ང་ཚོས་སུ་ལ་རྗེས་དྲན་བྱ་འོས།
ཕྲན་གྱིས་གོང་དུ་བཤད་པ་བཞིན། བོད་ལ་མཁས་པ་ཤིན་ཏུ་ནས་མང་པོ་རེད། དེ་མིན་དུས་རབས་ཉི་ཤུ་བའི་སྟོད་དུ། མི་གྲངས་ཉུང་ཉུང་འདི་འདྲ་ཞིག་གིས་དཔེ་དེབ་དེ་འདྲ་མང་པོ་ཞིག་བརྩམས་ཡོད་པ་ནི་དངོས་གནས་དྲང་གནས་ཀྱི་ཡ་མཚར་ཅིག་ཡིན་པ་མ་ཟད། བོད་མིའི་གཟི་བརྗིད་བླ་མེད་ཅིག་རེད།ལོ་རྒྱུས་ཁ་ཤས་སུ།བོད་ཡིག་གི་དཔེ་དེབ་ནི་རྒྱ་ཡིག་ལས་ཀྱང་མང་པོ་འདུག་ཅེས་བཤད་བཞིན་ཡོད་པ་རེད། དེ་ནས་ང་བརྒྱད་དང།མཆོང་སྐྱོད་ཆེན་པོའི་སྐབས། རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་རིག་གནས་ཀྱི་ལྟེ་མཛོད་ཐམས་ཅད་བཅོམ་ནས། ལོ་སྟོང་ཕྲག་ལྷག་ཙམ་གྱི་དཔེ་དེབ་ཁྲི་ཕྲག་མང་པོ་ས་ལ་བསྲེས་པ་ཡིན་པ་དང། འདི་ལྟ་བུའི་ལོ་རྒྱུས་འཛམ་གླིང་གང་དུའང་བྱུང་མ་མྱོང་བའི་ཚོད་དུ་གདའ། ད་ལྟ་ང་ཚོར་ཡོད་པའི་དཔེ་དེབ་དེ་དག་ཀྱང།ང་བརྒྱད་དང་རིག་གསར་གྱི་ལྷག་མ་ཙམ་ཞིག་རེད། དེ་ལྟར་ཡིན་མོད་ཀྱང། ད་ལྟའང་དཔེ་དེབ་མང་ཆེ་བ་བལྟ་ཀློག། ཞིབ་དཔྱོད་བྱེད་པ་ཕར་ཞོག། དཀར་ཆག་གཙང་མ་ཞིག་ཀྱང་ཡོད་པ་མ་རེད། དེ་བས་ལོ་རྒྱུས་འཇིགས་སྣང་ཅན་འདི་འདྲའི་སྐབས་སུ།སྔོན་གྱི་ཤེས་རིག་ཐམས་ཅད། ལྔ་བཞིའི་ལས་འགུལ་དང་རིག་གནས་གསར་བརྗེའི་ཆེན་མོའི་ཚིག་ཁ་ཤས་ཀྱི་ནང་དུ་བསྡུས་ནས་བཤད་བཞིན་པ་འདི། འཇིག་རྟེན་མི་ཆོས་དང། ཕྱི་ནང་མཁས་པའི་ལུགས་སྲོལ་ཐམས་ཅད་དང་འགལ་བ་ཞིག་ཡིན་པ་མ་ཟད།ཚན་རིག་གི་ལྟ་གྲུབ་ལ་རྒོལ་བའི་འཇིག་རྟེན་ཁྲག་སྦྱོར་གྱི་ལས་ཞིག་རེད་མོད། འཇིག་རྟེན་འདི་ལ་གནས་ལུགས་ཤིག་བཤད་ས་མེད་པར་མངོན།
ཐོན་མིའི་དུས་ཆེན།
འདི་བརྗོད་དོན་ནི། ང་ཚོས་དེང་དུས་སུ་ལ་རྗེས་དྲན་བྱ་འོས་ཟེར་བ་དེ་རེད། སྤྱིར་བཏང་ང་ཚོ་བོད་ལ་མཚོན་ནའང། དུས་དྲན་མང་པོ་ཞིག་འདུག། འདི་ལས་ལྷག་མ་ཞིག་དགོས་མི་བསམ་མོད། ཡང་ངེས་པར་ཏུ་དུས་ཆེན་གསར་པ་འགའ་ཡང་དགོས་བསམ་ན། ཕྲན་གྱིས་འདི་ལྟར་དྲན་ནོ།། ཐོག་མར། བོད་དུ་རིག་གཞུང་ལུགས་ཀྱི་གླེགས་བམ་དེ་འདྲ་མང་པོ་ཞིག་འདུག། དེ་འདྲ་བའི་གླེགས་བམ་མང་པོ་ཞིག་བརྩམས་པ་ལ་ཐོག་མར། ཡི་གེ་ཞིག་ངེས་པར་ཏུ་དགོས་ཞིང། ཡི་གེ་དེ་ཡང་དོན་མེད་པར་རི་མོ་སོགས་ཀྱིས་ལམ་ནས་རིམ་བཞིན་གྱི་ཡོང་བ་དེ་འདྲ་མ་ཡིན་པར། དེ་བས་ཐོག་དང་པོར། ཡི་གེ་བཀོལ་བདེ་ཞིང། སྦྱོར་བདེ་བ།བརྩོན་པ་ཅན་དག་གིས་གསལ་བྱེད་ཀློག་ཤེས་བ་ཙམ་གྱི་ཡི་གེ་ཐམས་ཅད་སྒྲ་དང་བཅས་ཀློག་ཐུབ་པའི་ཡི་གེ་ཁྱད་པར་ཅན་ཞིག་ཡོད་དགོས་བ་གལ་ཆེན་ཞིང། ཐོན་མིའི་བོད་ཡིག་འདི་ཡི་གེ་གཞན་ལས་ལྷག་པའི་ཁྱད་ཆོས་མང་དུ་འདུག་པ་དང། གང་ཅིའི་ཐད་ནས་ཡི་གེ་ཚད་ལྡན་ཞིག་ཏུ་འདུག་པས།ང་ཚོས་བོད་ཀྱི་ཡི་གེ་སྲོལ་འབྱེད་༼ཐོན་མི་སམ་བྷོ་ཊ་༽ལ་་རྗེས་དྲན་དུས་ཆེན་ཞིག་དགོས་བ་ནི་བཤད་མ་དགོས་བ་ཞིག་རེད། དེ་ལྟར་ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ཙམ་གྱི་སྔོན་དུ། བུ་ཨ་ནུ་ཟེར་བ་ཞིག་། དེང་དུས་རིགས་པའི་ལྟེ་གནས་སུ་གྱུར་པའི་རྒྱ་གར་འཕགས་ཡུལ་དུ་ཕྱིན་ནས།ཚ་བ་དང་དཀའ་བ་མང་པོ་དང་དུ་བླངས་ནས། དགེ་ཆོས་ཀྱི་སྐད་ཆ་ལུང་དྲངས་ཏེ་བཤད་ན། བོད་ཡིག་འདི་བརྩམས་པ་ཡིན་པས། ཁོང་གི་མཛད་རྗེས་རྗེས་དྲན་དང། བོད་ཡིག་སྔར་ལས་ཁྱབ་སྤེལ་ཏུ་གཏོང་ཕྱིར།ཐོན་མི་སམ་བྷོ་ཊའི་དུས་ཆེན་ཞིག་འཛུགས་དགོས།
ལོ་ཙཱ་བའི་དུས་ཆེན།
དེའི་རྗེས་ཡི་གེ་དེ་རྒྱ་ཆེན་པོ་སྤེལ་བ་ལ། བོད་རང་གིས་མཁས་བ་དག་གིས་བརྩམས་པའི་བསྟན་བཅོས་སྣ་ཚོགས་དང། སྲིད་གཞུང་གི་ཡིག་ཆ། དམག་དོན། དཔའ་འབྱོར་འདུ་དགོད་ཀྱི་ཐད་ལ་རྒྱ་ཁྱབ་ཏུ་བཀོལ་དགོས་བ་མ་ཟད། དུས་སྐབས་སོ་སོར་རྒྱལ་ཁམས་གཞན་གྱི་རིག་གཞུང་དང་། ལྟ་གྲུབ་སོགས་གང་ལ་གང་འཚམས་ཀྱི་བོད་ཡིག་ཏུ་བསྒྱུར་དགོས་བ་རེད། ཆ་མི་ཚང་བའི་བསྡོམས་རྩིས་ལྟར་ན། རྒྱལ་དབང་ལྔ་བའི་སྔོན་དུ་བོད་དུ་ལོ་ཙྭ་བ་མིང་འདྲེན་རྒྱུ་ཡོད་པ། དྲུག་བརྒྱ་ཙམ་ཡོད་པར་གྲགས་ཤིང། དེ་རྣམས་ནི་རྒྱ་གར་དང་། རྒྱ་ནག། ཏ་སིག། ཞང་ཞུང་སོགས་འདུས་བའི་ཤེས་བྱའི་གནས་མང་པོ་ཞིག་མང་པོ་བོད