ཕ་ཡུལ་རྫོང་མཁར་གྱི་མཐོང་ཐོས།

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-06-12

  མཐའ་འཁོར་རི་ཁུག་གང་སར་ལུག་ཁྱུ་ལྟར་གནས་པའི་གྲོང་ཚོ་དག་ལ་ད་ཆ་རྒྱལ་ཁབ་ནས་སྡོད་ཁང་བསྒྱུར་བཅོས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པས་ཁང་པའི་བཟོ་བཀོད་སོགས་ནས་གཅིག་ལ་གཅིག་འགྲན་དུ་གནས།    དུས་རྒྱུན་ཁོ་ཚོ་རྫོང་མཁར་དུ་ཡོང་ནས་དོན་དག་སྒྲུབ་པ་དང་།      ཉོ་ཆ་རྒྱག་པ་སོགས་བྱེད་ཀྱི་ཡོད་ལ་ལོ་གསར་སོགས་དུས་སྟོན་མ་ཚེས་པའི་ཉིན་ཤས་གོང་དུ་རྫོང་མཁར་འདི་མི་ཚོགས་ཀྱི་རྒྱ་མཚོ་ལྟ་བུར་གྱུར་གྱི་ཡོད།    
  མ་གཞི་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་བཟང་པོའི་འོག་མི་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་ལྟར་སྣང་ཡང་གོམས་གཤིས་མང་པོ་ཞིག་ལ་རྒྱུད་ལོན་བྱས་ན་ངོ་མ་ཞན་ཆ་མང་པོ་ཞིག་འདུག་པས་དེ་དག་ལ་གསལ་བཤད་བྱས་ཏེ་ཡིན་མིན་བདེན་པ་བརྡར་རྒྱུ་དེ་གལ་འགངས་ཆེ་བར་བསམ།

                                      དང་པོ།  ཁྲོམ་ར་དང་ཡུལ་མི།

ཡུལ་གྲོང་འདིའི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ལྷག་བོད་རིགས་ཡིན་ན་ཡང་ཁྲོམ་གཞུང་དུ་ཡོད་པའི་ཚོང་པ་མང་ཆེ་བ་རྒྱ་རིགས་དང་ཧུད་རིགས་ ཡིན་པ་དང་།  གོང་ཁེ་བའི་བོད་ཐུག་དང་ཇ་མངར་མོ་འཐུང་སའི་ཟ་ཁང་རེ་ཟུང་ཕུད་ཟ་ཁང་རིགས་ཀྱང་ཚང་མ་རྒྱ་རིགས་དང་ཧུད་རིགས་ཀྱི་རེད།  
