ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། 《གནམ་གྱི་བུ》

ལྷ་བྱམས་རྒྱལ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-01-21

---རིགས་མཐུན་སྐྱེས་པ་དག་ལ་རྩེད་མཚར་དུ་ཕུལ་བ།  

  ལོ་ངོ་སྟོང་གཉིས་ཙམ་གྱི་ཡར་སྔོན་དུ། དབུས་ཀྱི་ཡར་ཀླུང་སོག་ཁའི་ས་ཕྱོགས་ཤིག་ནས་གནག་རྫི་ཁ་ཤས་ཀྱིས་བྱད་གཟུགས་དང་བཟོ་ལྟ་ཁྱད་མཚར་ཅན་གྱི་མི་ཞིག་མཐོང་ཞིང་། ཁོང་ལ་གང་ནས་ཡོང་མིན་འདྲི་དུས། མི་དེས་སྐད་ཆ་མི་བཤད་པར་རྒྱབ་ཕྱོགས་སུ་སྟོན་ཙམ་བྱས། གནག་རྫི་ཚོས་མི་དེས་མཛུབ་མོ་ཀེར་བའི་ཁ་ཕྱོགས་དེད་ནས་ལྟ་དུས། དེ་རུ་རས་ཡུག་དཀར་ལྷེབ་ཅིག་དང་མཚུངས་པའི་སྤྲིན་པ་ཞིག་དང་དེས་གཙང་མར་ཕྱིས་པའི་ཤེལ་ལེབ་སྔོན་པོ་ལྟ་བུའི་ནམ་མཁའ་ཞིག་ལས་ཅི་ཡང་མེད་པ་མཐོང་། དེ་ནས། ཁོ་ཚོས་ཕན་ཚུན་ལ་མི་དེ་གནམ་ནས་བབས་པ་ཡིན་སྲིད་ཅེས་ཚོད་དཔག་བྱས་ཤིང་། ཕར་ལབ་ཚུར་ལབ་རེ་ཞིག་བྱས་རྗེས་ཁོ་ཚོ་ཡང་རང་གི་བཤད་སྟངས་དེར་ཡིད་ཆེས་སྐྱེས་པ་དང་། གནམ་ནས་བབས་པའི་མི་དེ་གཉའ་བར་བཏེགས་ནས་གྲོང་ཚོའི་ནང་དུ་ལོག

  འདི་ནི་ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་བོད་སྤུར་རྒྱལ་གྱི་བཙན་པོ་ཐོག་མ་སྟེ། གཉའ་ཁྲི་བཙན་པོའི་རྩེད་མཚར་འདྲེས་མའི་རྟོགས་བརྗོད་རེད། ཕྱིས་སུ་མི་དེ་བོད་ཀྱི་བཙན་པོར་གྱུར་ཅིང་། དེ་ནས་ཕྲེང་རྡོག་ལྟ་བུའི་བཙན་པོ་རེ་རེ་རྒྱལ་རབས་ཀྱི་ཕྲེང་ཐག་མ་ཆད་པར་བསྟར་ལ་བརྒྱུས་ནས་བྱོན། ཤོད་སྲོལ་ལ། ཆེས་ཐོག་མའི་རྒྱལ་རབས་བདུན་ཏེ་གནམ་གྱི་ཁྲི་བདུན་དུ་འབོད་པའི་རྒྱལ་བོ་རྣམ་པ་འདས་གྲོངས་སུ་གྱུར་རྗེས། བང་སོ་བརྩིགས་མི་དགོས་པར་རྨུ་ཐག་ཟེར་བ་སུས་ཀྱང་མཐོང་མི་ཐུབ་པའི་གཟུགས་མེད་ཀྱི་ཐག་པ་ཞིག་ལ་འཁྱུད་ནས་གནམ་ལ་ལོག་འགྲོ་ཟེར། ང་ཚོའི་སྟེང་ཕྱོགས་ཀྱི་ཐོག་རེག་བྲལ་ཅིང་མཚམས་རེར་སྤྲིན་དཀར་ནག་གི་འདུ་འགོད་འཁྲུགས་ས། ཉི་མ་དང་ཟླ་བ་རེས་མོས་ཀྱིས་འཁོར་ས། སྐར་ཚོགས་ཀྱི་མིག་འབྲས་ལྷེམ་ལྷེམ་འཚེར་སའི་བར་སྟོང་དེ་རུ་རང་ཅག་གི་མེས་པོ་དག་གིས་ལོག་མལ་ཞིག་རྟོགས་བཏགས་ཀྱིས་བཞེངས་ཤིང་། བོད་པའི་སྐྱེས་པ་དག་གི་ནང་ནས་ཆེས་ཐོག་མའི་མི་བདུན་དངོས་སུ་ཞིང་ཁམས་དེར་ལོག་པའི་ཚུལ་ཡང་ཡི་གེར་བཀོད་ནས་ཕྱི་རབས་པར་བརྒྱུད་སྒྲོག་བྱས་ཡོད། ད་ལྟ་བསམ་ན། གལ་སྲིད་སྟོད་ཀྱི་སྟེང་གཉིས་ཀྱི་དང་པོར་བགྲངས་པའི་གྲི་གུམ་བཙན་པོའི་བློ་ཁ་གདོན་གྱིས་མ་བརླམས་པར་བློན་ལོ་ངམ་ལ་མ་འཐབ་པ་དང་། བློན་གཡོ་སྒྱུ་ཅན་དེས་ཀྱང་གཡོ་ལ་བརྟེན་ནས་བཙན་པོའི་སྟེང་ཕྱོགས་སུ་གནམ་ལ་འཐེན་ཡོད་པའི་གཟུགས་མེད་ཀྱི་རྨུ་ཐག་དེ་གཟུགས་ཅན་གྱི་གྲི་ཡིས་བཅད་པ་མིན་ཚེ། ཕྱིས་ཀྱི་བཙན་པོ་དེ་དག་ཀྱང་གནམ་དུ་ཡོད་པའི་ལོག་མལ་དེར་འགྲོ་ཐུབ་སྲིད། ཡིན་ན་ཡང་། ལོ་དེར་རྨུ་ཐག་དེ་ལྟར་དུམ་བུར་གཏུབས་པས། བཙན་པོ་རྣམ་པའི་ཕྱིར་ལོག་སའི་སྐས་རྐང་ཕངས་སེམས་ཀྱིས་ཆད་ནས་བོད་ཀྱི་སྐྱེས་ཆེན་དེ་དག་གནམ་ལ་འགྲོ་ཐབས་མེད་པར་གྱུར། དེ་ནས་བཟུང་། གནམ་ལ་ལོག་མ་ཐུབ་པའི་བོད་པའི་སྐྱེས་བུ་དག་ལ་ལྷན་སྐྱེས་ཀྱི་བག་ཆགས་སམ་གོམས་སྲོལ་ཞིག་ཆགས་པ་ནི་དབང་མེད་དུ་མགོ་བོ་དགྱེས་ནས་གནམ་ལ་ཡང་ཡང་ལྟ་ཞིང་། རེ་བའི་མིག་ཟུང་ཡང་གནམ་ལ་ཅེར་ནས་སྡོད་པ་དེ་ཡིན་པ་འདྲ། དེ་ལྟར་སྡོད་དུས་ལོ་ངོ་སྟོང་ཕྲག་གཉིས་ཀྱི་དུས་ཚོད་ནི་ང་ཚོའི་སྐྱེས་པ་ཚོའི་མིག་ནང་གི་ནམ་མཁར་རྒྱུ་བའི་སྤྲིན་པ་དེ་དག་དང་མཚུངས་པར། བར་སྟོང་ཆེན་པོ་དེ་ནས་ཡང་དང་ཡང་དུ་རྒྱང་ལ་བྱེར་སོང་།