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། ཁོ་ཚོས་བསྒྱུར་བ་རྣམས་ནི། སྤུས་དག་ཅིང། དོན་ཟབ་པ། ཆུ་ལ་ཆུ་བཞག་པ་ལྟ་བུ་འབྲེལ་ཆགས་པས། དགེ་འདུན་ཆོས་འཕེལ་གྱིས་ཀྱང། འདི་ལྟ་བུ་གཞན་དུ་མ་བྱུང་བ་རེད་ཅེས་གསུངས་ཡོད་པ་རེད། རྒྱལ་དབང་ལྔ་བའི་སྔོན་དུ། བོད་མི་རྣམས་ཀྱིས་མི་རིགས་གཞན་གྱིས་རིག་གཞུང་ནང་དུ་དྲངས་བའི་ལོ་རྒྱུས་ཡིན་ཞིང།དེའི་རྗེས་ཙམ་ནས་བོད་ཀྱི་མཁས་དབང་དག་གིས་བོད་ཀྱི་རིག་གཞུང་དག་སོག་པོ་དང། མན་ཇུ། ཨོ་རོད་སོགས་ལ་ཕར་སྤེལ་བའི་ལོ་རྒྱུས་རེད། བཀའ་བསྟན་འགྱུར་སོགས་སོག་པོ་དང། མན་ཇུ་ཡི་གེ་བསྒྱུར་པ་དང།བོད་ཀྱི་བསྟན་བཅོས་སྟོང་ཕྲག་མང་པོ་གོང་གི་ཡི་གེ་སོ་སོར་བསྒྱུར་ཡོད་པ་རེད། རིག་གནས་ནང་དུ་འདྲེན་པ་དང། ཕར་སྤེལ་བ་གཉིས་ལ་མེད་དུ་མི་རུང་བ་ནི། བོད་ཀྱི་ལོ་ཙཱ་བ་རྣམས་ཡིན་ཞིང། ཁོ་ཚོ་ནི་བོད་ཀྱི་ཤེས་རིག་གི་རྐང་བཅུད་ལྟ་བུ་སོང་ཡོད་པས།
ངེད་པར་ཏུ་དུས་ཆེན་ཞིག་དགོས་ཚེ། ༼བོད་ཀྱི་ལོ་ཙཱ་བ་རྗེས་དྲན་དུས་ཆེན༽་ཞིག་ཀྱང་ངེས་པར་ཏུ་དགོས་པ་རེད། སྔོན་གྱི་ལོ་ཙྭ་བ་དེ་དག་ནི།དེང་དུས་༼སློབ་གྲྭ་བ་༽ལོ་ཙཱ་བ་དག་གིས་དཔེ་དེབ་འདྲ་བ་དག་མ་ཡིན་པར།རང་ནི་བསྒྱུར་ཡུལ་གྱི་བསྟན་བཅོས་དག་གི་སྒྲ་དོན་འཇུག་གསུམ་ལ་བྱང་ཆུབ་ཅིང། དེ་ནས་སྒྱུར་བྱེད་ཀྱི་ཡི་གེའི་ཚིག་དོན་སྤྱོར་པ་གསུམ་ལ་ཐོགས་པ་མེད་པར་བསྒྱུར་པ་ཤ་སྟག་ཡིན་པས། ཀློག་པ་པོ་དག་གིས་བསྒྱུར་པའི་བསྟན་བཅོས་དེ་ཚོ་ཀློག་ཚེ། རང་གི་ཡི་གེའི་སྟེང་དུ་ཀློག་པ་འདྲ་བའི་སྣང་བ་སྟེར།དེ་བས་དེང་དུས་ལོ་ཙཱ་བའི་དུས་ཆེན་ཞིག་ངེས་པར་ཏུ་དགོས།
མཁས་པའི་དུས་ཆེན།
ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་བསྟན་བཅོས་སོགས་སློབ་གཉེར་སོགས་མ་བྱེད་ན། དོན་རྟོགས་རྒྱུ་མེད་པའི་གླེགས་བམ་འགའ་ཤས་སུ་འགྱུར་ཉེན་ཆེ་བས། དེ་དག་ཚུལ་བཞིན་དུ་ཞིབ་དཔྱོད་དང་། དག་སེལ།དར་སྤེལ་སོགས་བྱེད་དགོས་བ་ཤིན་ཏུ་གལ་ཆེ་བ་ཞིག་ཆགས་བསྡད་ཡོད་པ་