ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《ཁྲུས》
ཁྲུས་ཁང་དུ་ཞབས་ཞུ་སྒྲུབ་མཁན་འཆར་ཤེལ་ངོས་ཀྱི་པར་ལ་བལྟས་ནས་འདེམ་དགོས་ལ། དེ་ནི་ཟ་ཁང་དུ་ཚལ་སྣ་འཆར་ཤེལ་ངོས་ཀྱི་པར་ལ་བལྟས་ནས་འདེམ་དགོས་པ་དང་འདྲ་མོད། འོན་ཀྱང་མི་འདྲ་ས་གཅིག་ནི་ཞབས་ཞུ་བ་མི་རྒྱུད་དཀར་ནག་སེར་སྨུག་དང་། ཕོ་མོ་གཉིས་ཀ་ཡོད་ནའང་ཚང་མའི་རིན་གོང་གཅིག་མཚུངས་ཡིན་པ་དེ་རེད། མི་རྒྱུད་གང་དང་ཕོ་མོ་སུ་ཡིན་ཡང་ལུས་རྒྱགས་པ་དང་སྐམ་པོ། གཟུགས་རིང་པོ་དང་ཐུང་ངུའི་ཁྱད་པར་ཡོད་ནའང་ཚང་མ་ལོ་ན་གཞོན་ཞིང་སྐྱེ་འབྲས་ཡག་པ་ཤ་སྟག་རེད། ཁོ་ཚོའི་ཐུན་མོང་གི་ཁྱད་ཆོས་ནི་སྐད་རིགས་གང་དང་། ཐ་ན་ཡུལ་སྐད་ཆུང་ངུ་ལའང་ཐོགས་སྡིགས་མེད་པ་དེ་རེད། ད་དུང་རང་གི་དཔལ་འབྱོར་གྱི་ཆ་རྐྱེན་ལྟར་ཞབས་ཞུ་བའམ་ཞབས་ཞུ་མ་གཉིས་གསུམ་བཞི་ལྔ་བདམས་ཀྱང་ཆོག་པར་མ་ཟད་ཞབས་ཞུ་ལ་ཡིད་མི་ཚིམ་ན་རིན་པ་མི་དགོས་ཞེས་བྲིས་ཡོད།
དེ་ཡང་མགྲོན་པོ་ཡིད་ཚིམས་མ་ཚིམས་ཁ་ནས་བཤད་མི་དགོས་པར་འཆར་ཤེལ་ངོས་སུ་ཤར་འདུག་པས་རྩོད་ཉོག་ཅི་ཡང་མེད། སེམས་ཁྲལ་བྱེད་ས་ཉག་གཅིག་ནི་འདི་དག་གི་ཁྲོད་ན་མི་ངོ་མ་ཡོད་ལ་འཕྲུལ་མིའང་ཡོད་པ་དེ་རེད། འདི་ནི་ཁྱོད་ལ་རིག་སྟོབས་ཅི་ཙམ་མཐོ་ཡང་དབྱེ་བ་འབྱེད་ཐབས་མེད་པས་ངས་ཀྱང་དེ་ལ་བསམ་བློ་མང་པོ་མ་བཏང་བར་བྲང་ཁ་དང་ཨོང་ཤ་ཆེ་བའི་མི་ནག་བུ་མོ་ཞིག་བདམས། མོའི་ཨོང་ཤ་ཆེན་པོ་དེར་རིང་ཚད་ལ་དཀྱིལ་མཐོ་གང་ཙམ་ལས་མེད་པའི་སྨད་གཡོག་དཀར་པོ་ཞིག་དང་། བྲང་ཁ་ཆེན་པོ་དེ་ལ་ཤིན་ཏུ་ཐུང་བའི་སྟོད་འགག་དཀར་པོ་ཞིག་གོན་ཡོད་པ་དེ་མོའི་སྐྱི་མདོག་ནག་པོའི་སྟེང་ནས་ལྷག་ཏུ་གསལ། དེ་ནི་མོའི་ངོ་གདོང་ནག་པོའི་སྟེང་ན་དཀར་ཆིལ་ཆིལ་གྱི་སོ་ཕྲེང་དེ་ལྷག་ཏུ་གསལ་བ་ནང་བཞིན་རེད།