  ནམ་མཁར་རྒྱུ་བའི་སྤྲིན་པ་དེ་དག་དང་མཚུངས་པར། དུས་ཚོད་ནི་ཕར་བལྟས་ཚོད་ཀྱིས་དབྱིབས་དང་ཁ་དོག་ཅིག་ཡང་དང་བསྐྱར་དུ་འོར་ཟློས་བྱེད་པ་ལྟར་སྣང་ཡང་། ཕར་ནས་ཕར་ལ་འགྲོ་དུས་ང་ཚོས་སྔར་བཞིན་ཅི་ཞིག་འགྲོ་བཞིན་པ་ཚོར་ཡོང་། དེ་ལྟར་མགོ་བོ་དགྱེ་ནས་གནམ་ལ་ལྟ་བའི་བོད་ཀྱི་སྐྱེས་བུ་དག་གིས་ལོ་ངོ་སྟོང་ལ་ངང་སྒུག་བྱས་ཀྱང་། ངག་རྒྱུན་ཁྲོད་ཀྱི་རྨུ་ཐག་དེ་འདྲ་ཞིག་སྟེང་ཕྱོགས་ཀྱི་ནམ་མཁའ་ནས་མར་བསྣར་ཡོང་རྒྱུ་མ་བྱུང་ཞིང་། ང་ཚོས་མཐོ་རུ་བཟེད་པའི་རེ་བའི་ལག་མཐིལ་དེ་སྔར་བཞིན་སྟོང་ལྷང་ལྷང་དུ་ལུས་བ་དང་། ང་ཚོ་མི་ཡུལ་འདིའི་ཁྱོད་ཤི་ང་གསོན་གྱི་འཚོ་གནས་ཀྱི་འཐབ་ར་དང་སྐྱེ་རྒ་ན་འཆིའི་ཆོས་ཉིད་ཀྱི་སྡུག་བསྔལ་ལས་སྐྱོབ་མཁན་གྱི་ཐག་པ་དེ་འདྲ་ཞིག་གཞར་ནས་མངོན་རྒྱུ་མ་བྱུང་། ང་ཚོ་སྔར་བཞིན་འཚོ་གནས་ཀྱི་འཐབ་ར་ནས་ཡང་ཡང་རྒྱལ་ལ་ཡང་ཡང་ཕམ་ཡོང། ང་ཚོ་སྔར་བཞིན་སྐྱེས་ཤིང་སྔར་བཞིན་འཆི། དེ་ལྟར་དུས་ཚོད་དུས་རབས་ཉེར་གཅིག་པའི་སྟོད་ཀྱི་ཆ་འདིར་སླེབས་དུས། གལ་ཏེ་ང་རང་གིས་དཔྱད་ནོར་ཐེབས་མེད་ན། གནམ་ལ་ལོག་ཟིན་པའི་དང་ཐོག་གི་བཙན་པོ་བདུན་གྱི་ཕྱི་རབས་པ་དག་གིས་སྔར་བཞིན་ལྷན་སྐྱེས་ཀྱི་བག་ཆགས་སམ་གོམས་སྲོལ་ཞིག་གིས་མེས་པོ་ཚོ་གཤེགས་ཤུལ་གྱི་གནམ་ལ་ཅེ་རེར་བལྟས་ཡོད་ཅིང་། ཁོ་ཚོའི་ཕྲག་གོང་དུ་དགྱེ་ཡོད་པའི་མགོ་བོ་དེ་དབང་མེད་དུ་གནམ་ལ་ཕྱོགས་འདུག

