རྒྱ་ལྕང་།
ང་ཚོའི་སློབ་གྲྭའི་ར་སྐོར་གྱི་དབུས་ན། གཟུགས་སྟོབས་ཆེ་ཞིང་ཡལ་འདབ་རྒྱས་ལ། ལོ་མས་སྟུག་པའི་རྒྱ་ལྕང་གཉིས་ཡོད་ཅིང་། རྒྱ་ལྕང་དེ་གཉིས་ཀྱི་འོག་ཏུ། དགེ་སློབ་ཀུན་སློབ་གསེང་གི་དུས་སུ་ངལ་གསོ་སའི། ཤེལ་གྱི་སོ་ཕག་དཀར་པོ་ཡིས་བརྒྱན་པའི་རྐུབ་སྟེགས་ཤིག མཐའ་སྐོར་དུ་གྲུ་བཞི་ཁ་གང་མའི་ཚུལ་དུ་བཟོས་ཡོད།
སྤྱིར་ན་རྒྱ་ལྕང་འདི་གཉིས་ཀྱི་ལས་འགན་ནི། སློབ་གསེང་གི་སྐབས་སུ། སྨྱུག་རྡུལ་དང་རྔུལ་ཆུས་བཤམས་པའི་དགེ་རྒན་རྣམས་ལ། བསིལ་གྲིབ་ཀྱི་ཁོར་ཡུག་རེ་མཁོ་སྤྲོད་བྱེད་རྒྱུ་དང་། ཉིན་གུང་དང་ཕྱི་དྲོའི་དུས་སུ། དཔེ་ཀློག་དང་སྤྲོ་གསེང་ལ་དགའ་བའི་སློབ་བུ་རྣམས་ལ། དྭངས་གཙང་གི་མཁའ་དབུགས་རེ་མཁོ་འདོན་བྱེད་རྒྱུ། ཡང་ན་སློབ་གྲྭའི་ར་སྐོར་གྱི་ཡུལ་ལྗོངས་ཡིད་འོང་དུ་བཟོས་ཏེ། ལྗང་མདོག་གི་འཛུམ་མདངས་དེས། དགེ་སློབ་ཀུན་ལ་བདེ་བའི་ཚོར་སྣང་རེ་སྦྱིན་ཏེ། མི་རིགས་སློབ་གསོ་གོང་འཕེལ་དུ་འགྲོ་བར། རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་རེ་འདོན་རྒྱུ་ལས་མ་འདས་མོད། འོན་ཀྱང་བློ་ཕང་བ་ཞིག་ལ། རྒྱ་ལྕང་འདི་གཉིས་ཀྱི་སྐོར་གླེང་མ་ཐག་ཏུ། ང་རང་ད་ལྟ་ཡིན་ཡང་ཡིད་སེམས་སྐྱོ་འོངས།
དཔྱིད་དབྱར་གྱི་དུས་སུ། གཟུགས་སྟོབས་ཆེ་བའི་རྒྱ་ལྕང་འདི་གཉིས། ཡལ་འདབ་རྒྱས་ཤིང་ལོ་མ་སྟུག་པོས་སྔོ་ལྗང་ལྗང་དུ་ཡོད་ནའང་། དེ་གཉིས་ཀྱི་སྟེང་ནས་དྲི་ངན་ཐུལ་ཞིང་འབྱར་བག་ཅན་གྱི་གཤེར་ཁུའི་ཐིགས་པ་མང་པོ་འཛད་མེད་དུ་མར་འབབ་པ་ཡིན་པས། འོག་ཏུ་ངལ་གསོ་བྱེད་མཁན་གྱི་དགེ་སློབ་ཀུན་གྱི་མགོ་བོ་དང་། ངོ་གདོང་། ཕྲག་པ། ལྭ་བ་སོགས་ཀྱི་སྟེང་དུ། གཤེར་ཁུའི་ཐིགས་པ་དེ་དག་མི་གཙང་བྱེའུའི་རྟུག་པ་བཞིན་དུ་འབབ་སྲིད་ཅིང་། ལྷག་