མཚོ་མོ།
སྟེས་དབང་གི་བགོ་སྐལ་ཞིག་གིས་ང་དང་ངའི་གྲོགས་པོ་ཚོ་གྲོང་ཁྱེར་ཧྲན་ཞི་ལ་ལྗོངས་རྒྱུར་འགྲོ་བའི་གོ་སྐབས་བཟང་བོ་ཞིག་ལྡན་བྱུང༌། ཀྱག་ཀྱོག་གི་ལམ་ཕྲན་རེ་རེ་སྦྲུལ་གཟུགས་མེ་འཁོར་གྱི་ཞབས་ཟུང་གི་འདོམ་པས་འཇལ་ནས་ཚང་ཚིང་གཡུ་ལོའི་ནགས་ལྗོངས་ཀྱི་ཚལ་དང༌། གྲུ་བཞིའི་ཁང་ཁྱིམ་གྱི་སྟར་ཕྲེང་རེ་རེ་འཁྲིས་སུ་བསྐྱུར་ནས་རེ་ཞིག་ཁོད་སྙོམ་ཞིང་མཐའ་ཡས་པའི་དཀྱིལ་དབུས་ན་བ་གམ་ཁང་བརྩེགས་ནམ་མཁའི་མཐོངས་སུ་གཡང་གཟར་བྲག་རི་མཁའ་རུ་ཟུག་པ་ལྟ་བུའི་གྲོང་ཁྱེར་ཧྲན་ཞི་ལ་ཐོན་བྱུང༌།
ཉིན་འགའི་འཆར་གཞིའི་ལྗོངས་རྒྱུའི་དུས་ཚོད་ནི་སྐད་ཅིག་གི་དུས་ཡུན་ཁྲོད་དུ་འདས་ནའང༌། ངས་ཆེས་བརྗེད་པར་དཀའ་ཞིང་ངར་དྲན་ཤིང་ཟབ་མོ་འཇོག་མཁན་ནི་ང་ཚོ་དགོང་མོར་སྡོད་སའི་མགྲོན་ཁང་གམ་དུ་བོད་པའི་གྱོན་ཆས་ཁང་ཞེས་སྒོ་བྱང་མིག་ལ་མཛེས་ཤིང་བོད་རིགས་ཀྱི་ཁྱད་ཆོས་མངོན་པར་མཚོན་པའི་ཚོང་ཁང་དེའི་བདག་མོ་མཚོ་མོ་ལགས་རེད།
ཚོང་ཁང་འདིའི་ནང་དུ་ཚོང་སྣ་མི་གཅིག་པའི་ཚོང་རྫས་མང་པོ་གྲ་དག་ཅིང་གྲལ་འགྲིག་པ།གཞན་མིའི་སེམས་སུ་ཉོ་འདོད་ཀྱི་འདུན་པ་ཅིག་ཅར་སྐྱེས་ཤིང༌། གྱོན་གོས་གང་རུང་ཞིག་མ་ཉོས་ན་ཚོང་ཁང་དང་ཁ་བྲལ་མི་འདོད་པའི་སྣང་བ་བཅོས་མིན་ཞིག་སྟེར་བ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཚོང་ཁང་དེའི་ཚོང་སྒོ་ཕྱེ་ནས་ལོ་གསུམ་ལྷག་ལས་འགོར་མེད་ནའང༌། ཉོ་མཁན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཡར་འགྲོ་མར་འོང་གི་གོམ་སྒྲ་ནམ་ཡང་འཇག་གི་མེད་ཚུལ་བཤད། ཁོ་མོར་ཚིགས་དྲུག་སྨྱུག་མ་འདྲ་བའི་གཟུགས་རིས་དང༌། སྒོར་སྒོར་ཨ་ལོང་ལྟ་བུའི་ཞལ་རས། ཁ་འཇམ་བརྩི་སྒོ་ཆེ་བའི་གཞུང་དྲང་བུ་མོ་མཛངས་མ་ཞིག་གི་ཡོན་ཏན་ཀུན་ནས་ཚང་བ་ཐག་གིས་བཅད་ཆོག