  གླེང་སློང་འདི་འདྲ་ཞིག་གིས་མགོ་བརྩམས་ཚེ། ང་ཚོའི་བགྲོ་གླེང་ཡང་གཞི་ནས་ཞིབ་ཕྲ་ཅན་དུ་གྱུར་ཆོག་པ་འདྲ། ལོ་འདི་འགའི་རིང་ལ། ང་རང་ལས་ཀའི་དགོས་དབང་སོགས་ཀྱི་རྐྱེན་གྱིས་སྐད་རིགས་དང་ཤ་མདོག་མི་འདྲ་བ། རྒྱལ་ཁོངས་དང་རིག་གནས་མི་འདྲ་བ། དད་མོས་དང་གཤིས་ཀ་མི་འདྲ་བའི་མི་འདྲ་མིན་སྣ་ཚོགས་ལ་འཕྲད་ཅིང་། འཕྲད་ནས་ཀྱང་འབྲེལ་འདྲིས་དང་རྒྱུས་ལོན་འདྲ་མིན་སྣ་ཚོགས་བྱུང་། དེ་ནས་རིམ་གྱིས་མ་གཞིར་གོ་ལ་རིལ་མོ་འདིའི་སྒང་དུ་གནས་བཅས་ཡོད་པའི་འགྲོ་བ་མིའི་རིགས་ནི་ཁ་མིག་སྣ་རྣ་སོགས་དབང་བོ་ལྔ་ཡི་འདུས་བྱས་ཅན་ཡིན་པ་འདྲ་འདྲ་ཡིན་རུང་། འདུ་ཤེས་འཛིན་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་ལ་བྱེ་བྲག་གི་ཧེ་བག་ཆེན་པོ་རེ་ཡོད་ཅིང་། མཚམས་རེར་ཁོ་ཚོའི་བསམ་སྦྱོར་རེ་གཉིས་མཐོང་ཐོས་སུ་གྱུར་དུས་ཧ་ལས་ཧོན་ཐོར་ནས་མ་གཞིར་མི་ཟེར་བ་འདི་འདྲ་ཞིག་ཡིན་ཡང་ཆོག་ཨང་སྙམ་པའི་མཚར་སྣང་ཞིག་རྒྱུད་ལ་འགོག་མེད་དུ་འཆར། དེ་ཡང་གྲུང་ཤ་དོད་ཅིང་རང་འདོད་ཆེ་བའི་རྒྱ་ནག་པ་ནས་ཞིབ་ཚགས་ཆེ་ཞིང་ཁེངས་བ་ཆུང་བའི་ཉི་ཧོང་བ་དང་། རང་རྟོན་ཆེ་ལ་གྲབས་རྒྱགས་ཆེ་བའི་ཨ་རི་བ་ནས་ཕོ་ཉམས་དོད་ཅིང་འཆར་ཡན་རྒོད་པའི་ཡོ་རོབ་པ། དེ་མིན་ཨ་ཧྥེ་རི་ཁའི་གླིང་གི་འགྲོ་འདུག་རྒོད་ཅིང་སྣང་བ་སྤྲོ་བོའི་ཕོ་དེ་དག་དང་། ཨེ་ཤ་ཡ་ལྷོ་མའི་ཉོབ་མདངས་ཀྱིས་བཟུང་ཞིང་སྐམ་རིད་དུ་གྱུར་བའི་ཕོ་དེ་དག་སྟེ། མདོར་ན་སྐད་རིགས་དང་ཆ་ལུགས་མི་གཅིག་པའི་ཕོ་དེ་དག་དང་འབྲེལ་འདྲིས་བྱེད་ཐེངས་རེར། གངས་རི་ར་བའི་བདག་པོར་གྱུར་བའི་རང་རེའི་བོད་པ་དག་ཞེ་ལ་ཡང་ཡང་འཁོར་ཡོང་ཞིང་། དེ་བས་ཀྱང་སྨུག་པོ་ལྡོང་གི་གདུང་རྒྱུད། ཤ་གཟན་གདོང་དམར་གྱི་རྗེས་རབས་པ། ཤ་མདོག་སྨུག་ཅིང་སོ་དཀར་ཀྱི་ཚེམས་ཕྲེང་ཅན། སྐྲ་ལོ་ནག་ཅིང་སི་ལིར་འཁྱིལ་བ། གསེར་ལ་སོགས་པའི་ཚིགས་གདུབ་དང་བ་སོའི་ཕྲེང་བ་སོགས་ཀྱིས་དཔུང་པའི་ཡན་ལག་དང་ཉིང་ལག་བརྒྱན་པ། དུས་རྒྱུན་ཀུ་རེའི་རྩེད་མཚར་དང་གླུ་ལེན་གར་རྩེད་ལ་དུང་ཞེན་ཆེ་བའི་བོད་པའི་ཕོ་རྒོད་དག་དབང་མེད་དུ་དྲན་དགོས་བྱུང་། སྤྱིར་གཤིབ་བསྡུར་ནི་མི་ཟེར་བའི་སྲོག་ཆགས་འདིའི་རྒྱུད་ན་ལྷན་སྐྱེས་ཀྱིས་གནས་པའི་འདུ་ཤེས་ཤིག་ཡིན་སྲིད་དེ། ངས་དབང་མེད་དུ་ས་ཕྱོགས་ཀུན་གྱི་མི་རིགས་མི་འདྲ་བ་དག་ཕན་ཚུན་ལ་གཤིབ་བསྡུར་བྱེད་དུས། ཡིད་དུ་དབང་མེད་དུ་རང་ཅག་གི་ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་བཙན་པོ་དེ་དག་དྲན་ཡོང་པ་དང་། དེ་དག་གིས་དབུ་འཕང་མཐོ་རུ་བཀྱགས་ནས་དགུང་སྔོན་གནམ་ལ་བལྟས་ཡོད་པའི་རྣམ་པ་དེ་དག་ཀྱང་དྲན་ཡོང་། འདི་ནི་ཁྱད་མཚར་བའི་སྣང་ཚུལ་ཞིག་སྟེ། དྲན་པ་ཟ་ཟི་ཞིག་གི་ངང་དུ་ངས་ད་ལྟ་ཡང་ང་རང་འདུས་པའི་ཉེ་རྒྱང་གི་བོད་པའི་སྐྱེས་པ་དག་གི་རྣམ་འགྱུར་དུ་གནམ་གྱི་ཁྲི་བདུན་དུ་འབོད་པའི་སྐྱེས་ཆེན་དེ་དག་གིས་མགོ་བོ་གནམ་ལ་བཀྱགས་ནས་གཟིགས་པའི་ཉམས་འགྱུར་ནི་རྡོ་ལ་རི་མོ་བརྐོས་པའི་ཤུལ་བཞིན་རབ་རིབ་མོག་མོག་གིས་མངོན་ཡོང་བཞིན་ཡོད་པ་ཚོར། དབུ་འཕང་མཐོ་རུ་དགྱེ་ནས་དགུང་སྔོན་གནམ་ལ་གཟིགས་པའི་ཉམས་འགྱུར་དེ་ནི་ཅི་འདྲའི་དཔའ་ཉམས་ཀྱིས་ཁེངས་ཤིང་། ཅི་འདྲའི་ཕོ་ཉམས་ཀྱིས་ཕྱུག་པ་ཞིག་རེད་ཨང་། དེ་ནི་གངས་རི་ར་བའི་བདག་པོ་སྟེ་བོད་པའི་སྐྱེས་པ་དག་གི་ཐུན་མོང་གི་རང་གཤིས་ཤིག་ཡིན་སྲིད་ལ། འདི་ལས་ངས་ནམ་ཡང་ས་མཐོའི་བོད་པའི་སྐྱེས་པ་དག་ནི་གནམ་གྱི་བུ་སྟེ། གོ་ལ་འདིའི་སྟེང་གི་སྐྱེས་པ་གཞན་དག་དང་ཡེ་ནས་མི་འདྲ་བར་གནམ་ལ་རེ་ཞིང་། གནམ་གྱིས་སྲུང་བ། གནམ་ཀྱིས་སྐྱོབ་པའི་བུ་ཤ་སྟག་ཡིན་པ་ར་འཕྲོད་བྱུང་།

  མི་ལོ་སྟོང་གི་ཡར་སྔོན་དུ་ང་ཚོའི་བཙན་པོ་དག་གནམ་ལ་ལོག་པའི་རྨུ་ཐག་དུམ་བུར་བཅད་པ་དེས་ཕྱི་རབས་ཀྱི་བོད་པའི་སྐྱེས་པ་དག་གི་རྨི་ལམ་ལ་ཐོག་དང་པོར་གས་ཆག་ཤོར་ཡོད་སྲིད། དུས་དེ་ནས་བཟུང་ང་ཚོས་གནམ་ཟེར་བའི་སྟེང་ཕྱོགས་སུ་གཞལ་ཡས་ཁང་བཟང་དང་གོས་རང་འགྲུབ་ཟས་འགྲུབ་ཀྱི་ཞིང་ཁམས་ཤིག་ཡོད་པ་དེར་གཞི་ནས་ལོག་མི་ཐུབ་པའི་དོན་དངོས་དེ་དང་ལེན་བྱེད་དགོས་བྱུང་པ་འདྲ། བློན་པོ་རི་ལས་སྐྱེས་དང་བྱ་ཁྲི་བཙན་པོས་མགོ་བོ་སྨད་ཙམ་བྱས་པ་དང་བསམ་གཞིགས་ཏོག་ཙམ་བཏང་པའི་རྗེས་ནས་དཔའ་སྤོབས་ཀྱི་གདེངས་ཤིག་མགོ་བོ་ཡར་འགྱོགས་པའི་སྐབས་གླགས་དེ་ནས་ཐོལ་གྱིས་རྙེད་པ་དང་། དེ་ནས་དམག་སྣེ་དྲངས་ནས་བཙན་པོའི་གདུང་རྒྱུད་ཀྱི་ཕྲེང་ཐག་དེ་སླར་ཡང་མཐུད་ཅིང་། འོད་འཚེར་བའི་ཕྲེང་རྡོག་དེ་དག་ཀྱང་སླར་ཡང་ཕྲེང་ཐག་ལ་བརྒྱུས་ཐུབ་སོང་། ཕྱིས་ཀྱི་ལོ་རྒྱུས་དེ་དག་ལ་ང་ཚོ་རང་གིས་ཀྱང་གཟི་འོད་འབར་བའི་ལོ་རྒྱུས་ཞེས་ཡིག་ཚང་ཁག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་སྟོར་ཡོད་མོད། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁུགས་སོ་རུ་དངོས་གནས་ཤིན་ཏུ་ཡུན་ཐུང་བ་ཞིག་སྟེ། ཐུང་དྲགས་པས་མེ་ཏོག་ཅིག་སིལ་སྡོང་གི་ཡལ་འདབ་ནས་མར་ཟགས་པའི་དུས་ཚོད་ཅིག་གི་རིང་ཐུང་མ་གཏོགས་མེད་པར་གྱུར། རྒྱལ་རབས་ཀྱི་མེ་ཏོག་ལ་རེ་འབྲས་ཀྱི་སིལ་ཏོག་མ་སྨིན་པར་སད་དང་སེར་བས་འཇིག་ཚུལ་དེར། ལག་པས་འགྲམ་པ་སྐྱོར་དགོས་པའི་ཕངས་སེམས་དང་། སྨིན་པ་གཞོགས་གཅིག་ཏུ་སྡུད་དགོས་པའི་བསམ་བློ་གཏང་རྒྱུ་ཡོད་ཀྱང་། ངས་རྒྱལ་ན་གནམ་གྱི་བུ་ཡིས་རྒྱལ་ཅིང་། ཕམ་ན་གནམ་གྱི་བུ་ཡིས་ཕམ་པ་རེད་ཅེས་སྟབས་བདེ་པོར་བཤད་འདོད་པ་དང་། ཡོད་ཚད་གནམ་ལ་འབྲེལ་བའི་གླེང་གཞི་ཞིག་དང་ཁ་འབྲལ་ཐབས་མེད་པ་རྟོགས།

  རེད་ཨང་། སྤྱིར་གནམ་ཟེར་བ་ནི་མཐོ་དྲགས་ནས་ལག་པ་བསྲིངས་ཀྱང་སྙོབ་ས་ན་མེད་ཅིང་། བསྙབས་ཐུབ་ཀྱང་སྟོང་དྲགས་ནས་ལག་པའི་སྙིམ་པར་ཟིན་ཏུ་མེད་པར་སྟོང་ལྷང་ལྷང་བྱེད། དེ་བས་ཀྱང་། དེ་ནི་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད་པའི་སྟོང་བ་ཉིད་དེ། འཇིག་རྟེན་འདིའི་འདུས་བྱས་ཀུན་གྱི་རང་གཟུགས་ཀྱི་ཆེས་མཐར་ཐུག་གི་བདེན་པའི་དཔེ་འཇོག་ཅིག་ཏུ་འོས་ཤིང་། ཆེས་མཐར་ཐུག་གི་བདེན་པ་ནི་སེམས་པ་རྒྱ་ཆེར་བསྐྱེད་དགོས་པའི་ཤེས་བྱ་ཞིག་གམ་མིག་དབང་རྒྱང་རིང་དུ་བསྲིངས་དགོས་པའི་མཐོང་རྒྱ་ཞིག ད་དུང་མགོ་བོ་མཁའ་དབྱིངས་སུ་དགྱེས་དགོས་པའི་མཐོ་ཚད་ཅིག་ཡིན་སྲིད། དེར་བརྟེན། ང་ཚོ་ནི་གནས་ལུགས་འདི་དག་མཚོན་བྱེད་ཀྱི་ཨ་མ་གནམ་གྱི་བུ་སྟེ། ང་ཚོའི་སེམས་རྒྱ་དང་མཐོང་རྒྱ་གང་ཡིན་རུང་རྒྱ་ཆེ་ས་ན་ཡོད་སྲིད་ཅིང་། ཐག་རིང་ས་ན་ཡོད། དེ་བས་ཀྱང་། ང་ཚོ་ནི་གནམ་གྱི་བུ་སྟེ། དུས་ནམ་ཡང་མགོ་བོ་སྨད་ནས་རྡོག་འོག་གི་ས་གཞི་ལ་ལྟ་མི་སྲིད་ཅིང་། མིག་ཟུང་མར་ལ་ཕབ་ནས་ས་དམའ་ས་དང་གོམ་འགྲོས་ཆུང་དུ་བཏང་ནས་ཐག་ཉེ་སར་གཟིགས་མི་སྲིད། གནམ་གྱི་བུ་ཡིན་པས། གངས་ཅན་བོད་པའི་སྐྱེས་པ་དག་ནི་ཕར་བལྟས་ཚོད་ཀྱིས་ཅི་འདྲའི་ཕོ་ཉམས་ཀྱིས་ཕྱུག་པ་ཞིག་རེད་ཨང་། སྒམ་ཚུགས་དོད་པ་ཞིག་རེད་ཨང་། ང་ཚོས་གཏམ་བཤད་དུས་རྒྱ་ཆེ་ས་དང་གཏིང་ཟབ་ས་རེ་གླེང་དགོས་པ་ལས། ཕྲ་ཞིབ་ས་དང་ཉག་ཕྲ་ས། གནད་ཆུང་ས་དེ་དག་ནི་ང་ཚོས་བཤད་དགོས་པའི་གཏམ་ཡེ་ནས་མིན། ང་ཚོས་ལས་ཀ་སྒྲུབ་དུས་ཤུགས་ཆེ་ས་དང་གནད་ཆེ་ས་རེར་འཇུ་དགོས་པ་ལས། ཚེགས་ཆུང་ས་དང་སེམས་ཞིབ་ས། ངང་རིང་ས་དེ་དག་ནི་ང་ཚོས་བསྒྲུབ་དགོས་པའི་ལས་ཀ་ཡེ་ནས་མིན། ང་ཚོ་དུས་རྒྱུན་དུ་གཟུགས་མེད་ཀྱི་ནམ་མཁའ་བཞིན་ཐར་གྱིས་ཆོད་ནས་འདུག་དགོས་པ་ལས་གཟུགས་ཅན་གྱི་བྱ་དངོས་བཞིན་བྱེ་བྲག་ཅིག་གི་ངང་ཚུལ་གྱིས་འདུག་མི་དགོས་ཤིང་། ང་ཚོ་ནམ་མཁའ་བཞིན་རེག་མེད་ཀྱིས་མཐོ་ས་ནས་འདུག་དགོས་པ་ལས་ས་ཆེན་བཞིན་དམའ་ས་ནས་མངོན་སུམ་གྱིས་འདུག་མི་དགོས། ང་ཚོ་ནི་ཨ་མ་གནམ་གྱི་བུ་སྟེ། གནམ་གྱི་བུ་ནི་གཟུགས་མེད་སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད་པ་སྟེ། མདོར་ན་ང་ཚོ་ནི་འཛིན་ཏུ་མེད་པ་དེ་སྟེ། ང་ཚོའི་འཚོ་གནས་ཀྱི་སྟངས་སྟབས་སམ་ཉམས་འགྱུར་ནི་གནམ་ལ་འཕུར་བའི་ཉམས་ཤིག་ཡིན་པ་དང་། རྐང་བ་ས་ལ་མི་རེག་པའི་ཉམས་ཤིག་ཡིན་སྲིད། ང་ཚོ་ཨ་མ་གནམ་གྱི་བུ་ཡིན་པས། ང་ཚོ་བྱ་དངོས་ཡོད་ཚད་ཀྱི་མཐར་ཐུག་གི་རང་བཞིན་ནམ་ངོ་བོ་ཞིག་དང་མཚུངས་པར་ཧ་ཅང་རྩོད་མེད་ཀྱིས་འཚོ་བར་དགའ་ཞིང་། འཚོ་བའི་འགལ་འདུའི་ཀློང་ནས་བར་ཆད་དང་དཀའ་ཁག་ཏོག་ཙམ་གྱི་ཚོད་བགམ་ལ་འཕྲད་དུས། ང་ཚོས་མགོ་བོ་གནམ་ལ་བཀྱགས་ནས་དེ་མ་རིག་མ་གོ་བའི་ཟོལ་གྱིས་གཡོལ་ཅི་ཐུབ་བྱེད་སྲིད་པ་འདྲ།

