ཕ་བོང་གི་སྐྱེ་རབས།
ཡུན་རིང་མ་འགུལ་བའི་ལྷ་སྐུ རྡོ་རིང
ད་དུང སྐྱ་ཤར་ཤར་གྱི་དབུས་ལམ་རིང་མོ
ཐོག་མར ཕ་བོང་གི་སྐྱེས་རབས་ནས་བསྲིངས
༡
དང་བོ་ཙ་ན
འཇིག་རྟེན་འདིའི་རང་བྱུང་གི་སྙིང་ཁ་ནས
སུས་ཀྱང་གཤོག་སྒྲོམ་མ་བརྐྱངས་བའི་སྔ་རོལ་ལ
རྡོ་བའི་ཨུ་ཚུགས་ཀྱི་འཇིག་རྟེན་ན
དལ་ཅག་ཅག་གི་ཞུ་བའི་གྲལ་རིམ་སློང དེ་ནས་བཟུང
སྣང་སྟོང་དབྱེར་མེད་ཀྱི་ཕ་ས་སྨུག་པོ་གན
ནམ་མཁའ་གཞན་ཞིག་གི་རྒོད་ཁྱུའི་མཆོད་ཁྲིར་རོལ
རྒོད་ཁྱུ་ཚོས བྱང་ཆུབ་ཀྱི་གཤོག་པ་བརྐྱངས་ཤིང
སངས་རྒྱས་ཀྱི་སྤྱན་གྱིས་ཟིམ་ཟིམ་བལྟས་བས
ཤིང་ལོ་ཕུད་ཅིང དབུ་སྐྲ་མ་ཤད་པའི་འཇིག་རྟེན་ལ
ལྷ་ཀླུ་གཉན་གསུམ་གྱི་མེ་ཏོག་འབུས
གཙང་བོ་དང་རི་རབ་གཤིས་སུ་ཆགས
ཉི་ཟེར་དང་བྱིན་རླབས་ཀྱི་གྲོང་ཁྱེར་ན
ཡོམ་ཡོམ་གཡོ་བའི་ངེས་འབྱུང་གི་གྲིབ་མ་དང
ཁྲོག་ཁྲོག་འགུལ་བའི་ཕ་བོང་གི་བསམ་བློ་ཡོད
སྐྱེས་ཆེན་ཚོའི་མཇུག་སྒྲོ་རེ་རེ་བཞིན་ཆད་ཅིང
སྐད་ཅིག་མ་མང་བོ་སེམས་མེད་ཆགས་མེད་དུ་འཕུར་ཚབ་བས
མི་ལོ་བརྒྱ་ཕྲག་གི་གཤོག་རྩ་རྣག་པའི་ལོ་རྒྱུས་རིང་མོ
དུས་རབས་ཀྱིས་བསྐྱུར་བའི་ཕྱི་མིག་གྲངས་མེད་ཀྱི་ས་སྲོད་ནས
སྤྲང་བོ་དང་རི་སྤྱང་ཁྱུ་གཅིག་གི་རྔམ་སར་གྱུར་ཟེར
༢
རྒྱང་བསྒྲག་གྲངས་མེད་ཀྱི་ཕ་རོལ་ན
“འཁོར་བའི་འཁོར་མཚམས་བཞག་ཀྱང
འཇིག་རྟེན་མ་འཇིག་པའི་སྔོན་ལ”
ང་ཚོའི་སྐྱེ་རབས་གྲངས་མེད་ཀྱི་ཕུན་ཚོགས་ཚེ་གཅིག་ལ་འཛད་པའི
སྐྲ་སེར་མིག་སྔོན་གྱི་འདོད་ལྷ་ཚོ གློ་བུར་དུ
བྱ་ཆེན་རེའི་ཡ་ཁོག་ལ་འཚངས་ཏེ
སྤྲིན་པ་སོབ་སོབ་རེ་བརྒལ་ནས་ཡུན་འདིར་རུབ
ད་དུང རྡོ་བའི་རྨི་ལམ་སྐྱ་ཐང་ཐང་ལ
ལྟ་མི་ཤེས་པའི་སེམས་འགྱུ་སྣ་ཚོགས་བྲིས་ཀྱང
ཕ་བོང་ཚོས སྔར་བཞིན
རྒས་ཟིན་པའི་གཙང་བོ་དང་རི་རབ ནགས་ཚལ་གྱི་མཐའ་ན
མི་མགོ་དང་རྟ་མགོ་སྐམ་པོ་བསྐོར་ནས་ཞབས་བྲོ་རྒྱག
༣
ག་ལེར ཕ་བོང་གི་འཇིག་རྟེན་འགུལ་ཞིང
ཕ་བོང་ཚོས གཏམ་གསར་བ་ཞིག་གླེང་བར་འདོད
དུས་ཚུགས་ཤིག་གི་རོལ་དབྱངས་དྲོད་ཁོལ་གྱིས་བཞུར་དུས
ཁ་རོག་གེར ཆེས་དབེན་ས་ན
ཕ་བོང་ཚོས་བསམ་བློ་གཏོང་གིན་འདུག
