བྱང་ཆུབ་ཀྱི་སེམས།
ང་རང་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས། སྔོན་བྱོན་བོད་ཀྱི་མཁས་གྲུབ་རྣམས་ལས་གླང་རི་ཐང་པ་ཚང་ལ་ཧ་ཅང་དགའ་བོ་དང་དད་མོས་བྱེད་ཀི་ཡོད། ངས་ཁོང་ལ་འདི་ལྟར་དམིགས་བསལ་གྱིས་དགའ་མོས་བྱས་པའི་རྒྱུ་མཚན་ནི་ང་རང་ཉིད་ཀྱིས་ཀྱང་གསལ་བོར་བཤད་ཤེས་ཀྱི་མེད། གཅིག་བྱས་ན་ངེད་ཀྱིས་དེ་སྔོན་ཁོང་གི་རྣམ་ཐར་དང་བརྩམས་ཆོས་རེ་འགའ་མཇལ་མྱོང་བ་དེའི་རྐྱེན་ཡིན་སྲིད་ནའང་ཐང་། གང་ལྟར་ངེད་ཀྱི་སེམས་ལ། གལ་ཏེ། བྱང་ཆུབ་སེམས་དཔའ་ཟེར་བ་ཞིག་ཡོད་ན་ཁོང་ལྟ་བུ་ལས་གཞན་ཅི་ཡོད་སྙམ་པའི་ཡིད་ཆེས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་དང་སྐྱེ་བཞིན་ཡོད། ལ་ལས་བཤད་ན། ཁོང་ནི་སའི་སྙིང་པོའི་སྤྲུལ་པ་ཡིན་པར་བཤད་ལ། སྐད་ཆ་འདིས་ང་ལ་བག་ཆགས་ཡན་གར་བ་ཞིག་སྟེར་སོང་བའི་གནས་ཚུལ་གང་ཡང་དྲན་གིན་མི་འདུག
བོད་ཀྱི་བླ་མ་ཡོད་ཚད་ཀྱི་༼རྣམ་ཐར་༽ལས། དག་ཞིང་དུ་སྐྱེ་རྒྱུའི་སྨོན་ལམ་འདེབས་པ་ཤ་སྟག་ལས་དམྱལ་བར་སྐྱེ་བའི་སྨོན་ལམ་འདེབས་མཁན་ནི་ཧ་ཅང་དཀོན་ཞིང་། དེ་ཡང་མཐར་ཐུག་ན་སེམས་བསྐྱེད་ཀྱིས་མ་འདང་བ་ཞིག་ཡིན་སྲིད་དམ་སྙམ། གཞན་གནད་དོན་ཆེ་ཤས་ཤིག་ནི་མཁས་མཆོག་བླ་མེད་རྣམས་ཀྱི་༼རྣམ་ཐར༽་ཁག་ལས་རང་རང་གི་སྐྱོན་འགེབས་ཅི་ཐུབ་དང་ཡོན་ཏན་ཅི་ངོམ་བྱེད་པ་ལས། རང་གི་སྐྱོན་མཚང་འདོན་པའི་ངང་ཚུལ་ནི་མི་ལ་རས་པ་དང་གླང་རི་ཐང་བ་ལྟ་བུ་རེ་གཉིས་ལས་མེད།
གླང་རི་ཐང་བ་རྡོ་རྗེ་སེང་གེ་ནི། བོད་དབུས་ཀྱི་འཕན་ཡུལ་གཉན་གོང་གསེར་མ་ཤོངས་སུ་རབ་བྱུང་དང་པོའི་ཤིང་ཕོ་རྟ་ལ་༼སྤྱི་ལོ་1054----1123་བར་ཡིན༽འཁྲུངས་ཤིང་། རབ་བྱུང་གཉིས་པའི་ཆུ་ཡོས་ལོར་འདས། ཁོ་རང་གི་ཞང་བོ་བཤེས་གཉེན་གྲོག་མོ་མཁར་བ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་སེང་གེར་བཏགས། བཤེས་གཉེན་པོ་ཏོ་བ་དང་དགེ་བཤེས་སྣེའུ་ཟུར་པ་སོགས་ལས་བཀའ་གདམས་གཞུང་དྲུག་སོགས་སྦྱངས། པོ་ཏོ་བ་གཤེགས་ཁར་དགེ་བཤེས་གླང་ཐང་པ་ལ་ཁྱེད་གནས་གཅིག་ཏུ་མ་བཞུགས། དངོས་པོ་ཅི་ཡང་བདག་གིར་མ་འཛིན། དེ་གཉིས་སེམས་ལ་ཞོག་གསུང་།