  གང་ལྟར་ཀྱང་། མཚམས་འདི་ནས་ངས་གླེང་གཞི་ཅུང་ཞིབ་ཏུ་བཏང་ཆོག་པ་འདྲ། རྒྱལ་ཁོངས་དང་རིགས་རྒྱུད་མི་འདྲ་བའི་མི་དེ་དག་ལ་འབྲེལ་འདྲིས་བྱེད་ཐེངས་རེར། ངས་མང་པོ་ཞིག་གི་གཤིས་ཀའི་ཁྲོད་ཧ་ཅང་བབ་ཆགས་ཀྱི་བསམ་སྦྱོར་ཞིག་མངོན་ཆུང་གིས་སྐུང་ཡོད་པ་ཚོར་ཏེ། དེ་ནི་མི་དེ་དག་རང་རེའི་བོད་པའི་སྐྱེས་པ་དག་དང་མི་མཚུངས་པར་རྒྱ་ཆེན་པོ་མིན་ལ། མགོ་མཐོན་པོ་མ་རེད། ད་དུང་ཁོང་ཚོ་མང་ཆེ་ཤོས་ཤིག་གི་རྐང་བ་བརྟན་ཀྱིག་གེར་ས་ངོས་སུ་སྤོས་ཡོད་པ་ཚོར། དེ་དག་གི་རིག་གནས་ནི་ཤིན་ཏུ་ལྟོས་བཅས་ཤིག་ཡིན་ཏེ། མིག་སྔའི་ཡོད་ཚད་དམ་འཚོ་གནས་ཀྱི་གནས་ལུགས་ཆུང་ཆུང་དེ་དག་གིས་ཁེངས་བསྡད་ཡོད་པ་ཞིག་ཡིན་འདྲ། རྒྱ་ནག་གི་སྐྱེས་པ་དག་གི་སྒེར་སེམས་ཀྱི་བརྩོན་ལེན་དང་། ཉི་ཧོང་པའི་ཞིབ་ཚགས་ལ་འབད་པའི་ནན་ཏན། ཨ་རི་བའི་རྒྱལ་ཕམ་ལ་དམིགས་པའི་ང་རྒྱལ། ཡོ་རབ་པའི་ངག་ཏུ་འཁྱེར་བའི་གནས་ལུགས་ཆུང་ཆུང་དེ་དག མདོར་ན་ས་སྒང་རིལ་མོ་འདིའི་སྐྱེས་པ་དག་ལས་ཕལ་ཆེ་ཤོས་ཤིག་ནི་མཐར་ཐུག་གིས་མི་འཚོ་བར་ལྟོས་བཅས་ཀྱིས་འཚོ་ཞིང་། རྒྱ་ཆེན་རེ་མི་བཤད་པར་ཞིབ་ཕྲ་རེ་འཆད་པར་དགའ། ཏག་ཏག་ཁོ་ཚོའི་འཚོ་གནས་ཀྱི་རྣམ་འགྱུར་དེ་དག་གིས་དཔལ་ཡོན་དང་འབྱོར་ཕྱུག་ཁ་ལུད་པའི་འཇིག་རྟེན་རེ་བསྐྲུན་བཞིན་འདུག་ལ། རང་དབང་དང་བདེ་སྐྱིད་ཀྱི་ཡོ་ལང་རྒྱས་པའི་འཚོ་བ་ཞིག་རོལ་བཞིན་འདུག གཤིབ་བསྡུར་ལས་ཧེ་བག་ཐོན་པ་དང་། ཧེ་བག་ལས་སྡུག་བསྔལ་བཟོ། སེམས་མི་སྐྱིད་པའི་ཚོར་བ་དེ་དག་གིས་ང་རང་ས་མཐར་འཁྱམས་པའི་ལོ་ཟླ་ལ་ཚོས་མདོག་ནག་པོ་ཞིག་གིས་ཡང་ཡང་བཀླུབས་ཡོང་།

  མཚམས་རེར། ངས་རང་རེའི་སྐྱེས་པ་དག་དུས་ནམ་ཞིག་ནས་བཟུང་འདི་ལྟར་གནམ་གྱི་བུ་རུ་གྱུར་བ་དང་། གནམ་གྱི་ཚུལ་དུ་རྐང་བ་ས་ལ་མི་རེག་པའི་སྐོར་ལ་རང་ཚོད་ཀྱིས་མནོ་བསམ་བགྱིས་བ་ཡིན། བཙན་པོའི་རྒྱལ་རབས་ཕྱི་མ་དེ་དག་གིས་མངའ་ཁོངས་རྒྱ་ཆེར་བསྐྱེད་པའི་ལོ་ཟླ་དེ་དག་ཏུ། རང་རེའི་སྐྱེས་པ་རྣམས་ཀྱིས་རེ་ཞིག་གནམ་ལ་རེ་བའི་ལག་ཟུང་སྟོང་བ་དེ་བྲང་ཁར་བཞག་ནས་རང་གི་ཡ་ཆུང་ཁོག་ཏུ་ལྟིག་ལྟིག་ཏུ་འཕར་ཅིང་ལྡིང་བའི་སྙིང་གསོན་པོ་དེར་ཚོར་སྣང་དང་གཟབ་ཉན་བྱས་མྱོང་བ་འདྲ། དེ་བས་ཀྱང་མིག་ཟུང་གི་དབང་བོ་མར་ཕབ་ཙམ་གནང་ནས་མདུན་རྒྱབ་དང་གཡས་གཡོན་གྱི་ཐག་ཉེ་རིང་ཀུན་ལ་སོ་ལྟ་གནང་ཞིང་། འཚོ་གནས་ཀྱི་འགྲན་རྩོད་ཁྲོད་ཕྱོགས་བཞིར་སྟག་གཟིག་དང་ཅེ་སྤྱང་བཞིན་འཇབ་ནས་ཡོད་པའི་ཉེན་ཁ་དེ་དག་མངོན་སུམ་དུ་ཡོད་པ་ཚོར། དེ་ནས་བཟུང་ཁོང་རྣམ་པས་ཡ་ཆུང་ཁོག་གི་སྙིང་ལ་རུས་པའི་སྲོག་སྤྲད་ཅིང་། མར་ལ་ཕབ་པའི་དཔུང་བ་དེར་སྟོབས་ཤུགས་ཀྱི་གཟུངས་བཅུག་ནས་ཕྱོགས་བཞིའི་ཕས་རྒོལ་གྱི་དགྲ་ལ་རྒོལ་ལན་དང་དཔུང་འཇུག་ཞུམ་མེད་དུ་བྱས་པས། ང་ཚོའི་ལོ་རྒྱུས་སུ་གཞི་ནས་གསེར་ཡིག་གིས་འབྲི་དགོས་པའི་གཟི་དཔལ་གྱི་དུས་རབས་དེ་དག་བྱུང་། སྐབས་དེ་དག་ཏུ། ང་ཚོའི་སྐྱེས་པ་དེ་དག་ནི་གནམ་གྱི་བུ་མ་ཡིན་ཏེ། དེ་ནི་ཤ་ཁྲག་གདོས་བཅས་ཀྱི་ཕ་མའི་བུ་ཡིན་པ་དང་། ང་ཚོས་རྟ་གོང་ནས་འདོ་བ་བང་གིས་རྒྱུགས་པའི་རྨིག་པའི་འཁོར་ལོ་འཁོར་བ་དང་ས་ཆེན་གྱི་བྲང་ཁོག་རྔ་བོ་བཞིན་རྡུང་པའི་དྲགས་ཤུགས་མངོན་སུམ་དུ་ཚོར་ཡོང་སྟེ། སྐྱེས་པ་དག་གི་མདུང་མོའི་རྩེ་དང་རལ་གྲིའི་དངོ། མདའ་མོའི་སྒྲོ་སོགས་ནི་ཅི་འདྲའི་མངོན་སུམ་གྱི་ཚོར་བ་ཞིག་རེད་ཨང་། ང་ཚོས་ས་དོག་མོ་བང་གིས་བཅད་ནས་འགྲོ་དུས་ཡིད་ཆེས་ས་དང་སྐྱབས་བཅོལ་ས་ཡང་ཡ་ཆུང་ཁོག་ན་འཕར་ཅིང་ལྡིང་བའི་སྙིང་དེ་ཡིན་སྲིད་ཅིང་། དེ་ལས་གཞན་པ་ཞིག་གཞར་ནས་མེད་པའི་བདེན་པ་དེར་དམར་བོ་སྲོག་གིས་བདེན་དཔང་དང་ར་སྤྲོད་ཡང་ཡང་བྱས་ཡོད་སྲིད། དུས་རབས་དེ་དག་ནི་དུས་ནམ་ཡང་བརྗེད་མི་སྲིད་ཅིང་རྗེས་དྲན་དུ་འཁོར་བའི་དུས་རབས་ཤིག་ཡིན་པ་དང་། དུས་རབས་དེ་དག་ལ་ང་ཚོའི་སྐྱེས་པ་དག་རེ་ཞིག་ལ་གནམ་ནས་བབས་ཏེ་ས་རུ་གནས་ཡོད་པ་འདྲ། ཡིན་ན་ཡང་། གོང་དུ་དཔེ་བཞག་པ་ལྟར་གཟི་དཔལ་གྱི་གནས་སྐབས་དེ་དག་ནི་མེ་ཏོག་ཅིག་སིལ་སྡོང་གི་ཡལ་འདབ་ནས་མར་ཟགས་པའི་དུས་ཚོད་ཙམ་དུ་གྱུར་ཅིང་། རྒྱལ་རབས་ཀྱི་ཕྲེང་ཐག་ཉག་ཕྲན་མདའ་མོ་གཅིག་གིས་དུམ་བུར་བཅད་ནས་རྒྱལ་རྒྱུད་ཀྱི་ལྷ་སྲས་དེ་དག་ཕྲེང་རྡོག་བཞིན་མཐོ་སྒང་གི་ཕྱོགས་བཞིར་སིལ་བུར་ཐོར་དུས། ཅི་བྱ་གཏོལ་བྲལ་དུ་གྱུར་བའི་བོད་པའི་སྐྱེས་པ་དག་གིས་ལྷན་སྐྱེས་ཀྱི་བག་ཆགས་སམ་གོམས་སྲོལ་ཞིག་གིས་ཡང་བསྐྱར་མགོ་བོ་གནམ་ལ་དགྱེས་ནས་ཡབ་མེས་དྲན་པ་དང་། གནམ་ལ་རེ་བའི་ལག་ཟུང་སྟོང་བ་དེ་ཡང་ཡང་དང་ཡང་དུ་མགོ་ལ་འགྱོགས་མགོ་བརྩམས།

