པོ་ཏ་ལའི་ལམ་ཡིག

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-15

ནང་པ་སངས་རྒྱས་ཀྱི་ཤུགས་རྐྱེན་གང་མང་ཞིག་ཐེབ་མྱོང་བས་ཡིན་ནམ།ཡང་ན་ཡུལ་ཞེན་གྱིས་ཡིན་ནམ།གང་ལྟར་ང་རང་ས་ཕྱོགས་གང་དུ་འབྱོར་ཡང་ནང་པའི་གནས་རི་གྲགས་ཅན་ཁག་ལ་མཇལ་སྐོར་ཞུ་རྒྱུའི་འདུན་པ་ཤུགས་དྲག་ཅིག་སྔ་མོ་ཉིད་ནས་ཡོད།

ད་རེས་ཧྲང་ཧད་དུ་སློབ་གསོའི་བྱ་བ་སྒྲུབ་རིང་སློབ་གྲྭས་ང་ཚོ་དགེ་རྒན་ཚོ་ཞིག་པོ་ཏ་ལར་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུ་བཀོད་སྒྲིག་བྱས་འདུག་པས་བདག་ཡིད་དགའ་བས་མྱོས་པ་སྨོས་ཅི་དགོས།

ང་ཚོ་གྲུ་ཁ་ཟི་ལུག་ཕུ་ནས་ཐོན་སྐབས་ས་གཞིའི་ཁྱོད་ཀུན་མུན་པའི་ཡོལ་བས་བཀབ་ཟིན་ནའང་།དར་རྒྱས་ཕུན་སུམ་ཚོགས་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཧྲང་ཧད་ནི་ནམ་མཁའི་སྐར་ཚོགས་ཀྱང་སྐྱེངས་པར་བྱེད་པའི་གློག་སྒྲོན་གྱིས་ཁྲ་ཆིལ་སྦི་ཆིལ་དུ་བརྒྱན་པས་མུན་རུབ་པའང་ཚོར་དཀའ།གཅིག་ནས་ང་རང་བོངས་འདི་ལྟར་ཆེ་བའི་བ་གམ་ཅན་གྱི་གྲུ་གཟིངས་ནང་སྡོད་མྱོང་མེད་པ་དང་།ཡང་སྒོས་ཉམས་དགའ་བའི་སྟོན་མཇུག་གི་མཚན་མོའང་ཕུ་ཅང་གཙང་པོའི་གཡས་གཡོན་དུ་འཁྲུག་ཆ་དོད་པའི་འཛུགས་སྐྲུན་གྱི་གར་སྟབས་སྒྱུར་བའི་ཧྲང་ཧད་ཀྱི་ཉམས་འགྱུར་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཐོབ་པ་ད་རེས་དང་པོ་ཡིན་པས།ཁ་བ་ཅན་གྱི་གཞོན་སྐྱེས་ང་ནི་ཡིད་སེམས་ཇི་ལྟར་ཡང་ལྷིང་འཇགས་སུ་གནས་མི་ཐུབ་པར་སྤྲོ་བ་འབུམ་དུ་བརྟས་བཞིན་གྲུ་གཟིངས་ཀྱི་ལན་ཀན་ལ་བསྙེས་ནས་ལྷ་ཡུལ་འཇིག་རྟེན་དུ་འཕོས་པ་དང་འདྲ་བའི་ངོ་མཚར་ལྟས་མོར་མིག་གཉིས་བགྲད་དེ་ལྟ་བཞིན་སོང་བ་ཡིན།

རི་བོ་པོ་ཏ་ལ་ནི་ཀྲེ་ཅང་ཞིང་ཆེན་གྱི་ཡུལ་སྐོར་གནས་ཆེན་བཅུའི་གྲས་ཤིག་ཡིན་ལ།ཡང་སྒོས་ཀྲུང་ཧྭ་འཛིན་མའི་ཁྱོན་ན་རླུང་ལྟར་གྲགས་པའི་ནང་པའི་གནས་རི་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་པས།ཡུལ་སྐོར་དང་།གནས་སྐོར་དུ་འོང་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལྟར་རྫོགས་མཐའ་མེད།