བླ་མ་རྡོ་རྗེ་གདན་པས་ཁྱུང་པོ་རྣལ་འབྱོར་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་ལས་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་པ་ལྟར་དགེ་བཤེས་གླང་ཐང་པས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཁན་པོ་མཛད་དོ།། སྤྱི་ལོ་1093ལོར་གླང་ཐང་པས་གླང་ཐང་དགོན་བཏབ།
ལན་ཅིག་གླང་ཐང་པས་སློབ་མ་རྣམས་ལ་ཆོས་གསུང་པའི་སྐབས་སུ་ཁོང་གི་སློབ་མར་གྱུར་བའི་བཟའ་ཚང་ཁྱོ་ཤུག་གཉིས་ལ་བུ་མོ་མཛེས་མ་ཞིག་ཡོད་པ་དེས་བུ་ཆུང་སྐྱེས་མ་ཐག་ཅིག་བསྐྱལ་འོངས་ནས། འདི་ཁྱེད་རང་གི་བུ་ཡིན་ནོ།། ངས་མི་གསོ་ཟེར་ནས་ཁོང་གི་པང་དུ་བཞག་ནས་བཞུད། ཁོང་གིས་དེ་ལ་ཞལ་ངོ་འགྱུར་བ་ཙམ་ཡང་མེད་པར་བྱིས་པ་དེར་གཟིགས་ནས་སྙིང་རྗེ་ཟེར་བ་ལས་ཅི་ཡང་མ་གསུངས། དེ་ནས་འོ་མ་ལྡུད་མཁན་གྱི་མ་མ་ཞིག་བཙལ་ཏེ་རང་གི་བུ་ཙ་ནང་བཞིན་ཡག་པོ་བསྐྱངས། དེ་དུས་ཁོང་གི་སློབ་མ་འགའ་རེས་གླང་ཐང་བ་ལ་ལྐོག་ཏུ་ངན་བཤད་དང་མཚན་སྙན་ལ་གནོད་པའི་ལས་མང་དུ་བྱས་ཀྱང་། ལན་ཙམ་ཡང་མ་གནང་། དེ་ནས་བུ་དེར་ནར་སོན་པ་དང་ཆབས་ཅིག་སྔར་གྱི་མི་ཚང་གི་བུ་མོ་དེས་བུ་དང་བུ་མོ་རེ་གཉིས་ཤིག་བཙས་ཀྱང་རིམ་གྱིས་འདས། ཕྱིས་སུ་བུ་མེད་པས་མོའི་ཁྱོ་བོས་གླང་རུ་ཐང་བའི་མདུན་སར་འོངས་ཏེ། འགྱོད་བཤགས་དང་བཅས་བུ་དེ་ཕྱིར་གནང་དགོས་པའི་རེ་བ་བཏོན། གླང་ཐང་བས་སྙིང་རྗེ་ཟེར་ནས་བུ་དེར་ཕྱིར་ཁྱོ་ཤུག་གཉིས་ལ་སྤྲད།
