ང་ཚོ་ད་དུང་མི་རབས་ག་ཚོད་ལ་གཞན་རིགས་ཀྱི་ཡིག་བསྒྱུར་བ་བྱ་དགོས།

      དུས་རབས་བདུན་པའི་རྟོགས་སད་ཅིག་གིས་ང་ཚོ་རྒྱ་གར་བའི་ཡིག་བསྒྱུར་བར་གྱུར་ལ།  དུས་རབས་གསར་བའི་ཧར་སད་ཅིག་གིས་ང་ཚོ་རྒྱ་ནག་པའི་ཡིག་བསྒྱུར་བར་གྱུར། ཡང་སྙིང་། ང་ཚོ་ད་དུང་མི་རབས་ག་ཚོད་ལ་གཞན་རིགས་ཀྱི་ཡིག་བསྒྱུར་བ་བྱ་དགོས་ཨང་།
                                                       ༢
       མི་ནི་གནམ་སའི་ཧྲག་བར་ནས་སྟོབས་ཀྱིས་བསྒྲེངས་པའི་དྲང་བདེན་གྱི་དར་ཆ་མཐོན་པོ་དེ་ཡིན་ལ།  རང་ཚུགས་ནི་དར་ཆ་དེའི་འོག་ཏུ་འགྱུར་བ་མེད་པའི་དམ་བཅའ་དང་བསྒྲགས་གཏམ་ཞིག་ཡིན་གཤིས།  གལ་སྲིད་ཁྱེད་ཀྱིས་རང་ཉིད་མི་ཞིག་ཡིན་པའི་དར་ཆ་དེ་བསྒྲེངས་ཟིན་ལ། དེ་བས་ཀྱང་རང་ཉིད་རང་ཉིད་ཡིན་པའི་དམ་ཚིག་དེ་བསྒྲགས་ཟིན་ན། མི་ཞེས་པའི་དར་ཆ་དེ་སྲུང་དགོས་ལ། དེ་བས་ཀྱང་དམ་ཚིག་དེ་བརྩི་དགོས། འོན་ཏེ། ང་ཚོ་ནམ་ཡང་གཞན་ཞིག་གི་ཤུན་སྐོགས་སུ་འཛུལ་ཞིང་། གཞན་ཞིག་གི་གྲིབ་གཟུགས་ཁྲོད་འཐིམས་མོས་པ་འདི་ཡང་སྙིང་ཅིས་ལན།  ང་ཚོས་ནམ་ཡང་རང་ཉིད་ལ་བརྩི་བཀུར་བྱེད་པའི་དོད་དུ་གཞན་དག་ལ་འུར་བསྟོད་བྱེད་དོན་དེ་གང་།  ང་ཚོས་ནམ་ཡང་གཞན་རིགས་ཤིག་ནས་འོང་ངོ་ཅོག་མཚར་བར་འཛིན་ཞིང་རང་ཉིད་ལ་མངའ་འོ་ཅོག་དམན་པར་མཐོང་རྐྱེན་ཅི།
         རང་མེད་ན།  གཞན་ཡང་མེད་ལ། ཁྱོད་ཀྱིས་ཨ་གསར་བྱ་སའི་བྱ་དངོས་དེ་དག་ཀྱང་གང་ན་ཡོད།
                                                          ༣
      གང་ལྟར། དུས་རབས་བདུན་པའི་ཆོས་རྒྱལ་གྱི་སྔས་འབོལ་འཇམ་པོ་དེའི་སྟེང་ནས། ཆོས་ལུགས་ཀྱི་མགོ་བོ་གྲངས་མེད་ཅིག་རྟོགས་སད་བྱུང་ནས་ཡར་ལངས་ལ།  སྨིག་རྒྱུའི་གྲོང་ཁྱེར་ལྟ་བུའི་ཕུགས་བསམ་གྱི་དག་ཞིང་གང་མང་ཞིག་ཀྱང་བཞེངས་བསྐྲུན་བྱས་མྱོང་།  འོན་ཏེ། རླབས་ཆེན་གྱི་མེས་པོ་དེ་རྣམས་རྨི་ལམ་ཞིག་ནས་རྟོགས་སད་བྱུང་རྗེས་སླར་ཡང་རྨི་ལམ་གཞན་ཞིག་གི་ཁུད་དུ་གཅུད་སོང་བ་དེ་སུ་ཞིག་གིས་ཁས་ལེན་བྱ་འདོད་ཨང་། རྒྱལ་བོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་བཙན་པོ་སྲོང་བཙན་སྒམ་པོའི་བར། བཙན་པོ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར།  