མི་ངོ་མ་ཡིན་མིན་དབྱེ་བ་འབྱེད་ཐབས་མེད་ནའང་དེ་ལ་རྦད་དེ་བསམ་བློ་མི་གཏོང་ཟེར་ན་རྫུན་ཡིན། ངས་རང་དབང་མེད་པར་མོ་མི་ངོ་མ་ཡིན་མིན་ལ་བསམ་བློ་གཏོང་བཞིན་ཡོད་པ་མོས་ཀྱང་ཤེས་ཏེ་ཡིད་དུ་འོང་བའི་འཛུམ་ཆུང་ཞིག་དང་མཉམ་དུ“ཨ་ཇོ་ཁྱེད་རང་མི་ངོ་མ་ཡིན་ནམ་འཕྲུལ་མི་ཡིན།”ཞེས་དྲིས།
ངས་རེ་ཞིག་གནད་ལ་ཁེལ་བའི་ལན་ཞིག་མ་རྙེད་པར“ཁྱེད་ཀྱིས་བལྟས་ན?”ཞེས་བཤད།
“དོན་དག་འདི་ཨ་ཇོ་རང་གིས་ཀྱང་བཤད་དཀའ་བས་ན་ངས་ཅི་ལྟར་ཤེས། དཔེར་ན་ང་མི་ངོ་མ་ཡིན་ནམ་འཕྲུལ་མི་ཡིན་པར་ཨ་ཇོས་ཀྱང་བསམ་བློ་གཏོང་བཞིན་ཡོད་ནའང་ནམ་ཡང་ཤེས་ཐབས་མེད་པ་ནང་བཞིན་རེད།”
རེད་ཡ། མཐར་གཏུགས་ན་རང་ཉིད་མི་ངོ་མ་ཡིན་ནམ་འཕྲུལ་མི་ཡིན་པ་ང་རང་གིས་ཀྱང་ཐག་མི་ཆོད་པ་མིན་ནམ།
སྤྱིར་ན་རང་ཉིད་ནི་སྤྱི་ལོ2000ལོའི་ཟླ4ཚེས17ཉིན་རྩེ་གཞུང་སྡེ་བར་ཕ་གདུགས་དཀར་སྐྱབས་དང་མ་ཏཱ་རེ་སྐྱིད་གཉིས་ཀའི་བུ་རུ་སྐྱེས་པ་དང་། ང་ལ་ད་དུང་སྦྱིན་པ་རྒྱ་མཚོ་ཟེར་བའི་ནུ་བོ་གྲྭ་བ་ཞིག་དང་ལྷ་མཛེས་སྐྱིད་ཟེར་བའི་སྲིང་མོ་ཞིག་ཀྱང་ཡོད། གལ་ཏེ་དེ་དུས“འཆར་ལྡན་བུ་སྐྱེ”ཟེར་བའི་སྲིད་ཇུས་བཙན་པོ་ཞིག་ཡོད་པས་མིན་ན་ང་ཚོར་ད་དུང་མིང་སྲིང་མང་པོ་ཡོད་ཀྱང་སྲིད། ཉིན་འགའི་སྔོན་ལ་ང་ཆུང་དུས་ཧ་ཅང་གཅེས་པའི་ཨ་མའི་ཕུ་བོ་སྟེ། ངེད་མིང་སྲིང་ཚོས་ཨ་ཞང་རིག་བྷེ་རུ་འབོད་པ་ཞིག་ཡོད་པ་དེ་ཚེ་ལས་འདས་སོང་བ་མིན་ནམ། འཕྲུལ་མི་ལ་ཕ་མ་སྤུན་མཆེད་དང་ཉེ་དུ་རྩ་ལག་གང་ན་ཡོད། དེས་ན་རང་ཉིད་མི་ངོ་མ་མིན་ན་ཅི་ཡིན།