  བོད་རིགས་ཀྱིས་བཟུང་བའི་སྐྲ་བཞར་ཁང་དེ་སྒོ་ཕྱེ་ལ་མ་ཕྱེ་ཡིན་པ་དང་།   རླངས་འཁོར་འཁྲུད་ས་དེས་ཀྱང་གཙང་མ་མི་བཀྲུ་བ། མོག་མོག་འཚོང་ས་དེ་སྔ་དྲོ་ཡོད་ན་ཕྱི་དྲོ་མེད་པ་དང་། ཕྱི་དྲོ་ཡོད་ན་སྔ་དྲོ་མེད་པ་རེད། དེ་ལྟ་བུའི་འཚོང་གཉེར་བྱེད་སྟངས་དེས་འཛད་སྤྱོད་པ་རིམ་བཞིན་བློ་ལོག་འགྲོ་བ་དང་།  ཁེ་བཟང་ཡོད་མེད་ཀྱང་ཤོད་ཁག་པོ་རེད།   ཨ་ཁུ་པད་མའི་ཟ་ཁང་དེ་གཙང་སྦྲ་སྐྱོ་བ་དང་།  ཨ་ཅག་སྒྲོལ་མའི་རྣམ་འགྱུར་ངན་པས་འཛད་སྤྱོད་པ་མང་པོ་ཞིག་དང་ཁ་རྩོད་བྱེད་མྱོང་ཡོད།
  གཙང་སྦྲ་དོད་ལ་ཟས་རིགས་ཕུན་སུམ་ཚོགས་པའི་ཟ་ཁང་དང་འཚོང་ཁྲོམ་མཛེས་ལ་སྒྲིག་བཟོ་དོད་པའི་གྱོན་ཆས་ཚོང་ཁང་། ཅ་དངོས་གང་དགོས་འདོན་ཆོག་ཡོད་པའི་ཙག་ཙིག་ཚོང་ཁང་སོགས་སུ་རྒྱ་རིགས་དང་ཧུད་རིགས་ཚོང་པའི་མི་སེམས་འགུགས་པའི་འཇོན་ཐང་ནི་ཁོ་ཚོའི་བྱིས་པ་ལོ་ན་བཅུ་གྲངས་ལོན་པ་དག་ལ་ཡང་དོ་ཐབས་བྲལ།  ཁྲོམ་ལམ་དག་ལ་སླེབས་དུས་ང་ཚོའི་ཕ་སྐད་དེ་ཡང་རང་ཤུགས་སུ་སྤྱོད་སྒོ་མེད་པར་གྱུར་ཡོད་པ་རེད།
  ཁྲོམ་གཞུང་འདིར་བལྟས་ན་འཚོང་མཁན་དང་བཟོ་མཁན་ཚང་མ་རྒྱ་རིགས་དང་ཧུད་རིགས་འདྲ་ལ་ཉོ་མཁན་ཚང་མ་བོད་རིགས་ཡིན་པས་ཧོབ་ཏེ་བལྟས་ན་བོད་རིགས་ཕྱུག་བདག་འདྲ་ལ་རྒྱ་རིགས་དང་ཧུད་རིགས་དབུལ་པོ་འདྲ་ཡང་ཞིབ་ཏུ་བསམ་ན་སྟ་རེ་སྣུན་མཁན་རྒྱ་རིགས་དང་ཧུད་རིགས་འདྲ་ལ་སྟ་རེ་གཟེད་མཁན་བོད་རིགས་ཡིན་པའི་མངོན་ཚུལ་ཤུགས་ཆེན་འདུག
  ངས་ས་ཆ་འདི་རིགས་ནས་རང་རིགས་ཀྱི་མདུན་ལམ་གུ་དོག་པའི་ཚོར་སྣང་བྱུང་ལ་རྒྱ་རིགས་དང་ཧུད་རིགས་བློ་མཐུན་རྣམས་ནི་ས་ཕྱོགས་གང་དུ་སླེབས་ཀྱང་དེ་རུ་རྩ་བ་ཚུགས་ཏེ་ལོ་མ་རྒྱས་ཐུབ་པའི་ནུས་ལྡན་གྱི་ས་བོན་ཞིག་དང་འདྲ་བའི་བྱང་ཚད་ཀྱི་མཐོ་དམའ་ཡང་ཤེས་བྱུང་།

                                        གཉིས་པ། དམིགས་བསལ་གྱི་སྲིད་ཇུས་དང་འཚོ་བ་ཡི་གོམས་གཤིས།

མི་རིགས་མང་བའི་དམིགས་བསལ་གྱི་རྒྱལ་ཁབ་འདིར་མི་རིགས་ཁག་དབར་ཕན་ཚུན་འདྲ་མཉམ་དང་མཐུན་སྦྱོར་ངང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བྱ་ཐབས་བཟང་པོ་ཞིག་ཡོད།  དེས་ན་ང་ཚོ་བོད་རིགས་ལ་འཚོ་གནས་ལས་རིགས་ཀྱི་ཐད་ནས་ཞན་ཆ་མང་པོ་ཡོད་པ་ཤེས་རྗེས་རྒྱལ་ཁབ་ནས་འགྲོ་གྲོན་ཕོན་ཆེ་བཏང་སྟེ་མི་རིགས་གཞན་གྱི་ལག་རྩལ་མི་སྣ་གདན་འདྲེན་བྱས་ནས་ཚལ་འདེབས་སྟངས་དང་།  འཚོང་རྒྱག་སྟངས། ཟས་རིགས་གཡོས་སྦྱོར་བྱེད་སྟངས་སོགས་བསླབ་ནས་གོ་རྟོགས་མཐོ་རུ་གཏོང་ཐབས་བྱས་ཡོད།
  ཡིན་ན་ཡང་ང་ཚོས་སློབ་གྲྭར་སོང་ཚད་ཡིག་རྒྱུགས་ལོན་ནས་སྤྱི་ཞབས་པའི་དམིགས་ཡུལ་ལས་ལས་རིགས་གཞན་ལ་དོ་སྣང་རྩ་བ་ནས་མི་ བྱེད་པ་དང་། ཁོ་ཚོ་རང་ཉིད་ལ་ཚལ་འདེབས་སྟངས་སོགས་གནས་སྐབས་ཀྱི་སྦྱོང་བརྡར་མང་པོ་ག་ཚོད་བྱས་ཀྱང་རྨོངས་བློ་གཏུགས་པས་ལས་རིགས་འདུ་ཤེས་ཀྱི་གོ་རྟོགས་མ་སད་སྟབས་ཚལ་བཏབ་ཀྱང་འཚོང་མི་ཤེས་པ་དང་།འཚོང་ཤེས་ཀྱང་རྩིས་མི་ཤེས་པ་སོགས་ཐབས་སྐྱོ་བའི་ཞན་ཆ་མང་པོ་ཡོད།