པར་དུ་གོང་ནས་བརྗོད་པ་བཞིན། དེ་ནི་དྲི་ངན་ཐུལ་ཞིང་འབྱར་བག་ཆེ་བས། བསེ་དྲི་དང་འདྲ་བར་བཀྲུས་ཀྱང་གཙང་མར་འདག་དཀའ་བ་ཞིག་ཡིན་ནོ། །དེ་བས། རྒྱ་ལྕང་དེའི་གཉིས་ཀྱི་འོག་ཏུ་སོང་ནས་ངལ་གསོ་རྒྱག་མཁན་གྱི་མི་ནི་ཉི་མའི་སྐར་མ་ཙམ་དུ་སྲིད་ཅིང་། ཐ་ན་དེའི་ཉེ་འགྲམ་དུ་བསླེབས་ནའང། ཕར་སོང་ལུས་སྟེང་དུ་ལྕང་རྟུག་ལྷུང་རྒྱུ་རེད་ཅེས་ཕན་ཚུན་ལ་གསལ་བརྡ་རྒྱག་ཅིང་། འཛེ་ནད་བཞིན་དུ་རྒྱ་རྐྱང་དེ་གཉིས་ལ་འཛེམ་དོགས་བྱེད་པ་རེད། འབྱར་བག་ཅན་གྱི་ལྕང་རྟུག་དེ་མར་མཚམས་མེད་དུ་བབས་པ་ཡིན་པས། ལྕང་སྡོང་དེའི་མཐའ་སྐོར་ཡོད་ཚད་དེས་སིམ་ཡོད་ལ། འོག་གི་ཤེལ་གྱི་སོ་ཕག་གིས་བརྒྱན་པའི་རྐུབ་སྟེགས་དཀར་པོ་དེའང་། ནམ་རྒྱུན་འབག་བཙོག་གིས་ཁྱབ་སྟེ་དྲི་ངན་ཐུལ་བཞིན་ཡོད་ཅིང་། དགེ་སློབ་ཀུན་ལ་ཕན་ཅི་ཡང་ཐོགས་བཞིན་མེད། སྐབས་ཤིག་ལ་སློབ་གྲྭའི་མགོ་ཁྲིད་ཀྱི་བཀའ་བཀོད་ལྟར། སློབ་གྲྭའི་ནང་དུ་གཙང་སྦྲ་བྱེད་མཁན་གྱི་ཨ་ཅེ་དེས། ནམ་རྒྱུན་གྱི་ཞོགས་པར་ལག་ཕྱི་རློན་པོས་གཙང་མར་བཀྲུས་ཏེ་ཕྱིས་པ་ཡིན་མོད་ཀྱང་། ཇི་སྐད་དུ། འཁྱོག་པའི་ཤིང་དེ་བསྲིངས་ན་ཡང་། །རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། །རང་བཞིན་ངན་པ་བཅོས་ན་ཡང་། །རྐྱེན་དང་འཕྲད་ཚེ་རང་མཚང་སྟོན། །ཞེས་གསུངས་པ་བཞིན། ཅུང་མ་འགོར་བར་ཡང་བསྐྱར་རྐུབ་སྟེགས་དེ་གཉིས་ལྕང་རྟུག་གིས་བཙོག་པར་བཟོས་ཡོད། གལ་ཏེ་རྒྱ་ལྕང་འདི་གཉིས་མི་ཞིག་ཡིན་ན། དེ་ནི་འདི་གཉིས་ཀྱི་འཚོ་བའི་ཆ་རྐྱེན་མི་གཞན་ལས་ཕུན་སུམ་ཚོགས་པས། སྣུམ་མངར་ཅན་གྱི་ཟས་ཚོད་མེད་དུ་ཟོས་དྲག་པ་ལེ་ཡིན། དེ་མིན་ན་རྒྱུན་ཆད་མེད་པའི་ལྕང་ལྟུག་འདི་འདྲ་མང་པོ་ཞིག་གཏོང་རྒྱུ་ག་ལ་ཡོད་སྲིད།
