རྒྱ་སེ་མེ་ཏོག་རྐང་གསུམ།

ཁྱུང་ཐར་རྒྱལ།(རྩེ་ཁོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-08-11

དང་པོ། མི་ཚེ་ནི་ཅི་ཞིག་ཡིན་ནམ།

  མི་ཚེ་ནི་ཅི་ཞིག་ཡིན་ཞེ་ན། མི་ཚེ་ནི་རྨི་ལམ་ཐེངས་ཤིག་ཡིན། ཐོག་མར་འཇིག་རྟེན་འདིར་ཡོང་དུས་ལག་ཟུང་དམ་པོར་བསྡམས་ཏེ། འཇིག་རྟེན་འདིར་དོན་ཆེན་མང་པོ་ཞིག་ཡིད་ཆེས་དང་སྤོབས་པས་བསྒྲུབ་རྒྱུ་ཡིན་པ་ལྟར་ཁུ་ཚུར་བཅངས་ནས་ཡོང་། ཡིན་ནའང་། འཆི་བའི་དུས་ལ་སླེབས་དུས་དབང་རྩ་ཐམས་ཅད་དང་ལག་པའི་སྤར་མོ་ཡང་ལྷོད་དེ་རང་གིས་རང་ལ་བདག་པོ་ཡང་རྒྱག་ཐབས་བྲལ། ཚེ་སྲོག་གི་དུས་མཐའི་སྐད་ཅིག་མ་འདིར་ཁྱོད་རང་འཇིག་རྟེན་འདིར་ལྷག་པར་དུ་ཞེན་ཆགས་ཆེ་ལ། རང་གི་གཟའ་ཚང་དང་བུ་ཕྲུག གཉེན་ཉེ་སོགས་ཅིས་ཀྱང་བློས་མི་ཐོངས་པའི་བརྩེ་བ་དང་སྡུག་བསྔལ་གྱིས་ཀུན་ནས་གཙེས་ཡོང་། “དོན་དུ་ཡོང་མི་ཐམས་ཅད་འགྲོ་མི་ཡིན”གསུངས་པ་ལྟར། ཁྱོད་རང་འཇིག་རྟེན་འདི་དང་བྲལ་ཏེ་འགྲོ་བའི་དུས་སུ། ཁྱོད་ཀྱི་འགྲོ་རོགས་ནི་རང་གི་གྲིབ་མ་ནག་རིལ་ལས་མ་འདས། ཐ་ན་དེ་དུས་ཁྱོད་ལ་གྲིབ་མ་ཡོད་མེད་ཀྱང་བཤད་ཁག་པོ་ཡིན། ཁྱོད་རང་འགྲོ་དུས་རླུང་ལྟར་ཁེར་རྐྱང་ལ་འགྲོ་དགོས། འཇིག་རྟེན་འདིར་ཁྱོད་ལ་དཔའ་དང་དཔུང་པ་ཇི་འདྲ་ཞིག་ཡོད་རུང་། སུ་དང་གང་ཡང་ཁྱོད་ཀྱི་འགྲོ་རོགས་མི་ཉན་ལ། ཁྱོད་ཚང་གི་ཡ་ཕུག་ན་རྣམ་སྲས་བང་མཛོད་ཡོད་རུང་། ཁྱོད་ལ་ཁབ་སྐུད་ཙམ་འཁྱེར་བའི་དབང་ཆ་འང་ཡེ་ནས་མེད། དེ་དུས་ཁྱོད་ཀྱིས་མི་ནི་ཇི་འདྲ་ཞིག་ཡིན་པ་གཞི་ནས་ཤེས་ཡོང་ལ། ལྷག་པར་དུ་རང་ཉིད་དཔའ་བོ་ཞིག་མིན་པའང་ལྷང་ལ་བུད་ཡོང་།