རེད། སྔོན་གྱི་བོད་ཀྱི་མཁས་པ་དེ་དག་གིས་རྒྱ་གར་སོགས་འདུས་བའི་རྒྱལ་ཁམས་གཞན་གྱི་བསྟན་བཅོས་དེ་དག་ལ་སློབ་གཉེར་ཚུལ་བཞིན་དུ་བྱས། ཞིབ་འཇུག་དང། དག་སེལ་མང་པོ་བྱས། མཐར་རང་རང་གིས་མྱོང་སྟོབས་དང། ལུས་ངག་ཡིད་གསུམ་གྱིས་བསྒོམས་པ་སོགས་བྱས་ནས།རང་གིས་མྱོང་འབྲས་རྣམས་བསྟན་བཅོས་མང་པོ་བརྩམས་ཡོད་པ་རེད། དོན་གྱིས་རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་ནང། དགེ་ལུགས་སོགས་ཀྱངམཁས་བ་དག་གིས་རང་རང་གིས་རྣམ་དཔྱོད་དང། རིགས་པའི་གཏན་ལ་ཕབ་པའི་མྱོང་འབྲས་ཙམ་ཡིན། དེ་བས་ཁོ་ཚོའི་བཞག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཐམས་ཅད། རིགས་པའི་ཁུངས་བཙན་ཞིང། མྱོང་འབྲས་ཁྱད་པར་ཅན་ཡིན་པ། རིག་གཞུང་གང་གི་ཐད་ནས་ཀྱང།རིགས་པ་གཙོ་བོ་བཞག་ནས་རྣམ་བཞག་ཐམས་ཅད་གཏན་ལ་ཕབ་པ་ཡིན་པས། ང་ཚོས་སྔོན་སྲོལ་བཟང་པོ་རྒྱུན་འཛིན་དང། ཚན་རིག་གི་སྤྱོར་ལམ་སོགས་དར་སྤེལ་བྱ་ཆེད། ༼བོད་ཀྱི་མཁས་བའི་དུས་ཆེན༽ཞེས་བའི་དུས་ཆེན་ཞིག་ཀྱང་ངེས་པར་ཏུ་དགོས་པར་འདུག།
འདིར་དེང་དུས་ཀྱི་ཚན་རིག་གི་ལུགས་ལའང་ཤིན་ཏུའང་མཐུན། ཇི་ལྟར་རྗེ་ཙོང་ཁ་བ་ཆེན་པོས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བསྩལ། བར་ཏུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ཐ་མ་ཉིན་མཚན་ཀུན་དུ་ཉམས་སུ་བླངས། ཞེས་གསུང་བ་ལྟར།མཐར་ཐུག་ནས་ཚན་རིག་གི་ཞིབ་འཇུག་བྱ་ཚུལ་ཡང་འདི་རེད། དང་པོ་གཞུང་ལུགས་དང། འཇིག་རྟེན་གྱི་རྣམ་བཞག་ཐམས་ཅད་ལ་ཚུལ་བཞིན་ཏུ་སློབ་གཉེར་བྱས། དེ་ནས་གཞུང་ལུགས་དང་ལྟ་གྲུབ་དེ་ཐམས་ཅད་འགྲིག་མིན་དང། འཕྲོད་མིན་དང། ཡིན་མིན་དང།ལེགས་ཉེས་ཀྱི་བླང་དོར་སོགས་གསལ་བོ་ཕྱེས་ཏེ། དེའི་ལུས་ངག་ཡིད་གསུམ་གྱིས་སྟེང་དུ་བཀོལ་ཞེས་བ་དེ་རེད།
བོད་སྐྱོབ་དུས་ཆེན།
ས་སྐྱ་པཎྚ་བཞུགས་པའི་སྐབས་སུ། བོད་བྱང་ཕྱོགས་ཀྱི་ཡུལ་སྡེ། སོག་པོའི་ཇིང་གི་ཧན་གྱིས་། ཐོག་མར་རང་གི་ཉེ་འཁོར་དགྲ་སྡེ་རྣམས་བཅོམ་པ་དང། དེ་ནས་བྱང་ཕྱོགས་ཀྱི་འབྲོག་སྡེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ།ཁོའི་བུ་དང་ཚ་བོ་དག་གི་སྐབས་སུ།སོག་པོའི་དམག་ཤུགས་རིམ་གྱི་བོད་དུའང་སླེབས་ཏེ། འཕྲོག་བཅོམ་གཏུབ་གསོད་སོགས་བྱས་བ་དང། བོད་ཀྱིས་སོག་པོ་དེ་དག་ལ་འགོག་རྒོལ་སོགས་བྱས་ཚེ། བོད་ཡོངས་ས་ལ་བསྲེས་རྒྱུ་ཡིན་པ་ཤེས་ཏེ། དེ་དུས་བོད་ཀྱི་བླ་མ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་ཟེར་བ་ཞིག་གིས་བྱིས་པ་ཆུང་ཆུང་འགྲོ་མགོན་འཕགས་པ་དང། ཕྱག་ན་རྡོ་རྗེ་གཉིས་ཁྲིད་དེ་ཁྲིད་དེ་སོག་པོའི་ཁྲོད་དུ་ཕྱིན་ནས། ཞི་བའི་ཐབས་ཤེས་ཀྱི་སོག་པོའི་དམག་བཟློག་པ་བྱུང་ཐུབ་པ་མ་ཟད།བོད་མི་ཡོངས་ཀྱིས་འདབ་ནོར་སོགས་སྤྲོད་མ་དགོས་བ་བྱུང་ཞིང། མཐར་འགྲོ་མགོན་འཕགས་པའི་རིང་ལ། བོད་ཆོལ་ཁ་གསུམ་ཕྱིར་བོད་རང་ཏུ་ཐོབ་ཏེ། ཇི་སྲིད་བར་ཏུ་བོད་མི་རྣམས་སོག་པོའི་དམག་ཤུགས་ལས་བཟློག་ཐུབ་པ་བྱུང། ཞིབ་ཏུ་བསམ་ན། ཐབས་ཤེས་དེ་ནི། དངོས་གནས་ཧ་ལས་པ་ཞིག་རེད། བོད་ཀྱི་སྐད་ཆ་བཤད་ན། འདའ་ཚོན་གོ་ཆ་མ་བཟུང་བར། རང་ཉིད་གཅིག་པོས་བྱེ་བ་འདུལ། ནུབ་ཀྱི་སྐད་ཆ་བཤད་ན། ཆབ་སྲིད་ཀྱི་ཆབ་སྲིད་ཟེར་བ་དེ་རེད། དཔེར་ན།དེའི་སྐབས་དེ་ལ་རྒྱ་མི་རྣམས་ཀྱིས་སོག་པོ་ལ་ངོ་རྒོལ་བྱས་རྐྱེན། རྒྱའི་མི་ཡུར་ཆེན་པོ་བྱུང་བ་དང། ཨ་བར་རྒྱལ་ཁམས་པཱ་གི་ཏ་སོགས་མང་པོ་ཞིག་རྩ་མེད་དུ་སོང་བ་དེ་ནི་ས་སྐྱ་བླ་མ་རྣམས་ཀྱི་དྲིན་རེད། རྗེས་སུ་ཆེན་པོ་ཆིང་གི་རྒྱལ་རབས་སོགས་ཀྱི་སྐབས་སུའང།བོད་ཀྱི་བླ་མ་རྣམས་ཀྱི་དྲིན་ལས། མན་ཇུ་དང། ཧལ་ཧ། ཨོ་རོད་སོགས་བོད་ཀྱི་སྤྱིན་བདག་ཆེན་པོར་གྱུར་ཏེ། བོད་ཀྱི་དགོན་པ་དང། བླ་མ་དང། དགེ་འདུན་པ་རྣམས་ནི། ཁོ་ཚོས་མཆོད་ཡུལ་དང།
