ཁ་བ།

ལྗང་གཞོན་ཕུར་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-05

  གངས་བབས་འདུག་ཅིས་པའི་སྐད་སྒྲ་ཞིག་ཐོས་བྱུང་བས་། དེ་མུར་ཁ་བས་གཡོགས་པའི་སློབ་གྲྭའི་མཛེས་ལྗོངས་ལ་ལྟ་འདོད་ཀྱི་འདུན་པ་དྲག་པོ་ཞིག་གིས་ང་དྲོ་སོབ་སོབ་ཀྱི་མལ་ལས་བསླངས་ནས་སྒོ་ཕྱིར་ཁྲིད་བྱུང་།
ཁང་པ་དང་ནེའུ་གསིང་ སྤང་ལྗོངས་ ལྗོན་པ་ རི་བོ་ རྒྱ་ལམ་ལ་སོགས་ཡོད་ཚད་འབྱུང་བ་འཁྲུག་པ་ལས་བྱུང་བའི་ལྭ་དཀར་ཞིག་གིས་བརྒྱན་འདུག་།དེ་ནི་དཔྱིད་དཔལ་གྱི་རྟེན་འབྲེལ་ཐོག་མ་དང་། སོ་ནམ་པ་རྣམས་ཀྱི་རེ་བ་ཡིན་པས་། གོམ་པའི་འདེགས་འཇོག་ཁ་བའི་སྟེང་དུ་སྤོས་ནས་སོང་ཚེ་། སྤྲིན་དཀར་གྱི་འདབ་མའི་ཐོག་སྐྱོད་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ལ་། རྐང་འོག་ནས་ཀྲེག་ཀྲེག་ཅེས་པའི་སྒྲ་ཞིག་ཐོན་པ་དང་། ལྷན་དུ་རྐང་པ་སྦེར་སྦེར་གྱི་ཚོར་བ་ཞིག་སྟེར་གྱིན་འདུག་།
  སློབ་རྭའི་ཕྱོགས་གང་སར་ཁོར་ཡུག་མཛེས་བྱེད་དུ་བཏབ་པའི་ཐང་ཤིང་དང་། ཤུགས་པ་ལ་སོགས་དུས་བཞིར་སྔོན་པོར་གནས་ཐུབ་པའི་ལྗོན་པ་རྣམས་ཀྱང་དཀར་པོའི་གངས་ཀྱིས་བཏུམས་ཡོད་པས་། ལ་ལ་དུང་དཀར་གྱི་མཆོད་རྟེན་དང་འདྲ་ཞིང་ལ་ལ་ཤོག་བུའི་ཁང་པ་འདྲ་། གཟིགས་དང་སྤངས་ལྗོངས་ཀྱི་ཁྲོད་གངས་རྩེད་རྩེ་མཁན་གྱི་གཞོན་ནུ་ཕོ་མོ་རྣམས་ནི་ཕལ་ཆེར་རྗེས་དྲན་གྱི་དོན་སྙིང་ཟབ་པའི་བྱིས་དུས་སུ་ལོག་པ་འདྲ་། ཁོ་ཚོས་གངས་སྙིམ་པོར་བསྒྲིལ་ནས་གཞུ་རེས་བྱེད་པ་ནི་གཅིག་བྱས་ན་རང་གི་ལུས་ཐོག་ཏུ་འགོས་པའི་ཐལ་བ་བདག་བྱེད་དང་། ཕ་རོལ་ལ་འཕེན་པའི་གངས་རིལ་གྱི་ཁྲོད་དུ་དྭངས་ཤིང་གཙང་ལ་ཆེས་ཆུང་བའི་བརྩེ་དུང་གི་གངས་ཆུ་ཕྲ་མོ་ཞིག་ཀྱང་འདྲེས་ཡོད་ངེས་རེད་། ཁོ་ཚོས་ཕན་ཚུན་གངས་གཞུ་རེས་བྱ་སྐབས་ཕར་གཡོལ་ཚུར་གཡོལ་བྱེད་པ་ནི་ལུས་པོ་མཉེན་ཞིང་ལྡེམ་ལ་སྟངས་སྟབས་ཀྱི་མཁས་པའི་དྲི་ཟའི་བུ་མོ་ཞིག་གིས་གར་བྱེད་པ་དང་གཉིས་སུ་མ་མཆིས་། ཁོ་ཚོས་གལ་ཏེ་སེམས་མཐུན་པའི་བུ་དང་བུ་མོ་གང་ཞིག་གི་འཕེན་ན་ཡང་གཡོལ་བར་མི་བྱེད་པ་མ་ཟད་ཕང་སེམས་སྤུ་ཙམ་མེད་པའི་སྒོ་ནས་རང་གི་ལུས་པོ་འབེན་དུ་འཛུགས་ཀྱང་བྱེད་།
  ས་གཞི་ཆེན་པོ་གངས་ཀྱི་གཡོགས་པ་བཞིན་ང་ཚོ་ཡང་། ད་ཆ་སྐྱིད་སྡུག་འདྲེས་མའི་སློབ་གྲྭའི་འཚོ་བར་རོལ་བཞིན་ཡོད་ནའང་རང་གི་གི་ལས་འགན་ལེགས་གྲུབ་ཟིན་རྗེས་དེ་རིང་གི་གངས་འདི་བཞིན་དཀར་ལ་ལྷད་མེད་ཀྱི་སེམས་ཁམས་ཤིག་ཁྱེར་ནས་བསིལ་ལྗོངས་ཀྱི་སློབ་གསོའི་གྲུ་ཁ་རེར་འབབ་ངེས་རེད་། ངས་དེ་ལྟར་བསམས་བཞིན་པའི་སྐབས་དེར་སློབ་ཐུན་ཚོགས་པའི་ཅོང་སྒྲ་བསྒྲགས་བྱུང་བས་གོམ་ཁ་དེ་ཡང་སློབ་གྲོགས་དང་མཉམ་དུ་སློབཁང་ཕྱོགས་སུ་སྤོས་པ་ཡིན།  
      ༢༠༡༡ལོའི་ཟླ་བ་༣པའི་ཚེས་༧ཉིན་མལ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ།

2012-10-05 ལྗང་གཞོན་ཕུར་རྒྱན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།