དགེ་ཆོས་ཀྱི་ཟུར་ཞིག་དྲན་ཚེ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-27

    ད་ལྟ་དོང་ཆུ་འཐུང་སྐབས།། སྔོན་མར་ཁྲོན་པ་རྐོ་མཁན་མ་བརྗེད།
 ༼ཕྲན་བུ་རྒྱ་བོད་ཀྱི་ཡུལ་གྲུ་དུ་མར་འཁྱམས་པའི་སྐབས་གང་མཐོང་ཞིང་ཐོས་པའི་རིག་གནས་ཀྱི་སྐོར་གྱི་བློ་བསྐྱེད་ཅི་ཡོད་ཕྱོགས་གཅིག་ཏུ་བསྡུས་ནས། འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་། མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་གཏམ་རྒྱུད་ཆེས་མཚར་མཚར་དག་བྲི་བ་དང་། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ།ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནས་ཆེད་དུ་དཀྱུས་མའི་གླེང་མོལ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་ནས་གླེགས་བམ་ཞིག་བྱེད་པར་འདོད་དོ།།༽གསུང་དུམ་བུ་འདིར་བལྟས་ཏེ་འོང་ན། དགེ་ཆོས་ལགས་རྩ་བ་ནས་ནོར་འཁྲུལ་བྱུང་སའི་གཞི་དེ་རྙེད་ཐུབ། ངེད་ཅག་ལ་མཁོ་བ་ནི་ཁུངས་ཡོད་ཀྱང་རུང་། མེད་ཀྱང་རུང་གཏམ་རྒྱུད་ཆེས་མཚར་མཚར་དེ་ཡིན་ལ། གཞན་གྱི་ངོ་བསྲུང་དང་ཇོ་བཟང་གི་མིང་དེ་ཡང་ཡིན་ནོ།། རྒྱ་གར་དུ་འཁྱམས་པའི་རིང་ལ། ཨ་རིར་སྒྲོ་ལོ་བཙལ་དུ་འགྲོ་གྲབས་མ་བྱས་པ་དང་། བོད་དུ་བསླེབས་དུས། སྐུ་ངོ་དག་གི་ཞབས་གཡོག་སྒྲུབ་བློ་མ་སྐྱེས་པ་དེ་ནི། ཀྱེ་ཧུད། དགེ་ཆོས་ཁྱེད་རང་གི་བརླ་རྡུང་། སྤུར་བསྔོགས་དགོས་པའི་རྒྱུ་རྐྱེན་དང་པོ་རེད།
རྒྱབ་ལ་ཐེར་མ་རྫ་སྨུག་རྙིང་སོང་གི་ཕྱུ་ཆེན་ལ་རྐུབ་སུལ་ཕྲན་བུ་བསྡུས་པ་དང་། འཇུར་རྟ་ཡུ་རིང་སེར་པོ་རྙིང་སོང་། མགོ་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཕྱིང་བ་ལི་ཧང་གི་མདོག་ལ་པགས་པ་ཟད་དོ་རྙིང་སོང་ཞིག་གྱོན་ཏེ། ༡༩༤༥ལོའི་སྨད་ལ་ལྷ་སར་འོང་དུས། ལག་ཏུ་དངུལ་དང་རྒྱུ་ནོར་འབེལ་བོ་མེད་ལ། ཁ་ན་ཚིག་འཇམ་དང་ལུས་ན་བཀུར་བཟོ་མེད་པའི་ཁར། སྔས་སུ་ལྕག་སྒམ་ཚོན་མདངས་མེད་པ་ཞིག་དང་། ལག་ཏུ་ཨ་རག་གི་བཏུང་སྣོད་ཀོག་པོ་ཞིག་ཐོགས་ཏེ། ལྷ་སའི་སྐུ་དྲག་མི་དྲག་འདི་ཚོ་ནག་ཁུང་ཆགས་འདུག་ཅེས་ཤོད་རྐྱང་བྱེད་པ་ནི། ཁྱེད་རང་དམར་པོའི་གསང་ཉུལ་བར་ཆོ་ལོ་འདོགས་པའི་གཞི་རྩ་ཡིན་པས། མཐར་ཁྱེད་རང་ཉིད་ཀྱིས་རང་དང་གློ་བ་ཉེ་བ་འགར།༼ང་ཨ་མདོ་