ལམ།
ཁྱོད་འགྲོ་བཞིན་པའི་མདུན་གྱི་ལམ་དེ་ནི
ལམ་ཡིན་ཡང་ལམ་དེ་མིན
ང་སོང་ཟིན་པའི་རྒྱབ་ཀྱི་ལམ་དེ་ནི
ལམ་ཡིན་ཡང་ལམ་དེ་མིན
གལ་ཏེ ཁྱོད་ལ་འོད་འཚེར་བའི་ལམ་དེ་དགོས་ཟེར་ན
ཤ་ཡི་ལམ ཆང་གི་ལམ བུད་མེད་ཀྱི་ལམ
ད་དུང་མང་བོ་མང་པོ་ཞིག་བརྒྱུད་དགོས
དོ་ནུབ ཁྱོད་ཀྱིས་ཚུལ་འཆོས་ཀྱི་གདོང་འབག་གྱོན་ཏེ་ཤོག་དང
ངས་ཁྱོད་ལ་གཡོ་སྒྱུ་ཡི་དཔལ་འབར་ཞིག་སྟེར
༢༠༠༤.༢.༢༥ལ།
སྔོན་ཐོན་དང་རྗེས་ལུས།
ཕ་ཡུལ་ལ་འགྲོ་ཐེངས་རེ་རེར
དངོས་པོ་དང་འབྲེལ་འདྲིས་བྱེད་དུས
ཕ་ཡུལ་ཧ་ཅང་རྗེས་ལུས་ཤིག
ཕ་ཡུལ་ལ་འགྲོ་ཐེངས་རེ་རེར
བསམ་པ་དང་འབྲེལ་འདྲིས་བྱེད་དུས
ཕ་ཡུལ་ཧ་ཅང་སྔོན་ཐོན་ཞིག
༢༠༠༤.༣.༡ལ།
རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།