རི་གྲོང་གི་ཉི་མ།
ཞོགས་པའི་གྱང་སྣར་ཉི་འོད་འཁྱིལ་ཞིང་།
གྲོང་གསེབ་ཀྱི་བགྲེས་པོ་དག་ཉ་མོ་ལྟ།
རང་རང་གི་དབང་ཐང་ཁུར་ནས་རྐྱལ་རྩལ་མངོན།
མི་ཡུལ། བགྲེས་པོ་ཚོས་གཏམ་རྒྱུད་ཚར་ཞིག་ཏུ་རློམ་ནས།
ཉི་མ་རེ་རེ་ཤོག་ལྷེ་བཞིན་ཕར་སློག་ཚུར་སློག་གིས།
ཉི་འོད་ཀྱིས་མི་འདང་བའི་བགྲེས་པོ་ཚོའི་རྐ་ཁར།
རི་གྲོང་གི་ཉི་མ་ཆུང་ཆུང་བཞིན་བཞུར་གྱིན་འདུག
ཉི་འོད་ཀྱི་པང་དུ་སྙེ་རྡོག་འཐུ་བའི་བུ་དང་བུ་མོ།
རི་གྲོང་གི་ལྷན་པར་གྱུར་ནས།
ཚ་གྲང་གི་གདུང་བ་བསུ་བཞིན།
རླུང་ཁའི་ཁྱིམ་གཞིས་ལ་དྲོད་ཁོལ་སྐྱིལ་བར་བྱེད།
ཉིན་གུང་གི་གྱང་སྣར་ཉི་འོད་གདུ་བཞིན་ཡོད་པས།
གཏམ་རྒྱུད་ཀྱང་གདུས་ནས་ཁུ་བ་ཐོན་གྱིན་འདུག་ལ།
བགྲེས་པོ་དག་ཅུང་པེང་ལྟར་ཚོས་ལ་ཉེ་ཡང་།
རང་ཉིད་གཞན་གྱི་ཁ་ཟས་སུ་གཏན་ནས་འཇོག་མི་འདོད།
ཡུག་པོ་དང་འཇག་རྩྭ་འཕྱུར་བའི་ཞིང་སར།
སྨན་ཤར་ཚོ། འབྲེག་བྱེད་འཕྲུལ་ཆས་ལྟར།
རྩྭ་ལྡམ་གྱི་ཤོག་ཕུང་རེ་རེ་བསླངས་དུས།
གཡང་ཟོག་དག་ལ་སྟོན་ཐོག་གི་མཛོད་ཅིག་བསྐྲུན་པ་ཡིན་ལ།
དེ་དུས་ནི་མ་སྲུ་ཚོ་ཉི་མ་ལྟར་འཛུམ་པའི་སྐབས་ཀྱང་རེད།
གྱང་སྣ་དེ་རུ་རྒྱབ་ཀྱང་ལ་བསྔས་ཤིང་།
ཉི་འོད་ཁོ་ཚོའི་དཔྲལ་ངོས་ན་འཛད་ཀྱིན་འདུག་ཀྱང་།
མི་ཚེའི་ལྷག་མ་པགས་གདན་དུ་བཏིངས་ཤིང་།
གཏམ་རྒྱུད་སྲབ་མོ་རེ་གྱོན་ནས།
ཞིང་གྲོང་དེའི་མཁའ་དབུགས་རྔུབ་ཀྱིན་མཆིས།
སྲོད་ཀྱི་གྲིབ་མ་ལེབ་མོ།
ཁོ་ཚོའི་རྒྱབ་ཏུ་འཇབ་ཀྱིན་འོང་བ། གཏན་ནས་ཚོར་མི་ནུས།
ཉི་མ་ནུབ་རྗེས། ཁོ་ཚོའི་ཞིང་ཁམས་མེད་པས།
དགོང་ཕྱི་དྲོའི་ཉི་འོད་ལྷུང་བའི་གྱང་སྣ་དེ་རུ།
ཁོ་ཚོས་ཕན་ཚུན་ལ་དུས་ཀྱིས་མ་གཏུགས་པར་བདེ་མོ་ཟེར་མི་སྲིད།
ས་སྲོད་ཀྱི་གྲང་རླུང་རྒོད་ས་ན།
ཁོ་ཚོ་སྟོན་མཇུག་གི་རྩྭ་ཤོག་བཞིན་ས་རུ་འགྱེལ་ཀྱང་།
བགྲེས་པོ་ཚོས་ཀྱང་སྣ་ཁུར་ནས། རེ་རེ་བཞིན།
རི་སུལ་གྱི་རུམ་དུ་ཁད་ཀྱིས་ཕྱིན་སོང་།
རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།