ཡིན་ཡང་ངས་བརྗེད་ཐབས་མེད་ཅིང་ང་ལ་དྲན་ཤིང་འཇོག་དོན་ནི་སྔོན་བསགས་ཀྱི་ལས་དབང་བཟང་བོའི་མཐུ་ནུས་ཤིག་ཡིན་པ་ལས། རྒྱུ་རྐྱེན་མེད་པར་ཚོད་ཚོད་ལ་གླེང་གཞི་འདི་འདྲ་བ་ཞིག་ཤོད་པ་ག་ལ་ཡིན་ཏེ། རྒྱུ་མཚན་ནི་ཉིན་ཞིག་ལ་ང་རང་ཕྱི་རོལ་དུ་མཁོ་གལ་ཆེ་བའི་དངོས་ཟོག་འགའ་ཉོ་རུ་འགྲོ་སྐབས། ངའི་མིག་མདུན་དུ་ཐོལ་བྱུང་མཚོ་མོའི་གཟུགས་རིས་མངོན་ཞིང༌། མོ་རང་ལས་གྲོལ་གྱི་དུས་ལ་སླེབས་ནས་ཕྱི་སྒོ་གཏན་སྐབས། ཕྱི་སྒོའི་ལྕགས་དྲ་ཅུང་མཐོ་བས། མོས་ཕྱི་རྟིང་ཡར་བཀྱགས་ཤིང་ལག་པ་གནམ་ལ་བསྲིངས་ནའང༌། ལྕགས་དྲ་མར་འཐེན་ཐབས་མ་བྱུང་བའི་སྐབས་ཏག་ཏག་ལ་སྟེས་དབང་གིས་ངའི་གོམ་ཁ་དེའི་ཕྱོགས་སུ་མི་བསྒྱུར་རང་དབང་བྲལ་ཞིང༌། ང་རང་ཡར་གནམ་ལ་མཆོངས་ཐེངས་གཅིག་གིས་ལག་པས་ཟིན་ཞིང་ཟྭ་རྒྱག་གྲབས་བྱེད་སྐབས། ཁོ་མོའི་འཛུམ་ཆུང་མེ་ཏོག་འདྲ་བོ་ངའི་ཕྱོགས་སུ་བཞུད་པ་དང༌། ང་རང་ཡང་བརྩེ་བས་བཅངས་པའི་གཡུ་སྦྲང་ཞིག་གི་ཚུལ་དུ་བརྫུས་ནས་ཁོ་མོའི་ཐག་ཉེ་སར་བཏུད་པར། མོས་ང་ལ་རྒྱ་སྐད་ཀྱི་ལམ་ནས་བཀའ་དྲིན་ཞུས་བྱུང༌། ངས་ཕྱིར་ཁོ་མོར་བོད་སྐད་ཀྱི་ལམ་ནས་བཀའ་དྲིན་ཞུ་མི་དགོས། ཚང་མ་རིགས་རྒྱུད་གཅིག་ཡིན་ཚུལ་གྱི་ལན་ལྡོན་སྐབས། མོ་རང་ཡ་མཚན་ནས་ཁྱོད་རང་ཡང་བོད་པ་ཞིག་ཡིན་ནམ། མི་གྲངས་མང་ཞིང་གྲོང་ཁྱེར་ཆེ་བའི་གནས་འདི་རུ་འདི་ལྟར་སྟེས་དབང་གི་རླུང་བུ་ཞིག་གིས་གནས་འདིར་དེད་ནས་ཁ་ངོ་མི་ངོ་འཕྲད་པ་ངོ་མ་རང་བྱུང་གི་ལས་དབང་རེད། ཞར་དུ་ཕན་ཚུན་གྱི་མིང་དང་ས་ཆ་སོགས་མགོ་རྔ་མི་ཚང་བའི་བརྩེ་ཞེན་གྱི་སྐད་ཆ་མང་པོ་ཞིག་དུས་ཚོད་ཕྱེད་ལྷག་ལ་ཁ་བརྡ་བྱས་རྗེས། རེ་ཞིག་ཕན་ཚུན་གྱི་ཁ་པར་ཨང་གྲངས་གསལ་བོར་བྲིས་ནས་སོ་སོར་གྱེས་པ་ཡིན།
ང་རང་ཕྱིར་མགྲོན་ཁང་དུ་ལོག་ནས་སྟོང་འདང་དང་བསམ་གཞིག་མང་པོའི་རྐྱ་འཐབ་སྟེ་སྨྲ་བཅད་ངག་བསྡམས་ནས་སྡོད་སྐབས། ངའི་གྲོགས་པོ་རེ་འགས་ཁྱོད་ཀྱི་སྙུང་གཞི་མི་བདེའམ་ཡང་ན་ཞེས་ང་ལ་དྲི་བ་འགའ་འཕངས་པར། ངས་ཀྱང་ཅི་བཤད་འདི་བཤད་མེད་པར་ཅང་མ་རེད།ཅང་མ་རེད། གློ་བུར་དོན་དག་ཞིག་གིས་རྒྱ་རུ་དྲངས་པ་རེད་ཅེས་བཤད་པ་ཡིན།