  མི་ཚེ་ནི་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། མི་ཚེ་ནི་གཙང་པོ་ཞིག་ཡིན་ཏེ་ནམ་ཡང་བཞུར་འགྲོ་བ་ཡིན། གཙང་པོའི་ཆུ་ལ་དགྲ་ཡ་མེད་ཟེར་ཡང་། ཁྱོད་ལ་འདོད་ཆགས་དང་ཞེ་སྡང་། གཏི་མུག་ཟེར་བའི་དགྲ་བོ་བཙན་པོ་གསུམ་ཡོད། ཁྱོད་རང་ངེས་པར་དུ་དགྲ་བོ་འདི་དག་ལས་རྣམ་པར་རྒྱལ་དགོས། དགྲ་བོ་འདི་དག་གིས་ཁྱོད་རང་ནམ་ཡང་དམྱལ་བར་འཕེན་བཞིན་ཡོད། དེ་བས་ཁྱོད་ཀྱིས་ནམ་ཡང་དགྲ་བོ་འདི་དག་གི་གཉེན་པོ་བསྟེན་དགོས། དལ་བརྒྱད་འབྱོར་བཅུ་ཚང་པའི་མི་ལུས་འདི། གསེར་ལྟར་འོད་འཚེར་བའི་དུས་སུ་བསམ་ཤེས་དང་སྐྱོང་ཤེས་བྱེད་དགོས་ཡ། ཡང་གཅིག་བཤད་ན་མི་ཚེ་ནི་བྱིས་པ་བསམ་མེད་ཞིག་དང་འདྲ་བས་བྱིས་པ་དེས་མིག་བཙུམས་ཏེ་གཡང་ལ་མཆོངས་ཡང་སྲིད། འཇིག་རྟེན་འདིར་དོན་དག་ཅི་ཡང་འབྱུང་གིན་ཡོད་པས། ཁྱོད་ཀྱིས་རྒྱུན་དུ་མིག་གིས་མདུན་དུ་བལྟས་ཏེ་འགྲོ་དགོས། རྒྱབ་ཕྱོགས་ན་གཡང་གཟར་ཡོད་ཀྱང་དེ་ནི་ཁྱོད་ཀྱི་དགྲ་བོ་མ་ཡིན། ཁྱོད་ཀྱི་དགྲ་བོ་ནི་ཁྱོད་ཀྱི་མདུན་ཕྱོགས་ན་རྐང་པ་ཐོགས་ས་ཡོད་པའི་རྡོ་དེ་དག་ཡིན། རྡོ་དེ་དག་བསལ་དགོས་ལ། རྡོ་དེ་དག་ལས་ཁྱོད་རང་རྣམ་པར་རྒྱལ་དགོས། རྡོ་དེ་དག་ནི་བར་ཆད་ཡིན། བར་ཆད་ཟེར་བའི་རླུང་དེ་གང་ནའང་ལྡང་གིན་འདུག་པས། དུས་སྐབས་འདི་འདྲར་ཁྱོད་ཀྱིས་མགོ་བོ་མཐོན་པོར་བཏེགས་ནས་འགྲོ་དགོས། ཁྱོད་ཀྱི་ཕྲག་པ་གཉིས་ཀྱིས་ཁྱོད་ཀྱི་མགོ་བོ་མཐོན་པོར་བཏེགས་ཡོད་པས་ཁྱོད་རང་ཅི་ལ་སྐྲག་ཨང་། ནམ་མཁའ་འདི་འདྲ་མཐོ་བས་ཁྱོད་ཀྱིས་གདོང་ཐུག་རྒྱག་གི་མ་རེད་ལ། ས་གཞི་འདི་འདྲ་ཡངས་པས་ཁྱོད་རང་མི་ཤོངས་པའང་མ་རེད། ཁྱོད་ལ་དགོས་པ་ནི་རང་ཚུགས་དང་ཡིད་རྟོན་ལགས་ཏེ། རྨི་ལམ་ཐེངས་ཤིག་དང་འདྲ་བའི་མི་ཚེ་འདིར། ཁྱོད་ཀྱིས་མི་ཚེ་ཡི་རིན་ཐང་དང་གོ་དོན་རྟོགས་པར་ཤོག

  མི་ཚེ་ནི་མཚར་སྡུག་ལྡན་པའི་རྒྱ་སེ་མེ་ཏོག་རྐང་གཅིག་དང་འདྲ་ལ། མེ་ཏོག་དེ་དུས་ལྟར་རྙིད་འགྲོ་བ་ཞིག་ཀྱང་ཡིན་པས། ང་ཚོས་རྒྱུན་དུ་ཆུ་ལུད་དྲོད་གསུམ་གྱིས་གཉོར་སྐྱོང་ཡག་པོ་བྱེད་དགོས་ཨང་།།