དེ་ནས་བཙན་པོ་ཁྲི་རལ་ནས་དེ་ཉིད་ཀྱི་གཅེན་པོ་འུ་དམ་གྱི་བར། བཙན་པོ་བོད་ཀྱི་རྒྱལ་རབས་བཅོ་ལྔའི་རིང་ལ།  པཎྡི་ཏ་བློ་སེམས་མཚོ་དང་ལོ་ཙྭ་བ་ལི་ཐེ་སེ་གཉིས་ཀྱིས་ཆོས་ལུགས་ཀྱི་རྟེན་འབྲེལ་བཟུང་བ་ནས། མཁན་སློབ་རྣམ་གཉིས་དང་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་དབུ་རལ་སོགས་ཀྱི་ལོ་རྒྱུས་ཀྱི་སྣང་ཚུལ་གང་མང་ཞིག་བྱུང་ཡོད་པ་ལས།  གཞན་ཕྱོགས་ཀྱི་ཐོག་མའི་ཀུན་སློང་ནི་བསམ་བློིའི་ཐད་ཀྱི་བཙན་འཛུལ་ཞིག་བསླང་འདོད་པ་ཉིད་ཡིན་ལུགས་ང་ཚོ་སུས་ཀྱང་རྟོགས་སླ་བ་དེའོ།། འོན་ཏེ་ཡ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་དབང་བསྒྱུར་བར་གྲགས་པ་གང་ཉིད་ཀྱིས་འདི་འདྲའི་ཆབ་སྲིད་ཀྱི་གནད་དོན་ཞིག་མ་ཚོར་བ་ག་ལ་སྲིད་དེ།  དེ་ནི་ཏག་ཏག་དགོས་དབང་ཞིག་དང་ཆ་རྐྱེན་ཞིག་འཕལ་འཕྲོད་སོང་བ་ཙམ་རེད།  དེ་མིན་ན་བཙན་རྗེ་ཞེ་གཉིས་པ་ཨུ་དམ་བཙན་གྱིས་ལོ་རྒྱུས་ཀྱི་ནག་ཉེས་དེ་འདྲ་ཞིག་འཁུར་དགོས་ག་ལ་ཡོད།  གང་ལྟར།  རླབས་ཆེན་ལོ་པཎ་མང་བོའི་རྣོ་དབལ་གྱི་སྨྱུག་རྩེ་རྒྱ་གར་བའི་ཐ་སྙད་འགའི་རྗེས་ནས་ཟད་སོང་ལ།  སྔོན་བྱོན་མེས་པོ་སྟོང་གི་གཟི་བརྗིད་ཀྱི་ཞབས་རྗེས་ཀྱང་རྒྱ་གར་བའི་རི་ལུང་གང་ཞིག་ཏུ་འཐིམས་མྱོང་།
     རང་སེམས་གསོ་སླད་དུ་བསམ་གཞིག་ཅིག་བཏང་བ་ཡིན་ན།  དེ་ནི་གཞན་རིགས་ཀྱི་བསམ་བློ་དང་རིག་གནས།  གོམས་སྲོལ།  ལག་རྩལ་སོགས་ནང་འདྲེན་གྱིས་རང་རིགས་ཀྱི་བསམ་བློའི་རིག་གནས་དང་དངོས་པོའི་འཚོ་བ་ལ་སྒོ་འབྱེད་རང་བཞིན་དང་གསར་བཅོས་རང་བཞིན་གྱི་དགེ་མཚན་བསྣན་པ་ཡིན་མོད།  འོན་ཀྱང་།  