སྒལ་ཚིགས་དང་ལས་དབང་ཉི་མས་བསྲེགས་ཤིང
ཐོད་པ་ལ བྱ་རྟུལ་གི་ཁ་རྒྱན་བསྟན་པའི
ཕ་བོང་དང་ཕ་བོང་གི་འཁོར་བ་ན
རང་ཉིད་གཅེར་བུ་ཡིན་ཚུལ་གྱི་སྐད་ཆ་ཞིག་རྒྱུ་ལ
རྐང་བ་རེ་ཡོད་ཁུལ་གྱིས་རྒྱང་ལ་བལྟས
ཐག་རིང་ནས ཅི་ཞིག་འགུལ་བ་ཙམ་གྱིས
ཕ་བོང་ལ་ངེས་འབྱུང་མ་འཁྲུངས་ཀྱང
རྡོ་དང་བློས་བསླངས་གསར་བའི་འཐབ་རྩོད་རེ་རེས
ཐོག་མར བརྗོད་སྟངས་ཤིག་རྒྱང་ནས་ཁྱེར་འོང་བའི་ལོ་རྒྱུས་ཡོད
འདི་ནི ཕ་བོང་ལ་བསམ་བློ་སྐྱེས་བའི་གཏམ་རྒྱུད་ཡིན
༤
ཕ་བོང་གི་རྨི་ལམ་ལ་མེ་ཏོག་འཁྲུངས་ཤིང
ཕ་བོང་ལ་ཤ་དྲོས་རྒྱས
ནམ་མཁའ་དང་བྲག་རྡོ ས་གཞི་དང་བར་སྣང་ལ
མཁའ་དབུགས་གསར་བ་ཞིག་གི་ཡོ་ལང་ཁད་ཀྱིས་བསྒྱུར
ཟུངས་ཟད་པའི་ལག་མཐིལ་རེ་རེ་རྒྱང་ལ་བསྲིངས་ནས
སུ་ཞིག་གི་མེ་ཏོག་ལས་བསུང་ཞིམ་མྱང
གནས་ལུགས་ཤིག་འགྱུར་བཞིན་པའི་ཀློང་ན ཕ་བོང་འདི་ཚོས
ངོ་གདོང་རེ་རེ་ཁ་བའི་ཕྱོགས་སུ་བཏེགས་ནས
ངལ་དུབ་རེ་རེ་གླུ་སྐད་ཀྱིས་སྒྲོན་རན་དུས
མིག་དང་རྣ་ཅོག་གི་གསར་བརྗེ་ཁྲོད
འདོད་རྔམ་ལ་བྲེད་ཤ་ལངས་བའི་འཇིག་རྟེན་ཏེ
ལས་དབང་བ མཆེ་བ་དཀར་སང་སང་གི་བར་ན་འཚོ
བརྗོད་མི་བདེ་བའི་གཏམ་སྙན་རེ་རེའི་འཇུག་ངོགས་སུ
ཁ་བ་དང་གྲང་ངར་གྱི་ལོ་ཟླ་ཞིག་བགྲོད་ཟིན་ཞིང
འབྲི་མི་ཤེས་པའི་སྙན་ངག་ལ་ལ་ཡང གྲང་ཤུར་ཤུར
ཨུ་ཚུགས་སྨུག་པོའི་སྐྱོ་ཕྱོགས་སུ་བཞུར་སོང
༥
འདོད་ཧམ་དང་སྒེར་ཞེན་གྱི་གསང་མིག་ཉུལ་ཞིང
ཉུལ་བཞིན་པའི་ཀློང་ན རང་ཉིད་ཁོ་ན་འབོད་དུས
དུས་རབས་ཀྱིས་ཅི་ཞིག་བསྐྱེད་ཅིང་རྒྱང་དུ་བསྲིངས་བའི་ཤུལ་ན
འདྲེན་བྱེད་ཡ་གཅིག་གི་མཛེས་སྡུག་འཐུང་མཁན་ཚོ
སྔར་བཞིན ཕ་བོང་གི་སྐྱབས་དང་ཕ་བོང་གི་ལྷ་རུ་སྤྲུལ
སྐྱེས་རབས་འདིའི་ཉི་མ་ཤར་ནས་འཕགས་ཏེ
ནུབ་ལ་འཇའ་ཐེངས་རེ་དང
གནམ་འོག་ལ་སྨྲ་བརྗོད་གསར་བའི་རླུང་བུ་གཡུག་ཐེངས་རེར
ཟླ་བ་སྒེག་མོའི་ཞལ་ཁྱིམ་གྱིས ཇི་སྲིད་དུ
གསང་ཐང བྲག་སྐྱིབས ས་སྟོང་དག་ན
ཁེར་རྐྱང་བ་གྲངས་མེད་ཀྱི་དྲན་གདུང་རུམ་སྟེ་ཡོད་སྐད
རྡོ་བར་ཚེ་སྲོག་བརྟས་པའི་གཏམ་རྒྱུད་ཀྱི་ཐང་ན
རྨིག་སྒྲས་མེ་ཏོག་མཆོད་སའི་ས་གཞི་དང