དེ་ནས་སྔོན་གྱི་སློབ་མ་ཚོས་ཐོས་ནས་དེ་སྔ་ཅི་ལྟར་གསལ་བཤད་མི་གནང་ཞེས་སློབ་མ་མང་པོས་བློ་འགྱོད་ཀྱིས་ཞུས་པ་ན། ཁོང་གི་ཞལ་ནས། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །བྱ་བ་དང་། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་གསུངས་ཏེ་གལ་ཏེ་དེ་དུས་གསལ་བཤད་དང་བཀར་བཏགས་བྱས་ཚེ། ད་དུང་བྱང་ཆུབ་ཀྱི་སེམས་དེ་ཇི་འདྲའི་ཐག་རིང་པོ་ཞིག་ཨང་། ངས་༼བློ་སྦྱོང་ཚིག་བརྒྱད་མ་༽བརྩམས་པ་དེ་ཡང་དོན་མེད་རེད་ཨང་གསུངས་སོ།།
གོང་གི་ནང་དོན་དེ་ནི་ལོ་དགུ་བརྒྱའི་ཡར་སྔོན་དུ་བྱུང་བའི་ཆོས་པ་རྣམ་དག་ཅིག་གི་ལོ་རྒྱུས་ངོ་མ་རེད། གཤམ་དུ་ཡང་ངས་ཉེ་ཆར་བྱུང་བའི་གནས་ཚུལ་ངོ་མ་ཞིག་བཤད། དེ་ནི་ཉེ་ཆར་གྱི་སྤྲུལ་སྐུ་མིང་ཅན་ཞིག་དང་ནང་སའི་རྒྱ་མོ་གཉིས་བར་ནས་བྱུང་བའི་གནས་ཚུལ་ཞིག་རེད། ད་ཐེངས་བོད་ཀྱི་བླ་སྤྲུལ་དག་གི་མཚན་སྙན་དང་ལ་རྒྱར་བསམ་སྟེ། སྤྲུལ་སྐུ་དེའི་མིང་དངོས་འདིར་མི་འགོད་པ་ཡིན།
ངའི་གྲོགས་པོ་ཞིག་ཉེ་སྔོན་ནང་ལོག་ཅིག་ལ་སོང་ནས་ཕྱིར་ཁྲིན་ཏུའུ་ཡོང་ཁར། ལམ་བར་གྱི་གནམ་གྲུའི་སྟེང་ན་གཞོན་རྒྱ་མོ་སྦྲུམ་མ་ཞིག་དང་རྐུབ་སྟེགས་མཉམ་དུ་འཁེལ། རྒྱ་མོ་དེས་ངའི་གྲོགས་པོའི་གདོང་དང་ཚུགས་ཀ་བཅས་ལ་བལྟས་ནས་བོད་རིགས་ཤིག་ཡིན་པ་ཤེས་འདུག ཕན་ཚུན་གྱི་ཕ་ཡུལ་གང་ནས་ཡིན་པའི་འཚམ་འདྲི་སོགས་བྱས་ཏེ་ཁ་བརྡ་འདྲ་མིན་གླེང་། ཅུང་ཟད་ནས་རྒྱ་མོ་དེས་མིག་ཆུ་ཤར་ཤར་བཞུར་བ་དང་མཉམ་དུ། བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བཤད། མོས་བཤད་པ་ཡིན་ན། ལོ་གཉིས་ཀྱི་སྔོན་ལ་ཁྲིན་ཏུའུ་ནས་ཕེབས་པའི་སྤྲུལ་སྐུ་ཞིག་ངོ་ཤེས་པ་དང་། དེ་ཡང་གྲོགས་མོ་ཞིག་དང་བརྒྱུད་དེ་ངོ་ཤེས་པ་ཡིན། དེའི་སྔོན་ལ། བོད་ཀྱི་ཆོས་དང་སྤྲུལ་སྐུ་སོགས་གང་ལའང་རྒྱུས་མེད་འབྲེལ་བའང་མེད། ཡིན་ནའང་། ཐེ་ཝན་ནས་དཔར་དུ་བཏབ་པའི་བསོད་རྒྱལ་རིན་པོ་ཆེའི་༼西藏生死书༽་དང་། ཁྲིན་ཅན་མེ་དགེ་རྒན་གྱི་༼བོད་ཀྱི་གསང་སྔགས༽་བྱ་བའི་དཔེ་ཆ་གཉིས་བལྟས་མྱོང་བས། བོད་ཀྱི་ཆོས་དང་རིག་གནས་ལ་ཞེ་དྲག་དགའ་བོ་ཡོད། ལོ་གཉིས་ཀྱི་སྔོན་ལ་ཁྲིན་ཏུའུ་ན་རྒྱུན་བཞུགས་གནང་ཡོད་ཟེར་བའི་སྤྲུལ་སྐུ་ན་གཞོན་ཞིག་ཕེབས་པར་ངོ་ཤེས་སུ་གྱུར། སྤྲུལ་སྐུ་དེས་ཐོག་མར་ང་ལ་དམིགས་བསལ་གྱིས་དགའ་ཞིང་རང་གི་སྲིང་མོ་བཞིན་བརྩེ་མདངས་ཀྱང་ཤིན་ཏུ་ཆེ།
