གངས་རིའི་ཆུ་ཕྲན།

རེབ་ཀོང་རྡོ་རྗེ་མཁར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-06-19

            ཁོ་བོ་ནི་ལྷུན་སྟུག་བལྟ་བས་མི་ངོམས་པའི་གངས་རི་ལྷུན་པོ་ལས་བྱུང་བའི་ཆུ་ཕྲན་ཞིག་སྟེ།འཛམ་གླིང་འདིའི་ཡང་རྩེར་ཆགས་པའི་བསིལ་ལྡན་ལྗོངས་སུ་ཤང་ཤང་གི་སྒྲ་སྙན་ཅི་དགར་སྒྲོག་བཞིན་བཞུར་ཞིང་།ལུང་ཁུག་ནས་རྙེད་པའི་རྔོན་པའི་རྨི་ལམ་རྒྱབ་ཏུ་ཁུར་བ་དང་།རོང་འབྲོག་གཉིས་ཀྱི་རེ་སྒུག་གི་མིག་འོད་སྐ་རགས་སུ་བཅིངས་ཏེ་དབང་ཕྱོགས་སུ་ལྷུང་ལྷུང་དལ་གྱིས་འབབ་པར་བརྩོན་བཞིན་ཡོད།

           གངས་རིའི་ལྗོངས་ཀྱི་རྩྭ་ཐང་དུ་རྣམ་པར་བཀྲ་བའི་མཚར་སྡུག་གི་མེ་ཏོག་རེ་རེར་ཁོ་བོའི་རྣམ་ཤེས་ཀྱི་མཇལ་དར་འཐེན་པ་ཡིན་ནམ་ཅི།རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་ལོ་མགོ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་མོར་ཁོ་བོ་ཆ་རྒྱུས་མེད་པའི་ནམ་མཁའི་མཐའ་ཞིག་ནས་ལྷོ་བཞུད་ཀྱི་ཆུ་འཛིན་ཕུང་བོ་ཞིག་དང་འདྲ་བར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཡ་གྱལ་འཇམ་ཕ་བརྒྱ་བུ་སྟོང་གི་གྲོང་དུ་འོངས་ཤིང་།ཐེ་ཚོམ་དང་འཇིགས་སྐྲག་གི་བར་ནས་རྒྱུས་མེད་པའི་འཚོ་བའི་ལམ་སྣེ་ཞིག་རྙེད་ཙ་ན།ངའི་མིང་ལ་རྡོ་རྗེ་མཁར་ཞེས་བཏགས་ཏེ་དཀའ་སྡུག་འདྲེས་མའི་ཉིན་མཚན་དལ་གྱིས་འཁྱོལ་བ་དང་།འདམ་བག་དང་ལྕི་བའི་ཁྲོད་ནས་འདི་སྣང་འཇིག་རྟེན་རྩེད་དགར་རོལ་བཞིན་ནར་སོན་པར་གྱུར།

ཁོ་བོ་མུན་པ་ལ་སུན་སྣང་རབ་ཏུ་སྐྱེས་ཤིང་།ནམ་ཡང་མི་ནུབ་པའི་འོད་སྟོང་ལ་ཤིན་ཏུ་དུངས་ཏེ་ཁྱུང་བོ་སློབ་ཆུང་གི་དགའ་ཚལ་དུ་རེ་བ་ཚད་མེད་བཅངས་ཏེ་རྐང་སེན་བཀོད་པ་དང་།དབྱངས་གསལ་གྱི་དགའ་མ་བློ་གྲོས་ཀྱི་གྲོགས་སུ་བྱོན་པའི་མུར།བསླུ་བྲིད་ཀྱི་བྱེད་ལས་སྟོབས་སུ་རྫོགས་པའི་འཛུམ་དཀར་གྱི་མེ་ཏོག་ཅིག་ཀྱང་ཐོར་བྱུང་།