རི་བོ་པོ་ཏ་ལ་ཞེས་པ་ནི་མཐའ་གླིང་རྒྱ་མཚོའི་ནང་ཆགས་པའི་ཀྲའུ་ཧྲན་གླིང་ཚོམ་གྱི་གླིང་ཕྲན་ཞིག་ཡིན་པས་འགྲིམ་འགྲུལ་གྱི་གཙོ་བོ་མཚོ་ལམ་ཡིན་ཞིང་།དེང་གི་ངོས་ནས་བཤད་ན་པོ་ཏ་ལ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་མཐུད་པའི་མཚོ་འགྲུལ་གྱི་དྲ་བ་ཞིག་ཆགས་ཡོད་པས།པོ་ཏ་ལ་བསྐོར་འདོད་དང་མཇལ་འདོད་ཡོད་མཁན་ཚང་མར་འགྲིལ་འགྲུལ་གྱི་ཆ་རྐྱེན་གང་ལེགས་སྐྲུན་ཡོད་པ་དང་ཆབས་ཅིག་ཞབས་ཞུའི་རྣམ་གྲངས་ཁག་ཀྱང་འགན་ལེན་ཡོད་པས་པོ་ཏ་ལའི་མཚན་སྙན་ཡང་ལོ་ཁྱ་རིའི་སྒྲོན་མེའི་མཆོད་རྟེན་དང་ལྷན་ཅིག་འཛམ་བུའི་གླིང་ཀུན་ཁྱབ།མེས་རྒྱལ་ས་གཞི་ཆེན་པོའི་ཤར་ལྷོའི་རྒྱུད་ཆགས་པའི་ཡུལ་གྲུ་ཀུན་དང་འདྲ་བར་དྲོ་གྲང་སྙོམ་ལ་ཆར་ཞོད་འཚམ་པའི་གནམ་གཤིས་ཀྱིས་པོ་ཏ་ལའི་གླིང་ཕྲན་ཁྱོན་ཀུན་སྔོ་ཐིང་ངེར་རྩྭ་དང་རྩི་ཤིང་སྣ་ཚོགས་ཀྱིས་བཀབ་ནས་འདུག་ལ།ཁུ་སིམ་ཉམས་དགའ་བའི་ཕྱོགས་དང་ཕྱོགས་མཚམས་ན་དགེ་འདུན་གྱི་སྡེ་དང་།མཆོད་རྟེན།མཚོའུ།དེ་མིན་རུས་སྦལ་ཆ་ཡིས་ཆོས་ཉན་པ་སོགས་རང་བྱུང་དང་རྗེས་སྐྲུན་གྱི་གནས་དང་ཡུལ་ལྗོངས་ཁྱད་པར་ཅན་ཡིད་དུ་འོང་བ་གང་མང་ཞིག་འདུག་པ་རྣམས་ཀྱང་ཞི་གནས་ཏིང་འཛིན་སྒོམ་པའི་ཆོས་གྲྭ་རྣམས་ཀྱི་རམ་འདེགས་སུ་འོས་ཆེ།