                                        གསུམ་པ། ལས་རིགས་དང་གོམས་སྲོལ།

ང་ཚོ་བོད་རིགས་ལ་རྒྱ་གར་གྱི་མི་རིགས་དབྱེ་བའི་ལུགས་སྲོལ་དར་བ་ཡིན་ནམ་ཡང་ན་ག་ནས་ཡོང་བ་མི་ཤེས་པའི་རིགས་རྒྱུད་དབྱེ་བའི་གོམས་ སྲོལ་ངན་པ་ཞིག་འདུག  དེའི་རྐྱེན་པས་ལྕགས་བཟོ་དང་། རྫ་བཟོ་སོགས་དགོས་མཁོ་ཆེ་བའི་ལས་རིགས་མང་པོ་ཞིག་བསམ་བཞིན་དུ་མི་རིགས་གཞན་ལ་སྤྲད་པ་ལྟར་སྣང་།              
  ང་ཚོའི་ཁང་པའི་མཛེས་རྒྱན་དང་། སྒོ་སྒེའུ་ཁུང་། ཁ་ཕོར་སོགས་ཚང་མ་ལྕགས་ཆས་ཡིན་པ་དང་། དགོན་པའི་ཡང་སྟེང་གི་རྒྱ་ཕིབས་དང་ནང་བསྟན་གྱི་སྐུ་འདྲ་སོགས་དད་ས་དད་ཡུལ་མང་པོ་ཞིག་ཀྱང་རྒྱུ་ལྕགས་ལས་གྲུབ་ཡོད།
  གང་ལྟར་ང་ཚོའི་རྒྱུན་གཏན་འཚོ་བའི་ནང་དུ་ལྕགས་ཆས་དང་ཁ་བྲལ་དུ་མི་རུང་ཡང་མཐོང་ཆུང་ཚད་ལས་བརྒལ་བ་བྱས་པ་དང་།  ལྷ་འཚོང་རྒྱག་མཁན་རེད་སོགས་དབྱེ་འབྱེད་ནན་པོ་བྱས་པས་ལག་རྩལ་མི་སྣ་དེ་དག་ཁྱིམ་རྒྱུད་མང་པོ་ཞིག་དམའ་འབེབས་དང་མཐོང་ཆུང་གི་ངང་དུ་འཚོ་དགོས་བྱུང་ཞིང་འཚོ་གོས་ལེགས་བཅོས་ཐུབ་དུས་ལས་ཀ་དེ་རིགས་བྱེད་ཀྱི་མེད།   མ་ཟད་ཁོ་ཚོའི་བུ་དང་བུ་མོ་དག་ཀྱང་མི་རིགས་གཞན་གྱི་མནའ་མ་དང་མག་པར་འགྲོ་བ་ཐབས་ཤེས་ཟད་པའི་ཚོད་དུ་འདུག    
  དེར་བརྟེན་ལས་རིགས་དེ་རིགས་བྱེད་མཁན་རེ་ཟུང་ཡོད་པ་དག་ཀྱང་མེད་པར་ཆགས་ཀྱི་འདུག་པས་བོད་རིགས་ལ་མཁོ་ཡང་བོད་རིགས་ཀྱིས་མི་བྱེད་པའི་ཡོང་འབབ་བཟང་བའི་ཁྲོམ་ར་དག་རྒྱ་རིགས་དང་ཧུད་རིགས་ཀྱི་སྒེར་བཟུང་ཐུབ་སྟེ་ཁོ་ཚོའི་མི་རིགས་དང་ཁྱིམ་མི་ལ་ངོ་སྤྲོད་བྱེད་ཀྱི་འདུག
  ད་དུང་དུད་འགྲོ་གསོད་མཁན་མ་ཟད་ཤ་འཚོང་བ་དག་ཀྱང་རིགས་ངན་ལ་བརྩི་བས་དུས་རྒྱུན་ཟས་རིགས་སྤྱོད་མང་ཤོས་ཀྱི་ཤ་འཚོང་དེ་ཡང་བསམ་བཞིན་དུ་ཧུད་རིགས་རྣམས་ལ་ཕུལ་བཞིན་འདུག་པས་ལོ་རེ་བཞིན་མ་བསྡད་པར་རང་རིགས་ཀྱི་ཚོང་པ་དེ་དག་ཀྱང་མིག་གི་མཐོང་སར་ཉུང་དུ་འགྲོ་བཞིན་འདུག