སྟོན་གྱི་དུས་སུ། ལྕང་སྡོང་འདི་གཉིས་ལས་ཤིང་བལ་དཀར་པོ་ཁ་བ་བཞིན་འབབ་ཅིང་། དེས་སློབ་གྲྭའི་ཁོར་ཡུག་ཡོད་ཚད་དཀར་པོར་བསྒྱུར། སྟོན་རླུང་དང་བསྡོངས་ནས་ཤིང་བལ་དཀར་པོ་འཚུབ་མ་བཞིན་འཁོར་ཏེ། མིའི་མིག་ཟུང་དང་ཁ་སྣ་སོགས་སུ་འཛུལ་སྲིད་པས། དགེ་སློབ་ཀུན་གྱིས་མགོ་བོ་ལྭ་བས་དཀྲིས་ཏེ་འབྲོ་བཞིན་ཡོད། དེ་ཡང་རྒྱུ་མཚན་མེད་པ་མིན་ཏེ། མིག་ནང་དུ་ཤིང་བལ་འཛུལ་ན། མིག་ལས་མཆི་མ་མཚམས་མེད་དུ་འཛགས་ཏེ་མིག་ཀྱང་བགྲད་མི་ཐུབ་ལ། གལ་ཏེ་སློབ་ཁང་གི་དྲ་མ་ཕྱེ་ཡོད་ན། དེ་ལས་ནང་དུ་འཛུལ་ཏེ་སློབ་མ་རྣམས་ཀྱིས་རྩེ་གཅིག་ཏུ་སློབ་ཁྲིད་ལ་མཉན་པར་ཡང་གནོད་པ་བཟོ་སྲིད། ལྷག་པར་དུ་སློབ་མ་གང་མང་ཞིག་གི་མིག་ནང་དུ་ཤིང་བལ་འཛུལ་ནས། སློབ་ཁྲིད་ལའང་ཞུགས་མ་ཐུབ་པར་སྨན་ཁང་དུ་འགྲོ་དགོས་བྱུང་བའི་དཔེ་བརྗོད་ཀྱང་བགྲང་གིས་མི་ལང་ངོ་། །དེ་བས་ལྕང་སྡོང་འདི་གཉིས་ལས་ལྷུང་བའི་ཤིང་བལ་ནི། ཇི་སྐད་དུ། ཤིང་བལ་རླུང་གིས་བདས་པ་དེ། །རི་རྩེར་མི་སྡོང་གཤོང་དུ་ཆགས། །བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས། །མཐའ་མར་རྒུད་པའི་གནས་སུ་ལྷུང་། །ཞེས་གསུངས་པ་བཞིན། སློབ་གྲྭའི་ར་སྐོར་ནས་སློབ་ཁང་དང་ཉལ་ཁང་། ཇ་ཁང་། སྤྱོད་ཁང་སོགས་སློབ་གྲྭའི་གནས་ཆེ་མ་ཆུང་གསུམ་ཀུན་དུ་མ་ཐོན་ས་དང་མ་འཛུལ་ས་མེད་ལ། དེས་ཀུན་ལ་གནོད་པ་ལས་ཕན་ཅི་ཡང་ཐོགས་བཞིན་མེད་པས། དགེ་སློབ་ཀུན་གྱི་མིག་ནང་གི་ཚེར་མར་གྱུར་ཡོད། གལ་ཏེ་ཨུ་ཚུགས་ཀྱིས་དེའི་བཟང་ཆ་སྣ་གཅིག་བརྩི་དགོས་བྱུང་ན། དེ་ནི་བྱིས་པ་སྣབས་རླུགས་རྣམས་ཀྱིས་མེ་ཆ་ཐོགས་ཏེ་དེ་ཉིད་མེ་ལ་བསྲེགས་པ་དེ་ཡིན་སྲིད།
