ཚེ་སྟོད་ཀྱི་རང་རྣམ་མདོར་བསྡུས།

        བསོད་ནམས་ཆེ་བ་གཅིག་ལ།།དལ་འབྱོར་མི་ལུས་ཐོབ་ཀྱང་།།སྐྱ་སེར་སུམ་མདོའི་ལམ་ལ།།ང་ནི་མགོ་བོ་འཐོམས་བྱུང་།།ཞེས་པའི་གཞས་ཚིག་ཤོ་ལོ་ཁ་གཅིག་གིས་སྔོན་བསུས་ཏེ་ཚེ་སྟོད་ཀྱི་རང་རྣམ་མདོར་བསྡུས་བྲི་བར་བྱ་སྟེ། དེ་ཡང་༡༩༥༧ལོར་བོད་ལྗོངས་ལྷོ་ཁ་གྲྭ་ནང་དགའ་ཚལ་སྦུག་དགོན་དུ་ཁོ་བོར་དལ་བའི་རྟེན་བཟང་ཐོབ།ཡབ་ཆེན་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན༧དཀོན་མཆོག་ཆོས་དཔལ་རྒྱ་མཚོ་དཔའ་བོ་རིན་པོ་ཆེ་ཞེས་བྱ་བ་དགོན་འདིའི་བསྟན་པའི་བདག་པོ་ཡིན་གཤིས་གང་དེའི་བཀའ་ལུང་གཙུག་ཏུ་བླངས་ནས་ལོ་གཉིས་ནས་སྐྲ་ཕུད་ཕུལ་ཞིང་ཕྱིས་བསྟན་པ་འཛིན་པའི་རྟེན་འབྲེལ་མེ་ཏོག་གཏོར།འོན་ཀྱང་དེ་ལོར་ཡབ་ཆེན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཞིང་།རིང་མིན་དམངས་གཙོའི་བཅོས་བསྒྱུར་གྱི་ལས་འགུལ་ཚུགས་པས་ཁོ་བོ་ནི་ཨ་མ་ལགས་དང་གཅེན་པོ་མཉམ་དུ་རང་ཁ་རང་གསོའི་འཚོ་བར་རོལ།