སྤྱིར་མེས་རྒྱལ་ནང་སར་ཡོད་པའི་ནང་པའི་གནས་རི་ཆེན་པོ་བཞི་ཡང་ནང་པའི་ལྷ་ཆེན་རྣམ་བཞི་སོ་སོའི་ཞིང་ཁམས་སུ་ངོས་བཟུང་བ་ལྟར།རི་བོ་པོ་ཏ་ལ་འདི་བཞིན་འཕགས་པ་སྤྱན་རས་གཟིགས་(རྒྱ་ནག་པའི་སྤྱན་རས་གཟིགས་བུད་མེད་ཀྱི་གཟུགས་སུ་བྱེད་)ཀྱི་ཞིང་ཁམས་ཡིན་པར་དེང་སང་སུས་ཀྱང་དོགས་པ་དང་བསྙོན་མཁན་མེད།དེ་ཡང་ཐང་རྒྱལ་རབས་སྐབས་སངས་རྒྱས་ཆོས་ལུགས་དར་ཆེ་ཞིང་།ཆེན་པོ་ཐང་གི་སྨད་ཆར་རི་པིན་གྱི་བཙུད་པ་ཧུད་ཨོ་བྱ་བས་རྒྱ་ནག་རི་བོ་རྩེ་ལྔར་ཏིང་འཛིན་སློབ་སྐབས་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཐོབ་པ་རི་པིན་དུ་གདན་འདྲེན་ཞུས་ཏེ་མཆོད་པ་བཤམ་རྩིས་ཀྱིས་མིང་ཀྲའུ་(དེང་གི་ཉིང་སྡེ)ནས་གྲུ་གཟིངས་ཞུགས་ཏེ་བསྐྱོད་པའི་ལམ་བར་གློ་བུར་རླུང་རླབས་དྲག་པོས་གཡོས་ཏེ་མུ་མཐུད་མདུན་བསྐྱོད་བྱེད་ཐབས་བྲལ་བས།དེང་གེ་པོ་ཏ་ལའི་གླིང་ཕྲན་དུ་སོང་སྟེ་རླུང་རླབས་ལས་གཡོལ་རྩིས་བྱས།འོན་ཀྱང་།རླུང་རླབས་དྲག་པོ་ཉིན་མང་བསྟུད་མར་ལངས་ཏེ་ཞོད་འཇགས་མ་བྱས་བས།བཙུན་པའི་བསམ་པར་འཕགས་པ་སྤྱན་རས་གཟིགས་ཡུལ་འདི་ནས་བྲལ་ཏེ་ཤར་ཉི་མའི་རྒྱལ་ཁབ་ལ་ཕེབས་འདོད་མེད་པའི་བྱིན་མཐུ་མངོན་པར་སྙམ་ཏེ་དེ་གའི་ཡུལ་མི་ཚོའི་རམ་སྐྱོར་འོག་གླིང་ཕྲན་སྟེང་’’གྱེས་མི་འདོད་པའི་སྤྱན་རས་གཟིགས་ཀྱི་མཆོད་ཁང་”གསར་བཞེངས་བྱས་པ་དེ་ནས་བཟུང་གནས་འདི་དང་སྤྱན་རས་གཟིགས་གཉིས་བར་མི་ཕྱེད་པའི་རྟེན་འབྲེལ་འགྲིག་སྟེ་པོ་ཏ་ལ་དང་།ལོ་ཁྱ་རི་ཞེས་གླིང་ཕྲན་གཉིས་ཀྱི་མིང་དུ་བྱེད།དེ་ནི་ཕྱིས་རྒྱལ་རབས་རིམ་བྱུང་གིས་རམ་སྐྱོར་འཛུགས་སྐྲུན་བྱས་པ་བརྒྱུད་གཞི་ནས་ནང་པའི་གནས་རི་ཆེན་པོ་ཞིག་ཏུ་གྲུབ་པར་སྣང་།      སྤྱིར་ན་པོ་ཏ་ལར་འགྲོ་མཁན་མང་ཆེ་བ་ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་ཡིན།ཁོ་ཚོས་ཁུ་སིམ་ཉམས་དགའ་བའི་རང་བྱུང་ཁམས་ཀྱི་སྐྱེད་ཚལ་ལྟ་བུ་འདིའི་ནང་བསམ་གཏན་ཁང་དང་།མཚེའུ།མཆོད་རྟེན།རིག་དངོས།དྲག་རྩལ་སོགས་ལ་ལྟ་སྐོར་བྱེད་ཅིང་།བང་རིམ་