ཡིན་ནའང་ངས་ཀྱང་རང་གི་དཔལ་འབྱོར་གྱི་ནུས་ཚོད་ཀྱི་འདུས་སྙིང(chip)ཞིག་ཀླད་པའི་ནང་ལ་འཇོག་ཏུ་བཅུག་པ་ནས་རིག་སྟོབས་དཔག་མེད་དུ་གྱུར་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་མང་པོ་ཁོང་དུ་ཆུད་པའི་དུས་མཚུངས་སུ་སྔོན་ཆད་འདྲིས་ལོབས་ཆེ་བའི་མི་མང་པོ་དང་ཁ་བརྡ་མེད་པར་གྱུར་ཅིང། ཅང་མ་འགོར་བར་འགྲོ་འོང་མཚམས་ཆད་སོང་། དེའི་མི་ཚད་མཚམས་རེར་རང་གིས་རང་ཉིད་ངོ་མི་ཤེས་པར་གྱུར་པ་དང་། འདོད་རྔམ་དང་སྡུག་བསྔལ་ཇེ་ཆེར་སོང་། ཕ་མ་བུ་ཕྲུག་ལ་བརྩེ་འདང་ཇེ་ཞན་དུ་སོང་། གྲོགས་མེད་ཁེར་རྐྱང་དུ་གྱུར། མཚམས་རེར་གསོན་པར་དོན་སྙིང་མེད་པའི་འདུ་ཤེས་སྐྱེས། ཁྲུས་ཁང་དང་ཆང་ཁང་། སྤྲོ་རྩེད་ཁང་སོགས་སུ་སོང་ནས་ཉི་མ་གཏོང་བཞིན་ཡོད་པ་འདི་མིན་ནམ།
ངའི་ཞབས་ཞུ་མའི་མིང་ལ་བྷེ་ཏིས་ཟེར་ནའང་ངའི་སེམས་ནས་མོ་ལ་མུ་ཏིག་ནག་པོ་ཞེས་བཏགས། དེར་མོའང་ཧ་ཅང་དགའ་མདོག་བསྟན་ཏེ་ཡང་ཡང་བཀའ་དྲིན་ཆེ་ཟེར། མུ་ཏིག་ནག་པོའི་སྣ་གདོང་ཅུང་ཉག་ཅིང་སྣ་སྣེ་ཅུང་འདལ་བ། ཁ་ཤ་ཅུང་མཐུག་ནའང་དེ་དག་ནི་མི་རྒྱུད་ནག་པོའི་ཁྱད་རྟགས་ཡིན་པས་ཡག་ཏུ་མི་རྩི་ནའང་བཙོག་ཏུ་ག་ལ་རྩི། ཁང་པའི་ནང་ན་ཁྲུས་གཞོང་དང་ཁྲུས་ཁྲི། ཉལ་ཁྲི། འབོལ་ཁྲི་ཡོད་ལ། ད་དུང་ཇ་དང་ཁའོ་ཧྥེ་སོགས་ཀྱང་ཡོད། མོས་ཐོག་མར་ཁྲུས་གཞོང་ནང་ལ་དྲོ་འཁྱག་རན་པའི་ཆུ་གང་བླུགས་ཏེ་ང་ནང་དུ་སྦངས། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་ཁྲུས་ཁྲིའི་སྟེང་གན་རྐྱལ་ལ་སྡོད་དུ་བཅུག་སྟེ་འཇམ་རྩུབ་རན་པའི་ཕུར་རས་ཤིག་གིས་སྐེ་ནས་རྐང་མགོ་བར་དུ་ཤེད་ཤུགས་རན་པས་ཡང་ཡང་ཕུར་ནའང་ཚི་དྲེག་ཁབ་མགོ་ཙམ་ཡང་ལྷུང་རྒྱུ་མེད་པས་མོས་ང་ལ“ཨ་ཇོས་ཁ་སང་སོ་མར་ཁྲུས་བྱས་པ་ཨེ་ཡིན།”ཟེར།
“མིན། ཕལ་ཆེར་བདུན་ཕྲག་གཅིག་ལ་ཁྲུས་མ་བྱས།”
“དེས་ན་ཚི་དྲེག་ཅུང་ཙམ་ཡང་མེད་པ་འདི་ཅི་ཡིན།”
“དེ……”ངའི་སེམས་ལ་ཡང་བསྐྱར་རང་ཉིད་མི་ངོ་མ་ཡིན་མིན་ལ་དོགས་པ་སྐྱེས།