ཕྱི་ཉིན། སྔ་མོར་ཡར་ལངས་ནས་ངའི་གྲོགས་པོ་ཚོར་དོན་ཆུང་ཞིག་ཡོད་ཚུལ་བཤད་དེ་མཚོ་མོའི་ཚོང་ཁང་གི་ཕྱོགས་སུ་གོམ་འགྲོས་བསྒྱུར་བ་ན། མོས་ཀྱང་སྔ་མོ་ནས་སྒྲ་དམའ་མོས་བོད་ཀྱི་འཇམ་སྙན་རོལ་དབྱངས་ཤིག་གྲགས་སུ་བཅུག་པ་མ་ཟད། བཟང་དྲུག་བོད་སྤོས་ཀྱི་དྲི་མས་ཡོངས་སུ་ཁེངས་པར་བྱས་ནས་སྤུས་ལེགས་ཅ་དག་བསྒྲིགས་པའི་ལྭ་བའི་ཐོག་ཏུ་ལག་ཕྱིས་དཀར་གཙང་ཅན་ཞིག་གིས་རིམ་བཞིན་གཏག་གིན་འདུག
ངས་སྐད་ཆའི་གང་ནས་མགོ་བརྩམས་དགོས་པའང་མ་ཤེས་པར་ལག་པས་མགོའི་སྐྲ་གསེང་ལ་འཕྲུག་ཙམ་འཕྲུག་ཙམ་བྱས་ཏེ་ཚོང་ཁང་གི་ཡོང་སྒོའི་ཕྱོགས་དང་ཁོ་མོས་གནས་འདི་ག་ཞིག་ནས་བོད་པའི་ཚོང་ཁང་ཞིག་ཕྱེས་པའི་ཀུན་སློང་སོགས་དྲིས་པར་ཁོ་མོས་ཕྱིར་ང་ལ་ལན་དྲང་བོ་ཁ་གསལ་གོ་བདེའི་ངང་བཤད་པར་སྐད་ཆ་རྣམས་གཅིག་ཏུ་དྲིལ་ན་ཕྱོགས་གསུམ་དུ་འདུ་སྟེ།དང་པོ་ནི་སྔོན་ཆད་ངའི་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་སྟབས།སློབ་གྲྭ་འགྲོ་འདོད་རུང༌། སློབ་ཡོན་གྱི་ཕྱོགས་ནས་དཀའ་ཁག་ཆེན་པོ་ཡོད་པས་དམའ་འབྲིང་ཡང་སློབ་མཐར་མ་ཕྱིན་པར་སློབ་བྱོལ་བྱས་ཏེ་ཁྱིམ་ནས་ཕ་མར་ཙག་ཙིག་གི་ལས་ཀར་རོགས་འདེགས་དང་ཕྱོགས་གཞན་ཞིག་ནས་ཨ་ཕའི་ཤན་ཤུགས་ཀྱི་དབང་གིས་ལྭ་བ་འཚེམ་བཟོ་བྱེད་པར་སློབ་སྦྱོང་བྱས་པ་ཡིན། ཕྱིས་སུ་ཕ་མའི་དྲི་མེད་ཀྱི་ཐུགས་ཁུར་དང་གཉེན་ཉེ་འབྲེལ་སོགས་ཀྱི་རྒྱབ་སྐྱོར་འོག་ནས་ཐོག་མར་རྫོང་ཐོག་ནས་གཞི་རྒྱ་ཧ་ཅང་ཆུང་བའི་ཚོང་ཁང་ཞིག་ཕྱེ་བར་རྩིས་ལ་བྱང་ཆ་མེད་པས་ཉམས་མྱོང་ཞན་པ། མི་རིགས་གཞན་གྱི་སྐད་བརྡའི་ཐད་ལ་རྨང་གཞི་མེད་ཁར། ཕན་ཚུན་གོ་བརྡ་སྤྲོད་མི་ཐུབ་པའི་དཀའ་ཁག་མང་པོ་ཞིག་གིས་ང་ལ་སྡུག་གི་མིག་ཆུ་དང་འགྱོད་པའི་དབུགས་རིང་ཡང་གང་མང་བཟོས། ཡིན་ཡང་ལོ་འགའི་ཞུམ་མེད་ཀྱི་སྙིང་སྟོབས་དང་ཟད་མེད་ཀྱི་འབད་འབུངས་འོག་ནས་ཉོ་མཁན་མང་པོས་ཡི་རང་དང་གདེང་འཇོག་ཀྱང་མི་བཟང་རྒྱུ་མེད་སྟབས། ཚོང་རྫས་ཅུང་བྲིན་ལ། ཚོང་ལས་ཞེས་པའི་ལས་རིགས་འདིར་དགའ་བའི་དང་གའང་ཐོག་མར་ཕྱེ་ཞིང༌། ཚོང་ལས་ལ་འབྱར་ནས་བློ་སྤོབས་བསྐྱེད་པའི་སྦྱོང་བརྡར་ཡང་རིམ་བཞིན་ཐོབ་པས།༢༠༠༢ལོར་གྲོང་ཁྱེར་འདིར་གནས་སྤར་བ་ནས་ད་བར་དུ་ང་གཅིག་པུས་ཚོང་ལས་གཉེར་བ་ཡིན། ཡིན་ནའང་དང་ཐོག་གནས་འདིར་ཐོན་དུས་ཉོ་མཁན་མེད་པ་མ་ཟད་ལྟ་མཁན་ཡང་མེད་པས། ཉིན་མང་པོ་ཞིག་ལ་སྐར་གང་གི་ཡོང་སྒོ་ལས་སྒོར་འགའ་ཡི་འགྲོ་སྒོ་མང་རྐྱེན་ཉོ་མཁན་ཉུང་ཞིང་ཚོང་ཧ་ཅང་མི་བྲིན་པ་རེད། ཡིན་ནའང་དུས་ཡུན་ངེས་ཅན་ཞིག་གི་འབད་བརྟུན་དང་རྒྱུན་བརྩོན་གྱི་སེམས་ཤུགས་དྲག་པོ་ཞིག་གིས་རིམ་བཞིན་ཉོ་མཁན་རེ་གཉིས་ནས་ཉོ་མཁན་རེ་འགའ། དེ་ནས་ཚོང་ཟོག་ཉོ་བའི་འཛད་སྤྱོད་པ་ཇེ་མང་དུ་སོང་ལ། ཇེ་མང་ཡིན་པའི་རྒྱུ་རྐྱེན་ཡང་ཚོང་ཁང་ནང་ཡོང་ཡོང་ཐམས་ཅད་ཀྱི་འཛད་སྤྱོད་པར་ཁམས་བདེ་འཚམས་འདྲི་དང་ལྷན་ཅིག་ཏུ་མི་རིགས་འདིའི་གྱོན་གོས་ཀྱི་དགེ་མཚན་མང་པོ་སྦྲགས་སྐད་འདྲེས་མས་ལྷུག་པོར་བཤད་ཅིང༌། རིན་གོང་བདེ་ཚུལ་དང་སྤུས་ཀ་ལེགས་པའི་ཡོན་ཏན་མང་པོ་ཡག་ཐོག་ཡག་བརྩེགས་བྱས་ནས་ཉོ་མཁན་མང་པོའི་ཡིད་སེམས་བྱ་རྒྱལ་རྒོད་པོ་བཅོས་མིན་དུ་དྲངས་ཅི་ཐུབ་བྱས་པ་ཡིན།
གཉིས་ནི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་ནི་གནའ་ནས་བཟུང་རིན་ཐང་བྲལ་བའི་ཡིད་བཞིན་ནོར་བུ་ཞིག་དང་ཀུན་ནས་མཚུངས་སྟབས། དམངས་སྲོལ་ལམ་ཡུལ་སྲོལ་དང་དམ་དུ་འབྲེལ་བའི་གྱོན་གོས་རིག་གནས་འདི་ཡང་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་གཏོགས་ཡིན་ཁར། གྱོན་གོས་ཉོ་འཚོང་དང་གྱོན་གོས་བཟོ་ལས་འདི་ཉིད་ཀྱང་ཆེས་རྩ་ཆེན་དང་གཞན་མཚུངས་མ་ཡིན་པའི་ཁྱད་ཆོས་འབའ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཀུན་སློང་འདི་ལྟ་བུ་ཞིག་སྐྱེས་པ་ཡིན།
