ངོ་དང་ལག་པ།

སྨྲི་ཏི་མཚན་འབར། 琼迈文学网 2022-11-03

  འཇལ་འཛོམས་དང་ལག་འཇུ་ནི་བརྩེ་དུང་གི་རྣང་ཞིང་ཡིན་ཚེ། ངོ་དང་ལག་པ་ནི་བརྩེ་དུང་གི་ས་བོན་ཡིན་སྲིད། རྒྱུ་མཚན་དེ་ལ་ཐུག་ཡོད་པར་འདྲ་སྟེ། ཤ་དང་ཤ་འབྲེལ་ཞིང་ཁྲག་དང་ཁྲག་འདྲེས་པའི་སྤུན་མཆེད་དང་དགའ་ཉེ། མཛའ་གྲོགས་བཅས་འཛོམས་ཚེ་ལག་པས་ལག་པ་འཇུ་ཞིང་མཁུར་མགོ་དང་མཁུར་མགོ་གཏུགས། བྲལ་ཚེ་ཞལ་དང་ཞལ་འཛུམ་ཞིང་ལག་བརྡ་དང་ལག་བརྡས་སྐྱེལ་མ་བྱེད། དེའི་ཕྱིར་ང་ཚོ་ནི་ངོ་དང་ལག་པས་འཇིག་རྟེན་དུ་བསུས་པའི་བྱིས་པ་རེ་རེ་དང་། སླར་ཡང་ངོ་དང་ལག་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་བསྐྱལ་དགོས་པའི་ཕྱེ་ལེབ་རེ་རེ་ཡིན་སྲིད། སྙན་ངག་པ་ཧེ་ཙིས་*“ལག་པས་ལག་ཤུབས་ཕུད་ཚེ། ཁོ་མོ་ཚོ་ནི་སྒྲོན་མེ་ཆུང་ཆུང་གཉིས་ཡིན”ཞེས་ཟེར། ལག་ཆུང་རེ་རེ་ནས་སྒྲོན་མེ་རེ་རེར་འགྱུར་བའི་ཆོས་ཉིད་དེས། ང་ཚོའི་མི་ཚེ་ལ་འོད་སྣང་བསྩལ། སེམས་པ་ལ་ཆབ་རྒྱུན་སྦྲན།

  ངའི་བྱིས་དུས་ཏེ། རྩེད་རའི་རྡོ་ཁང་གྲུ་བཞི་དང་། ཁྱི་རྒན་རྒྱ་བོ་ཚུན་ཆད་ལ་གྱེས་ཕྱག་ཕུལ་ནས་གཞན་ཡུལ་དུ་འགྲིམས་པར་བརྩམས་པའི་ཞོགས་པ་དེར། བསང་དུད་དང་གསོལ་འདེབས་ཀྱི་ཀློང་ནས་ཨ་མས་ངའི་ལག་ཆུང་ཚུར་འཐེན་ཏེ་འོ་ཞིག་བྱིན་ཅིང་། དགའ་སྐྱོ་འདྲེས་པའི་བཞིན་མདངས་གིས་ང་ལ་ཅེར་འདུག ངའི་ལག་ཆུང་ནི་ཨ་མའི་ལག་པའི་ནང་དུ་“བྱིའུ་ཆུང་ཚང་ཉལ་”ཞིག་དང་འདྲ་བར་ལུས་སེམས་དྲོད་ཀྱིས་ཁྱབ་མོད། ཨ་ཕྲོམ་སྒོ་ང་གྱུར། སྒོ་ང་གཤོག་དྲུག་རྒྱས་པའི་ང་ནི་ཨ་མའི་ལག་པར་གྱུར་པའི་བྱིའུ་ཚང་ནས་མཐའ་ཡས་པའི་ནམ་མཁའི་ཕྱོགས་སུ་འཕུར་དགོས་བྱུང་། ང་སྟེ། འཕུར་མ་ལྷེབ་ཀྱི་བྱིའུ་ཆུང་ཞིག་སྔོ་ཞིང་སངས་པའི་ནམ་མཁའ། དཀར་ཞིང་གཙང་བའི་སྤྲིན་པ། གསེར་གྱི་སྙེ་རླབས་གཡོ་བའི་རྣང་ཞིང་། ལྗང་ཞིང་མེ་ཏོག་བརྒྱན་པའི་རྩྭ་ཐང་། ཤང་ཤང་དུ་འབབ་པའི་གཙང་ཆུ་བཅས་ཡོད་ཚད་ལ་བཅགས་ནའང་། ཡིད་ལ་ཐོགས་པའི་ནམ་མཁའ་ནི་ཨ་མའི་ངོ་གདོང་སྟེ། ང་ཡིས་གང་འདོད་གཤོག་འགྱུར་བྱེད་ཆོག་པའི་རང་དབང་གི་ནམ་མཁའ་དེ་ཁོ་ནའོ། །ནམ་མཁའ་འདི་རུ་ཁ་ཆར་ལྷགས་རླུང་གི་འཚེ་བ་མེད་ལ་སྟག་གཟིག་དོམ་དྲེད་ཀྱི་འཇིགས་པ་མེད། གློག་དང་དྲ་སྐུད་ཀྱི་རྙི་རྒྱ་མེད་ལ་དུད་སྨུག་མུན་ནག་གིས་འཐིབས་པ་མེད། ཨ་མ་ཡི་ངོ་གདོང་དང་ལག་པ། ང་ཡི་ནམ་མཁའ་དང་ཉི་མ།