གཉིས་པ། བདེ་སྐྱིད་ནི་ཅི་ཞིག་ཡིན་ནམ།

  བདེ་སྐྱིད་ཟེར་བ་དེ་གཙོ་བོ་ལུས་ལ་ན་ཚ་དང་སེམས་ན་སྡུག་བསྔལ་མེད་པ་དེ་ཡིན། མི་ཞིག་ལ་མཚོན་ན་དེ་ནི་ཆེས་རྩ་བར་གྱུར་བའི་འཚོ་གནས་ཀྱི་གལ་ཆེན་རང་བཞིན་ཡིན། མི་སུ་ཞིག་ཡིན་རུང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དེ་ནི་གང་ཟག་སོ་སོའི་རང་རྒྱུད་ཀྱི་ཞེན་པ་དང་བདག་འཛིན་ཁོ་ནར་རག་ལས་ཡོད། མི་ནི་འདི་འདྲ་ཞིག་ཡིན་ཏེ། ནམ་ཡང་གཞན་གྱི་ཕུན་ཚོགས་ལ་སྡང་ཞིང་ཕྲག་པའང་དོག་པར་འགྱུར། རང་ལ་མེད་པ་དེ་དག་ཅིས་ཀྱང་འཐོབ་པར་འདོད་པའི་བདག་འཛིན་གྱི་བློ་དེ་རྣོ་ལྕགས་ཀྱི་སྤར་མོ་སྟོང་ཕྲག་གདུག་རྩུབས་ཀྱིས་གང་སར་གདེངས་པ་དང་མཚུངས། གནས་ཚུལ་འདི་འདྲའི་འོག་ཏུ་ཁྱོད་ལ་བདེ་སྐྱིད་ཟེར་བ་ཞིག་ཡེ་ནས་མེད་ལ། བདེ་སྐྱིད་ཟེར་བ་དེ་ཁྱོད་ཀྱིས་ཅི་ལྟར་བཙལ་ཀྱང་རྙེད་པར་མི་འགྱུར། རང་ལ་གཏོགས་པ་དེ་དོན་དངོས་སུ་རང་དང་རྒྱང་ཐག་ཤིན་ཏུ་རིང་ཞིང་། ས་མིག་དེ་ནམ་ཡང་གསང་བ་ལྐོག་གྱུར་ཞིག་ཡིན།

  ཁྱོད་ཀྱིས་བདེ་སྐྱིད་འདོད་ན། ཁྱོད་རང་མ་གཞི་ནས་བློ་ཁོག་ཡངས་ཤིང་ཤེས་རྒྱ་ཆེ་བའི་འདོད་ཆུང་ཆོག་ཤེས་ཀྱི་མི་ཞིག་ཡིན་དགོས། འཇིག་རྟེན་འདི་ནས་མང་པོ་མང་པོ་ཞིག་ཁྱོད་ཀྱིས་བློས་གཏོང་དགོས། འཇིག་རྟེན་འདིར་ཁྱོད་ཀྱི་བློར་འབབ་པའི་དངོས་པོ་ཇི་འདྲའི་མང་པོ་ཞིག་ཡོད་རུང་། དངོས་པོ་དེ་དག་ཚང་མ་ཁྱོད་ལ་བདག་པར་མི་འགྱུར། དངོས་པོ་དེ་དག་ཚང་མ་ཁྱོད་ཀྱི་མིན་ལ། དངོས་པོ་དེ་དག་ལ་ད་དུང་རང་རང་གི་གནས་བབས་དང་ཆ་རྐྱེན་མཚུངས་པའི་བདག་པོ་གཞན་པ་ཡོད། འཇིག་རྟེན་འདིར་ནམ་ཡང་ཁྱོད་ལ་དབང་ཞིང་ཁྱོད་ཀྱིས་བདག་འཛིན་ཐུབ་པ་ནི། རིག་གནས་དང་ཤེས་བྱ་སྦྱོང་རྒྱུ་དེ་ཡིན། དེ་ནི་འཇིག་རྟེན་འདིར་ཁྱོད་ལ་དབང་པའི་གསེར་ནག་ལས་རིན་ཐང་ཆེ་བའི་བདེ་སྐྱིད་ངོ་མ་དེ་ཡིན། བདེ་སྐྱིད་དེས་ད་གཟོད་ཁྱོད་རང་བསླུ་བར་མི་འགྱུར་ལ། ཁྱོད་ཀྱི་འཇིག་རྟེན་ལ་ནམ་ཡང་གསེར་མདོག་གི་སྙན་ངག་ཁོ་ན་འབྲི་བར་འགྱུར།