དགུན་གྱི་དུས་སུ། རྒྱ་ལྕང་འདི་གཉིས་ལ་ལྗང་མདོག་མེད་ཅིང་ལྕང་ལྟུག་མེད་ལ། ཤིང་བལ་ཡང་མཐོང་དུ་མེད་མོད། འོན་ཀྱང་གྲང་ངར་ལ་འཛེམ་པའི་དུས་ཚིགས་འདི་ལྟ་བུར། མི་རྣམས་ལ་མཁོ་བ་ནི་དྲོད་སྣང་དང་ཉི་འོད་ཀྱི་བདེ་བ་ཡིན་པས། གྲང་ཤུར་ཤུར་གྱི་རྐུབ་སྟེགས་དེའི་སྟེང་དུ་འདུག་མཁན་གྱི་དགེ་སློབ་སུ་ཡང་མེད་ལ། ཡལ་འདབ་ཀྱིས་ཉི་འོད་འགོག་པའི་རྒྱ་ལྕང་འདིའི་གམ་དུ་བཅར་མཁན་གྱི་མི་ནི་དེ་ལས་ཀྱང་མེད་དོ། །དེ་བས་གཅུར་བུར་གནས་ཤིང་ལུས་མདངས་ཉམས་པའི་རྒྱ་ལྕང་དེ་གཉིས་ལ་དོ་སྣང་དང་ཁ་ཡ་བྱེད་མཁན་སུ་ཞིག་ཡོད།
ན་ནིང་སློབ་གྲྭའི་ཁོར་ཡུག་བསྐྱར་དུ་འཛུགས་བསྐྲུན་དང་ཇུས་འགོད་བྱེད་དགོས་བྱུང་བས། རྒྱ་ལྕང་དེ་གཉིས་གཅོད་དགོས་མིན་གྱི་ཕྱོགས་ནས་ཆེད་དུ་ཚོགས་འདུ་ཞིག་བསྡུས་སོང་། ཚོགས་ཐོག་ཏུ་དགེ་རྒན་རྒན་པ་རེ་འགའ་དང་ན་གཞོན་དགེ་རྒན་རྣམས་ཀྱིས་ན་རེ། རྒྱ་ལྕང་དེ་གཉིས་ནི་ཕྱི་ནས་བལྟས་ན་མགོ་འཕང་མཐོ་ཞིང་སྔོ་ལྗང་ལྗང་དུ་གནས་ཡོད་ཀྱང། དེས་སློབ་གྲྭའི་ཁོར་ཡུག་དང་གཙང་སྦྲ། དགེ་སློབ་ཡོངས་ལ་གནོད་པ་ལས་ཕན་གཅིག་ཀྱང་མི་ཐོགས་པས། རྩ་བ་ནས་བཅད་ན་འགྲིག་པ་དང་། དེ་ལས་སློབ་གྲྭའི་ར་སྐོར་དུ་ཀུན་ལ་ཕན་པའི་ཙན་དན་དང་ཤུག་སྡོང་ཞིག་བཙུགས་ན་ཤིན་ཏུ་ལེགས་སོ་ཞེས་སྤོབས་པ་དང་བཅས་ཏེ་བརྗོད་མོད། འོན་ཀྱང་སློབ་གྲྭའི་མགོ་ཁྲིད་རྒན་པ་རེ་འགས་ན་རེ། དེ་ནི་སློབ་གྲྭ་འདི་གསར་དུ་འཛུགས་པའི་སྐབས་སུ་མགོ་ཁྲིད་སྔོན་མ་དག་གིས་བཙུགས་པ་ཡིན་པས། སློབ་གྲྭའི་རིག་དངོས་ཤིག་ཏུ་བརྩི་ཆོག་ཅིང་། ང་ཚོའང་རྒྱ་ལྕང་འདི་གཉིས་དང་མཉམ་གཅིག་ཏུ་འཚོ་བ་རོལ་ཏེ། མི་ལོ་མང་པོ་ཞིག་འགོར་ཡོད་པས་འདི་ལ་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད། དེ་བས་འདི་གཅོད་རྒྱུ་ནི་ཕར་ཞོག སྒུལ་རྒྱུ་ཟེར་ནའང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན་ཞེས་དགེ་རྒན་ན་གཞོན་ཚོ་དང་ཁ་གཏད་དུ་བླངས་པས། ཚོགས་འདུ་ཡང་གྲོས་ཐོག་ཏུ་འཇོག་མ་ཐུབ་པར་མི་གྲོལ་ག་མེད་བྱུང་ངོ་། །