བྱ་ཆེན་བག་ཡང་གིས་འཕུར་སའི་ནམ་མཁའ་འཛོམས་ཀྱང
ཁ་སང་དང་དེ་རིང་ལ་མ་གཏོགས་པའི་གོ་རིམ་ཞིག
ཕ་བོང་གིས་སྒྲིག་ཅིང ཕ་བོང་གིས་སྙེགས་པར་འདོད་པས
ཕ་བོང་ཚོས རང་གི་བར་སྣང་ཤུགས་ཀྱིས་བསྐྱེད་ལ
ཕ་བོང་ཚོས ཟླ་འོད་ཁོ་ནའི་འོག་ལ་འཚངས
ཕན་ཚུན་གྱི་གདོང་ལ་ཞིབ་ཏུ་ལྟ་བའི་ཀློང་ནས
རང་ཉིད་ཀྱིས་ཅི་ཞིག་ནོར་སོང་བའི་གནས་ལུགས་རྟོགས་ཤིང
གནས་ལུགས་དེ་ལས སྐྱེ་རབས་འདིའི་རྣམ་ཐར་རྙེད
༦
ནར་མ་སོན་པའི་རྗེ་བོ་ཚོས
མནོ་བསམ་པ་ཞིག་གི་རྒྱབ་ཤོག་བསྒྱུར་འགོ་བརྩམས་པ་ནས
སྐྱེས་ཆེན་དང་དམ་པ་རེ་རེ སླར་ཡང་སྒམ་བརླིང་གིས
ཕ་བོང་རེའི་མགོ་ཐོག་ལ ལྷབ་སེ་བབས་ཤིང
རང་ཉིད་ཀྱི་ན་སོའི་ཀློང་ནས་འཇིག་རྟེན་ལ་བལྟས
སྲིད་པ་འདི འགྱུར་བག་རྒོད་པའི་གནམ་གཤིས་ཤིག
ལངས་མ་མྱོང་བའི་ཡུལ་མི་ཚོ བྱེའུ་བཞིན
སྤྱི་ཚོགས་མོད་པོ་རེའི་གོ་ཁར་འཚང་སྟེ
ཁ་ཚུབ་ལ་ཤོང་ཚད་ཙམ་གྱི་རེ་འདོད་སྒུག
འགྱེད་ཅིང་ལངས་བའི་རྐང་ཐང་བ་ཁྱུ་རེའི་མིག་ཀོང་ན
ད་དུང སྐད་ཅིག་མ་མང་བོ་འཕུར་བའི་གཤོག་འགྱུར་ལྷག
གཤོག་འགྱུར་རེས་དྲུད་འོངས་བའི་སེམས་ཚེགས འཆར་གཞི
འདི་དག་གིས ཕ་བོང་གི་སྐྱེ་རབས་ལ་ཤ་དྲོད་བསྐྱེད
༧
ནམ་མཁའ ཞེ་སྡང་དང་ཕྱི་མིག་གི་ཀློང་ན་ཕྱེས་ཤིང
རླུང་དུས་རབས་ཉེར་གཅིག་གི་སྔར་ཐོག་ན་ལྡིངས
ས་ཆ་འདིའི་དྲན་པ ཏག་ཏག་དུས་ཚིགས་འདིར་སངས་དུས
རང་དབང་དང་ལྷག་བསམ་གྱི་གཤེར་ཐང་ན
ཁྲུང་ཁྲུང་གི་མགྲིན་པ་གླུ་ཡིས་གདུང་ཡོད
ཐག་རིང་གི གཞན་སེམས་ཀྱི་སྐྱ་རེངས་དང
བར་སྣང་ཁྲུ་གང་གི་དཀར་ངོགས་ན་རྨི་ལམ་འཁྲུད་མཁན་ཚོ
སྔོན་ནས འདི་ལྟར་ཆས་རན་འདུག
རླབས་ཆེན་དང་འཇིགས་རུང་གིས་བྱོན་པའི་ཕ་བོང
སྒམ་བརླིང་དང་རྟག་བརྟན་གྱིས་བཞུགས་པའི་ཕ་བོང
བགྲང་བྱ་སྟོང་ཕྲག་གི་རྟ་ཁ་གཅུ་མཁན་དང
ཉི་མའི་དུས་རབས་ན་འོད་ཀྱི་ལོ་ཏོག་རྨོ་མཁན་ཚོ
གཟིགས་དང ཅི་ཡང་འགུལ་བྱུང
ཨ་སྔོན་གཡའ་དག་པའི་དཀྱིལ་འཁོར་དང
ས་གཞི་རྡུལ་དྭངས་པའི་ཕོ་བྲང་ནས འགུལ་བྱུང
གཅན་གཟན་དང་རི་དྭགས འདབ་ཆགས་ཀྱི་ཚོགས་ཀྱང
རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་