པར་ན་གཞོན་ཕལ་ཆེ་བ་དེ་འདྲ་ཡིན་ཡང་སྲིད་སྙམ། ཁོས་དཔེ་ཀློག་བསྐྱུར་ཟིན་པ་མ་ཟད་སྙན་ངག་འབྲི་མཚམས་ཀྱང་ཆད་ནས་ཡུན་རིང་འགོར་བ་ཤེས་པས་སེམས་ལ་དངངས་འཚབ་ཅིག་སྐྱེས་བྱུང་། ལོ་འདི་དག་གི་རིང་ལ་དོན་དུ་ཅི་ཞིག་འགྲུབ་སོང་ཟེར་ན་སྟོན་རྒྱུ་མེད་མོད་ཉིན་གཅིག་ལའང་ལུས་སེམས་བདེ་ལ་བབས་མ་མྱོང་བ་འདྲ། འདི་ནི་འཁོར་བའི་སྡུག་བསྔལ་ཞེས་པ་ཡིན་ནམ། ཨ་ལོས་དེ་ལྟར་ཁེར་འདང་རྒྱག་གིན་གཉིད་དུ་ཡུར།
ཟླ་གསུམ་ཙམ་གྱི་རྗེས་སུ་ཨ་མ་ཀུན་སྐྱིད་ཀྱིས་སྤྲུལ་སྐུ་ཚང་གི་ལུང་བསྟན་ཁྱེར་ནས་རྫོང་མཁར་དུ་ཐོན། སྐར་མ་སྒྲོལ་མ་དང་ཨ་ལོ་གཉིས་ཀྱིས་དངུལ་ཁང་དང་གཞན་ལག་ནས་སྒོར་མོ་བསྐྱིས་ཏེ་ཁང་བ་ཉོ་བར་གྲ་སྒྲིག་བྱེད་ཀྱིན་འདུག
ཨ་ལོས་ཨ་མའི་མོས་མཐུན་ལ་བསྒུགས་ནས་ཡུན་རིང་འགོར། ཀུན་སྐྱིད་ཀྱིས་ཨ་ལོར་བཤད་པའི་ཆེས་མཇུག་མཐའི་སྐད་ཆ་ནི"ཁྱོད་ཀྱིས་གཞི་འཛིན་བྱེད་པར་བློ་བཟང་མི་འཐད། ཁྱོད་རང་མག་པར་འགྲོ་རྒྱུར་ང་མི་འཐད། བར་ནས་འདུག་རྒྱུ་ཟེར་ནའང་ང་མི་འཐད། ད་སྤྲུལ་སྐུ་ཚང་ལ་ཞུ་རྒྱུ་ལས་ཐབས་མེད། "ཅེས་པ་དེ་རེད། སྤྲུལ་སྐུ་ཚང་གི་ལུང་བསྟན་ཐོན་རག་བར་ཨ་ལོ་དང་སྐར་མ་སྒྲོལ་མ་གཉིས་ཀྱིས་སྒོར་མོ་བསྐྱིས་ཟིན་ཡང་ཁང་བ་ཉོ་མ་ཕོད། ཁོ་གཉིས་ཀྱིས་རེ་བ་ཁྲི་དང་འདུན་པ་འབུམ་གྱི་མིག་ཟུང་གིས་ཨ་མ་ཀུན་སྐྱིད་ཀྱི་ཁ་ནང་ནས་ཅི་བཤད་ལ་བསྒུགས་ནས་བསྡད། ཀུན་སྐྱིད་ཀྱིས་གཞི་ནས་བཤད་བྱུང་།
"སྤྲུལ་སྐུ་ཚང་གིས་ལུང་བསྟན་མི་ཆུད་གི་གསུངས་བྱུང་། དཀོན་མཆོག་གསུམ་པོས་མཁྱེན། ཁོང་ཚང་གི་གསུང་ལ་འཁྲུལ་བ་ཡོད་ནི་མ་རེད། ད་ཁྱོད་གཉིས་ཀ་མཉམ་འདུག་བྱ་རྒྱུར་རེ་བ་མེད་ཁུ། བླ་མ་དང་ཕ་མའི་ཁར་ཉོན། ཨེ་གོ་ཐལ།"
ཨ་མ་ཀུན་སྐྱིད་ཀྱི་སྐད་ཆ་ཐོས་མ་ཐག་ཨ་ལོ་ཁྲོས་ཏེ"ཅིའི་ཕྱིར། ངེད་གཉིས་ཀ་ཅིའི་ཕྱིར་མཉམ་དུ་བསྡད་མི་ཆོག་པ་རེད། ངེད་གཉིས་ཀྱི་མི་ལོ་དུ་མའི་རིང་གི་བརྩེ་དུང་དང་འཚོ་བ་འདི་ལྟར་མཇུག་བསྒྲིལ་དགོས་པ་ཨེ་རེད། མིན། ངེད་གཉིས་ཀ་ཡིན་གཅིག་མིན་གཉིས་མཉམ་འདུག་བྱ་རྒྱུ་ཡིན། "ཞེས་སྐད་ཤུགས་