བ་མགོན་མེད་སྐྱབས་མེད་ཅིག་ལ་ཁྱེད་མིང་སྲིང་གཉིས་ནས་ཡལ་བར་མ་དོར་བར་ཉལ་ཆས་དང་། ལྟོ་བཅས་གནངས་པ་སྐུ་དྲིན་ཆེ། ང་མགོན་མེད་འཁྱམས་པོ་ཞིག་བཙོན་དུ་ལྷུང་བ་ལ་སྡུག་བསྔལ་ཆེ་ཡང་། སེམས་ཀྱི་ཟུར་ཞིག་ནས་ང་ཉེས་མེད་ཡིན་བསམས་པའི་བདེན་པའི་རང་ཞལ་འདིས་འཛུམ་སྟོན་ཞིང་། ཁྱེད་གཉིས་ལྟ་བུའི་གྲོགས་ཕྱི་ཐག་ཅན་འགའ་ཤས་ཀྱང་ཡོད་བསམས་ན་བློ་བདེ་བ་ཞིག་འདུག་༽ཟེར་དགོས་པའི་ཚད་དུ་ལྷུང་དགོས་བྱུང་བ་རེད།
སྤྱིར་ཁྱེད་ཀྱིས་ཀྱང་རང་གིས་བྱ་བ་བཟང་ངན་ཅི་བྱས་པ་དག་ལ་དཔྱད་ཚེ། ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན་དུ་གཅིག་རྗེས་སུ་གཅིག་མཐུད་དེ་འགྲོ་བ་འདིའི་གཤིས་ལུགས་ནི། གཏོད་མེད་ངང་དུ་ལྷོད་ཀྱིས་ཞིགས་པའི་ཚེ་ན་ཅི་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་དབྱིངས་སྤྲོས་བྲལ་གདོད་མའི་ཆོས་ཀྱི་ཚལ་ལ་དག་པར་ངོ་ཤེས་ཀྱང་། ད་དུང་ཨུ་ཚུགས་ཀྱིས་སྤྲང་བོ་གནས་སྐོར་བ་ཞིག་ཏུ་བརྫུས་ནས་མོན་རྟ་དབང་ས་ཁུལ་སོགས་དེང་སྐབས་ཉོག་དྲ་རྒྱ་ཆེ་བའི་ས་ཁུལ་ནས་བཟུང་ས་མཚམས་དང་ཆུ་མཚམས་གང་མང་ཞིག་རི་མོར་ཕབ་པ་དང་རྟོག་ཞིབ་བྱེད་པའི་འགན་འདི་ཅི་ལ་བླངས་པ་ཡིན་ནམ། ཁྱེད་ཀྱིས་ཁ་གཅིག་གི་ནང་ནས་གདོད་མའི་ཆོས་ཀྱི་དབྱིངས་སུ་སྙོམ་པར་བཞུགས་པའི་སྐད་ཆ་སྟེ། ༼ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་གཞག་ལ།།མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན།།སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་དེ།།སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས།།༽ཞེས་ཟེར་བར་གཞིགས་ན་སྔོན་མའི་དམ་པ་དག་གི་རྣམ་ཐར་རྒྱུད་དུ་བླངས་པ་འདྲ་ཡང་། ཁ་གཅིག་གི་ནང་ནས།༼དེ་རིང་མི་མཐོང་འདས་པའི་གཞོན་ནུ་ནམ་ཡང་རྒ་བ་ཡོད་མིན་ཏེ།།ད་དུང་མ་བསླེབས་ཕྱིས་ཀྱི་ན་ཆུང་རྟག་ཏུ་དར་མི་ཚེ་ལ་གནས།།ད་ལྟ་སྐྱེས་པའི་རྟོག་པའི་ཁྱིམ་ན་དེ་གཉིས་ལྷན་དུ་འཛོམས་པ་འདི།།ཁམས་གསུམ་འགྲོ་བའི་སྐད་དུ་བྲིས་པའི་ལོ་རྒྱུས་ཀུན་གྱི་ས་བོན་ཉིད།།༽ཅེས་ཕྱི་མིག་ལིང་ལིང་གིས་ཞེན་ཆགས་ལྗིད་ཏིག་གེ་བ་ཞིག་ཕྲག་ཏུ་བླངས་ནས། བོད་པའི་ཕྱི་རབས་པ་དག་ལ་འཁྲེན་ཡོད་པ་འདྲ་བས། མི་སུ་ཞིག་གིས་ཁྱེད་ཀྱིས་ཚད་གཞི་ལེན་མི་ཕོད