ཕྱོགས་སུ་མ་ལྷུང་བའི་གཟུར་གནས་ཀྱི་བསམ་བློ་ཞིག་བཏང་བ་ཡིན་ན། གཅིག་ནས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ལ་གྲགས་པའི་གཡང་དྲུང་བོན་གྱི་རིག་གནས་ཀྱིས་དུས་དེ་ནས་བཟུང་མགོ་མགྱོགས་མ་ནུས་པ། གཉིས་ནས་ཡ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་མངའ་རུ་བསྒྱུར་མྱོང་བར་གྲགས་པའི་བཙན་པོ་བོད་ཀྱི་དམག་སྟོབས་རིམ་གྱིས་ཉམས་པར་གྱུར་བ།  གསུམ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་རྡོག་ཁྲེས་ལྕི་མོ་ཞིག་བཀལ་བས་དཔལ་འབྱོར་རྨང་གཞི་ལེགས་པོར་མ་འཁྱོངས་པ། འདི་དག་ལས་ཀྱང་བཟོད་བསྲན་བྱ་དཀའ་བ་ནི་སྐབས་དེའི་མཁྱེན་དཔྱོད་ཀྱི་སྒོ་མོ་ཡངས་པའི་ལོ་པཎ་གང་མང་ཞིག་ཏག་ཏག་རྒྱ་གར་བའི་ཡིག་བསྒྱུར་བའི་སླད་དུ་མི་ཚེ་ཕུལ་སོང་བ་དེ་རེད།
                                               ༤
     བསམ་ཡས་སྒྲ་བསྒྱུར་ཁང་གི་ལོ་པཎ་ཚོའི་མདུན་ཅོག་གི་གྲུ་ག་ཞིག་ནས་ད་ལྟའི་དུས་རབས་འདིའི་རང་རིགས་ཤེས་ལྡན་པའི་སྨྱུག་རྩེ་ལ་རྒྱང་ལྟ་ཞིག་བྱེད་དུས། དྲག་བློན་སྟག་སྒྲ་ཀླུ་ཁོང་གིས་རྣོ་དབལ་གྱི་རལ་གྲི་འཕྱར་བ་ལྟར་བསམ་གཞིག་གི་ཕྱག་སོར་བརྟན་པོ་དུས་རབས་ཀྱི་སྨྱུག་རྩེར་འཐམས་པའི་ཤེས་ལྡན་པ་མང་བོ་ཞིག་སྔར་བཞིན་གཞན་ཞིག་གི་ཡིག་བསྒྱུར་བར་གྱུར་འདུག་པ་འདི་ནི་ཅིས་ཀྱང་དངན་པ་འཆོར་བ་ཞིག་རེད་ཨང་། སྤྱིར་ན་ཤེས་ལྡན་པ་སུ་ཞིག་གི་བསམ་གཞིག་གི་རྟོགས་འཆར་བརྗོད་སར་དབང་ཆོག་ཆོག་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི<<རྨུ་ཐག>>དུས་དེབ་ཀྱི་སྟོང་ཆ་ཆེན་པོ་ཞིག་ཕྱི་ཡུལ་གྱི་ཐ་སྙད་སྐོར་ཞིག་གིས་བཟུང་འདུག་ལ།    སྤྱིར་ན་སློབ་བུ་སུ་ཞིག་ལ་སློབ་ལོ་འགའ་ཡི་འཚོ་བའི་ཁ་སྣོན་དུ་སྦྱར་ཆོག་ཆོག་གི་ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་དམངས་སྒོར་སྟོང་ཕྲག་ཁ་ཤས་ཀྱང་<<ཕ་སྐད་གཙང་མ>>ཞིག་བཤད་སླད་དུ་ཤོར་སོང་བ་སོགས། དུས་སྐབས་འདིར་བོད་ཀྱི་གཞུང་སྒེར་གང་རུང་གི་དུས་དེབ་དང་ཚགས་པར་གྱི་སྟོང་ཆ་དང་།  རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ལེ་ཚན།  ཆོས་གྲྭ་དང་སློབ་གྲྭའི་སྡེ་ཚན།  མཁས་པ་དང་སློབ་མའི་དུས་ཚོད།  