  གསོ་རིག་པ་ཚོས་བདེ་སྐྱིད་ནི་བདེ་ཐང་ཡིན་ཟེར། ཆོས་ལུགས་པ་ཚོས་བདེ་སྐྱིད་ནི་ཞི་བདེ་ཡིན་ཟེར། དམག་དོན་པ་ཚོས་བདེ་སྐྱིད་ནི་ཟུངས་ཁྲག་ཡིན་ཟེར། ཚན་རིག་པ་ཚོས་བདེ་སྐྱིད་ནི་གསར་གཏོད་ཡིན་ཟེར། ཁྱོད་ཀྱིས་བལྟས་ན་བདེ་སྐྱིད་ནི་དོན་དངོས་སུ་ཅི་ཞིག་རེད། ཅི་ལྟ་བུ་ཞིག་ལ་ད་གཟོད་བདེ་སྐྱིད་ཅེས་སྙན་པའི་མིང་གིས་བོས་ན་ཆོག་གམ། བདག་གི་བསམ་པར། བདེ་སྐྱིད་ཟེར་བ་དེ་བསླུ་བ་མེད་པ་ཞིག་དང་མཐའ་གཉིས་སུ་མ་ལྷུང་པའི་འཚོ་ཐབས་ཤིག་ལ་གོ་ན་ཡག་པོ་འདུག་བསམ། བདེ་སྐྱིད་ནི་མཐའ་གཅིག་ཏུ་དགོད་སྒྲ་ཡིན་པས་མ་ཁྱབ་ལ་མིག་ཆུ་ཡིན་པའང་ག་ལ་སྲིད། བདེ་སྐྱིད་དེ་ནམ་ཡང་ཁྱོད་དང་འགྲོགས་ནས་ཡོད་ཅིང་། བདེ་སྐྱིད་དེ་དུས་དང་དུས་སུ་ཁྱོད་དང་འབྲལ་བར་འགྱུར་ངེས། དེ་བས་ཁྱོད་ཀྱིས་ནམ་ཡང་བདེ་སྐྱིད་ལ་དཔྲལ་བའི་མིག་ལྟར་གཅེས་རྒྱུ་ནི། རང་ཉིད་རང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མཚོན་རྟགས་ངོ་མ་དེ་ཡིན།

  ང་ལ་མཚོན་ན་བདེ་སྐྱིད་ནི་དཔེ་ཀློག་ཡིན། འཇིག་རྟེན་འདི་ནས་ལུས་པོ་བདེ་ཐང་དང་འཚོ་ཚིས་འདང་ཙམ་ཞིག་གི་ངོས་ནས་དཔེ་ཀློག་གི་དུས་ཚོད་དང་གོ་སྐབས་རྙེད་པ་ནི་བདེ་སྐྱིད་ཀྱི་གནས་ཚང་རྙེད་པ་དེ་ག་རང་རེད། དཔེ་ཀློག་གི་དབྱངས་རྟ་རེ་རེའི་ཁྲོད། གནས་ཚང་འདི་ནས་དཔེ་ཀློག་རྙེད་པ་ནི་ངས་རང་ཉིད་བསོད་ནམས་ཆེན་པོ་ལྡན་པའི་མི་བུ་ཞིག་ཡིན་པར་འདོད་དེ། རང་ཉིད་ནི་ནམ་ཡང་བདེ་སྐྱིད་དང་མཉམ་དུ་གནས་པས་སོ།

  ད་དུང་གསལ་བཤད་བྱེད་དགོས་པ་ཞིག་ནི་བདེ་སྐྱིད་ནི་དུས་ཚོད་ལ་གཏོགས་པའི་མེ་ཏོག་མཚར་སྡུག་ལྡན་པ་ཞིག་ཡིན། དུས་ཚོད་ལ་གཅེས་སྤྲས་བྱེད་མིན་དེ་ཡང་། མཐར་གཏུགས་ན་བདེ་སྐྱིད་ལ་གཅེས་སྤྲས་བྱེད་མིན་ཁོ་ནར་རག་ལས་ཡོད་པས། དུས་ཚོད་ལ་གཅེས་སྤྲས་ཀྱིས་དཔེ་ཀློག་བྱེད་རྒྱུ་ནི། བདེ་སྐྱིད་བདེ་སྐྱིད་དུ་ཤེས་ཤིང་། མི་ཚེ་བདེ་སྐྱིད་ཀྱིས་སྐྱེལ་བའི་བླ་འམ། སྟེང་གི་བཀོད་པ་ཁྱད་པར་འཕགས་པ་དེ་ལགས། མི་རྣམས་ཀྱིས་བདེ་སྐྱིད་བདེ་སྐྱིད་དུ་ཤེས་ཤིང་། བདེ་སྐྱིད་ཀྱི་ངོ་བོ་རྟག་པར་ཤོག་ཅེས་ཁོ་བོས་ནམ་ཡང་གསོལ་བ་དང་སྨོན་ལམ་རྩེ་གཅིག་ཏུ་འདེབས་པ་ལགས་སོ། བདེ་སྐྱིད་ནི་རྒྱ་སེ་མེ་ཏོག་རྐང་གཅིག་གི་ངོ་བོར་ཁྱོད་ཀྱི་འཇིག་རྟེན་ནས་མཚར་སྡུག་གིས་བཞད་པར་སྨོན།།