       ནར་ཅུང་སོན་རྗེས་ཐོག་མར་ཁྱིམ་དུ་ཡི་གེ་འབྲི་ཀློག་དང་ཞོར་དུ་རང་དགོན་གྱི་འདོན་བྱ་ཆུང་གྲས་ངག་ཏུ་ཟིན།དེ་ནས་རིམ་བཞིན་དགོན་པའི་མཁས་དབང་བཅུ་ཕྲག་ཁ་ཤས་བསྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ནང་རིག་པའི་གཞུང་ལ་ཐོས་བསམ་བྱས།སྐབས་དེར་ང་དང་གཅེན་པོ་ལོ་ན་ཕྲ་ཞིང་ཁྱིམ་གྱི་ཕྱི་ནང་ལས་ཀ་དཀའ་ངལ་ཆེ་བས་ཨ་མ་ལགས་ཀྱིས་དོན་དེ་ལ་དགོངས་པའམ་གང་ལྟར་ཅི་སྟེ།དེ་སྔ་རང་དགོན་གྱི་བཙུན་པ་མཁས་དབང་ཀརྨ་ཕུན་ཚོགས་ལགས་ཀྱི་སྐུ་ཟླ་གནང་།འོན་ཀྱང་རིང་མིན་ཨ་མ་ལགས་ཀྱང་སྐུ་ཚེ་མ་ཟིན་པས་ང་གཉིས་དྭ་ཕྲུག་ཏུ་གྱུར།དེ་ནས་བཟུང་མཁས་ཀརྨ་ཕུན་ཚོགས་ལགས་ནས་ང་གཉིས་ལ་ཕ་མ་དངོས་དང་འདྲ་བའི་འཚོ་སྐྱོང་དང་།ཤེས་ཡོན་གྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གནང་བས་ཁོ་ནི་ང་གཉིས་ལ་ཆེས་དྲིན་ཆེ་བའི་ཕ་གཡར་གསེར་འདྲ་བ་ཞིག་ཡིན།།འོན་ཀྱང་འཇིག་རྟེན་གྱི་བདེ་བ་ནི་ངོ་མ་འཇའ་ཚོན་དང་འདྲ་སྟེ།དུས་རེ་ཞིག་སོང་བ་ན་གཡོ་ལ་གོམས་པའི་འཕྱ་མོ་ལང་ཤོར་བ་ཞིག་གིས་གཡོ་འཁྲུལ་གྱི་ཀྱོ་བ་རྣོན་པོས་ངའི་ཕ་གཡར་བཟང་བོའི་ཐུགས་སེམས་ཀྱི་ཉྭ་མོ་དབང་མེད་དུ་འཛིན། རིང་མིན་བུ་མོ་ཞིག་ཀྱང་བཙས་པས་དེ་ནས་བཟུང་ང་དང་གཅེན་པོའི་བདེ་སྐྱིད་ཉི་མ་གཞན་དབང་སྤྲིན་པས་བསྒྲིབས།ང་གཉིས་དང་ཕ་གཡར་བར་གྱི་ལ་རྒྱའམ་བརྩེ་གདུང་ཕོན་ཕོན་ཐག་ཀྱང་ཆད།དེ་ལ་སྨྲས་པ།འཇིག་རྟེན་འཚོ་བ་ཟེར་བ།།ལས་སུ་སླ་པོ་མི་འདུག།སྐྱིད་པོ་ཡོད་གདུང་ཕོན་པོའི་ཕོན་ཐག་ཆད། དེ་ལ་སྨྲས་པ། འཇིག་རྟེན་འཚོ་བ་ཟེར་བ།། ལས་སུ་སླ་བོ་མི་འདུག། སྐྱིད་པོ་ཡོད་ཀྱིན་ཡོད་ཀྱིན།།སྡུག་པོ་མི་ཡིས་གཏོང་གིས།ཕ་གཡར་ཐུགས་སེམས་ཐང་ཤིང་།།འགྱུར་ཡོང་བསམ་པ་མེད་ཀྱང་།།ད་ལོ་ཤིང་འབུ་ཕྲ་མོ།།ཁོག་པ་རུལ་དུ་བཅུག་བྱུང་།།ཆུ་མོའི་ཆུ་མགོ་འགྱུར་སོང་།།ཞིང་ཆུ་ཐན་པས་འཚིག་སོང་།།ཕ་གཡར་ཐུགས་སེམས་འགྱུར་སོང་།།གཅེན་གཅུང་གཡོག་པོར་གྱུར་སོང་།།བྱམས་པོ་ཕ་མས་གནང་དུས།།བྱམས་པོ་ཡིན་བསམ་མ་བྱུང་།།བྱམས་པོ་མི་ལ་རེ་དུས།།ཆུ་ལ་འོ་མ་བྲོ་བྱུང་།།ཞེས་སོ།།དེ་ནས་བཟུང་འཚོ་གོས་ཀྱི་འགན་ལྕི་དེ་གཅེན་གཅུང་གཉིས་ཀྱི་ཕྲག་ཏུ་བབས་ནས་རང་རང་སོ་སོའི་འཚོ་བ་སོ་སོས་བསྐྱལ།