  ང་རང་ཕ་ཡུལ་གྱི་པང་དུ་ལོག་པའི་ཉིན་དེར་ཨ་མས་སྔར་བཞིན་ངའི་ལག་པར་འཐམས་ནས་ཐོད་པ་ལ་འོ་ཞིག་བྱིན། གྲོ་ཕྱེ་འགོས་པའི་ཨ་མའི་ལག་པའི་ནང་དུ་ངའི་ལག་པ་དེ་མི་ཤོང་བའི་ཚད་དུ་སླེབས་ནའང་ངའི་ལག་པ་དང་ཨ་མའི་ལག་པ་གཉིས་གའུ་ཡ་ཤོད་དང་མ་ཤོད་འགྲིག་པ་ལྟར་ཧ་ཅང་འོས་འཚམས་ཤིག་རེད། ཨ་མས་ང་ལ་མོའི་ལག་ཟས་ཏེ། “ཁ་གྲོ་”དེ་ང་ལ་དྲངས་རྗེས་མོའི་བཞིན་ལ་དགའ་བའི་འཛུམ་མདངས་དཀྲིགས། ལུས་ངག་གི་འགུལ་བསྐྱོད་ཇེ་མགྱོགས་སུ་སོང་། འདི་ནི་ཨ་མ་ཁོ་རང་ཧ་ཅང་དགའ་སྟངས་ཤིག་ཡིན། སྐབས་དེ་དུས་ངས་མཐོང་ཡོང་བ་ནི་ས་རྡོ་ལ་བརྡར་ནས་ཟད་པའི་ཨ་མའི་ལག་པ་ཡོ་འཁྱོག་དེ་སྟེ། བུ་ཕྲུག་རེ་རེའི་སྐྱག་པ་ཕྱིས་པའི་སྐྱག་ལག ཕ་གཞིས་དྲོད་མོའི་སྙི་མཁར་བརྩིགས་པའི་སྙི་ལག ཕ་ཁུ་ཕུ་ནུ་ཁ་གྲོ་འདྲེན་པའི་གྲོ་ལག “ཕྱག་སྟོང་སྤྱན་སྟོང་”གི་ཨ་མ་ཡིས་ཤ་རུས་ཀྱིས། སྣུམ་པ་མར་ཕྱུར་གྱི་རི་བོ་བརྩིགས། རྔུལ་ཁྲག་གིས། བསགས་པ་འོ་ཞོ་ཡི་རྒྱ་མཚོ་བསྐྱིལ། ཨ་མ་ཡི་ངོ་གདོང་། ང་ཡི་རང་དབང་གི་ནམ་མཁའ། ཨ་མ་ཡི་ལག་པ། ང་ཡི་ལམ་གྱི་ཉི་འོད།