ཆེན་པོས་བཤད། ནམ་རྒྱུན་ཨ་མ་ལ་གུས་བཀུར་ཆེ་བའི་ཨ་ལོས་དེ་རིང་ངར་སྐད་བསྒྲགས་པས་ཀུན་སྐྱིད་ཀྱང་ཁྲོས་ཏེ"དེ་བྱོས། ཁྱོད་གཉིས་ཀ་མཉམ་འདུག་བྱོས། འུ་གཉིས་ཀྱི་མ་བུའི་འབྲེལ་བ་དེ་རིང་ནས་ཆད་པ་ཡིན"ཞེས་བཀག་ཀྱང་མ་ཁོག་པར་སྨག་རུམ་གྱི་ཁྲོད་དུ་ཡལ་སོང་བས་ཨ་ལོ་སེམས་མ་བདེ་བར་སྐར་མ་སྒྲོལ་མ་ཁྲིད་དེ་རླངས་འཁོར་བསྐོར་ནས་ཀུན་སྐྱིད་འཚོལ་དུ་སོང་།
སྒ་ཁིས་སྡེ་བར་འགྲོ་སའི་རྡོ་ལམ་ཕྲ་མོ་དེ་དེད་ནས་ལམ་གྱི་གཡས་གཡོན་ལ་ལྟ་བཞིན་སོང་། མཚན་མོ་དེར་སྨག་རུམ་ཧ་ཅང་སྟུག་པས་འབུ་མེ་ལྕེབས་སོགས་འབུ་རིགས་སྣ་ཚོགས་ཀྱིས་རླངས་འཁོར་གྱི་གློག་འོད་དུ་འཕུར་ལྡིང་བྱེད་ལ། དེ་ལས་ལ་ལ་ཞིག་རླངས་འཁོར་གྱི་གློག་ཤེལ་ངོས་སུ་འབྱར་འདུག ཡང་ལ་ལ་ཞིག་རླངས་འཁོར་མདུན་གྱི་འཁོར་ལོ་གཉིས་ཀས་གཅིར་བཞིན་འདུག ཡིན་ནའང་འབུ་རིགས་འདི་ཚོས་འོད་སྣང་གི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པ་འདི་ཇི་འདྲའི་མཛེས་ཨང་། ཨ་ལོའི་སེམས་སུ་དེ་ལྟར་འདོད་ཞོར་རླངས་འཁོར་གྱི་སྔུན་ལ་བལྟས་ནས་སོང་། སྐར་མ་སྒྲོལ་མས་མིག་རིག་རིག་གིས་ལམ་གྱི་གཡས་གཡོན་ལ་ལྟ་བཞིན་འདུག ཅང་མ་འགོར་བར་དཀྱོགས་མཚམས་ཤིག་ཏུ་ཐོན་མ་ཐག་སྐར་མ་སྒྲོལ་མས་ཀུན་སྐྱིད་མཐོང་བྱུང་བས"ཀན་ན་ཡོད་ཁུ"ཞེས་སྐད་ཅིག་བརྒྱབ་པ་ན། ཨ་ལོས"གང་ན་ཡོད་ཁུ"ཞེས་མོར་ཕྱིར་བལྟས་ཤིག་བྱེད་སྐབས་མདུན་ནས་གློག་འོད་ཆེན་པོ་ཞིག་བུད་པ་དང་མཉམ་དུ་དུང་སྒྲ་རྣ་ལ་གཟན་པ་ཞིག་གྲགས་པ་དང་མཉམ་དུ་ཡོད་ཚད་ཁུ་སིམ་མེར་གྱུར་སོང་། དེའི་རྗེས་སུ་ཆར་བ་ཆེན་པོ་ཞིག་བབས་པས་ཐམས་ཅད་སྔར་ལས་ཀྱང་ནག་ཚུབ་བེར་གྱུར་སོང་། འོན་ཀྱང་ཨ་ལོའི་ཁ་པར་ལས"ངའི་བརྩེ་བ་རྡོ་རྗེ་བྲག་ཡིན"ཞེས་པའི་གླུ་དབྱངས་སྐྱོ་ཤས་ཅན་དེ་མུ་མཐུད་དུ་གྲག་གིན་འདུག
ལོ་དེར། ཨ་ལོ་ལོ་སུམ་ཅུ་དང་སྐར་མ་སྒྲོལ་མ་ལོ་ཉེར་བརྒྱད་ལ་སོན་ཡོད།
2023ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པ་ལས་བཤུས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།