༡༩༨༡ལོར་ལྷོ་ཁ་ས་ཁུལ་ནས་ང་དང་གཅེན་པོ་ལས་ཁུངས་སུ་གདན་དྲངས།གཅེན་པོས་དགེ་རྒན་གནང་བ་དང་།ཁོ་བོས་ཆེད་ལས་འཁྲབ་གཞུང་རྩོམ་པ་པོའི་འགན་ཁུར།སྔ་ཕྱིར་གཏམ་བརྗོད་ཆུང་བ་དང་།གཞས་མ་གཏམ།ལྷ་མོ་ཆུང་བ།ལྐུགས་བརྡའི་ཟློས་གར་སོགས་ལྔ་བཅུ་ལྷག་བྲིས་ཤིང་།རང་ལྗོངས་ཀྱི་ཆེད་ལས་རིག་རྩལ་འགྲན་ཚོགས་ནང་ཞུགས་པར་བྱ་དགའ་རིམ་པ་དང་པོ་5དང་།གཉིས་པ་4།གསུམ་པ་3བཅས་ཐོབ་པ་མ་ཟད་<<ཡར་ཀླུང་གླུ་གསར>>ཞེས་པའི་དགོད་གཏམ་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཆེད་ལས་གཞས་མ་གཏམ་འགྲན་ཚོགས་ནང་ཨང་དང་བོ་ཐོབ།ཞོར་དུ་སྙན་ཚིག་དང་།བརྩམས་སྒྲུང་།དཔྱད་གཏམ་སོགས་བརྩམས་བྱ་བརྒྱ་ལྷག་ཙམ་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་སྤེལ་བར་མཁས་དབང་ཚོའི་བསྔགས་བརྗོད་སྦྲང་གཤོག་ཙམ་རེ་ཐོབ།༡༩༩༡ལོར་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་ནང་<<དུས་བཞིའི་སོ་ནམ་བྱེད་ལུགས>>ཞེས་པའི་སྙན་ཚིག་ཆེད་བསྒྲིགས་དེབ་གཅིག་དང་།༡༩༩༣ལོར་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་ཐོག་གཞས་མ་གཏམ་དང་ཟློས་གར་འཁྲབ་གཞུང་ཆེད་བསྒྲིགས་དེབ་གཅིག་བཏོན་པར་ལྗོངས་ཕྱི་ནང་དུ་བག་ཆགས་ཟབ་ཙམ་བྱུང་།ད་དུང་བློ་ཁོག་ཆེན་པོས་མཁས་དབང་དོན་གྲུབ་རྒྱལ་སྐུ་འདས་ནས་རྩོམ་འཕྲོར་ལུས་བའི་སྒྲུང་རྩོམ་<<གཞོན་ནུའི་ཡིད་ཀྱི་མཛེས་རྒྱན>>ཞེས་བྱ་བའི་མཇུག་བསྡུ་ཁུལ་བྱས་ཏེ་སྒྲུང་རྩོམ་དེ་“ཁྲུང་ཁྲུང་དཀར་ལ་མཇུག་མ་ནག”ཅེས་པ་ལྟ་བུར་གྱུར་ཡོད་ཀྱང་མཇུག་སྒྲོ་མེད་པ་ལས་ལེགས་པས་དགེ་མཚན་ཅུང་ཟད་བྱུང་ཡོད་སྙམ།

རང་གིས་བྲིས་པའི་བརྩམས་བྱའི་ནང་སྙན་ཚིག་ཡིད་འགུ་ཤོས་ནི་<<དུས་བཞིའི་སོ་ནམ་བྱེད་ལུགས>>དང་<<ཀ་ཕྲེང་རིག་པའི་རོལ་རྩེད>>ཅེས་བྱ་བ་གཉིས་ཡིན་ལ།སྒྲུང་རྩོམ་ཡིད་མགུ་ཤོས་ནི<<མཁའ་འགྲོ་ཀྲད་འཐག>>ཅེས་པ་ཡིན་ཞིང་།ད་དུང་གཞས་ཚིག་ཡིད་མགུ་ཤོས་ནི་གླུ་དབྱངས་<<སྐད་ཅིག་གི་འཇའ་ཚོན>>ཞེས་པའི་ནང་གི་དུམ་བུ་གཅིག་སྟེ།མཛེས་པའི་སྐར་མ་སྨིན་དྲུག།འཛིན་འདོད་བློ་ལ་ཡོད་ཀྱང་།།གནམ་ལ་སྐས་འཛེག་འཛེག་པའི།།ཐབས་ཤེས་ང་ལ་མི་འདུག།ཅེས་པ་དེ་ཡིན།