དད་པ་བྱེད་ཡུལ་དུ་གྱུར་ཏེ། རྒྱུ་ནོར་ལོངས་སྤྱོད་ཚེ་སྲོག་ཐམས་ཅད། བོད་ཀྱི་ཆེད་དུ་བཏང་བའི་ལོ་རྒྱུས་དེ་ནི། དེང་དུས་ཆབ་སྲིད་ཀྱི་སྐད་ཆ་བཤད་ན། ཞི་བའི་དབང་སྒྱུར་ཟེར་བ་དེ་ཡིན་ཞིང། དེ་ཡང་བོད་ཀྱི་བླ་མ་དང། མཁས་བ། ཆོས་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་རྣམས་ལ་རྗེས་དྲན་གྱི་ཆེད་ངེས་པར་ཏུ་བོད་སྐྱོབ་དུས་ཆེན་ཞིག་ཀྱང་དགོས་བར་འདུག།
ཚན་རིག་དུས་ཆེན།
དེང་དུས་ཀྱི་མི་རྣམས་ཚན་རིག་ལ་དགའ་ཞིང་། ཚན་རིག་ཟེར་དུས། ཆོས་ལྟར་ལུས་ངག་ཡིད་གསུམ་གྱི་བློ་གཏད་ས་ལྟ་བུ་གྱུར་ཏེ། བ་སྤུ་ཡང་ལངས་འགྲོ་བ་ཞིག་ཡོད་པ་རེད།
ལྷག་པར་ཏུ་བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས་ཀྱང་ཚན་རིག་གི་མིང་ཁྱེར་ནས། ༼དོན་གྱིས་ཁོ་ཚོས་ཚན་རིག་གི་ལྟ་བ་སོགས་ཅི་ཡང་ཤེས་ཀིན་མི་འདུག༽ བོད་ཀྱི་ཡོད་ཚད་ལ་འགྲེལ་རྒྱག་བཞིན་པས། བོད་དུ་ཚན་རིག་རྣལ་མ་ཞིག་དར་ཆེད་དང། སྙིང་གཏོར་གསར་བརྗེ་བ་དེ་དག་གི་རེ་འདོད་ཀྱང་སྐོང་ཕྱིར། བོད་ལ་༼ཚན་རིག་དུས་ཆེན༽ཞིག་ངེས་པར་ཏུ་དགོས་པར་འདུག། ཡིན་ནའང་ཚན་རིག་གི་ལྟ་བའི་ཁུངས་ནི་ཡོ་རོབ་གླིང་ཡིན་ཞིང། ཡོ་རོབ་གྱི་ལོ་རྒྱུས་དང།དེའི་ལྟ་བ་རྣམས་ཐོག་མར་འདྲེན་མཁན་རྣམས་ལ་ཚན་རིག་པ་ཞེས་བཏགས་ཏེ་དུས་ཆེན་རོལ་སྲོལ་ཡོད་པ་ལྟར། བོད་ཀྱིས་ཀྱང་ཚན་རིག་དུས་ཆེན་རོལ་ན། བོད་དུ་ཚན་རིག་འདྲེན་མཁན་གྱི་མི་དེ་རྣམས་ལ་རྗེས་དྲན་བྱ་དགོས་བ་རེད། དེ་ན་བོད་དུ་ཚན་རིག་གི་ལྟ་བ་འདྲེན་མཁན་སུ་རེད་ཅེ་ན། ཐོག་མར་བོད་དུ་རྒྱ་སེར་༼ཡོ་རོབ་ལ་དེ་ལྟར་འདོགས༽ཞེས་འབོད་མཁན་ཐོག་དང་པོ་ནི། རྒྱལ་དབང་ལྔ་བ་རེད། དེའི་རྗེས་དུས་རབས་བཅོ་བརྒྱད་པའི་ནང། ཡོ་རོབ་ཀྱི་ས་ཁྲ་འབྲི་བའི་རིག་པའི་སྟེང་ནས།བོད་ཀྱི་ས་ཁྲ་འབྲི་མཁན་ནི། གོང་མ་བདེ་སྐྱིད་སྐུ་རིང་དུ། པེ་ཅིང་དུ་ཡོད་པའི་བོད་ཀྱི་མཁས་བ་ཆེན་པོ་རབ་འབྱམས་ངག་དབང་ཚུལ་ཁྲིམས་བཟང་པོ་དང། ཁོང་གི་ལས་གྲོགས་གྲྭ་བ་ཞིག་རེད། ༼བོད་ཀྱི་ས་ཁྲ་འདིའི་མ་ཕྱི་རུ་བཞག་ནས་བྲིས་བའི་ལ་ཏིང་གི་སྐད་ཀྱི་བྲིས་བའི་ས་ཁྲ་ཞིག་ཕྲན་ལ་ཡོ༽ དེའི་རྗེས། རྒྱ་རྩིས་ཆེན་པོ་བོད་ཡིག་ཏུ་བསྒྱུར་མཁན་གྱི་ལོ་ཙྭ་བ་རྣམས། ས་གོ་ལ་རིལ་རིལ་གྱི་ལྟ་བ་ཐོག་མར་འདོན་མཁན། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། དེའི་རྗེས་མཱ་ཡང་བཟོད་པ་སོགས་བོད་ཀྱི་རྩིས་པ་རྣམས།ཡོ་རོབ་ཀྱི་ས་རྒྱུས་དང་ལོ་རྒྱུས་ཅུང་ཙམ་འབྲི་མཁན་སུམ་པ་ཡེ་ཤེས་དཔལ་འབྱོར། ཡོ་རོབ་ཀྱི་ལོ་རྒྱུས་གསལ་བོ་རྒྱས་ཞིང་གསལ་བ་འབྲི་མཁན། པཎ་ཆེན་དཔལ་ལྡན་ཡེ་ཤེས། དུས་རབས་བཅུ་དགུ་བའི་ནང་གི། དུས་སྐབས་དེ་ལ་ཡ་ཤེའི་ས་གཤིས་རིག་པའི་ཚན་རིག་པ་ཆེན་པོ་དང་། བོད་ཀྱི་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་བཙན་པོ་ནོ་མོན་ཧན་འཇམ་དཔལ་བསྟན་འཛིན་འཕྲིན་ལས། དེའི་རྗེས་དུས་རབས་བཅུ་དགུ་བའི་མཇུག་གི་བོད་དུ་དཔར་ཆས་ཀྱི་དཔེ་དེབ་འབྲི་མཁན་སེང་ཆེན་སྤྲུལ་སྐུ་༼ཁོ་རང་བོད་གཞུང་གིས་དབྱིན་ཇིའི་གསང་ཉུལ་དུ་བརྩིས་ཏེ་བཀྲོངས༽། དུས་རབས་ཉི་ཤུ་བའི་ནང།དགུ་རོང་སྤྲུལ་སྐུ་ཚང། དེའི་རྗེས་སྒོག་མཁར་བ་སོགས་གློག་ལས་འཕྲུལ་ཆས་པ་སོགས། ནུབ་ཀྱི་ཚན་རིག་གི་ལྟ་བ་བོད་དུ་འདྲེན་མཁན་མང་དུ་ཡོད་པས། དེ་རྣམས་ལ་རྗེས་དྲན་དང། ལྷག་པར་ཏུ་གཞོན་སྐྱེས་རྣམས་ལ་ཚན་རིག་དང།བཟོ་རིགས་སོགས་དར་སྤེལ་བྱེད་ཆེད་དུ་བོད་ཀྱི་ཚན་རིག་བོད་དུ་འདྲེན་མཁན་དང། ཚན་རིག་གི་སྲོལ་འབྱེད་པ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ཚན་རིག་དུས་ཆེན་ཞིག་འཛུགས་དགོས།
ཡང་དར་མཁས་པའི་དུས་ཆེན།
བོད་ཀྱིས་ཤེས་རིག་ཡང་དར་ནི། ཕྱི་ལོ་དོན་དགུ་ལོ་ནས་མགོ་བརྩམས་དགོས་ཞིང། དེ་ཡང་ལོ་ཉི་ཤུ་ཙམ་ལ་བསྟན་པ་དང་ཤེས་རིག་ཐམས་ཅད་རྨག་མེད་དུ་བཅོམ་ནས། མིང་ཙམ་ལས་མེད་པའི་སྐབས་སུ། བོད་ནང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་གཙོ་གྱུར་པའི་བླ་མ་དང། མཁས་བ། དེ་བཞིན་གཞན་སེམས་ཅན་གྱི་སྐྱེས་བུ་དམ་པ་སྐྱེས་ཕོ་མོ་མང་པོ་དང། སྐྱ་སེར་གང་རུང་གིས་བོད་ཀྱི་ཤེས་རིག་འདི་ཉིད་སླར་གསོ་དང། དར་སྤེལ།རྒྱུན་འཛིན་གྱི་ཐད་ལ་མི་ཟད་པའི་བཀའ་དྲིན་བསྐྱངས་བས། དེང་དུས་ང་ཚོས་བོད་ཀྱི་ཤེས་རིག་སློབ་གཉེར་སོགས་ཀྱི་རྒྱུན་མ་ཆད་ཙམ་བྱུང་བ་ཁོང་རྣམས་ཀྱི་བཀའ་དྲིན་ཐུགས་རྗེ་ཡིན།