་ཀྱང་། དེང་གི་སྐབས་སུ་རྗེས་དྲན་བྱེད་པ་དག་གིས་ཁྱེད་ཉིད་སྔོན་གྱི་དམ་པ་དག་དང་མ་འདྲ་བར་ཡིད་ལ་སེམས་པ་ནི། ཁྱེད་ཀྱི་༼ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས།། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད།།རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།།གསར་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།།ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།།༽ ཞེས་པའི་ཚིགས་དུམ་འདི་ཡིན་ཞིང་། ཚིག་དུམ་འདིས་ནི་སྔོན་མའི་གོམས་སྲོལ་དང་འགྲོ་ལུགས་བསྡོད་སྟངས་མང་པོ་ཞིག་ལ་དོགས་སློང་བགྱིས་པར་བསྟུན། བོད་མི་གསེར་འདྲ་རི་འདྲ་དག་ལ་ཕོག་ཐུག་བློས་མི་དཔོག་པ་ཞིག་བཟོས་མོད། དེ་མ་ཐག་བླ་འདར་རུས་གཟེར་བའི་འཕོ་འགྱུར་བསམ་དུ་མེད་པ་ཞིག་བྱུང་བ་དེས། ཁྱེད་ཀྱིས་བཤད་པ་འགའ་ཞིག་ལ་མངོན་སུམ་དུ་ར་སྤྲད་པ་ལྟ་བུར་སོང་བས། བསྐྱར་དུ་ཁྱེད་ལ་གདེངས་འཇོག་གཞན་དང་མ་འདྲ་བ་ཞིག་བྱེད་དགོས་བྱུང་བ་རེད། དེ་སྔོན་ལྟར། རྫོགས་ལྡན་གྱི་དུས་ལ་རེ་བ་སྨོན་ལམ་ཙམ་གྱིས་འཚོ་ཐུབ་པ་ཡིན་ན། ཁྱེད་ནི་སྔོན་གྱི་མཁས་པ་དག་གི་ཁྲོད་ནས་ཅི་ཡང་མིན་མོད། ལས་མ་འཕྲོད་པ་ཞིག་ལ་མཐར་ཁྱེད་ཀྱིས་ཐར་བའི་ལམ་དོར་ནས་འཚོ་བའི་བརྡབ་གསིག་གི་ཕྱོགས་སུ་སྐད་བཏོན་པ་དེར་གཞོན་ནུ་ཅག་གིས་རྗེས་དྲན་ཞུ་དགོས་བྱུང་བ་རེད། དེའི་རྒྱུ་མཚན་ནི་གཞན་མིན་ཏེ། གཞོན་ནུ་ཁོ་ཚོས་ད་ལྟ་བསམ་བློའི་འཐབ་རྩོད་བྱེད་པ་ནི། འཚོ་གནས་ཀྱི་འཐབ་རྩོད་ཡིན་ཕྱིར། ཁོ་ཚོས་ཁྱེད་ལ་ཕྱིར་དྲན་བྱེད་པ་ནི་རྡོ་འོག་ནས་ཉམ་ཆུང་བའི་འཚོ་གནས་འཐབ་རྩོད་ཀྱི་མྱུ་གུ་ཐོག་མར་རྙེད་མཁན་ཡོངས་ཁྱབ་ཏུ་ཁྱེད་ཡིན་པར་འདོད་པ་དེས་བསླུས་པ་འདྲའོ།།
   གཞན་སྐད་དུ། ད་ལྟ་དོང་ཆུ་འཐུང་སྐབས།། སྔོན་མར་ཁྲོན་པ་རྐོ་མཁན་མ་བརྗེད་ཅེས་པ་ལྟར་རེད་ནི་རེད་མོད། ཁྲོན་པ་རྐོ་མཁན་དྲན་པ་ཙམ་གྱིས་གར་ཡང་མི་ཕྱིན་པས། ཁྲོན་པ་རྐོ་མཁན་གྱི་སྙིང་སྟོབས་བསླབ་པར་བྱ་བའི་ཆེད་དུ་ཡིན་ན་ནི་དོན་གལ་ཆེན་དུ་སེམས་སོ།།
 
རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་ཀྱི་ཟུར་ཞིག་དྲན་ཚེ།

2011-09-27 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།