རེད་ཡ། དེ་ལྟར་བཤད་ན་ངའི་ཀླད་པར་འདུས་སྙིང་སྦྲེལ་པ་ནས་སྐྲ་དང་ཁ་སྤུ། སེན་མོའང་སྐྱེ་མཚམས་ཆད་པ་མིན་ནམ། དེས་ན་རང་ཉིད་རྒས་རྒྱུ་མེད་ལ་འཆི་རྒྱུའང་མེད་པ་ཡིན་ནམ། རེད་ཡ། ད་བར་དུ་ཀླད་པར་འདུས་སྙིང་སྦྲེལ་བའི་མི་ཞིག་ཤི་སོང་བ་གོ་མ་མྱོང་། གཅིག་བྱས་ན་ནམ་ཡང་རྒས་རྒྱུ་མེད་ལ་འཆི་རྒྱུ་མེད་ཀྱང་སྲིད། གལ་ཏེ་དེ་འདྲ་ཡིན་ན་སྐྱིད་པ་ལ། མ་སེམས་ཅན་ཐམས་ཅད་ད་བར་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་ཅིང་། མི་རབས་ནས་མི་རབས་བརྒྱུད་ནས་དེ་ལས་ཐར་ཐབས་སྣ་ཚོགས་འཚོལ་བཞིན་ཡོད་པ་མིན་ནམ། དེ་ལྟར་ད་ལྟའི་དུས་འདིར་སླེབས་པ་ན་ཚན་རིག་ལག་རྩལ་ཟེར་བ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ཡོད་ཚད་ལ་ངེས་པ་དོན་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བའི་འགྱུར་བ་བྱུང་ཡོད་པ་འདི་རེད། དེས་ན་འགྲོ་བ་མིའི་རིགས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་སྲིད་པ་དང་། ཡང་ན་ཐར་ཟིན་པ་ཡིན་ཡང་སྲིད། དེ་འདྲ་ཡིན་ཚེ་སྤྱིར་ན་དགའ་འོས་མོད། འོན་ཀྱང་ང་རང་དེ་ལས་ལྡོག་སྟེ་སྡུག་བསྔལ་གྱི་ནང་ལ་ལྷུང་།
མུ་ཏིག་ནག་པོས་ངའི་སེམས་ཁམས་ཚོར་ཏེ་འཛུམ་དམུལ་དམུལ་གྱིས་གྱང་ངོས་ཀྱི་འཆར་ཤེལ་ཆེན་པོར་མཛུབ་གུ་ཀེར་ཙམ་གྱིས་ང་རང་ཆེས་དགའ་བའི་ཉི་ཧོང་གི་གླུ་མ་གྲགས་ཅན་ཨེ་ཞེ་ཁྭ་བ་སྭ་ཡུག་རེ་དང་གླུ་བ་གྲགས་ཅན་ཐཱ་མ་ཁེ་ཁོ་རྗེ་གཉིས་ཀྱིས་བླངས་པའི《སོ་ལན་གྲུ་གླུ》ཞེས་པའི་གླུ་དབྱངས་དེ་བཏང་། ད་དུང་འཆར་ཤེལ་ངོས་ལ་ལག་བརྡ་ཞིག་བྱས་ཏེ་ལུག་མཉེ་མེ་ཏོག་དཀར་པོ་དང་ཟིང་དམར་ཆུན་པོ་རེ་བུམ་པ་དང་བཅས་གཡས་གཡོན་གྱི་སྔས་སྒམ་སྟེང་ལ་འབབ་ཏུ་བཅུག