  ཕྱིས་འབྱུང་གི་ལོ་རྒྱུས་དག་ནི་ང་ཚོ་རིམ་གྱིས་སླར་ཡང་གནམ་གྱི་བུ་རུ་གྱུར་བའི་གོ་རིམ་ཞིག་ལས་མ་འདས། ང་ཚོའི་སྐྱེས་པ་རྫིག་པོ་དག་རྟ་རྒྱབ་ནས་བབས་ཏེ་གདན་སྟེང་དུ་བཞུགས་པ་དང་། ལག་གི་མདའ་གྲི་མདུང་གསུམ་བསྐྱུར་ཏེ་རྔ་སྦུབ་དྲིལ་གསུམ་བཟུང་པ་དང་། ངག་གི་དཔའ་བོའི་ངར་སྐད་ཀྱི་གད་རྒྱངས་དེ་རིམ་གྱིས་འཇགས་ནས་མཆོད་བསྟོད་སྨོན་གསུམ་དུ་གྱུར། དུས་དེ་ནས་བཟུང་། བོད་པའི་སྐྱེས་པ་དག་གིས་མགོ་བོ་ཡང་བསྐྱར་ཕྲག་སྟེང་ནས་དབྱིངས་སུ་དགྱེས་ཏེ། དེ་རུ་བཞུགས་པའི་མེས་པོ་དང་ལྷ་ཚོགས་ལ་སྐྱབས་བཅོལ་ཡང་ཡང་ཞུས། ང་ཚོས་དུས་དང་རྣམ་པ་ཀུན་དུ་མིག་མདུན་གྱི་ཡོད་ཚད་ལ་སྙིང་བོས་སྟོང་བ་ཡང་ཡང་སྒྲུབ་ཅིང་ཁེ་ཕན་གང་ཡིན་རུང་རྩོད་འདོད་ཀྱི་ཧམ་པ་ཆུང་ནས་ཆུང་དུ་གྱུར། འཚོ་གནས་ཀྱི་དཔལ་འབྱོར་སྒྲུབ་པའི་རྩོལ་བ་ཡང་ཞན་ནས་ཞན་དུ་གྱུར་ཏེ་ཡོད་ཚད་ལ་གསར་གཏོད་དང་འཕེལ་རྒྱས་མེད་པར་དུས་ཡུན་རིང་པོ་ཞིག་འགོར། དུས་ཡུན་དེ་དག་ཏུ། ང་ཚོ་རི་མཐོ་སར་འགོས་ནས་ཅི་ནུས་ཀྱིས་གནམ་དང་ཉེ་བར་བཏུད་ནས་སྐྱབས་འཇུག་དང་མཆོད་བསྟོད་ཡང་ཡང་འགྱིས་ཤིང་། རྒྱ་ཆེ་སར་བསྡད་ནས་སྐད་ཆ་སྦོམ་པོ་རེ་བཤད་ནས་གནས་ལུགས་ཟབ་མོ་རེ་བགྲངས། ང་ཚོ་སླར་ཡང་གནམ་ལ་དགའ་ཚོར་ཚད་མེད་ཅིག་སྐྱེས་ཤིང་དད་པ་བརྟན་པོ་ཞིག་བྱུང་། དེའི་མཐོ་ཚད་དང་མཐོངས་ཡངས་ལ་མོས་གུས་བླ་ལྷག་གིས་སྐྱེས། ཕྱིས་སུ། ང་ཚོས་ཡབ་མེས་ཚོ་ནང་བཞིན་ནམ་མཁའ་སྟོང་བ་དེ་ནས་རྨུ་ཐག་ཅིག་དཔྱངས་ཡོང་པར་ཡིད་ཆེས་ཆེན་པོ་མི་བྱེད་ཀྱང་། གནམ་གྱི་ངོ་བོ་དང་རང་བཞིན་ཡོད་ཚད་ང་ཚོའི་གཤིས་རྒྱུད་དུ་སིམ། དེ་ནས་དུས་ཚོད་ནི་ནམ་མཁར་རྒྱུ་བའི་སྤྲིན་པ་དེ་དག་དང་མཚུངས་པར་ཕར་ནས་ཕར་ལ་བུད་སོང་། སོང་ནས་ཡུན་རིང་འགོར་སོང་། ང་ཚོའི་རྐང་བ་ས་ལ་མི་ཚུགས་པའི་བཟོ་ལྟ་དང་དུས་རྒྱུན་གནམ་ལ་འཕུར་བའི་ཉམས་འགྱུར་གྱིས་རྡོག་འོག་གི་ས་ཆེན་འདིའི་སྟེང་བྱུང་བའི་འཕོ་འགྱུར་ཡོད་ཚད་ལ་དུས་ཐོག་ཏུ་ཉམས་སྣང་ཆེན་པོ་མ་བྱུང་ཞིང་། ས་ཡོམ་ཞིང་རླབས་སྐྱོམ་པའི་གནད་འགག་གི་དུས་སྐབས་དེ་དག་སླེབས་པར་ཡང་དོ་སྣང་ཤུགས་ཆེན་མ་བྱུང་། ང་ཚོའི་མིག་ཀོང་དུ་ཕར་བལྟས་ཚོད་ཀྱིས་གནམ་གྱི་འོག་ཏུ་སྲིད་འདིའི་ཕྲ་རག་ཡོད་ཚད་ཤོང་ཡོད་པ་ལྟར་ཅི་ཡང་བསྡུས་ཡོད་པ་ལྟར་སྣང་ཡང་། དོན་དམ་དུ་ཅི་ཡང་མེད་པར་སྟོང་ལྷང་ལྷང་དུ་གྱུར། ང་ཚོ་སྟེ། གངས་ཅན་བོད་པའི་སྐྱེས་པ་དག་ནི། ཨ་མ་གནམ་གྱི་བུ་སྟེ། མཚམས་རེར་གླུ་ཐན་ཐུན་རེ་བླངས་ནས་སྣང་བ་སྐྱིད་དུས་འཇིག་རྟེན་ང་ཡི་ལག་པའི་ནང་དུ་འཁོར་ཅེས་རང་སེམས་རང་གིས་གསོ། རང་སེམས་རང་གིས་གསོས་ཤིང་རང་མགོ་རང་གིས་གཡོགས་ནས་དུས་ཡུན་རིང་བོ་འགོར་རྗེས། འགྲན་རྩོད་ཀྱི་དུས་རབས་འདིའི་ནང་དུ་གཞི་ནས་གནམ་ལ་འཕུར་རྩིས་ཀྱི་ཨུ་ཚུགས་ལ་འཚེར་སྣང་གིས་ཁེངས་བར་གྱུར་ཅིང་། གནམ་གྱི་བུ་རུ་གྱུར་བའི་བཟོ་ལྟ་ལ་ཆགས་འཇིག་ཆེན་པོ་བྱུང་།