དུས་སྐབས་དེ་ལ་དོན་གྲུབ་རྒྱལ་སོགས་གསར་བརྗེའི་སྙིང་གཏོར་པ་སྐོར་ཅིག་གིས་ཡང་གསར་པ་ཞིག་ཡིན་ཁུལ་གྱིས་རིག་གསར་གྱི་ལྟ་བ་དེ་བོད་ཡིག་ཏུ་སྤེལ་ཅི་ཐུབ་བྱས་མོད། མཁས་པ་དེ་རྣམས་ཀྱིས་བདེན་པའི་ཨུ་ཚུགས་དང། གཞན་ཕན་གྱིས་སེམས་བསྐྱེད་དྲག་པོས་ཀུན་ནས་བླངས་ཏེ།བོད་ཀྱི་ཤེས་རིག་དར་སྤེལ་དང། རྒྱུན་འཛིན་བྱས་པ་ནི་དངོས་གནས་དྲང་གནས་གྱི་གཟི་བརྗིད་དང་རླབས་ཆེན་རེད་། དེ་དག་གི་ཚབ་མཚོན་ལྟ་བུའི་མཁས་བ་ནི། དབུས་གཙང་ཕྱོགས་ཀྱི་དུང་དཀར་རིན་པོ་ཆེ། མདོ་སྨད་ཕྱོགས་ཀྱི་དམུ་དགེ་བསན་གཏན་དང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ། ཁམས་ཕྱོགས་ཀྱི་མཁན་པོ་འཇིགས་མེད་ཕུན་ཚོགས་དང། རྒན་ཐུབ་བསྟན་ཉི་མ་སོགས་དང། ལྷག་པར་ཏུ་མདོ་དབུས་ཁམས་གསུམ་གྱི་དགོན་པ་དང་གྲྭ་ཚང་ཁག་གི་དགེ་བའི་བཤེས་གཉེན་ཆེན་པོ། མིང་ཡང་ཐོས་བ་མེད་པ་དེ་དག་གི་བཀའ་དྲིན་ཉག་ཅིག་རེད། ཁོ་ཚོའི་མཛད་རྗེས་དང། འཇིག་རྟེན་མི་ཆོས་དང། དམ་པའི་ལྷ་ཆོས་གང་གིས་ཐད་ནས་ཀྱང་བཞལ་དཀའ། དེ་བས་ང་ཚོས་ཀྱང་དུས་དང་རྣམ་པ་ཐམས་ཅད་དུ་དེ་དག་གི་རྗེས་སུ་འཛིན་པར་འཚལ་ལོ་ཞེས། སྨོན་ལམ་དང། དེ་རྣམས་ལ་ཐུགས་རྗེ་ལེགས་གསོ་ཞུ་ཆེད། ང་ཚོས་ངེས་པར་ཏུ་ཡང་དར་མཁས་བའི་དུས་ཆེན་ཞིག་འཛུགས་དགོས།
༼མུ་འཐུད་དུ༽
ཞར་བྱུང། ཀུ་རེ་ལྟ་བུ་ལ། གསར་བརྗེ་རྙིང་གཏོར་བ་ཚོ། དུས་ཆེན་ལ་དགའ་བ་ལ་ཁག་མེད། ལྷག་པར་ཏུ་དགེ་ཆོས་ལྟ་བུ་ཞིག་གི་དུས་ཆེན་རོལ་འདོད་པ་ནི་ཁག་མེད། ཁོ་ཚོས་དུས་ཆེན་ལ་ཁ་གཡར་ཏེ། ཕ་མ་རྣམས་དང་ང་ཚོའི་ཁྲག་དངུལ་ལས་༼ཁྲལ༽ཨ་རག་འགའ་ཉོས་ཏེ། གསར་བརྗེའི་རང་སྐད་སྒྲོག་རྒྱུའི་དེའི་ཆེད་དུ་རེད། ཕྲན་གྱིས་བསམ་བློ་མང་པོ་ཞིག་བཏང་བ་ཡིན་མོད། དགེ་ཆོས་ལ་དམིགས་གསལ་གྱི་དུས་ཆེན་ཞིག་དགོས་བ་རྩ་བ་ཉིད་ནས་མཐོང་གིན་མི་འདུག།
རྩོམ་ཁུངས། ངེད་དྲ་བ།