བདག་ནི་རྫུ་འཕྲུལ་ཡོངས་སུ་འཛོམས་པའི་གངས་རིའི་ཆུ་ཕྲན་ཞིག་ཡིན་ཞིང་།རྨ་ཀླུང་གངྒའི་སྲིང་མོ་ལྟ་བུའི་བཞུར་རྒྱུན་དང་རླབས་ཕྲེང་གི་མེ་ཏོག་མེད་ན་ཡང་།འཆར་སྒོ་ནི་རང་ཚོད་མི་ཐུབ་པའི་རྟ་རྒོད་ཅིག་དང་འདྲ་བར་རིག་གནས་ཀྱི་བྱང་ལམ་གཅོད་པར་རྒྱུགས་ཏེ་ཁྱུང་བོ་སློབ་ཆུང་དང་།སྨད་པའི་སློབ་ཆུང་།རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་འགྲིམ་པ་ཡིན།དེ་དུས་ཐོགས་རེག་བྲལ་བའི་ནམ་མཁའ་ནི་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་སྔོ་ཞིང་དྭངས་ལ།འོད་དཀར་གྱི་ཟེགས་མ་ཁྱུག་པའི་གངས་རིའི་མདངས་སུ་ལྷུང་བའི་ཆུ་འཛིན་ནི་འོ་མའི་མདོག་ལ་འགྲན་གྱིན་འདུག་པས།ང་ལ་ཟད་མཐའ་བྲལ་བའི་དགའ་སྤྲོ་དང་ཉམས་པ་མེད་པའི་བློ་གྲོས་ཀྱི་རྦ་རླབས་དགུང་དུ་འཕྱུར་བའི་གོ་སྐབས་ཤིག་བྱིན།

དུས་བཞིའི་འགྱུར་ལྡོག་གི་ཁྲོད་དུ་ཚ་གྲང་གི་གདུང་བ་བཟོད་བསྲན་བྱེད་བཞིན་སྡོད་པའི་སྦྲ་ནག་ནི་སྲིན་མོའི་གཏུམ་དྲག་དང་འབྲོང་རྒོད་ཀྱི་རྭ་བར་དུ་ལྷུང་བའི་ཚེ།ཁོ་བོས་སེམས་ཤུགས་དང་ལང་ཚོ།རིག་སྟོབས་ལ་སོགས་པ་ལེགས་པར་གྲུབ་པའི་རྦ་རླབས་བསིལ་མོ་ཞིག་ཁྱེར་ཏེ་རྩེ་ཁོག་རྫོང་བོན་རྒྱ་ཞང་དར་དམར་རུ་ཆེན་དུ་རྒྱ་ལས་ཐར་བའི་རི་དྭགས་ཤིག་དང་འདྲ་བར་བཞུར་ཏེ་སྐོམ་གདུང་གིས་དྲག་ཏུ་གཟེར་བའི་སྦྲ་ནག་ལ་བསིལ་བའི་བདེ་བ་ཕྲན་བུ་ཞིག་ཕུལ།སྐབས་དེར་སྦྲ་ནག་གི་ནང་ནས་དགོད་སྒྲ་དང་ཉེ་བར་བསྡོངས་བའི་དབྱངས་གསལ་བའི་འདོན་དབྱངས་ཤིག་ནམ་མཁའི་མཐོངས་སུ་འཕུར་བ་སླར་ཡང་རྩྭ་ཐང་གི་ཕང་བར་ལྷུང་བའི་ཤུལ་ཏུ་ཁ་དོག་སྣ་ཚོགས་ཀྱི་མ་སྙིགས་པའི་མེ་ཏོག་གི་འདབ་སྟོང་རྣམ་པར་གྲོལ་བར་བརྩམས།