  ང་ཚོས་ད་དུང་གླེང་གཞི་ཞིབ་ཏུ་བཏང་ན། ད་ལྟའི་དུས་རབས་འདི་ནི་དཔལ་ཡོན་ཁ་ལུད་པའི་དུས་རབས་ཤིག་སྟེ། གོ་ལ་འདིར་གཞི་བཅས་པའི་མི་རྣམས་ཀྱིས་གཅིག་ལ་གཅིག་འགྲན་པའི་ཚུལ་གྱིས་དངོས་པོའི་གཤིས་ལུགས་སམ་ཆོས་ཉིད་འདོན་སྤེལ་དང་བེད་སྤྱོད་རྒྱ་ཆེར་བྱས་ནས་འཚོ་གནས་ཀྱི་མཁོ་ཆས་གསར་གཏོད་བྱེད་ཅིང་། སྲོལ་རྒྱུན་གྱི་ཡལ་འདབ་ལ་དེང་རབས་ཀྱི་མེ་ཏོག་བཞད་པར་བྱས་ནས་རིག་གནས་ཀྱི་དྲི་བསུང་གིས་འཚོ་བའི་ཁང་བཟང་དུ་བདེ་སྐྱིད་ཀྱི་ཚོར་བ་བསྐྱིལ་བཞིན་ཡོད། འདི་ནི་རླབས་ཆེ་བའི་དུས་རབས་ཤིག་སྟེ། འགྲོ་བ་མི་རྣམས་རིམ་གྱིས་རང་རང་གི་ལས་དབང་གི་བདག་པོར་འགྱུར་བའི་དུས་རབས་ཤིག་ཡིན་ལ། མི་རྣམས་ཀྱིས་རང་གི་ལག་ཟུང་གི་རྩོལ་བ་དང་ཤེས་རབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡོད་ཚད་ལ་ཚོད་འཛིན་དང་བཀོད་སྒྲིག་བྱེད་ཐུབ་བཞིན་ཡོད། དུས་རབས་འདི་ནི་འདི་ལྟར་རླབས་ཆེ་བའི་དུས་རབས་ཤིག་ཡིན་ཡང་། ཆེས་བསྙོན་དུ་མེད་པའི་བདེན་པ་ཞིག་ཡོད་པ་ནི་དེ་ནི་བྱེ་བྲག་གི་མི་བུ་རེ་རེས་རྩོལ་བས་དཔལ་དུ་བསྐྲུན་པ་ཞིག་ཡིན་ཞིང་། ཆེས་ཕྲ་ཞིབ་དང་གོ་རིམ་ལྡན་པའི་ལས་ཀ་རྣལ་མ་དག་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཞིག་ཅིས་ཀྱང་ཡིན་སྲིད། དེར་བརྟེན། དུས་རབས་འདིར་ད་དུང་ཕྲ་ཞིབ་ལ་སྣང་མེད་བྱེད་ཅིང་། གོ་རིམ་ལ་བརྩི་སྲུང་མི་བྱེད། འགྲན་རྩོད་ལ་མགོ་གཡོལ་བྱས་པ་ཡིན་ན། དེ་རང་ཅིས་ཀྱང་འཚོ་གནས་ཀྱི་འགྲན་རྩོད་ཁྲོད་ནས་ཕམ་ཁ་ཉོ་མཁན་དེ་ཡིན་པ་མངོན་སུམ་ཚད་མར་གྲུབ་ངེས། ཚད་གཞི་འདི་འདྲ་ཞིག་བཟུང་སྟེ། ང་རང་ཉིད་འདུས་པའི་ངའི་ཉེ་རྒྱང་ཀུན་གྱི་བོད་པའི་སྐྱེས་པ་དག་ལ་ཞིབ་བཤེར་ཐེངས་ཤིག་བྱེད་དུས། གནམ་གྱི་ཆེ་མདོག་དང་མཐོ་མདོག གནམ་གྱི་སྟོང་གསོབ་དང་གནམ་གྱི་རྩིང་རགས་ཤིག་སྔར་བཞིན་ང་ཚོའི་འགྲོ་འཆག་ཉལ་འདུག་གི་འཚོ་བའི་གོ་རིམ་རེ་རེར་སིམ་འདུག་པའི་ཉམས་སྣང་སྐྱེས། ང་ཚོ་འཛོམས་ས་ཀུན་ཏུ་རྟག་པར་གནས་ལུགས་ཆེན་པོ་རེ་གླེང་གཞིར་གྱུར་ནས་དེ་ལ་ཡོད་མེད་དང་དཀར་ནག འགྲིག་མིན་སོགས་ཀྱི་རྩོད་གླེང་གིས་ཁེངས་པ་ལས། ཞིབ་ཕྲ་ཅན་དང་གོ་རིམ་ཅན། དེ་མིན་ཉེར་མཁོ་ཅན་གྱི་བགྲོ་གླེང་ཞིག་ཧ་ཅང་དཀོན་པའི་ཚུལ་དུ་གྱུར། དཔེ་བཞག་ན། རིགས་གཞན་གྱི་སྐྱེས་པ་དག་གིས་ཅ་ལག་ཅིག་གི་ལྷུ་ལག་གླེང་དུས་ང་ཚོས་ཅ་ལག་དེའི་ངོ་བོ་གླེང་ཡོང་། གཞན་གྱིས་ལས་ཀ་ཞིག་གི་གོ་རིམ་མམ་མ་ལག་གླེང་དུས་ང་ཚོས་ལས་ཀ་དེ་སྒྲུབ་པར་འོས་མིན་གླེང་། གཞན་གྱིས་དངོས་པོའི་གཤིས་ལུགས་སམ་ཆོས་ཉིད་ཀྱི་མངོན་སྟངས་ཞིབ་མོ་ཅི་འདྲ་ཡིན་ཚུལ་གླེང་དུས། ང་ཚོས་གཤིས་ལུགས་སམ་ཆོས་ཉིད་དེ་ཁོ་ན་ཉིད་གླེང་ཡོང་། གཞན་གྱིས་རེ་རེ་བཞིན་སྒྲུབ་ནས་ཡོང་དུས་ང་ཚོས་མཐར་མཇུག་སྤྱི་བསྡོམས་རེ་བྱེད་ཡོང་། གཞན་གྱིས་བྱེ་བྲག་ཅིག་བཤད་དུས་ང་ཚོས་བམ་བཤད་ཅིག་བྱས་ཡོང་་་་་་་་མདོར་ན་དུས་ཚོད་མཚམས་འདིར་སླེབས་དུས། ང་ཚོའི་སྐྱེས་པ་ཚོ་ནི་ནམ་ཡང་རང་སྣང་ཆེན་པོ་ཞིག་གིས་ཡར་བཀྱགས་ནས་སྔར་བཞིན་མཁའ་རུ་འཕྱོ་ཞིང་། རྐང་བ་ས་ལ་རེག་མི་ཐུབ་པའི་ཚད་དུ་གནས། འདི་ནི་ཅི་འདྲའི་བྲེད་ཤ་ལངས་པ་ཞིག་རེད་ཨང་། དངངས་འཚབ་ལངས་པ་ཞིག་རེད་ཨང་། ང་ཚོ་འདི་ལྟར་རགས་མོ་དང་རྩིང་པོ། རྒྱ་ཆེན་དང་། མཐར་ཐུག་ཏུ་གྱུར་བའི་ཉེས་དམིགས་ཀྱང་རིམ་གྱིས་དུས་རབས་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་མངོན་ཡོང་བཞིན་ཡོད་དེ། གོ་ལ་འདིའི་ཡུལ་གྲུ་ཀུན་ཏུ་སྐྱེས་པ་ཕོ་དེ་དག་གིས་ལག་ཟུང་གི་རྩོལ་བར་བརྟེན་ནས་ཧ་ལས་ཧོན་ཐོར་བའི་ངོ་མཚར་གྱི་དཔལ་ཡོན་བསྐྲུན་ཏེ། གནམ་གྱི་གཞལ་ཡས་ཁང་ས་རུ་ལྷུང་འདྲའི་འཚོ་གནས་ཀྱི་བར་སྟོང་བསྐྲུན་བཞིན་མཆིས་པ་ལ། རང་ཅག་གིས་ད་དུང་སྦྲ་ནག་ཡ་སྦྲ་ནག་ཟེར་བཞིན་མེས་པོ་དག་གིས་ཕུབ་པའི་ལོ་ངོ་སྟོང་གི་མགོ་སྦྲ་དེ་ལ་རྒྱང་འབོད་བྱེད་པ་དང་། གཞན་གྱིས་མི་ཡུལ་དུ་ལན་གཅིག་ཡོང་བའི་བདེ་སྐྱིད་ཀྱི་འཚོ་བར་དབང་བོ་ལྔ་ཡི་ལོངས་སྤྱོད་ལ་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ཞིག་བསྐྲུན་པའི་དུས་སུ། རང་ཅག་གིས་ད་དུང་དབང་བོ་ལྔ་ཡི་ཉེས་དམིགས་ཀྱིས་བསྐྱེད་པའི་སྡུག་བསྔལ་གསལ་འདེབས་བྱེད་་་་་་་མདོར་ན། ང་ཚོ་རིམ་གྱིས་སྐྱེས་པ་དག་གི་དབར་དུ་ཡོད་སྲིད་པའི་འགྲན་རྩོད་ཀྱི་ཡོ་ལང་ཁྲོད་ཉམས་ཞན་དུ་འགྱུར་བཞིན་ཡོད་ཅིང་། དེ་བས་ཀྱང་ཡིད་སྐྱོ་བ་ནི་འདི་ལྟར་དུས་ཚོད་ཀྱིས་ཁུར་ཏེ་མདུན་དུ་ཕྱིན་ན་ང་ཚོ་གནམ་ལ་ལོག་ཐུབ་པ་ཕར་ཞོག་དོན་དམ་གྱི་ལོག་མལ་ལག་མཐིལ་ཙམ་ཞིག་ཀྱང་ལྷག་མི་སྲིད་པ་འདྲ། འདི་ནི་ཅི་འདྲའི་བྲེལ་ཤ་ལངས་པ་ཞིག་རེད་ཨང་།