དེ་མ་ཐག་ཁྱིམ་ཡོངས་ལ་ལུག་མཉེའི་དྲི་ཞིམ་གྱིས་ཁྱབ་སོང་། མོས་ང་མེ་ཏོག་གི་ནང་ནས་ལུག་མཉེ་ལ་དགའ་བའང་ཤེས་འདུག་ལ། མདོར་ན་མོས་ངའི་སེམས་ཁམས་ཡོངས་སུ་ཤེས་འདུག་ནའང་ངས་མོའི་སེམས་ཁམས་ཀྱི་ཟུར་ཙམ་ཡང་མི་ཤེས། དེས་ན་མོ་ནི་འཕྲུལ་མི་ཡིན་པའམ་ཡང་ན་མོའི་ཀླད་པའི་ནང་གི་འདུས་སྙིང་དེ་ངའི་འདུས་སྙིང་ལས་ཚད་རིམ་ཧ་ཅང་མཐོ་བ་ཡིན་ནམ། དེས་ན་ང་རང་ད་དུང་མི་ངོ་མ་ཡིན་ཡང་སྲིད། གལ་ཏེ་མི་ངོ་མ་ཡིན་ཚེ་ང་ལ་ད་དུང་ན་བ་དང་རྒ་བ། འཆི་བ་ལོས་ཡོད།
སྐབས་འདིར་མོས་ང་མལ་ཁྲིའི་སྟེང་ལ་གན་རྐྱལ་ལ་སྡོད་དུ་བཅུག་ནས་ལུས་ཡོངས་སུ་ཁྲུས་རྩི་བྱུགས་ནས་ཆུ་ཚོད་ཕྱེད་ཙམ་གྱི་རིང་བྱིལ་བྱིལ་བྱས་རྗེས་ཆུ་བཤལ་བརྒྱབ། དེ་ནས་ཡང་བསྐྱར་མལ་ཁྲིའི་ཐོག་གན་རྐྱལ་ལ་སྡོད་དུ་བཅུག་ནས་ཆུ་ཚོད་ཕྱེད་ཙམ་ལ་ཕུར་མཉེད་བྱས།
ངས་མོ་ལ་མཛའ་བརྩེ་མཚོན་ཆེད་ཡིན་ནམ་བཀའ་དྲིན་མཚོན་ཆེད་ཡིན་པ་ང་རང་གིས་ཀྱང་མི་ཤེས་པར་འཛུམ་ཆུང་ཞིག་དང་མཉམ་དུ་མོའི་བརླ་ཤ་ལ་བྱིལ་བྱིལ་དང་བཙིར་ཙམ་བྱས་པ་ན་ཧ་ཅང་འཇམ་ཞིང་ཤིན་ཏུ་མཁྲེགས་པའི་ཚོར་སྣང་ཞིག་སྐྱེས། ངས“ཁྱེད་ཀྱིས་ནམ་རྒྱུན་ལུས་ཕུང་སྦྱོང་བརྡར་བྱེད་པ་ཡིན་ནམ། ཡང་ན་ཁྱེད་རང་ལུས་རྩལ་པ་ཞིག་ཡིན་ནམ།”ཞེས་དྲིས།
“ལུས་ཕུང་སྦྱོང་བརྡར་བྱེད་ནི་མིན། ལུས་རྩལ་པ་ནི་དེ་བས་ཀྱང་མིན། ང་གླུ་ལེན་པར་དགའ།”
“ཨ་ཙི། མ་གཞི་གླུ་མ་ཞིག་ཡིན་ནམ།”
“ཧེ་ཧེ།”
སྙན་འཇེབས་ཀྱི་གླུ་དབྱངས་དང་དྲི་ཞིམ་གྱི་མེ་ཏོག་གིས་ཀྱང་ང་ལ་སྤྲོ་སྣང་ཆེར་བསྐྱེད་མ་ཐུབ་པས་མུ་ཏིག་ནག་པོས་མུ་མཐུད་དུ་འཛུམ་དམུལ་དམུལ་གྱིས“ང་ཁྱེད་ཀྱི་བརྩམས་སྒྲུང་ལ་ཧ་ཅང་དགའ་བོ་ཡོད།”ཟེར།
ཨ་ཁ། འདིས་ང་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པའང་ཤེས་འདུག