གསུམ་ནི་གྲོང་ཁྱེར་གྱི་འཛད་སྤྱོད་པ་མང་པོ་ཞིག་ནི་ཞིབ་འཇུག་དང་ཉམས་ལེན་ལ་དགའ་ཞིང༌། ལད་ཟློས་དང་ལོངས་སྤྱོད། ཞིབ་འཇུག་ལ་མོས་པས་ཉོ་མཁན་གྱི་གྲངས་ཀ་ཇེ་མང་ནས་ཇེ་མང་ཡིན་པའི་རྐྱེན་གྱིས་ཚོང་གི་ཡོང་སྒོའང་ལོ་རེར་བསྡུར་ན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཚོང་ལས་ཀྱི་ཕྱོགས་ལ་ནམ་ཡང་ཤི་འཐམ་རོ་འཐམ་ཞིག་བྱེད་པའི་སེམས་པ་སྐྱེས་མྱོང༌།
རེད་ཡ། གོང་གསལ་གནད་འདི་དག་གིས་ང་རང་རང་དབང་མེད་པར་བུ་མོ་མཚོ་མོའི་ཡོད་ཚད་ལ་དུང་དྲགས་ཤིང༌། ལྷག་པར་དུ་ཐུན་མིན་གྱི་ཆེས་མཐོའི་བསམ་བློ་ཕུགས་རྒྱང་ཅན་དང་མཐོང་རྒྱ་ཆེ་བའི་རང་གཤིས་སྒེར་ཚུགས་ཅན་དེར་ཡིད་སྨོན་འཆོར་སོང༌། འདི་ནི་རང་སྟོབས་རང་སྤེལ་གྱི་ནུས་པ་ཁྱད་མཚར་ལས་ཐོན་པའི་བོད་པའི་བུ་མོ་མཛངས་མ་ཞིག་གི་དྲི་མེད་ཀྱི་ཕུགས་བསམ་ཡིན་ལ།
འདི་ནི་དཔའ་ངར་ལ་གདོང་གཏུག་ཕོད་པའི་གསར་སྐྱེས་ཀྱི་ན་གཞོན་བུ་མོ་ཞིག་གི་མ་བཅོས་སེམས་ཀྱི་སྤོབས་པ་རེད།
ཡིད་ཆེས་དང་སྙིང་སྟོབས་འདི་ལས་ང་ལ་གོ་སྐོན་སློབ་གསོ་ལས་གཏིང་ཟབ་པའི་གནས་ལུགས་ལེགས་པོ་ཞིག་གནངས་བྱུང་ཞིང༌། བརྩོན་པ་དང་ལག་ལེན་ཁྲོད་ནས་ང་ལ་ཁ་ཏ་དྲོན་མོས་འགྱེལ་མི་སྲིད་པའི་ངར་ཤུགས་གསོན་པོ་ཞིག་གནངས་བྱུང༌།
རེད་ལགས། དུས་རབས་འདི་རུ་ཁྱེད་དང་ཁྱེད་ལྟ་བུ་སོས་ཀའི་ཙོང་ཕྲུག་སྐྱེས་པ་བཞིན་མོད་པོ་ཞིག་ཡོད་ཚེ།ང་ཚོ་ལས་རིགས་གང་ལས་ཀྱང་རྒྱལ་ཁ་ལས་ཕམ་ཁ་གང་ན་ཡོད་སྲིད། ཁྱེད་ནི་ནམ་ཡང་མི་རིགས་འདིའི་གདུང་འདེགས་ཀྱི་ཀ་བ་ཉན་སྲིད་པས།
བརྩོན་སེམས་ཀྱི་ཕུར་བ་ཁྱོད་ལ་མངའ།
སྡུག་རུས་ཀྱིས་གོམ་འགྲོས་ཁྱོད་ལ་ལྡན།
ངས་ཆེས་བརྗེད་མི་ཐུབ་པའི་བོད་རིགས་བུ་མོ།
ང་ལ་ཆེས་ལྕི་སྣང་སྟེར་བའི་དྲན་ཤིང་གོར་མོ།
རྩོམ་ཁུངས། ངེད་དྲ་བ།