འགོ་ཁྲིད་དང་མང་ཚོགས་ཀྱི་ལས་ཀ་སོགས་རང་རེའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ།   སྤྱིར་ན་མེད་ཆོག་ཆོག་གི་འགྲོ་སོང་དང་འགན་ཁུར་ཆེན་པོ་ཞིག་བྱུང་འདུག་པ་འདི་ནི་གཞན་ཞིག་གི་གཞུང་ལུགས་ཆེན་པོ་ཞིག་བསྒྱུར་བའི་ཆེད་དུ་མ་ཡིན་ལ།  ལག་རྩལ་གསར་བ་ཞིག་འདྲེན་པའི་ཕྱིར་དུའང་མ་ལགས། དེ་མིན་བསམ་བློ་རླབས་ཆེན་ཞིག་བསུ་ཆེད་ཀྱང་མིན་པར། ཏག་ཏག་རང་ཉིད་ཀྱིས་ཕལ་སྐད་ལབ་མ་ཤེས་པར་གཞན་རིགས་ཀྱི་བརྡ་ཆད་སྒྱུར་བ་བོར་གྱུར་སོང་བ་འདི་ནི་ཅིས་ཀྱང་ཡབ་མེས་གོང་མ་རྣམས་ལ་ངོ་གནོང་དགོས་པ་ཞིག་དང་།  ཁ་སྐྱེངས་དགོས་པ་ཞིག་མ་ཡིན་ནམ། ཁོང་ཚོ་གཞན་རིགས་ཀྱི་ཡིག་སྒྱུར་བར་གྱུར་སོང་བ་དེ་ནི་ཏག་ཏག་བསྟན་བཅོས་གལ་ཆེན་དང་གཞུང་ལུགས་རླབས་ཆེན་རྣམས་བསྒྱུར་སླད་དུ་མ་གཏོགས། ང་ཚོ་ལྟར་ཕ་སྐད་ལབ་མ་ཤེས་པར་འུ་ཐུག་གི་གནས་ཚུད་པ་ག་ལ་ཡིན། 
                                          ༥
     ཡིན་ཡང་། ང་ཚོས་ད་དུང་བོད་ཡིག་གི་ཐ་སྙད་བརྡ་ཆད་ཀྱིས་མི་འདང་བར་འཁང་ར་བྱས་ནས་སྡོད་པ་འདི་ནི་བྱིས་པ་ལོ་གཅིག་ཅིག་གི་ངུ་འབོད་དང་ཅིས་མི་མཚུངས།  སྐད་ཡིག་ཅིག་གི་ཐ་སྙད་བརྡ་ཆད་ནི་དུས་བབ་དང་བསྟུན་ནས་གསར་སྣོན་བྱས་ཏེ་འགྲོ་དགོས་པ་ཞིག་ལས། སྔོན་བྱོན་མེས་པོ་དག་གི་རིང་ནས་བསྐལ་བ་ཇི་སྲིད་བར་དེ་སྲིད་ཀྱི་མིང་བརྡ་བརྩམས་གཞག་གནངས་ཡོད་པ་ཞིག་ག་ལ་ཡིན། འོ་ན།  ད་ལྟ་ང་ཚོས་སྒྱུར་བཞིན་པའི་མིང་བརྡ་འདི་དག་ནི་དུས་བབ་དང་བསྟུན་པའི་ཐ་སྙད་གསར་སྣོན་བྱས་པ་མ་ཡིན་ནམ་ཟེར་ན། མ་ཡིན་ཏེ།  དེ་ནི་ཏག་ཏག་གཞན་རིགས་ཀྱི་དུས་བབ་དང་མཐུན་པའི་མིང་བརྡ་འགའ་ཞིག་ཡིན་པ་ལས། ང་ཚོའི་མི་རིགས་འདི་དང་མཐུན་པའི་མིང་བརྡ་ཞིག་ག་ལ་ཡིན།   རྒྱུ་མཚན། གཞན་རིགས་དང་རང་རིགས་ནི་དུས་རབས་འདྲ་མཚུངས་སུ་གནས་ཡོད་ཀྱང་།  གནས་བབ་ཁ་ཁ་རུ་ཆགས་འདུག་གཤིས།  ང་ཚོས་མི་བསྒྱུར་ཀ་མེད་དུ་གྱུར་བའི་མིང་བརྡ་འདི་དག་ནི་འུ་ཐུག་གི་དགོས་མཁོ་ཞིག་བསྐང་སླད་ཡིན་པ་ལས། བབ་བསྟུན་གྱི་དགོས་མཁོ་ཞིག་བསྐང་ཆེད་ཡིན་མི་འགྱུར། ཅི་ཡིན་ཞེ་ན། ང་ཚོའི་མི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་འཚོ་བའི་ཆུ་ཚད་ད་དུང་དུས་བབ་དེ་འདྲ་ཞིག་སོན་མེད་པས་རེད། 