  གསུམ་པ། སྡུག་བསྔལ་ནི་ཅི་ཞིག་ཡིན་ནམ།

  ང་ཚོ་འགྲོ་བ་མི་ཡི་ངོས་ནས་བཤད་ན། མཐོ་བ་བླ་མ་དཔོན་པོ་ནས་དམའ་བ་སྤྲང་པོ་ཡན་ཆད་ཀྱིས་ནམ་ཡང་བདེ་སྡུག་གི་ཚོར་བ་མྱོང་གིན་ཡོད། དེས་ན་སྡུག་བསྔལ་ནི་ཅི་ཞིག་ཡིན་ནམ་ཞེ་ན། སྡུག་བསྔལ་ནི་མི་རྟག་པ་ཡིན། འཇིག་རྟེན་འདིར་རྟག་བརྟན་དང་མི་འགྱུར་བའི་དངོས་པོ་གཅིག་ཀྱང་མེད་པས། ཉི་མ་སྤྲིན་ལས་བྲལ་བ་བཞིན། སྡུག་བསྔལ་ཀྱང་ཁྱོད་དང་འགྲོགས་ནས་ཡུན་རིང་སྡོད་རྒྱུ་མིན་པར་དུས་ལྟར་ཁྱོད་དང་འབྲལ་ངེས་རེད། ཡིན་ནའང་། ཁྱོད་ལ་སྡུག་བསྔལ་གྱིས་གཙེས་དུས། ཡིད་ཆད་དང་བློ་ཕམ། འཁང་ར་སོགས་མང་པོ་ཞིག་འབྱུང་ངེས་པ་སྨྲས་མ་དགོས། གནད་འགག་གི་སྐབས་སུ་འདི་དག་ལ་ཁ་གཏད་གཅོག་རྒྱུ་ནི་མི་བུ་སྒེར་ངོས་ནས་གླེང་ན་དངོས་གནས་དཔའ་བོ་ཟེར་བ་དེ་རེད། སྡར་མ་རྣམས་དཀའ་ཁག་ཞིག་ལ་འཕྲད་དུས་ནམ་ཡང་གདོང་བ་སྨད། ཕྲག་པ་ཀློད། ཡིད་སེམས་གཏིང་ནས་ཆད་འགྲོ་བ་དེ་འདྲ་འབྱུང་གིན་ཡོད། ལྷག་པར་དུ་ཁོག་རྒྱ་ཆུང་བའི་མི་ཞིག་ཡིན་ན་རང་གི་མི་ཚེ་ལ་རྫོགས་ཚིག་འགོད་པར་འདོད་ནས་ཐ་གུ་མཐོ་གང་ལ་རེ་བ་བྱེད་ཀྱང་སྲིད། ཡིན་ནའང་། མི་དེ་ཚོར་དེའི་སྤོབས་པ་ཡེ་ནས་མེད་དེ། ཁོ་ཚོར་ཡོད་པ་ནི་ཕན་ཚུན་ལེ་བདའ་བྱེད་རྒྱུ་དང་རང་གི་ལས་དབང་ལ་འཁང་ར་བྱེད་རྒྱུ་དེ་ལས་མ་འདས།

  སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་།།སྡུག་བསྔལ་ཉིད་པ་མངོན་པར་ཕྱོགས།། ཞེས་པ་ལྟར། ང་ཚོའི་རྐང་པ་འདི་གཉིས་སྡུག་བསྔལ་གྱི་ཕྱོགས་སུ་རྒྱུགས་པར་ཧ་ཅང་མགྱོགས་ལ། ང་ཚོའི་ལག་ཟུང་འདི་ཡང་སྡུག་བསྔལ་གྱི་བྱུར་སྣ་འདྲེན་པར་ཧ་ཅང་འཇོན། ང་ཚོའི་སེམས་འདི་ནམ་ཡང་སྡུག་བསྔལ་གྱི་ཀློང་དུ་བྱིངས་འདུག