ང་ནི་འཇིག་རྟེན་འདི་རུ་འོངས་པའི་སྐད་ཅིག་གི་སྡོད་དབང་མ་གཏོགས་མེད་པའི་མགྲོན་པོ་ཞིག་སྟེ།སྐྱ་རེངས་ལྷ་མོའི་འབོད་བརྡར་ཉན་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་བསྐྱོད་དེ་བཅུ་ཕྲག་རིག་གནས་ཀྱི་མེ་ཏོག་འཐུ་བར་བརྩོན་ཞིང་།བརྩོན་པའི་འཁྲི་ཤིང་ལ་ལེགས་པར་སྨིན་པའི་ཤིང་ཏོག་རེ་རེ་འབྲས་ལྡན་དུས་ཀྱི་བསིལ་རླུང་དང་རྩེད་འཇོར་རོལ་བའི་ཁྲོད་དུ་གསེར་མདོག་ཏུ་གྱུར་བའི་ཚེ།ངས་སེམས་གཏིང་གི་སྐྱོ་གླུ་ལེན་པར་འདོད་ནས་གསར་རྩོམ་གྱི་རི་ཀླུང་ཉུལ་བཞིན་ཁུ་བྱུག་སྔོན་མོའི་སྙན་འཇེབས་ཀྱི་མགྲིན་གླུ་ཐོས་པར་ལྷུང་བ་དང་།དབྱར་གྱི་དཔལ་མོའི་ལང་ཚོ་ནོར་འཛིན་དགའ་མར་སྤྱད་པའི་མེ་ཏོག་སྤྲུལ།རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོ་ནས་བརྩམས་ཏེ་གངས་རིའི་ཆུ་ཕྲན་བདག་གི་རེ་བཞུར་འགྲོས་ལས་བརྩམས་སྒྲུང་གི་རླབས་ཕྲེང་ནི་འཕྱུར།ལྷུག་རྩོམ་གྱི་ཟེགས་མ་ནི་ཐོར།སྙན་ཚིག་གི་རླབས་སྒྲ་ནི་གྲགས།ཆེད་རྩོམ་གྱི་འོད་སྣང་ནི་འཁྱུག་པས།མཛེས་ཤིང་བལྟ་ན་སྡུག་པའི་བོད་ཀྱི་ཡུལ་ལྗོངས་དང་།ངོ་མཚར་འབུམ་གྱིས་ཕྱུག་པའི་བོད་ཀྱི་ཡུལ་སྲོལ།གསར་དུ་འཛུགས་སྐྲུན་བྱས་པའི་བོད་ཡུལ་གྱི་རྣམ་པ་སོགས་མངོན་པར་མཚོན་པའི་ཁར།བོད་མིའི་ལས་དབང་།བོད་མིའི་ཕུགས་འདུན།བོད་མིའི་དགའ་སྡང་སོགས་ཀྱང་རང་སྟོབས་ཀྱིས་མཚོན་ཡོད།གཞན་ཡང་<<གབ་ཚིག་གསར་བསྒྲིགས>>དང་།<<སྙན་ངག་བྱིས་པའི་འཇུག་སྒོ>><<བརྩམས་སྒྲུང་མེ་ཏོག་ཕྲེང་བ>><<སྙན་ངག་གི་དོགས་གཅོད་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི>>སོགས་དཔེ་དེབ་དང་རྩོམ་ཡིག་ཉིས་བརྒྱ་ལྷག་བོད་ཀྱི་རྩོམ་རིག་བང་མཛོད་དུ་ཕུལ་ནས་མི་ཡུལ་ལ་མགྲོན་དུ་ཡོང་བའི་རྐང་རྗེས་ཤིག་བཞག་ཡོད།འོན་ཀྱང་རང་ཉིད་ཀྱི་བློ་འབབ་པའི་རྩོམ་ཡིག་ཅིག་ད་ལྟའི་བར་དུ་འབྲི་མ་ཐུབ་ཅིང་།ལྷག་པར་དུ་<<ལྔ་གཅིག་བསུ་གླུ>>དང་<<ཁུག་གི་བུ་ལོན>>ལྟ་བུའི་རྩོམ་འཆལ་ཡང་བྲིས་མྱོང་བ་དང་།ཁ་དཔེ་ལ་མདོག་ངན་རུང་གསེར་གྱི་ཨ་ལུང་དང་ཉག་ཕྲ་རུང་དུང་སྐུད་སུམ་སྒྲིལ་ཞེས་གྲགས་པ་ལྟར་རྩོམ་ཡིག་དེ་དག་གིས་བོད་ཀྱི་རིག་གནས་པད་ཚལ་དུ་མེ་ཏོག་ཅིག་དང་འདྲ་བར་རང་རང་གི་མཛེས་སྡུག་ངོམ་རེས་བྱེད་ཀྱིན་འདུག      རྩོམ་རིག-ཁྱོད་ནི་འཚོ་བའི་གཟུགས་བརྙན་ཇི་བཞིན་མཚོན་པའི་མེ་ལོང་དང་།ཁྱོད་ནི་སྐྱོ་ངལ་གྱི་དགྲ་བོ་འཇོམས་པའི་དཔའ་རྟུལ།ཁྱོད་ནི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིགཁྱོད་ནི་དགའ་སྡུག་གི་དབྱེ་བ་བརྗོད་པའི་རོ་འཛིན་སོགས་ཡིན་པས།བདག་གིས་ཀྱང་ཁྱོད་ལ་བརྟེན་ནས་དགའ་སྤྲོ་འཚོལ་ཞིང་།ཁྱོད་ལ་བརྟེན་ནས་སྐྱོ་གདུང་སེལ་བ་དང་།ཁྱོད་ལ་བརྟེན་ནས་བསམ་ཚུལ་མཚོན་བཞིན་མཆིས་པའི་ཁར།ཁྱོད་ལ་བརྟེན་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་བཅུ་ཕྲག་གཅིག་ལྷག་ཀྱང་བླངས་མྱོང་བ་ཡིན།དེ་ནི་བདག་གི་བརྩོན་པའི་སྟོབས་ལས་བྱུང་བའི་འབྲས་བུ་ཡིན་གྱི།རི་བོང་སྟག་ལ་བརྫུས་པའི་འུད་ཤོབ་མིན་ཏེ།ཁོ་བོའི<<གླག་རྒོད>>དང་།<<རྨི་ལམ>><<དགུ་ཆུའི་གླུ་དབྱངས>>སོགས་ལ་བསྟོད་པའི་མཐེ་བོང་བསྒྲེངས་མཁན་མང་དུ་མཆིས་པའི་ཁར།ཁོ་བོའི་ཆེད་རྩོམ<<གནའ་ཁྲི་བཙན་པོའི་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས>>སོགས་དུ་མ་ཞིག་གི་ཕྱི་གླིང་བས་དབྱིན་ཇིའི་སྐད་དུ་བསྒྱུར་ཡོད་པའི་ཕྱིར་རོ།།ང་ནི་དངོས་གནས་གངས་རིའི་ཁྲོད་དུ་བཞུར་བའི་ཆུ་ཕྲན་ཞིག་དང་མཚུངས་ཤིང་།གནས་གཅིག་ཏུ་ཡུན་རིང་ཆགས་པ་ཞིག་མིན་ཏེ།རྩོམ་རིག་གི་ཧྲའོ་ཧྲི་ཞེས་པའི་ཤེས་ཡོན་གྱི་ཐོབ་ཐང་བླངས་རྗེས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་།ཀྲུང་གོའི་མི་རིགས་ཡིག་བསྒྱུར་ལྟེ་གནས།ན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ཞིབ་འཇུག་དང་།ལོ་ཙཱ།རྩོམ་སྒྲིག་པ་སོགས་ཀྱི་བྱ་བ་ལས་པ་དང་།ད་ལྟ་སླར་ཡང་ཀྲུང་གོའི་མི་རིགས་ཡིག་བསྒྱུར་ལྟེ་གནས་སུ་འོངས་ཏེ་ཡིག་བསྒྱུར་གྱི་ལས་ལ་བརྩོན་ཞིང་ཞོར་དུ་གསར་རྩོམ་དང་ཞིབ་འཇུག་བགྱི་བ་དེ་ཡང་ལྷོད་མེད་དོན་དུ་གཉེར་མཆིས།།བདག་གི་བརྩོན་པ་ཡང་གངས་རིའི་ཁྲོད་དུ་བཞུར་པའི་ཆུ་ཕྲན་གྱི་རྗེས་སུ་འགྲོ་བ་ཡིན།