     དེ་བས།  གཞན་ཞིག་གི་ཡིག་སྒྱུར་བའི་ལས་དབང་ལས་ཐར་མ་ཐུབ་པའི་རང་རིགས་ཤེས་ལྡན་པར་མཚོན་ན། མི་རིགས་ཀྱི་སླད་དུ་ཡིག་སྒྱུར་བ་མཛད་ནས་མི་ཚེ་ཟད་སོང་བར་བསམ་དགོས་ཀྱང་།  དོམ་དམ་པར་གཞན་རིགས་ཀྱི་རིག་གནས་ཁྱབ་སྒྲོག་མཁན་དང་། གཞན་རིགས་ཀྱི་ཚོང་ལས་ལ་བགྲོད་ལམ་འདིང་མཁན། གཞན་རིགས་ཀྱི་བསམ་བློའི་བཙན་འཛུལ་ལ་ཞབས་ཕྱི་མཁན་ཞིག་ཏུ་གྱུར་སོང་བ་འདི་འཛུམ་དཀར་ཞིག་སྟོན་བཞིན་ཁས་ལེན་པ་ལས་ཐབས་ཅི་ཡོད།
                                          ༦
སྦྲུལ་མདུད་སྦྲུལ་གྱིས་གྲོལ་བའི་དཔེ་བཞིན། 
     གཞན་རིགས་ཀྱི་ཡིག་སྒྱུར་བར་གྱུར་བའི་ལས་དབང་ལས་ཐར་ཐབས་ཤིག་འཚོལ་དགོས་ན།  ཏག་ཏག་གཞན་རིགས་ཀྱིས་ང་ཚོ་ཇི་ལྟར་ཁོ་ཚོས་ཡིག་སྒྱུར་བསྒྱུར་བ་འདིར་བསམ་བློ་འཁོར་བ་ལས་ཐབས་མེད་དེ།  ཡབ་མེས་གོང་མ་དག་གི་སྐབས་སུ་ང་ཚོ་གཞན་རིགས་ཀྱི་ཡིག་སྒྱུར་བར་གྱུར་སྙིང་ནི།  ནང་ཆོས་ལྟ་བུའི་ཆོས་ལུགས་ཀྱི་དགོས་མཁོ་ཞིག་བྱུང་བས་ཡིན་ལ། དགོས་མཁོ་དེ་འབྱུང་རྐྱེན་ཡང་དོན་དམ་པར་“གཤེན་ངག་ཚིག་གསུམ་མ་བྱུང་བར་རྒྱལ་བོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར་རྒྱལ་བློན་གླུ་བྲོ་མི་རོལ་་་་་”ཞེས་པ་ལྟ་བུ་འདིར་ཅོ་འདྲི་ནུས་པ་ཞིག་དང་། “ཡབ་འབངས་ནི་འཁིས། ཡུམ་འབངས་ནི་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉི་དགས་པོ། རྐོང་པོ་མྱང་བོ་ཀུན་ཀྱང་ལོག་་་་”ཞེས་པ་འདི་ལྟ་བུ་མི་འབྱུང་བའི་ཕྱིར་དུ་ཡིན་སྲིད། འོ་ན།  ཉེ་ཞོ་འདི་རིགས་སེལ་བར་ངེས་པར་ཆོས་ལུགས་ཤིག་གི་དགོས་མཁོ་བྱུང་རྐྱེན་ནི་གང་ཡིན་ཟེར་ན།  གཙ་བོ་ནི་སྐབས་དེར་བོད་ཡུལ་ཐོག་མར་གཅིག་གྱུར་བྱུང་མ་ཐག་ཡིན་པས་ཐོན་སྐྱེད་ནུས་ཤུགས་སོགས་ཕྱོགས་བསྡུས་རྒྱལ་ཤུགས་དེ་འདྲའི་སྲ་བརྟན་ཞིག་བྱུང་མེད་པས་ལན་པ་ལས། གལ་སྲིད་རྒྱལ་སྟོབས་ཀྱིས་དེ་དག་ཐག་གཅོད་བྱ་ནུས་པ་ཞིག་ཡིན་ན།   