  གང་ལྟར་ཀྱང་། མི་ལོ་ཉིས་སྟོང་གི་ཡར་སྔོན་གྱི་བཙན་པོ་དེ་གནམ་ནས་ཡོང་མིན་བཤད་དཀའ་ཡང་། འདས་མ་འོང་ད་ལྟ་གང་ཡིན་རུང་ང་ཚོར་གནམ་ཟེར་བའི་ཟས་རང་འགྲུབ་དང་གོས་རང་གྲུབ་ཀྱི་ལོག་མལ་ཞིག་མེད་པ་གཏན་ཁེལ་རེད། དེ་བས། ང་ཚོ་ནི་མགོ་བོ་སྦོས་ནས་གནམ་ལྟར་ཆེ་ཡང་ལུས་པོ་ཕྲ་བ་འཇག་མ་འདྲ་བ་ཞིག་ཏུ་གྱུར་བ་ནི་མི་རིགས་འདིའི་སྐྱེས་པ་དག་གི་སྐྱོ་གར་ཡིན་སྲིད་པ་དང་། དེ་བས་ཀྱང་མི་རིགས་འདིའི་སྐྱོ་གར་ཡིན་སྲིད། ངས་སྐྱོ་གར་འདི་ཞིབ་མོར་བགྲངས་འདོད་ཀྱང་བྱེ་བྲག་ལ་འབབ་པར་དཀའ་ཁག་ཡང་ཡང་འཕྲད་ཡོང་སྟེ། དེ་ཡང་བྱེ་བྲག་ལ་བབས་དྲགས་ན་བོད་ཀྱི་སྐྱེས་པ་དཔུང་ཤུགས་ཅན་ཞིག་ལ་ཕོག་ཐུག་བཟོས་མི་ཡོང་སྙམ་ནས་ཞེད་སྣང་སྐྱེས་ཤིང་། དེར་ཁྱད་གསོད་ཀྱིས་ཞིབ་ཏུ་འབྲི་བསམས་ཀྱང་ང་རང་ཡང་གནམ་གྱི་བུ་ཡིན་ལ། གནམ་ལྟར་རྒྱ་ཆེ་ས་རེར་འཇོན་པ་ལས་ཉག་ཕྲ་ས་དང་ཞིབ་ཚགས་ས་ལ་མི་འཇོན་པ་རང་བཞིན་གྱིས་རྟོགས་བྱུང་་་་་་

  ༢༠༢༠ལོའི་སྤྱི་ཟླ་༡པོའི་ཚེས་༢༡ཉིན།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། 《གནམ་གྱི་བུ》

2020-01-21 ལྷ་བྱམས་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།