རྨི་ལམ་དུ་བཞད་པའི་མེ་ཏོག
གཙང་བོ་ཅི་ལྟར་ཕ་རོལ་ཏུ་བཞུར་ཡང་ལོ་ཟླའི་སྐར་མདའ་བར་མེད་དུ་མཁའ་དབྱིངས་སུ་འཕུར་ནས། སྨུག་ཞགས་ཀྱིས་དཀྲིས་པའི་རྐང་ལམ་ཕྲ་མོ་རུ་རྡོག་པ་གཏད་ནས་དལ་གྱིས་བགྲོད་དུས། བར་མེད་དུ་སྐད་གསེང་མཐོན་པོས་ཁོ་མོས་ང་ལ་འབོད་ཀྱིན་འདུག ཕྱེ་ལེབ་ཅིག་ཐག་པས་གནམ་ལ་བཏང་ནས་ཡང་ཡང་རྩེ་ཆས་སུ་བཀོལ། མི་རེ་རེའི་ངོ་གདོང་ལ་གྲིབ་གཟུགས་ནག་པོ་ཞིག་འཁོར་བས་ཕྱེ་ལེབ་དེ་ཡང་ཁུ་སིམ་མེར་བྲོ་གར་འཁྲབ་བཞིན་སླར་ཡང་ཐག་པའི་སྣེ་ལ་དྲུད་དེ། བུ་མོ་དེས་ལྕག་ཚན་གྱིས་ཚ་ཐག་ཆོད་པ་ཞིག་བྲབས་ནས་སྙིམ་པར་བཅངས་འདུག
མདང་ཞག་རྨི་ལམ་དུ་སྐུད་པ་སྣེ་གཅིག་གིས་མཁའ་ལ་བཏང་བའི་ཤོག་བྱ། བུ་མོ་ཆུང་ཆུང་ཞིག་གིས་སྐུད་སྣེ་ང་ཡི་ལག་ཏུ་བཞག བུ་མོ་དེས་ཁ་མི་གྲག་པར་སྙིང་ཉེ་ཞེས་པའི་མིང་ཚིག་དེ་འགྲེལ་བཤད་ནན་གྱིས་རྒྱག་འདུག ངེད་གཉིས་ཤོག་བྱ་ཅི་ལྟར་མཐོ་སར་སྤུར་དུས་ངའི་རུས་པ་ཁ་མལ་ནས་འཁྱག་པོ་གྱུར་ཅིང་། སྲ་ཞིང་གྲིམ་པའི་སྐུད་སྣེ་འདི་གཅོད་ཐབས་བྲལ། ཚོད་ཚོད་ལ་ཟམ་ཆེན་པོ་ཞིག་ཏུ་འགྲོ་དུས། མི་ཚོགས་འཚང་ཁ་ཤིག་ཤིག་ངང་དམིགས་མེད་དུ་འཁྱམ་འདུག སླར་ཡང་ང་རང་ཞོགས་པ་རུ་སླེབས་ཚེ་རླངས་འཁོར་མང་པོས་དུང་བརྡ་རྒྱབ་བྱུང་།
རྨི་ལམ་གྱི་རོལ་དབྱངས་དཀྲོལ་བཞིན་ང་ཡིས་མཚན་མོ་རེ་རེ་ཕ་རོལ་ཏུ་བརྒལ་སོང་། ཟླ་འོད་ཀྱིས་ང་རང་ཐག་རིང་དུ་བཏང་ནས་ལོ་ཟླ་ག་ཙམ་འགོར་ཟིན།
ད་ནི་མི་ཚེ་ལྷ་དར་ལ་འཐེན་པའི་དབྱངས་ཀྱི་སྐུ་སྣེ་རེ་རེ་སེམས་སུ་མདུད་དེ་དུས་ཚོད་ག་ཙམ་འགོར་ཡང་། རྩྭ་མཐའི་ཟིལ་ཐིགས་དེ་ཞོགས་པ་བཞིན། གཡའ་དག་པའི་ནམ་མཁའ་ལྟར་གསལ་ཞིང་འཚེར། ཟླ་འོད་མེད་པའི་མུན་པ་ཅི་ལྟར་སྟུག་ཀྱང་རྨི་ལམ་དུ་འདབ་ལོ་རྒྱས་པའི་མེ་ཏོག་ཅིག་བཞད། སྤྲང་མ་གཤོག་ཆད་ཅིག་གི་འཕུར་སྒྲ་ཞེ་ལ་ཐོགས་པའི་ལོ་རྒྱུས་དེར་ཕྱིར་དྲན་ཐེངས་གཅིག་བྱེད་དུས། ད་ནི་སྡིག་སྒྲིབ་བམ་ཙན་དན་གྱི་ལོ་མ་རེ་རེ་རྩ་ལམ་དུ་སྐྱེས་ཟིན། ཁྲག་གི་མེ་ཏོག་ནག་པོ་ཞིག་སྙིང་ནས་འབུས་བྱུང་། འདབ་ལོ་ལྡེམ་བྱུང་། ཟེའུ་འབྲུ་འཐོར་བྱུང་ངམ། ཆར་ཆུ་དཀོན་པའི་འཚོ་བ་དང་ཁ་ཐག་ཅེ་ཉེ་ནས་ཇེ་རིང་དུ་གྱུར་སོང་། གནམ་སའི་བར་མཚམས་སུ་མེ་སྟག་བཞིན་འཁྱུག་པ་དེས་ཀྱང་གྲིབ་མའི་ཁྱུ་ལ་གྲིབ་མ་བརྩེགས་ཏེ་ལམ་གྱི་སུམ་མདོ་ཞིག་ཏུ་ཁྲིད་འགྲོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།