  ང་རང་གཞོན་དུས་ཏེ། ཨར་འདམ་དང་ལྕགས་གཟེབ་ཁྲོད། དུ་སྨུག་དང་ཐུག་ཆོམ་ཀློང་། ཟང་ཟིང་དང་མི་ཚོགས་ཀྱི་དཀྱིལ་ནས་ངས་ལས་ཐུག་ལམ་ཐུག་གི་ཆུང་མའི་ངོ་གདོང་དེ་རྙེད་བྱུང་། བདག་གིས་མོའི་ངོ་གདོང་རྙེད་པ་ནི་ཡུན་རིང་བོར་བའི་མེ་ལོང་ཞིག་བདག་པོས་རྙེད་པའམ། རིགས་དྭགས་ཀྱིས་བྱེ་ཐང་ནས་མཚེའུ་ཆུང་ཞིག་རྙེད་པ་དང་འདྲ། ཤིན་ཏུ་གྲང་བའི་གྲོང་ཁྱེར་གྱི་དགུན་གཞུང་ཞིག ངའི་ལག་པ་དང་མོའི་ལག་པ་ལག་ཤུབས་གཅིག་ཏུ་བཅུག་ཚེ། མོའི་མིག་ཟུང་ལས་དུང་བའི་མེ་སྟག་མཆེད་ནས་དམར་ལམ་ལམ་འབར་བའི་མོའི་བཞིན་རས་དང་ལུས་དྲོད་ཀྱིས་ཆུ་ལ་བྱིངས་བའི་ངའི་སེམས་ཀྱི་ལུ་གུ་བསྲོ་བར་བྱས། སྙན་ངག་པ་ལྗང་བུ་ཡིས་*“གཡའ་ལོ་ལས་དམར་པའི་ཡིད་སེམས་གཉིས་འདྲེས་བྱུང་། ཁྲག་ཐིགས་དང་ཁྲག་ཐིགས་འདྲེས་པ་ཇི་བཞིན། མེ་ལྕེ་དང་མེ་ལྕེ་འདྲེས་པ་ཇི་བཞིན།”ཞེས་པ་ལྟར། ནམ་མཁའ་དང་ནམ་མཁའ་ཡུག་གཅིག་བསྲེས་ཤིང་། ཆུ་བ་དང་ཆུ་བོ་དབྱེར་མེད་དུ་འདྲེས་དུས། ང་ནི་མོའི་ལག་ནང་གི་གྲོང་ཁྱེར་གྱི་ཤོག་བྱ་ཞིག་འདྲ་བར་འཕུར་འདོད་ཀྱང་། སེམས་པ་མོའི་ལག་པར་ཐོགས་འདུག

  ཆུང་མས་ཨ་ལོང་འཛུབ་དཀྲིས་ཤིག་ངའི་ལག་པར་བསྐོན་ནས་འདི་ནི་མི་འགྱུར་རྡོ་རྗེའི་མནའ་ཡིན་ཟེར། མོའི་ལག་པ་ནི་དམིགས་བསལ་ཁྱད་རྟགས་འགའ་མེད་ནའང་། ནམ་ཞིག་རེག་ཀྱང་ཚ་ཐབ་ལྟར་ཚ་ལམ་ལམ་གྱི་དྲོད་འཁོལ་འདི་སུ་ཡིན་ལ་ཡོད་མི་སྲིད་པའི་ལག་པ་ཞིག་ཡིན་སྲིད། ཆུང་མ་ཡིས་ཉལ་སའི་ནང་དུ་མོའི་ལག་པ་དང་ངའི་ལག་པ་ཚད་རྒྱུར་དགའ། མོས་འུ་གཉིས་ལག་པ་ཧ་ཅང་འདྲ་ཟེར། ང་རང་མོ་དང་ཆེས་ཐོག་མར་ཕྲད་དུས་ངས་མིག་ལ་ཟུག་པ་ནི་མོའི་ངོ་དང་ལག་པ་ཙམ་ཡིན་པས་ང་མོར་དགའ་པའི་ཐོག་མའི་བརྩེ་དུང་ཡང་འདི་ནས་བྱུང་བར་བཤད་ཆོག ཉིན་ཞིག་སྔ་དྲོར་ང་རང་ན་བའི་སྐབས་སུ་མོའི་ལག་པས་ངའི་མཁུར་མགོ་རེག་ཅིང་མོའི་གདོང་གི་སྐྱོ་སྣང་དེས་ངའི་ན་ཟུག་ཕྱེད་ཀ་འདེགས་པར་བྱས། མོའི་ལག་པ་ནི་ལོ་མ་འཇམ་པོ་ཞིག་དང་འདྲ་བར་ངའི་ལུས་སེམས་ཀྱི་མེ་ཏོག་ཆུང་ཆུང་སྐྱོར་ཞིང་། མེ་ཏོག་གི་འདམ་གཤོག་ནས་བཞུར་བའི་ཟིལ་ཆུ་རེ་རེ་ས་ལ་ལྷུང་མི་བཅུག་པར་གཟེད་འདུག ང་དང་ཆུང་མ་ནི་འཁོར་བའི་མཚེའུ་ཆུང་གི་སྡོང་མགོ་རུ་བཞད་པའི་མེ་ཏོག་དང་ལོ་མ་ཞིག་ཡིན་པ་འདྲ། ཆུང་མའི་ངོ་གདོང་དང་ལག་པ། ང་ཡི་མེ་ཏོག་དང་མཚེའུ་ཆུང་། ཆུང་མའི་ལག་པ་ལས་ང་ཡི་འཁོར་བའི་མེ་ཏོག་རྙེད་ཅིང་ཆུང་མའི་ངོ་གདོང་ལས་ང་ཡི་མི་ཚེའི་མཚེའུ་ཆུང་ཐོབ།