རང་ཉིད་ཡིད་མི་མགུ་བའི་བརྩམས་བྱ་ནི་གཞས་མ་གཏམ<<ཅོག་ཆག་ཧྲལ་ལགས>>ཞེས་པའི་ནང་གི་དུམ་བུ་ཁ་ཤས་ཏེ།ཞིང་པ་རྒྱ་སྐད་མི་ཤེས།།ཚོང་ཁང་ནང་ལ་མ་ཐད།།ཏན་ཤེས་རྒྱ་མ་གང་ལ།།གཤེ་གཤེ་ཆུ་ཚོད་ཕྱེད་ཀ།ཞེས་པ་དང་།ཤ་ཁང་འཁྱགས་ལས་གྲང་བ།།ལྟག་སྒོ་མཁར་ལས་བཙན་པ།།རྒྱུས་ཡོད་ཚི་ལུ་བག་བག།རྒྱུས་མེད་རྩིབས་མ་རོ་རོ།།ཞེས་པ།ཡང་།སྒོར་མོ་ལྔ་བརྒྱ་ལྔ་བཅུས།།རླངས་འཁོར་ལག་འཁྱེར་ཉོས་ཡོད།། རྒྱུགས་པའི་བར་གྱི་ཡིག་ཚད།། ག་ལེར་བཞུགས་གདན་འཇགས་ཤིག། ཅེས་པ་སོགས་ཡིན།

མདོར་ན་ལོ་མང་རྩོམ་རིག་གི་བྱ་བར་ཞུགས་པར་འབྲས་བུའང་ཕྲན་བུ་ཐོབ་སྟེ་ད་ལྟ་ཁོ་བོ་རང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལི་ཧྲི་དང་།དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལི་ཧྲི།རང་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན།ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།བོད་རིགས་གཞོན་ནུ་རྩོམ་པ་པོ་ཐབས་ཆག་གི་མིང་ཙམ་བཟུང་ནས།སྔ་ཕྱིར་སུའུ་ཀྲུའུ་རུ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་ལྷོ་ཕྱོགས་ས་ཁུལ་གཞས་མ་གཏམ་ཆེད་ལས་འགྲན་ཚོགས་དང་།ཡུན་ནན་དུ་སྐོང་ཚོགས་བྱས་པའི་ལྗོངས་དང་ཞིང་ཆེན་ལྔའི་བོད་རིགས་གར་རྩོམ་དཔྱད་མོལ་ཚོགས་འདུ།དེ་བཞིན་རང་ལྗོངས་སུ་ཆབ་གྲོས་དང་།གསར་རྩོམ་དཔྱད་མོལ།དམངས་ཁྲོད་ཞིབ་འཇུག་སོགས་ཀྱི་ཚོགས་འདུ་ཇི་སྙེད་ལ་ཞུགས་ནས་རང་ལུགས་དཔྱད་རྩོམ་གཏམ་བཤད་བྱས་ཤིང་།དེ་དང་ཆབས་ཅིག་གསར་དུ་བཞེངས་བའི་དགའ་ཚལ་སྦུག་དགོན་པའི་ཆོས་སྲིད་ལའང་ཐེ་ཇུས་ཕྲན་བུ་རེ་བྱས་ཏེ་འཚོ་བའི་ལམ་བུའི་ཐོག་སྐྱ་སེར་གཉིས་དཔུང་ཐང་ཤིག་ཤིག་གིས་བསྐྱེད་བཞིན་པ་ནི་ཁོ་བོའི་རང་རྣམ་དུམ་བུ<<སྐྱ་སེར་བར་གྱི་མཁས་གྲུབ>>ཅེས་པའི་བརྙན་འཕྲིན་འཁྲབ་ཚན་ལ་གཟིགས་ན་ཞིབ་ཏུ་མཁྱེན་ངེས་ཡིན་ནོ།།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྟོད་ཀྱི་རང་རྣམ་མདོར་བསྡུས།

2009-06-19 མཁས་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།