མུ་ཏིག་ནག་པོའི་ངོ་བསྟོད་དེས་ང་ལ་སྔར་བཞིན་སྤྲོ་བ་བསྐྱེད་མ་ཐུབ་ནའང་མོའི་སྐད་ཆ་དེས་ཐེངས་འདིའི་ཁྲུས་ཀྱི་གོ་རིམ་དང་བསམ་ཚུལ་བརྩམས་སྒྲུང་དུ་བྲི་བའི་བློ་སྒོ་ཕྱེས། མུ་ཏིག་ནག་པོས་དེ་མ་ཐག་ངའི་བསམ་ཚུལ་རྟོགས་ཏེ“ཁྱེད་ཀྱིས《ཁྲུས》ཞེས་པའི་བརྩམས་སྒྲུང་དེAlལ་འབྲི་རུ་བཅུག་ཆོག”ཟེར།
“ཨ་ཧོ། མོས་ངའི་བརྩམས་སྒྲུང་འབྲི་བའི་ཤེས་རབAlལ་མི་དོ་བསམ་བཞིན་འདུག གཅིག་བྱས་ན་ངོ་མ་མི་དོ་ནའང་ཐང་།”ངས་འདི་ལྟར་བསམ་སྟེ་སེམས་ཁམས་སྔར་ལས་སྐྱོ་བོར་གྱུར།
མུ་ཏིག་ནག་པོས་དེ་མ་ཐག“ངའི་ནང་དོན་ནི་ཁྱེད་རང་ཡུལ་སྐོར་ལ་འགྲོ་བ་སོགས་གང་ལྟར་སེམས་ཁམས་སྐྱིད་པོ་བྱ་རྒྱུ་གལ་ཆེ། གསར་རྩོམ་སོགས་ཀྱི་ལས་ཀAlལ་བསྒྲུབ་ཏུ་བཅུག་ཆོག་ཟེར་བ་དེ་ཡིན། ད་ལྟ་སྒེར་གཞུང་གཉིས་ཀྱི་ལས་ཀ་མང་ཤོསAlལ་བསྒྲུབ་ཏུ་འཇུག་བཞིན་ཡོད་པ་མིན་ནམ།”ཞེས་གསལ་བཤད་བྱས། ཡིན་ནའང་ངས་རང་ཉིད་ཀྱི་བརྩམས་སྒྲུང་གི་ཤེས་རབAlལ་དོ་མིན་སེམས་ཁྲལ་བྱས་ཤིང་སེམས་པ་ཕམ།
མུ་ཏིག་ནག་པོ་ཐབས་ཟད་ཅིང་འཚབ་འཚུབ་ཏུ་གྱུར་ཏེ“ཨ་ཇོ་ལགས་ཞབས་ཞུ་ལ་ཡིད་མི་ཚིམ་པ་ཨེ་རེད།”ཟེར།
“མ་རེད་མ་རེད། ཞབས་ཞུ་ཧ་ཅང་ཡག་པོ་རེད། ངོ་མ་ཡིན།”
“དེས་ན་ཨ་ཇོའི་སེམས་ཁམས་སྐྱོ་བོ་དེ་འདྲ་གནང་དོན་ཅི་ཡིན།”
“ཁྱེད་ཀྱིས་གསལ་པོར་ཤེས་ཡོད་པ་མིན་ནམ། ངས་འཇིག་རྟེན་དང་མི་ཚེ་ལ་དོན་སྙིང་མི་འདུག་བསམ་བཞིན་ཡོད། ཁྱེད་ལ་དགའ་སྐྱོ་ཆགས་སྡང་མེད་དམ།”
“ང་ལའང་དགའ་སྐྱོ་ཆགས་སྡང་ལོས་ཡོད། མགྲོན་པོའི་སེམས་ཁམས་སྐྱིད་པོ་མ་བྱུང་ན་ཁྲུས་ཁང་གིས་ང་ལ་གླ་ཡོན་སྟེར་ནི་མ་རེད། དེའི་ཕྱིར་ངའི་སེམས་པའང་སྐྱོ་བྱུང་།”