  ང་རང་རྒས་དུས་ཏེ། ཤར་རིའི་ལག་པས་ཉི་མོ་སེར་ལོ་ཞིག་ག་ལེར་སྟེགས་བྱུང་། ངས་བུ་མོ་ཡི་ལག་ཆུང་འཇུས་ནས་བྱིས་བཅོལ་ཁང་གི་ཕྱོགས་ལ་སྐྱོད་བཞིན་ཡོད། མི་ཞིག་ལ་འཁོར་བ་སྙིང་པོ་ཞིག་དགོས་ཚེ། དེ་ནི་ངེས་མེད་དུ་འཐམས་ཡོང་བའི་བྱིས་པ་ཡི་ལག་ཆུང་རེ་རེ་དང་། ཤིན་ཏུ་གཅེས་པའི་བྱིས་པའི་འཛུམ་ཆུང་རེ་རེ་རེད། ཡ་ལིད་ཧྲི་ཏོ་དྷི་ཡིས*“སྐྱེ་འགྲོ་ཐམས་ཆད་ལས་མི་ཁོ་ནས་བགད་མོ་བགད་ཐུབ།”ཅེས་གསུངས་པ་ལྟར། བུ་མོ་ཡིས་ཆེས་ཐོག་མར་དགོད་འཛུམ་གྱིས་ང་ལ་སྤྲོ་སྣང་སྟེར། འདམ་རྫབ་དང་གད་སྙིགས་སུ་འཁྱར་བའི་གྲོང་ཁྱེར་འདིར་འཚོ་བ་ཡི་སྙིང་པོ་བོར་དུས། བུ་མོའི་ལག་པ་ནི་ཚ་བས་ཉེན་པས་སྐབས་ཀྱི་བསིལ་གཡབ་དང་། གྲང་བས་གཙེས་པའི་སྐབས་ཀྱི་ཉི་མ་དང་འདྲ། བུ་མོ་ཡི་རྩེད་མཚར་ཕྱུག་པའི་ངོ་གདོང་དང་ངེས་མེད་ང་ལ་འཇུ་བའི་པྲ་ཆལ་གྱི་ལག་ཆུང་དེས། ངའི་འཁོར་བ་ལ་གྲུམ་ཙེ་འབྲུག་རིས་བཏིང་། སྦྲང་རྩི་བུ་རམ་བཤམས། གླུ་དབྱངས་དང་རོལ་མོ་ཁོ་ན་གྲག་པའི་མྱ་ངན་མེད་པའི་གནས་ཤིག་ཏུ་བསྒྱུར། བུ་མོའི་ལག་ཆུང་དེ་ངའི་སྨ་ར་རྩེ་བར་བྱེད་ཅིང་མགུལ་ལ་དམ་གྱིས་འཁྱུད་དུས། ང་ནི་རྟོད་ཕུར་བཏབ་པའི་རྟ་ཕོ་ཞིག་དང་འདྲ་བར་རྨི་ལམ་གྱི་ཐང་ཆེན་ཡངས་ཀྱང་། སེམས་པ་བུ་མོའི་ལག་པར་ཐོགས་འདུག གོམ་འགྲོས་ཀྱི་རྨིག་པ་རྣོ་ཡང་། སྲབ་མདའ་བུ་མོའི་རྩྭ་ཐང་དུ་ལྷུང་འདུག བུ་མོའི་ངོ་གདོང་དང་ལག་པ། ང་ཡི་རྩྭ་ཐང་དང་རྟོད་ཕུར། བུ་མོ་ཡི་ལག་ཆུང་དེས་ང་ལ་འཁོར་བའི་སྙིང་པོ་གནང་ཞིང་། བུ་མོ་ཡི་ངོ་གདོང་དེས་ང་ལ་སྤྲིན་པ་དང་ཆུ་བོ། བསིལ་རླུང་དང་ཁྲུང་ཁྲུང་། འཇའ་ཚོན་དང་མེ་ཏོག་གིས་སྤྲས་པའི་རྩྭ་ཐང་བསྩལ།

  མཆན།

  * 海子《你的手》
     *ལྗང་བུ《གཡའ་ཤིང་གི་ལོ་མ།》
     *亚里士多德《生物篇》

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངོ་དང་ལག་པ།

2022-11-03 སྨྲི་ཏི་མཚན་འབར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།