ཚོགས་འདུ་དེ་འཚོགས་ནས་ཟླ་བ་ཁ་ཤས་འགོར་མོད། རྒྱ་ལྕང་དེ་གཉིས་གཅོད་དགོས་མིན་གྱི་རྩོད་པ་ད་དུང་སློབ་གྲྭའི་ནང་དུ་འཇགས་མ་ཐུབ། མཐར་རྩོད་པ་དེ་ཛ་དྲག་ཅན་དུ་གྱུར་ཏེ་ཁུལ་སློབ་གསོ་ཅུའུས་ཀྱང་ཤེས་སོང་། ཉིན་ཞིག་ཁུལ་སློབ་གསོ་ཅུའུས་ཆེད་དུ་མི་མངགས་ཏེ་སློབ་གྲྭའི་ནང་དུ་བསླེབས་སོང་་ལ། ཁུལ་སློབ་གསོ་ཅུའུའི་མི་སྣ་དང་སློབ་གྲྭའི་མགོ་ཁྲིད་རྒན་པ་། དགེ་རྒན་གཞོན་རབས་པ་བཅས་བགྲོ་གླེང་བྱས་བྱས་མཐར། རྒྱ་ལྕང་གཟུགས་སྟོབས་ཤིན་ཏུ་ཆེ་བ་དེ་གཅོད་རྒྱུ་དང་། རྒྱ་ལྕང་ གཞན་པ་ཡལ་འདབ་ཅུང་རྒྱས་མེད་པ་དེ་ད་དུང་ལོ་རེ་འགར་སློབ་གྲྭའི་ར་སྐོར་དུ་འཇོག་རྒྱུའི་གྲོས་ཐག་བཅད་སོང་།
ད་ལྟ་ད་དུང་ཁེར་རྐྱང་དུ་ལུས་པའི་རྒྱ་ལྕང་་དེ་ང་ཚོའི་སློབ་གྲྭའི་ར་སྐོར་དུ་ཡོད་ནའང་། སྔར་བཞིན་དེའི་འོག་ཏུ་ངལ་གསོ་རྒྱག་མཁན་གྱི་མི་གཅིག་ཀྱང་མེད་ལ། དགེ་སློབ་ཀུན་གྱིས་དེ་ལ་འཛེ་ནད་བཞིན་འཛེམ་བཞིན་ཡོད། ནམ་རྒྱུན་བདག་གིས་སློབ་གྲྭའི་ར་སྐོར་དུ་རྒྱ་ལྕང་ཁེར་ལུས་དེ་མཐོང་དུས། ཤིང་གི་བསྟན་བཅོས་ལས། ཡོན་ཏན་མེད་པའི་སྐྱེ་བོ་དེ། །ང་རྒྱལ་མགོ་འཕང་ཅི་ལས་མཐོ། །འབྲས་བུའི་བཅུད་ཀྱིས་མ་བཟུང་བའི། །ལྗོན་པ་རེངས་པ་ཆོས་ཉིད་ཡིན། །ཞེས་པའི་ཤོ་ལོ་ཀ་དེ་ཡིད་ལ་ཝ་ལེར་དྲན་ཡོང་།
མི་རིགས་སློབ་གསོ་སྤེལ་སའི་སློབ་གྲྭ་ན། །
ཁྱི་སྤྱང་ངན་འབྲེལ་བྱེད་པའི་མགོ་ཁྲིད་འགས། །
གཉོམ་ཆུང་སློབ་གསོའི་བུ་མོའི་ལང་ཚོ་ལ། །
བརྙས་བཅོས་བྱེད་པ་མཐོང་བའི་གཏམ་རྒྱུད་ཡིན། །
སྤྱི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་དུ།
རྩོམ་ཁུངས། ངེད་དྲ་བ།