གཞན་རིགས་ཀྱི་བསམ་བློ་ཞིག་གིས་རང་ཉིད་ལ་མངའ་དབང་བསྒྱུར་དུ་མི་འཇོག་པ་བཀས་བཀོད་སྤྱི་ཚོགས་ཀྱི་རྗེ་བོ་ཞིག་གིས་ཅིས་མི་ཤེས། འོ་ན།  དུས་རབས་ཉེར་གཅིག་ལ་སླེབས་པའི་དེ་རིང་ཡང་ང་ཚོ་གཞན་གྱི་ཡིག་སྒྱུར་བར་གྱུར་ཡོད་པ་འདི་གང་ཡིན་ཟེར་ན། དེའང་ཐོན་སྐྱེད་ནུས་ཤུགས་ལ་ལེ་བདའ་བྱེད་པ་ལས་ཐབས་མེད་དེ།  རང་རེའི་ཐོན་སྐྱེད་ནུས་ཤུགས་དེ་དུས་རབས་དང་བསྟུན་ནས་ཡར་རྒྱས་འབྱུང་མ་ཐུབ་པས། ང་ཚོས་དུས་རབས་དང་མཐུན་པའི་ལག་རྩལ་དང་ཐོན་སྐྱེད་བྱེད་སྟངས་ཤིག་མ་རྙེད་ལ། དེ་འདྲའི་ཐོན་སྐྱེད་ལག་རྩལ་ཞིག་མེད་སོང་བས་ང་ཚོས་དུས་རབས་འདིར་རང་ཉིད་ལ་མཁོ་བའི་ཐོན་རྫས་གསར་བཟོ་བྱེད་མ་ཐུབ་ལ།  དེ་དག་གི་མིང་གདགས་པའི་དབང་ཆའང་རེག་མ་ནུས་གཤིས། ཏག་ཏག་གཞན་རིགས་ཀྱི་དངོས་ཟོག་བཀོལ་སྤྱོད་བྱེད་ཞོར་དེ་དག་ལ་ཁྱབ་བསྒྲགས་རང་བཞིན་གྱི་བརྡ་ཁྱབ་སྤེལ་མཁན་དུ་གྱུར་བ་སྟེ།  ཁོ་ཚོའི་ཡིག་སྒྱུར་བར་གྱུར་སོང་བའོ།།
     དེ་བས།  ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་འབད་འབུངས་བྱས་ནས་དཔལ་འབྱོར་འཚོ་བའི་ཆུ་ཚད་མཐོར་འདེགས་བྱ་ཐུབ་པ་བྱུང་ན། ང་ཚོས་གཞན་རིགས་ཀྱི་ཡིག་སྒྱུར་བ་བྱེད་པའི་རྡོག་ཁྲེས་ལྷག་མ་དེ་གཡུགས་ཐུབ་ལ།  མི་རབས་ཕྱི་མ་ཚོར་ཕན་པ་ཡོད་པའི་ལོ་རྒྱུས་ཀྱི་ལག་རྗེས་ཤིག་ཀྱང་འཇོག་ཐུབ་པས། ཚེ་རབས་གཅིག་གི་བགྲོད་ལམ་རིང་ལ་ཐུང་བ་འདིར་འདི་ལས་ལྷག་པའི་རིན་ཐང་ཞིག་འཚོལ་རྒྱུ་ཡོད་དམ། 
                    (ཁ་ནས་ལྷ་བཞེངས།  ལག་ནས་ཤིག་མི་ཆིར་བའི་སྨྱུག་ཐོགས་པ་ཞེས་མ་སྨྲ་དང་། སྤྱི་ཚོགས་ཀྱི་གནད་དོན་སྨྱུག་རྩེས་བསལ་རྒྱུ་དེ་མི་རིགས་ཤིག་གི་སྨྱུག་ཐོགས་པ་ཚོའི་ལས་འགན་དུ་བཟུང་ནས་བྲིས་པའོ།། )

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་ད་དུང་མི་རབས་ག་ཚོད་ལ་གཞན་རིགས་ཀྱི་ཡིག་བསྒྱུར་བ་བྱ་དགོས།

2010-10-03 གློག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།