༡༠༨༨ཙམ་ལྡན་པའི་རྡོ་སྐས་འཛེགས་ཏེ་པོ་ཏ་ལའི་ཡང་རྩེར་སོང་སྟེ། དེ་ནས་མཐའ་བཞིའི་འབྱམས་ཀླས་པའི་ཆུ་གཏེར་ལ་བལྟ་བཞིན་འཁྲུག་ཟིང་ཆེ་བའི་གྲོང་ཁྱེར་གྱི་འཚོ་བ་ལས་འདས་པའི་ཚོར་བ་ཞིག་རྙེད་ཐབས་བྱེད།ལྷག་པར་དུ་རྒྱན་གོས་ཁྲ་ཆིལ་སྦི་ཆིལ་གྱོན་ཞིང་གདོང་ལ་དཀར་དམར་བྱུག་པའི་གཞོན་ནུ་མ་ལང་ཚོས་སྙེམས་པ་དག་ཚུད་པའི་སྐྱེས་ཕོ་མོ་རྒན་གཞོན་ཇེ་སྙེད་ཅིག་གིས་ངག་ནས་གསོལ་བ་སྨོན་ལམ་ལྡབ་ལྡིབ་ཏུ་འདེབས་བཞིན་ལྷ་སྐུ་རེ་རེའི་མདུན་དུ་བདུག་སྤོས་སྒྲོན་ཞིང་ཕྱག་འཚལ་བཞིན་འདུག་ཅིང་།ཁོ་ཚོས་འཇིག་རྟེན་པའི་འཚོ་བར་ལོངས་སྤྱོད་པ་མ་ཟད།འཁྲུག་ཆ་དོད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ནང་ཕུན་སུམ་ཚོགས་པའི་འདོད་ཡོན་ལ་དགའ་མགུར་སྤྱོད་རྒྱུ་ཡོད་པ་ཤེས་གསལ་རེད།ཁོ་ཚོའི་དེ་ལྟ་བུའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འཚོ་བ་ཡང་ཚན་རིག་དང་ལག་རྩལ་ལ་བརྟེན་ནས་བྱུང་བ་མ་གཏོགས་རྣམ་ཐོས་སྲས་ཀྱིས་སྤྱིན་པ་ཕྱོགས་ལྷུང་དུ་བཏང་བ་ལས་བྱུང་བ་ཞིག་མིན་པ་ཤེས་ཀྱི་ཡོད་མོད།དེའང་<<དུས་རབས་ཉེར་གཅིག་ལ་ཕྱོགས་པ>>ཞེས་པའི་དཔེ་ཆའི་ནང་རི་པིན་གྱི་མཁས་པ་ཆེན་པོ་ཁྲི་ཐན་ཏ་ཙོས’’ཆོས་ལུགས་ནི་ཡིད་ཡུལ་དུ་གྲུབ་པའི་བདེ་ཞིང་ཞིག་ཡིན་ཞིང་།འཇིག་རྟེན་ན་འཚོ་བའི་མི་རྣམས་ལ་ནོར་ལོངས་སྤྱོད་ཙམ་མ་ཟད་སེམས་ཀྱི་གཏད་ས་དང་།བློ་ཡི་བཅོལ་ས་ཞིག་དགོས་པས།ཚན་རིག་དར་འཕེལ་ཆེ་བའི་དེང་གི་ཆར་ཡང་ཆོས་ལུགས་དེ་ཉིད་ཉམས་པ་མེད་པར་གནས་ཐུབ་པ་ཡིན’’ཞེས་གསུངས་པ་ལྟར་ཁོ་ཚོས་འདོད་ཡིན་ལོངས་སུ་སྤྱད་རྗེས་སེམས་ཀྱི་རྟེན་ས་ཞིག་འཚོལ་བཞིན་ཡོད་པ་འདྲ།

པོ་ཏ་ལར་མཇལ་གྱེས་ཞུས་ཏེ་སླར་མཐའ་ཀླས་ཤིང་འཇིངས་མཐུག་པའི་ཞི་བདེ་རྒྱ་མཚོར་ཕྱོགས་སྐབས། བདག་ཡིད་ཀྱི་ཡོལ་ངོར་ཀུན་རྟོག་གི་སྣང་བརྙན་ཅི་ཡང་འཆར་འོང་།།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལའི་ལམ་ཡིག

2009-10-15 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།