གངས་རིའི་ཆུ་ཕྲན་བདག་གི་ཆུ་རྒྱུན་རེ་རེ་ཕྱིར་དྲན་གྱི་ཆེད་དུ་བཞུར་ཞིང་།སྐྱིད་སྡུག་གི་རྨི་ལམ་སྣ་ཚོགས་རྦ་རླབས་སུ་སྤྲུལ་བ་དང་།སྲོག་གི་དབང་བོའི་འཕར་ལྡིང་དེ་ང་རྒྱལ་དང་ཉེ་བར་བསྡེབས་ནས་རྩོམ་རིག་དང་ཞིབ་འཇུག་གི་གསེར་ལྡན་ཕང་བ་རུ་ལྷུང་ལྷུང་སྙན་པའི་རོལ་མོ་འཁྲོལ་བཞིན་མདུན་ཕྱོགས་སུ་བཞུར་བཞིན་མཆིས་ལ།ལང་ཚོའི་འགྱུར་ཁུགས་དང་འཆར་ཡན་གྱི་རྨི་ལམ་དཀོན་པའི་མཐོ་སྒང་དུ་གསང་སྟབས་ཀྱིས་གཉིད་དུ་ཡུར་བའི་གཏམ་རྒྱུད་འཚོལ་བཞིན་མདུན་ཕྱོགས་སུ་བཞུར་བའི་གར་གྱིས་བྲེལ་འདུག།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རིའི་ཆུ་ཕྲན།

2009-06-19 རེབ་ཀོང་རྡོ་རྗེ་མཁར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།