  ད་དུང་ང་ཚོའི་མི་རིགས་ལ་མི་རིགས་གཞན་དང་མི་མཚུངས་པའི་གོམས་སྲོལ་ངན་པ་ཞིག་ཡོད་པ་ནི་ལ་རྒྱ་དང་བརྩེ་དུང་ཁ་ནས་གླེང་ཡང་ནང་ཁུལ་དུ་ཕན་ཚུན་ཕྲག་དོག་ཆེ་ཞིང་ཞྭ་མོ་སྣ་ཚོགས་གཡོགས་རྒྱུར་དགའ་བས་དཔེར་ན་ལམ་འགྲོ་རྒྱུགས་པའི་ཚོང་པ་རེ་ཟུང་ཡོད་པ་དག་ལ་ཤུགས་ལྡན་བསྟེན་རབ་དང་ཡག་པོ་མིན་རབས་མང་པོ་བཤད་ནས་གནས་གཟོད་མི་བདེ་བ་བཟོ་བ་དང་།  རིག་གནས་སོགས་ལས་རང་གི་ལྷག་བསམ་རྣམ་གྱི་སློབ་གསོ་རྒྱག་མཁན་གང་ཡང་ཞིག་ལ་ཡང་མཚང་མིང་སྣ་ཚོགས་བཏགས་ནས་མེད་པ་བཟོ་ཐབས་བྱེད་ཀྱི་འདུག་པས་ཞིབ་པར་བསམ་ན་ང་ཚོ་ལ་ནང་ཁུལ་མཐུན་སྒྲིལ་བྱེད་པའི་སེམས་ཞིག་ཡོད་ཁག་པོ་རེད་འདུག
  ལས་ཁུངས་ནང་དུ་ཡང་རང་དང་འདྲ་བའི་རིགས་མཐུན་དག་རང་ལས་གོ་གནས་མཐོ་རུ་ཕག་ཚེ་ཕྲག་དོག་དབང་གིས་འགོག་རྐྱེན་བཟོ་བ་དང་། ལམ་འགྲོ་ཅུང་ཟད་རྒྱུག་ན་ལྐོག་ནས་གང་ཐུབ་ཀྱིས་བསམ་ནག་བྱེད་ཀྱི་ཡོད།
  གང་ལྟར་ངས་རྫོང་མཁར་འདི་ནས་རང་རིགས་ཀྱི་ཞན་ཆ་མང་པོ་ཞིག་མཐོང་བར་མ་ཟད་དེ་དག་རྫོང་མཁར་འདི་ཙམ་མ་ཟད་རང་རིགས་ཀྱི་གནས་ཡུལ་གང་སར་གཅིག་མཚུངས་སུ་ཡོད་པའི་སྣང་བ་ཤར་གྱི་འདུག
  ང་རང་སྟེས་དབང་གིས་ལྷ་སའི་དོག་སྡེའི་ཁྲོམ་གཞུང་དུ་གཅུང་མོར་ལྟ་བར་འགྲོ་བའི་གོ་སྐབས་ཤིག་བྱུང་བས་ཁྲོམ་ལམ་གྱི་འདུ་འཛི་ཆེ་ས་རུ་རྒྱ་རིགས་དང་ཧུད་རིགས་ཀྱི་བཟུང་བའི་སྐུ་འདྲ་འཚོང་ཁང་དང་། རྒྱ་ཕིབས་འཚོང་ར།  མ་ནི་དང་ཏིང་སོགས་འཚོང་ས་སོགས་གང་ལྟར་ང་ཚོའི་འཚོ་བའི་སྤྱོད་མཁོ་ཆེ་བའི་གསེར་དངུལ་ཟངས་ལྕགས་ཀྱི་མཁོ་ཆས་གང་འདོད་ ཡོད་པའི་རྒྱ་ཆེ་བའི་ཁྲོམ་ར་ཞིག་མཐོང་བྱུང་།  དེ་དག་ཀྱང་ཚང་མ་མི་རིགས་གཞན་གྱིས་ང་ཚོའི་དགོས་མཁོ་ལྟར་བཏོན་པའི་དངོས་པོ་ཡིན་པས་ཁྲོམ་ར་གཞན་ལ་ཤོར་བ་མ་ཟད། ཁོ་ཚོས་མཁོ་ཆས་དེ་དག་ཁྱེར་ནས་ང་ཚོ་ལ་དགོས་མཁོ་སྐོང་བ་ལྟར་མི་འདུག་གམ།    