“ཨ་ཙི། འདི་ཅི་ཡིན། གཅིག་བྱས་ན་མོ་མི་ངོ་མ་ཡིན་ཡང་སྲིད། དེའི་མ་ཚད་མོ་ནི་ཁོག་པ་དྲང་མོ་ཅན་ཞིག་ཀྱང་ཡིན་པ་འདྲ།”ངས་འདི་ལྟར་བསམ་བཞིན་མུ་ཏིག་ནག་པོ་ལ“དེ་ངས་གསལ་བཤད་བྱ་ཆོག”ཅེས་བཤད།
མུ་ཏིག་ནག་པོས “བཀའ་དྲིན་ཆེ། ཡིན་ནའང་ཁྱེད་ཀྱི་སེམས་ཁམས་སྐྱིད་པོ་མ་བྱུང་ན་གསལ་བཤད་བྱས་ཀྱང་ཕན་པ་ཡོད་ནི་མ་རེད།”ཟེར།
ངོ་མ། ངེད་གཉིས་མཉམ་དུ་ཁྲུས་ཁང་གི་རྩིས་རྒྱག་སར་སོང་ཚེ་ང་ཞབས་ཞུ་ལ་ཡིད་མ་ཚིམས་པའི་རྟགས་དམར་པོ་དང་དངུལ་སྤྲོད་མི་དགོས་ཞེས་པའི་ཡི་གེ་ཤར་འདུག མུ་ཏིག་ནག་པོའི་ངོ་ལ་དེ་མ་ཐག་སྐྱོ་ཉམས་ཤིག་ཤར་བྱུང་། མོ་གལ་ཏེ་འཕྲུལ་མི་ཡིན་ན་དངུལ་དགོས་དོན་མེད། འཕྲུལ་མི་ལ་དངུལ་ཐོབ་ན་དགའ་མི་སྲིད་ལ་མ་ཐོབ་ན་སྡུག་ཀྱང་མི་སྲིད། དེས་ན་མོས་རང་ལ་དགའ་སྐྱོ་ཆགས་སྡང་ཡོད་ཟེར་བའང་བདེན་པ་ཡིན་སྲིད། དེས་ན་མོས་ཆུ་ཚོད་གཉིས་གསུམ་རིང་སེམས་པ་གང་ཞིབ་ཀྱིས་ང་ལ་ཞབས་ཞུ་བསྒྲུབ་མཐར་ཅི་ཡང་མ་ཐོབ་པ་འདི་སྙིང་རེ་རྗེ།
གློ་བུར་དུ་ངའི་སེམས་གཏིང་ནས་མོ་ལ་སྙིང་རྗེ་ཞིག་སྐྱེས། འདི་ནི་ངའི་ཀླད་པར་འདུས་སྙིང་སྦྲེལ་པ་ནས་གཞན་ལ་སྙིང་རྗེ་སྐྱེས་པ་ཐེངས་དང་པོ་ཡིན། ངས་དེ་མ་ཐག་ཁུག་མར་ལག་པ་བཏང་ནས་ཨ་སྒོར་བརྒྱ་ཤོག་གཅིག་ཡོད་པ་དེ་ལག་མཐིལ་དུ་བསྡམས། མོ་ལ་གྱེས་ཁའི་ལག་འཇུ་བྱེད་ཞོར་ལག་ཏུ་བཞག་པ་ན་མོའི་གདོང་གི་འཛུམ་མདངས་དེ་ཡང་བསྐྱར་མངོན་ཡོང་། ངའི་སེམས་ལའང་ལོ་མང་རིང་གི་བུ་ལོན་ཆེན་པོ་ཞིག་གཞི་ནས་བཅལ་ཚར་བ་ལྟ་བུའི་དགའ་སྣང་ཞིག་སྐྱེས། དེ་མ་ཐག་འཆར་ཤེལ་ངོས་ཀྱི་ང་ཡིད་མ་ཚིམས་པའི་རྟགས་དམར་པོ་དེ་ཡིད་ཚིམས་པའི་རྟགས་ལྗང་ཁུར་གྱུར་ནའང་དངུལ་སྤྲོད་མི་དགོས་ཞེས་པའི་ཡི་གེ་དེ་སྔར་བཞིན་ཤར་འདུག།
——2024ལོའི《སྦྲང་ཆར》དེབ་བཞི་བ་ལས་བདམས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།