དེ་ནས་ཉིན་ཞིག་ལ། སྤྲུལ་སྐུས་འུ་གཉིས་ལ་སྔོན་གྱི་ལུང་བསྟན་ཡོད་པས། ཁ་སྦྱོར་རྫོགས་པ་ཆེན་མོའི་ཉམས་ལེན་དང་། ཐིག་ལེ་ཡར་འདྲེན་སོགས་ནི་རང་དང་མཉམ་དུ་བསྒྲུབ་དགོས་ཞེས་ལུས་འབྲེལ་བཞག སྐབས་དེར་ངས་ཀྱང་དོན་དག་མང་པོ་སེམས་ལ་མ་དྲན། གཙོ་བོ་ཐར་བའི་ལམ་རྙེད་ཐུབ་ན་ཅི་བྱས་ཀྱང་འགྲིག་འདུག་སྙམ་སྟེ། ལུས་སེམས་ཡོད་ཚད་སྤྲུལ་སྐུ་ལ་བཅོལ་བ་ཡིན། དེ་ལྟར་ལོ་གཅིག་ལྷག་ལ་མཉམ་དུ་བསྡད་པ་ཡིན། སྐབས་ཤིག་ལ་སྤྲུལ་སྐུས་དགོན་པའི་རྟེན་བཞེངས་བསྒྲུབ་དགོས་ཞེས་ཁྲིན་ཏུའུ་ལ་ཕེབས་སོང་། དེ་དུས་ང་ལ་མངལ་ཆགས་ནས་ཟླ་གཉིས་ལྷག་འགོར་ཡོད་པ་ཁོས་ཀྱང་གསལ་བོ་ཤེས་པ་ཡིན། དེའི་རྗེས་སུ་ཁ་པར་མང་པོ་བརྒྱབ་ཀྱང་དེ་རིང་པེ་ཅིན་དུ་ཡོད། སང་ཉིན་ཧྲང་ཧེ་ན་ཡོད་ཅེས་ཁོམ་གིན་མི་འདུག ངས་ཀྱང་དངོས་གནས་ཡིན་ནམ་བསམས་ནས་དོགས་པ་སོགས་ནི་མ་སྐྱེས། ཁེ་ཉིན་ཞིག་ལ་སྤྲུལ་སྐུར་ཁ་པར་མང་པོ་བརྒྱབ་པའི་རྗེས་སུ་བླངས་བྱུང་། ངས་སྤྲུལ་སྐུ་ལ་ད་ཟླ་གཅིག་ལྷག་འགོར་ན་ང་རང་བྱིས་པ་བཙའ་རན་སླེབས་ཡོད་པས། ཁྱེད་ཕེབས་དགོས་པའམ་ཡང་ན་སྒོར་མོ་བསྐུར་ཤོག་བཅས་ཐད་ཀར་བཤད་པ་ན། སྤྲུལ་སྐུས་ཁ་པར་ནང་ནས་ཁྱོད་ཀྱིས་ཅི་ཟེར་གིན་ཡོད་ཟེར། སྐད་ཆ་དེ་ཐོས་རྗེས་ངས་ཁོང་ཁྲོས་མ་བཟོད་ནས་སྤྲུལ་སྐུ་ལ་རྒྱུ་འབྲས་མེད་པ་ཞེས་ལན་བཏབ་པ་ན། སྤྲུལ་སྐུས་རྒྱ་སྐད་ཀྱིས་ང་ལ་ཁྱོད་ཤི་ཟེར་ནས་ཁ་པར་སྒོ་བརྒྱབ་སོང་། རང་གི་རྣ་ལའང་ཡིད་ཆེས་དཀའ་བའི་སྤྲུལ་སྐུའི་ཚིག་དེས་ང་རང་མུན་ནག་ནང་ལ་འཐིམས་ནས་དར་ཅིག་ལ་ལང་མ་ཐུབ་པ་བྱུང་། རང་ཤི་རྒྱག་བསམ་ཡང་ཁོག་ན་ཡོད་པའི་བྱིས་པ་ལ་འདང་བརྒྱབ་ནས་ཤི་ནི་མ་ཕོད། སྟབས་ལེགས་པ་ཞིག་ལ་སྤྲུལ་སྐུ་དང་ངེད་གཉིས་མཉམ་དུ་པར་གཅིག་བླངས་ཡོད་པས། ད་ཐེངས་ངས་ཆེད་དུ་ཁྲིན་ཏུའུ་ལ་སྤྲུལ་སྐུ་འཚོལ་དུ་འགྲོ་གིན་ཡོད། ཅེས་ཟེར་བྱུང་བས། ངའི་གྲོགས་པོས་བུ་མོ་དེ་ལ་གདུང་སེམས་སྐྱེས་པ་དང་མཉམ་དུ་པར་དེ་ལ་སུ་ཡིན་ནམ་བསམ་སྟེ་ཞིབ་ཏུ་བལྟས་པ་ཡིན་ཟེར། མ་བསམ་ས་ནས་ངེད་ཀྱི་གྲོགས་པོ་ནི་སྤྲུལ་སྐུ་དེ་གང་གི་ཡིན་པ་དང་དགོན་པ་སོགས་ཚང་མ་ངོ་ཤེས་ཀྱིན་འདུག འོན་ཏེ། འདི་ནི་བྱ་བཟང་གཏམ་བཟང་གི་ལས་ཤིག་མིན་པར། དེ་ལས་ལྡོག་སྟེ། བོད་རིགས་མི་དམངས་ཀྱི་བླ་བཙོང་དང་། སངས་རྒྱས་བསྟན་པའི་ཞབས་འདྲེན། ངོ་ཚ་ཁྲེལ་མེད་ཀྱི་དོན་དག་ཅིག་ཡིན་པས་རྒྱ་མོར་ངོ་ཤེས་ཚུལ་སོགས་ཀྱི་སྐད་ཆ་དྲང་མོ་བཤད་མ་ཕོད་ཟེར།
སྙིང་ཉེ་བའི་ཀློག་པ་པོ་ཚོ་ལགས། ངས་གོང་དུ་བཤད་པའི་གཏམ་རྒྱུད་དེ་གཉིས་ནི་དེང་རབས་བརྩམས་སྒྲུང་དང་གློག་བརྙན་འཁྲབ་གཞུང་སོགས་གང་ཡང་མ་རེད། གནའ་དེང་གི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་གནས་ཚུལ་གཉིས་རེད། ངས་འདིར་གང་འགྲིག་དང་གང་མི་འགྲིག་བཅས་ཀྱི་བཟང་ངན་གྱི་དཔྱད་འཇོག་མི་བྱེད་ལ། གནའི་ཆོས་པ་ཡོད་ཚད་ནི་གླང་ཐང་པ་ལྟ་བུ་ཤ་སྟག་རེད་ཟེར་བ་མིན་ལ། དེང་གི་སྤྲུལ་སྐུ་ཡོད་ཚད་ནི་དེ་འདྲའི་རྫུན་མ་མགོ་སྐོར་གཏོང་མཁན་རེད་ཟེར་བའང་རྩ་བ་ནས་མིན་ཏེ། ང་ལའང་སྤྲུལ་སྐུ་ངོ་ཤེས་པ་མང་པོ་ཡོད་ལ། ལ་ལ་ནི་འདོད་ཆུང་ཆོག་ཤེས་དང་། ཁ་ཅིག་ནི་མང་དོན་ཁོ་ནར་མཛད་པ། འགའ་ཞིག་ནི་རིག་གཞུང་མྱུར་སྐྱོབ་དང་། ལ་ལ་ནི་ཆོས་པ་ཉམས་ལེན་པ་སོགས་མང་ངོ་།། དེ་དག་ལ་ནམ་ཡང་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་གུས་བཀུར་བླ་མེད་ཡོད། བླང་དོར་གྱི་དབྱེ་བ་འབྱེད་ཤེས་རྒྱུ་དེ་ནམ་ཡང་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་རག་ལས་ཡོད་པའང་བཤད་མ་དགོས་སོ།།
རྩོམ་ཁུངས། སེང་རྡོར་དྲ་བ།