                                            བཞི་པ། ཚོང་ལས་དང་ཐབས་ཤེས། 

ང་ཚོ་ལ་ལས་རིགས་ཀྱི་འདུ་ཤེས་ཡག་པོ་ཞིག་མེད་པའི་དབང་གིས་སློབ་གྲྭར་སོང་ཚད་རྒྱལ་ཁབ་ཀྱི་སྤྱི་ཞབས་པ་ཞིག་བྱེད་མ་ཐུབ་ན་ཕམ་ཉེས་ལ་བརྩི་བ་དང་། མང་ཆེ་བས་འཚོང་ཁང་སོགས་གཉེར་བ་ཙམ་ལས་འཚོང་ཇི་ལྟར་རྒྱག་དགོས་མིན་སོགས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད།    དེར་བརྟེན་མ་གཞི་ཞན་ཆ་མང་པོ་ཡོད་སྲིད་ཀྱང་ང་རང་ཉིད་ཀྱི་ལྟ་ཚུལ་ལས་བྱུང་བའི་དོན་དག་ཁ་ཤས་ཞུས་ན།

                                             གཅིག རྣམ་འགྱུར་གྱི་ཞན་ཆ།

  ང་ཚོས་ལས་རིགས་གང་ཞིག་ཡིན་ཡང་དེ་ལ་ཡང་དག་པའི་ལྟ་སྟངས་བཟུང་ནས་འབད་བརྩོན་གནང་ན་དེ་ལ་དཔགས་པའི་གྲུབ་འབྲས་ཐོབ་རྒྱུ་ཡོད་པ་ཤེས་པ་བྱས་ཏེ་སློབ་ཐོན་པ་ཚང་མ་གཞུང་ཞབས་པར་མ་ཚུད་ན་ཚར་སོང་བའི་ལྟ་སྟངས་དོར་དགོས་པ་དང་།  སྤྱི་ཚོགས་ཐོག་གཞན་ལ་དགོས་མཁོ་ཆེ་ཞིང་རང་ལ་ཡོང་སྒོ་འབབ་པའི་ལས་རིགས་མང་པོ་ཞིག་ཡོད་པ་མ་རྗེས་པར་ལས་ཀ་སྣ་ཚོགས་གཉེར་རྒྱུའི་འདུན་པ་དང་། ལག་ལེན་དགོས་པ་རེད།
  ལྷ་སའི་ར་མོ་ཆེ་ཁྲིམ་གཞུང་ནས་ཁ་པར་སྟེང་དུ་སྲུང་འགྱིག་སྦྱར་སའི་ནང་དུ་བུ་མོ་སློབ་ཆེན་གཉིས་སླེབས་པ་དང་། ང་ཚོས་འཚང་ཁ་ཤིག་ཤིག་ངང་རྒྱ་མི་འཚོང་དཔོན་ན་རང་གི་ཁ་པར་ལ་སྲུང་སྦྱིན་སྦྱར་བར་འབྲེལ་བ་དང་།  བུ་མོ་དེ་གཉིས་ཀྱིས་གོང་ཚད་ཀྱི་ཐད་ནས་རྩོད་པ་རེ་བྱེད་དུས་འཚོང་པས་འདོད་པ་མེད་ན་མ་སྦྱར་ན་ཆོག་ཞེས་ཁ་ཡ་མ་བྱས་པར་ང་ཚུད་པའི་འཛད་སྤྱོད་གཞན་ལ་མུ་མཐུད་སྲུང་སྤྱིན་སྦྱར་བར་བྲེལ་སོང་།
  བུ་མོ་དེ་གཉིས་ཀྱིས་འཚོང་པར་རྣམ་འགྱུར་ངན་པ་བསྟན་པ་ལས་བྱ་ཐབས་གཞན་མ་རྙེད་པར་ལུས།    སྐབས་དེ་དུས་ངས་དེ་ཚོ་འཚོང་པའི་ནོར་འཁྲུལ་མ་རེད། བུ་མོ་ཁྱོད་གཉིས་ཀྱང་རྗེས་སུ་སྤྱི་ཞབས་པའི་རེ་བ་ཁོ་ན་མ་བྱས་པར་ཁ་ཚ་དགོས་གཏུགས་ཀྱི་ལས་རིགས་འདི་དག་གཉེར་ཡང་ཕན་པ་ཆེན་པོ་ག་ཚོད་མེད་དམ་ཞེས་བཤད་པ་ཡིན། ལས་རིགས་གང་ལ་ཡང་རང་རང་གི་ཁྱད་ཆོས་ཡོད་ལ་མིའི་རེ་བ་སྐོང་བ་འདྲ་འདྲ་ཡིན་པས་བཟང་ངན་ཞིག་དབྱེ་རྒྱུ་ག་ལ་ཡོད་ཨང་།
  ང་ཚོས་འཛད་སྤྱོད་པ་དགོད་འཛུམ་གྱི་ངང་ནང་དུ་བསུ་མི་ཐུབ་ལ་ནང་དུ་སླེབས་ནས་ཀྱང་དགོད་འཛུམ་གྱིས་སྐྱེལ་མ་བྱེད་ཀྱི་མེད། ལྷག་པར་དུ་འཛད་སྤྱོད་པ་ཡོང་ནས་ཅ་དངོས་མ་ཉོས་པར་གང་སར་ཐུག་པ་དང་། སྐད་ཆ་མང་པོ་དྲིས་ཚེ་སུན་སྣང་བྱེད་པ་དང་།  ཕྱིར་དོན་དུས་ཉོ་རྒྱུ་མེད་པར་གང་སར་ཐུག་ནས་ཞེས་རྒྱབ་ལབ་བྱེད་ཀྱི་ཡོད། དེས་འཛད་སྤྱོད་པ་ཚོང་ཁང་དུ་ཡོང་བར་བག་ཆགས་ངན་པ་བཞག་ཡོད་ལ་དེས་ཀྱང་གཞན་ལ་བཤད་ནས་མི་མང་པོ་ཞིག་བསུ་བར་འགོག་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
  ལྷག་པར་དུ་འཚོང་གཉེར་བྱེད་རྒྱུའི་སེམས་ཤུགས་མ་འདང་པས་སྒོ་རྒྱག་ཡུན་རིང་བ་དང་།  སྒོ་ཕྱེས་ཀྱང་རྣམ་འགྱུར་ངན་པ།   ཅ་དངོས་སྣ་ཁ་ཉུང་བས་གང་དགོས་འདོན་ཆོག་མེད་པས་རང་ཤུགས་སུ་འཛད་སྤྱོད་པ་ངོ་ལོག་འགྲོ་ཡི་ཡོད།   

