འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།
བོད་ཀྱི་ཤེས་ཡོན་པ་དང་ཡི་གེ་བ། སྙན་ངག་པ་དང་རྩོམ་པ་པོ་ཚང་མས། མི་ཞིག་ཚེ་ཐོག་འདིར་ཡོད་དུས། གང་དེའི་སྙན་ངག་པ་དང་རྩོམ་པ་པོ་དེར། དུས་རྒྱུན་ངན་བཤད་པ་དང་སྐྱོན་འཚོལ་བ། ཕྲག་དོག་བྱེད་པ་ལ་སོགས་ཀྱིས། གང་ཐུབ་གང་ངན་གྱིས། མི་དེར་སྐྱོན་མེད་ས་ནས་སྐྱོན་བཙལ། སྡིགས་མི་དགོས་ས་ནས་སྡིགས མདོར་ན། མི་གཤིས་མེད་སྟངས། ཡོན་ཏན་མེད་ཚུལ་སོགས་ལུང་བ་གང་བཤད་པ་རེད།
དགོད་བྲོ་བ་ཞིག་ལ། གང་དེའི་རྩོམ་པ་པོ་དང་སྙན་ངག་པ་ཉིད་སྐུ་གྲོངས་མ་ཐག ཡོད་ཚད་རྟོགས་པ་སད་མདོག་དང་། གུ་ཡངས་ཆེ་ཚུལ། ཡི་གེ་བ་དང་ཤེས་ཡོན་པ་ལ་དགའ་མདོག་གིས། གང་དེའི་འདས་པོ་ལ་སྙན་ངག་རྐང་ཐུར་རེ་དང་། རྩོམ་ཡིག་ཉིན་ཐོ་འདྲ་རེ་བྲིས་ནས། རྗེས་དྲན་གྱི་རྩོམ་ཡིག་ཡིན་ཟེར་ནས་དྲ་ཐོག་མ་ལུས་ཁེངས་སུ་འཇུག་པ་རེད།
དོན་གྱིས། མི་བུ་དེ་དག་གིས་གང་དེའི་འདས་པོ་ཉིད་ལ་རྗེས་དྲན་བྱེད་པ་ནི་མ་ཡིན་པར། རང་ཉིད་རང་གིས་འུར་སྒྲོག་བྱེད་པ་ཁོ་ན་རེད། འདི་ནི་དངོས་ནས་ཡིད་མུག་པ་ཞིག་ཅི་ལ་མིན་མོད། ཡིན་ནའང་། འདས་མཆོད་ཁོ་ན་སྒྲུབ་མཁན་གྱི་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པར་སྒྲོག་པ་ཚོས་ནི། ད་དུང་འདི་ལྟར་གསོན་པའི་མི་ལ་སྡང་མིག་དང་། ཤི་བའི་མི་ལ་མིག་ཆུ་གཏོང་ཁུལ་གྱིས། སྔར་བཞིན་མཁས་མདོག་དང་སྒམ་ཚུགས་དོར་ག་ལ་སྲིད།
དུས་རབས་འདིའི་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པའི་སྡེ་ལ་མཐུན་མོང་དུ་སྐྱོ་གར་ཞིག་མངའ་བ་ནི། ཕན་ཚུན་ལ་གཞི་མེད་སྐྱོན་འཛུགས་དང་། ཉེས་མེད་ནག་འཛུགས། དོན་མེད་ཕྲག་དོག་དང་། མི་གཞི་དམའ་འབེབ་བྱེད་རྒྱུ་དེ་ཁོ་ན་རེད་ལ། འདི་ནི་ཅི་འདྲའི་བརྩེ་སེམས་མེད་པ་དང་། མི་གཤིས་བྲལ་བའི་སྤྱོད་ཚུལ་སྐྱུག་བྲོ་བོ་ཞིག་ཅི་མིན་གྲང་།
གཞན་མཚུངས་ཆོས་ཤིག་ཡོད་པ་ནི། ཚང་མས་ཡར་མར་གང་བཤད་དུས་ཀྱང་། གུ་ཡངས་དང་སྒམ་དཀྱེལ། རྒྱུ་འབྲས་བློ་མིག་ལ་སོགས་ཀྱིས་མཚོན་པའི་ཐ་སྙད་མང་པོ་ཞིག་བེད་སྤྱོད་པ་དང་། དོན་གྱིས་ཐ་སྙད་ལྗིད་པོ་དེ་དག་འཁྱེར་ནས། ཕན་ཚུན་ལ་སྐྱོན་འཚོལ་རེ་དང་། གཉའ་གཅོག་རེ་བྱེད་པ་རྐྱང་ལགས།
ཡ་ང་བ་ཞིག་ལ། འདིར་དཔེར་མཚོན་དུ། ཨ་ལགས་དོར་ཞི་ལ་རྒད་པོ་དང་། མཁན་ཚུལ་ཁྲིམས་བློ་གྲོས་ལ་མཁས་པ་རྫུན་མ་ལ་སོགས། ཚིག་ངན་ཡོད་ལ་ཡོད་ཚད་པོ་སྨྲ་བ་ལ། ཚང་མས་ཚ་ཚ་འུར་འུར་གྱིས། རིག་གནས་དགག་སྒྲུབ་ཅེས་བོས་ཏེ། དེའི་དོན་དུ་ཚང་མས་མ་གྲོས་གཅིག་ཏུ། གཅིག་ལས་གཅིག་གིས་འབད་ཀྱིན་འདུག
མདོར་ན། དེང་གི་བོད་ཀྱི་རིག་གནས་དགག་སྒྲུབ་བྱེད་སྟངས་ནི། འདི་འདྲ་སྟེ། ཁྱོད་རྐུན་མ་རེད། ཁྱོད་རྒྱ་ཁྱི་རེད། ཁྱོད་བླུན་པོ་རེད། ཁྱོད་གླེན་པ་རེད། སྐྱག་པ་ཟོ། ཁེར་ཐུག་རྒྱག གསོད་ལ། རྡུང་བ་ལ་སོགས་ཚིག་ངན་དང་སྤྱོད་ངན་ཏག་ཏག་བསྟན་ནས། རིག་གནས་དགག་སྒྲུབ་བྱེད་པ་དང་། ཐ་ན་བླ་ཚུན་ཆད་བསྒུལ་ནས་ཕན་ཚུན་ལ་སྡིག་དམོད་དང་དགག་སྒྲུབ་བྱེད་པ་རེད་དོ།།
མཐའ་དོན་དུ། ཁོ་བོས་སྙན་ངག་པ་དང་། རྩོམ་པ་པོ། ཤེས་ཡོན་པ་ལ་སོགས་པའི་བྱས་རྗེས་ཅན་གྱི་མི་སྣ་གང་རུང་ཞིག་སྐུ་གྲོངས་རྗེས། མྱ་ངན་དང་རྗེས་དྲན་ཞུ་དགོས་མེད་ཅེས་པའི་དོན་མིན་པར། ང་ཚོས་དེ་ལྟའི་མི་བུ་རྣམས་ལ། གསོན་ཐོག་ཏུ་ཡོད་དུས་དགའ་མོས་དང་བརྩི་མཐོང་གནང་ན་ཤིན་ཏུ་མི་ལེགས་སམ་སྙམས་པས། རྩོམ་ཐུང་འདི་ཉིད་བྲིས་པ་དགེའོ།།
༢༠༡༥།༦།༢༩།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།