  སྡུག་བསྔལ་ནི་ཅི་ཞིག་ཡིན་ནམ་ཞེ་ན། སྡུག་བསྔལ་ནི་རྒྱ་མ་སྟོང་ཕྲག་ལས་བརྒལ་བའི་རྣོ་ལྕགས་ཀྱི་གོང་བུ་ཆེན་པོ་ཞིག་ཡིན།རྣོ་ལྕགས་ཀྱི་གོང་བུ་འདི་ནམ་ཡང་ང་ཚོའི་རྐང་པར་བཏགས་ཡོད་པས། ང་ཚོ་གང་ལ་འགྲོ་ན་འང་དྲུད་ནས་འགྲོ་དགོས།

  འཇིག་རྟེན་འདིར་བདེ་བ་ཁོ་ན་ལས་སྡུག་བསྔལ་འདོད་པའི་མི་ཞིག་ཡོད་མི་སྲིད། ང་ཚོས་རྒྱུན་ཏུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་དཀོན་མཆོག་ལ་སྐྱབས་སུ་འགྲོ་དོན་ཡང་ང་ཚོས་བདེ་བ་ལས་སྡུག་བསྔལ་མི་འདོད་པའི་རྐྱེན་གྱིས་ཡིན། ཡིན་ནའང་། སྡུག་བསྔལ་དེ་ང་ཚོ་རང་གིས་ཉོས་པའི་གནས་སྐབས་ཀྱི་མནར་གཅོད་དང་མིག་ཆུ་དེ་ཡིན། དེས་ཁྱོད་ལ་ཡུན་རིང་པོར་དབང་སྒྱུར་བྱེད་མི་སྲིད། སྡུག་བསྔལ་དེ་མི་རྟག་པ་ཡིན་པས་གང་ལྟར་ཁྱོད་དང་འབྲལ་ངེས་རེད། གནས་སྐབས་ཙམ་པོ་བའི་སྡུག་བསྔལ་དེ་ཁྱོད་ཀྱིས་དེ་འདྲའི་བློས་དཔོགས་དཀའ་བ་ཞིག་དང་དང་ལེན་བྱེད་དཀའ་བ་ཞིག་ཏུ་མི་སེམས་རོགས། སྐྱིད་སྡུག་གཉིས་ཀ་ནམ་ཡང་ཁྱོད་དང་འགྲོགས་ནས་ཡོད་ཅིང་། ལྷག་པར་དུ་སྡུག་བསྔལ་དེས་ཁྱོད་ལ་མི་ཚེ་ཡི་ཁ་ཕྱོགས་དང་རྒྱང་རིང་གི་དམིགས་འབེན་སྟོན་ངེས། སྡུག་བསྔལ་དེ་ལམ་དུ་འཁྱེར་ཤེས་ན་དེ་ནི་ཁྱོད་ཀྱི་མཛའ་བའི་གཤེས་དང་དགེ་བའི་གྲོགས་སུ་འགྱུར་ངེས། སྡུག་བསྔལ་དེ་འཁྲུལ་སྣང་གི་རྨི་ལམ་ཐེངས་ཤིག་ཡིན་པས། མཐར་ཐུག་དེས་ཁྱོད་ལ་འོད་གསལ་གྱི་ལམ་ཆེན་ཞིག་བསྟན་ཡོང་། སྡུག་བསྔལ་དེ་ལམ་དུ་འཁྱེར་ཤེས་པར་གྱིས་ཨ། དེ་ནི་ཆུ་ལུད་དྲོད་གསུམ་གྱིས་རྒྱ་སེ་མེ་ཏོག་རྐང་གཅིག་གཉོར་སྐྱོང་ཡག་པོ་བྱེད་དགོས་པ་དེ་དང་ཧ་ཅང་འདྲ་བོ་ཆགས་ཡོད།།

                                                                                                                            ༢༠༢༠ ༨ ༨–༩ ཉིན་བར་ཟི་ལིང་།

                རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་སེ་མེ་ཏོག་རྐང་གསུམ།

2020-08-11 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།