                                          གཉིས། གོ་རྟོགས་ཀྱི་ཞན་ཆ།

  ང་ཚོས་འཚོང་ཁང་སོགས་བཟུང་བ་ཙམ་ལས་ཅ་དངོས་གང་ཞིག་ས་ཆ་གང་ལ་བྲིན་པ་ཡོད་མེད་དང་། རང་ཉིད་གནས་སའི་ཡུལ་དུ་དགོས་མཁོ་གང་ཞིག་ཆེ་བ་ཡོད་མེད་སོགས་ལ་རྩ་བ་ནས་མི་དཔྱོད་པ་མ་ཟད་གོང་ཚད་ ལ་ཡང་ཐོག་མར་ག་ཚོད་གསུངས་དགོས་པ་དང་།   དེ་ནས་ག་ཚོད་བཅོག་དགོས་མིན། དེ་ནས་སླར་ཡང་ག་ཚོད་བཅག་ན་འཚམས་པ་སོགས་ལ་མ་དཔྱད་པར་གོང་ཚད་ཐད་ཀར་བཤད་པས་མར་བཅག་བྱེད་ཐབས་མེད་སྟབས་འཛད་སྤྱོད་པའི་སེམས་པ་འགུགས་ཐུབ་ཀྱི་མེད་པ་སོགས་རེད།
  ད་དུང་ཡང་ཅ་དངོས་ཉོ་སྒྲུབ་བྱེད་དུས་དུས་ཚོད་ལ་ལྟ་མི་ཐུབ་པ་དང་སྤུས་ཚད་ལ་དབྱེ་ཞིབ་མི་ཐུབ་པ། གང་ནས་སྟབས་བདེ་ན་དེ་ནས་འཐེན་པ་ལས་ཡུན་རིང་གི་བསམ་བློ་གཏོང་མི་ཐུབ་པ། ད་དུང་གོང་ཚད་སོགས་དྲང་བཞག་ལུགས་མཐུན་བྱེད་རྒྱུ་མ་འདང་པས་འཛད་སྤྱོད་པའི་གླེང་ཕྱོགས་བཟོས་ཏེ་འཚོང་ལམ་འགག་འགྲོ་བ་སོགས་བསམ་ན་མང་ལ་ཐད་ཀར་སྐྱོན་ཆ་ཆེ་བའི་ཞན་ཆ་མང་པོ་ཞིག་མཐོང་གི་འདུག  དེ་ཚོ་ངའི་ལྟ་ཚུལ་ཡིན་པས་ཡིན་མིན་རང་གིས་དཔྱད་ནས་སྤང་བླང་གནང་ན་འཐུས། ད་དུང་ང་ཚོ་ཤོད་དུས་ཁ་ཕོ་ཆེ་ཡང་དོན་དངོས་ལག་ལེན་ལ་བསྐྱལ་དུས་བློ་ཁོག་ཡངས་པོ་མེད་པས་འཚོང་ཁང་སོགས་འགྲོ་གྲོན་དགོས་ངེས་བཏང་ནས་ཚད་ལོན་ཞིག་བཟུང་མ་ཐུབ་པ་ནི་ད་ལྟ་ཡོད་པའི་ཚོང་ཁང་དང་ཟ་ཁང་དག་ལ་ལྟོས་དང་ཤེས་ཐུབ།     ད་དུང་ང་ཚོས་དཔེ་དེབ་སོགས་བློ་ཁ་ཕྱེ་ཐུབ་པའི་རིག་གནས་སྦྱོང་བའི་གོམས་གཤིས་ཅི་ཡང་མེད་པར་བརྟེན་གནས་ལུགས་མང་པོ་ཞིག་གི་རྩ་བ་མི་རྟོགས་པ་དང་།     མང་ཆེ་བ་གཞན་རྗེས་འབྲངས་འགྱུར་དགའ་བས་འགྲོ་སྟངས་མི་ཤེས་པར་རབ་རིབ་མག་མོག་ལ་གནས་པ་ཧ་ཅང་མང་།      

