རྩྭ་ཐང་གི་མཛའ་གླུ།
རྟ་མཆོག་ལ་ཞོན་ནས
གཡང་དཀར་ལུག་ཁྱུ་འཚོ་མཁན་དེ་ང
སྨྱུ་གུ་ཐོགས་ནས
ཁྱེད་ལ་སྙན་ངག་འབྲི་མཁན་དེའང་ང
འོ་ཟེའུ་བཟུང་ནས
ཐུལ་དཀར་འབྲི་མོ་བཞོ་མཁན་དེ་ཁྱོད
མགོ་བོ་སྒུར་ནས
ང་ལ་ལ་གཞས་ལེན་མཁན་དེའང་ཁྱོད
2002.12.28
༼ཨ་ཅག་འབྲོག་པའི་བུ་མོ།༽
རྩྭ་ཐང་གི་རྒྱུད་སྐུད་རེ་རེའི་ཁྲོད་ནས
གདངས་མི་སྙོམས་པའི་དབྱངས་རྟ་སྣ་ཚོགས་འཕུར་འོངས
ལུ་གུའང་བེའུའི་རྐང་བྲོ་དང་ལྷན་ཅིག
ནེམ་ལྗང་གི་ནེའུ་ཁུགས་ནས་ནར་སོན་པའི་གོ་རིམ་ཧྲིལ་བོ
ཆུ་ཕྲན་དང་མེ་ཏོག་གི་གཞུང་རྟ་ཁོ་ནར་གསལ
2002.8.23
༼ རྒྱང་རིང་གི་སྒྲོལ་མ།༽
ཁ་ཐག་རིང་བ་དྲན་ན
མགོ་སྒུར་ནས་མཆི་མ་རེ་འདོན་ནམ
སེམས་ཐག་ཉེ་བ་དྲན་ན
ཁ་བགད་ནས་འཛུམ་ཆུང་ཞིག་སྟོན་ནམ
2002.8.25
༼ཆུང་ལོ། ང་རང་སྔར་བཞིན་ཁེར་རྐྱང་ཡིན།༽
ཐོག་མར་ལམ་ལ་ཆས་དུས་ནས་བཟུང
ང་རང་ཁེར་རྐྱང་ཡིན་ན ནམ་ཉི་མར
ཁ་ཕྱིར་འཁོར་ནས་ཕྱི་མིག་བལྟ་དུས་ཀྱང
ཞབས་རྗེས་སྔར་བཞིན་ཁེར་རྐྱང་ཡིན་ན
ད་དུང་ཁེར་རྐྱང་མིན་པའི་བདེན་དཔང་ཉག་ཅིག
སྙིང་ཉེ་བའི་ཁྱེད་ཀྱིས་གསུང་རོགས་ཞུ
2002.4.27
༼ཉིན་ཞིག་ལ།༽
ཉིན་ཞིག་ལ
རྒྱུ་མཚན་ཅི་ཡང་མེད་པར
ཁྱེད་ཀྱིས བསླུ་མེད་ངང
བརྩེ་བ་ཞིག་ཁྱེར་ནས་འོངས་སྲིད་ལ
བརྗེད་མེད་ཀྱི་སྙིང་གཏམ་ཞིག་ཀྱང
བདག་ལ ག་ལེར་སྨྲ་སྲིད
ཉིན་ཞིག་ལ
རྒྱུ་མཚན་ཅི་ཡང་མེད་པར
ཁྱེད་ཀྱིས་བརྩེ་མེད་ངང
ཁ་ཕྱོགས་ཤིག་འདེམ་ནས་འགྲོ་སྲིད་ལ
བཟོད་མེད་ཀྱི་རྨ་ཁ་ཞིག་ཀྱང
བདག་ལ ག་ལེར་འཇོག་སྲིད
2002.7.26
༼ འཁྲེང་ཞེན།༽
དབྱར་ཟླ་དྲུག་པ འཇབ་ཀྱིན་འཇབ་ཀྱིན
ཞིང་གྲོང་དང་བདག་གི་སེམས་ལ་འཛུལ་དུས་སུ
ཀེ་ཚེ་མེ་ཏོག་གི་བར་གསེང་ན
མགོ་དཀྲིས་དམར་པོ་རེ་རེ ཇི་འདྲའི་སྙིང་ཉེ་ཨང
པདྨ་འཚོ
ཞིང་ཚིགས་དང་གྲམ་གཞུང་དུ
ཁྱེད་ཀྱིས་ར་ཁྱུའི་བཞུར་རྒྱུན་དད་ནས
སུ་ཞིག་གི་སེམས་པ་སྒུལ་བའི་གོ་རིམ
ངས ད་ལྟའང་བརྗེད་ཐབས་བྲལ
2000.6.6
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།