                                             ལྔ་པ།   མ་འོངས་པའི་མདུན་ལམ་དང་རང་ཉིད་ཀྱི་ལྟ་ཚུལ།

  ང་ཚོའི་མི་རིགས་འདི་ཉིད་མུ་མཐུད་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་མི་རིགས་གཞན་དང་འདྲ་བར་དར་རྒྱས་གོང་འཕེལ་ཡོང་དགོས་ན་གཙོ་བོ་མི་རིགས་གཞན་གྱི་དབུལ་སྐྱོར་དང་རྒྱལ་ཁབ་ཀྱི་རྣམ་གྲངས་ལ་ལྡིར་ནས་མ་བསྡད་པར་མི་རིགས་རང་ཉིད་ཀྱི་རྐང་པ་གཙུགས་ནས་ལངས་དགོས་པ་དང་།  མི་རིགས་བསམ་བློའི་སྤུས་ཚད་ལ་ཕན་པ་ཤིན་ཏུ་ཆེ་བའི་ནང་བསྟན་རིག་གཞུང་མ་བརླགས་པའི་ཐོག་འཚོ་གནས་ཐབས་ལམ་ཐད་ནས་ཀྱང་ལེགས་བཅོས་གོང་འཕེལ་ཡོང་བ་བྱེད་དགོས་ངེས་རེད།
  དེ་ཡང་ང་ཚོས་དགོས་མཁོ་ཆེ་བའི་ལས་རིགས་གང་ལ་ཡང་ལྟ་སྟངས་གཅིག་མཚུངས་བཟུང་ནས་སེམས་ནུས་འདོན་དགོས་པ་དང་།  ལས་ཀ་གང་ཞིག་བྱས་ཀྱང་འཆར་གཞི་ཡོད་ལ་མཐའ་འཁྱོལ་བའི་སེམས་ཤུགས་སོགས་ལས་རིགས་ལེགས་གྲུབ་བྱེད་པའི་དགོས་ངེས་ཀྱི་ཤེས་བྱ་མང་པོ་སློབ་སྦྱོང་བྱེད་དགོས།    
  ལྷག་པར་དུ་མི་རིགས་ནང་ཁུལ་མཐུན་སྒྲིལ་ཟབ་ལ་ལ་རྒྱ་དགོས་པ་ལས་གཅིག་གི་ལམ་བུ་གཅིག་གིས་བཀག་ནས་སེམས་ནག་དང་ཁོག་ནག་འདྲ་རྩ་བ་ནས་བྱེད་མི་རུང་།  རྒྱལ་ཁབ་གཏན་ལྷིང་དགོས་ན་སྔོན་ལ་མཐའ་མཚམས་བསྟན་ལྷིང་དགོས་པ་དང་། མཐའ་མཚམས་བསྟན་ལྷིང་དགོས་ན་སྔོན་ལ་བོད་ལྗོངས་བསྟན་ལྷིང་དགོས་ཞེས་མཛུབ་སྟོན་གནང་བ་ལྟར་བོད་བསྟན་ལྷིང་དགོས་ན་མི་རིགས་ཕན་ཚུན་མཐུན་སྒྲིལ་དགོས་པ་དང་།    མི་རིགས་ཕན་ཚུན་མཐུན་སྒྲིལ་ཡོང་བ་ལ་སྔོན་ལ་མི་རིགས་ནང་ཁུལ་དུ་མཐུན་སྒྲིལ་དགོས་རྒྱུ་ཨ་ཅང་བརྗོད་མེད་རེད།    
  ད་ལྟ་བསམ་ན་རང་ལ་བཤད་བསམ་པའི་སྐད་ཆ་མང་པོ་ཡོད་ཀྱང་གཙོ་བོ་མི་རིགས་ནང་ཁུལ་མཐུན་སྒྲིལ་བྱས་ནས་ལེགས་གྲུབ་ཡོང་བའི་སྐྱེ་བ་སུ་ལ་ཡང་ཁ་ཞེ་གཉིས་མེད་ཀྱི་བརྒྱབ་སྐྱོར་བྱེད་དགོས་པ་དང་།    རང་རིགས་ལ་ཕན་པའི་བསླབ་བྱ་གནང་མཁན་ཞིག་ཡིན་ན་མིང་གྲགས་ཆེ་ཆུང་དང་།   གོ་གནས་དང་དངུལ་དགོས་མཐོ་དམའ་སོགས་ལ་མ་མ་བལྟས་པར་ཉན་ན་སྙམ་གྱི་འདུག    
  ང་ཚོའི་བསམ་པའི་གོ་རྟོགས་སྐྱོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྒན་གཞོན་སུས་ཀྱང་དཔེ་དེབ་མ་ཀློག་པས་ལན་པ་དང་།  དཔེ་དེབ་ཀློག་ཀྱང་བོད་རིགས་རང་ཉིད་ཀྱི་བྲིས་པའི་བོད་པའི་གནས་སྟངས་ངོ་མ་མཚོན་པ་དག་མ་ཀློག་པར་འཛམ་གླིང་སོགས་ཀྱི་གྲགས་རྩོམ་ཁོ་ན་དགའ་བས་ལན་པར་སྙམ། གྲགས་རྩོམ་ལ་རྩོམ་རིགས་སྒྱུ་རྩལ་སོགས་ཀྱི་ཐད་ནས་དགེ་མཚན་ཆེན་པོ་ཡོད་པ་བདེན་པ་ཡིན་རུང་བོད་པ་རང་ཉིད་ཀྱི་གནས་བབས་ལ་བསམ་དགོས་ན་ད་ལྟའི་བོད་རྩོམ་དག་ལས་གཞན་གྱིས་ཚབ་བྱེད་མི་ཐུབ།
  དེར་བརྟེན་སླར་ཡང་ངས་དཔེ་དེབ་ལྟ་རོགས་གནང་ཞུ་རྒྱུ་མ་ཟད་བོད་མི་རང་གིས་བྲིས་པའི་བོད་ཀྱི་འཚོ་བ་དང་རིག་གནས་མཚོན་པའི་རྩོམ་ཡིག་མང་ཙམ་ལྟ་རོགས་གནང་ཞེས་སྙིང་ནས་རེ་བ་འདོན་རྒྱུ་ཡིན་ནོ།།

                                                                                རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་རྫོང་མཁར་གྱི་མཐོང་ཐོས།

2016-06-12 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།