ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད།

བྱ་གཞུང་དབང་ཆེན་ཚེ་རིང་། 琼迈文学网 2023-01-21

  དེ་ཡང་།ལོ་རྒྱུས་ལས།“བོད་དུ་ལོ་རེའི་སྟོན་ཀའི་དུས་སུ།ཤྭ་ཕོ་རུ་རྐྱང་གི་མཆོད་པ་དང་དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད།དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་གི་མཆོད་པ།དབྱར་ཁའི་དུས་སུ་བོན་སྟོན་བསང་མཆོད་སོགས་དཀར་མཆོད་དང་དམར་མཆོད་འབུལ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དེ་བཞིན།ངའི་ཕ་ཡུལ་དུའང་གནའ་ནས་བརྒྱུད་པའི་དགུན་ཐོག་གི་མཆོད་པ་མགོ་མཇུག་ཚང་མོ་ཞིག་གི་རྒྱུན་སྲིང་བཞིན་ཡོད།

  མཆོད་པ་དེ་ནི་ལོ་རེའི་ལོ་སར་ཐོན་ལ་ཉེ་སྐབས།འདུན་མེད་པའི་ཁྱིམ་ཚང་དག་གིས་ཆུ་འགྲམ་དང་གྲམ་གཞུང་ནས་དར་བཏོན་ཏེ་རང་གི་གཞིས་ཀྱི་ཕྱིའི་ལྕགས་རི་དང་།ནང་གི་ཁང་ཁྱིམ་སོགས་ལ་དར་གྱི་མཆོད་པ་འབུལ་བ་ཞིག་ཡིན་ཞིང་།དེའི་མིང་ལ་ང་ཚོའི་ཡུལ་སྐད་དུ་ལོ་སར་དར་འཇོག་ཟེར་མོད།དོན་ལ་ལོ་སར་དར་མཆོད་ཅེས་བརྗོད་ན་དོན་ལ་གནས།

  ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འབུལ་བའི་དུས་ཚོད་ནི་དུས་ཚིགས་བཞི་ཡི་ཐ་མ་དགུན་གྱི་དུས་ཚིགས་ཏེ་རྒྱ་ལོ་ཚེས་གཅིག་གི་སྔ་ཉིན་ཏེ།གནམ་སྟོང་ཡོད་ན་གནམ་སྟོང་དང་།གནམ་སྟོང་མེད་ཚེ།བོད་ལོ་ཚེས་ཉེར་དགུའི་ཕྱི་དྲོའི་མཚམས་ཀྱི་དར་ཉི་མས་ཞི་མི་ཐུབ་པའི་མཚམས་དེ་ཡིན།མཚམས་དེར་ཁྱིམ་ཚང་རེ་རེས་དར་མཆོད་འབུལ་འགོ་བརྩམས་ཏེ་ས་སྲོས་ཀྱི་རྒྱང་མིག་མ་ཆད་པའི་བར་དུ་ཕུལ་ནས་ཚར་བར་བྱེད་པ་ཡིན།

  ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འབུལ་བ་ལ།ཐོག་མར་ཁོར་ཡུག་ལ་གཙང་སྦྲ་བྱེད།དེ་ཡང་ཁྱིམ་མི་ཚོས་ཕྱི་དྲོའི་ཉི་མ་མ་ནུབ་གོང་ནས་ཕྱུགས་རིགས་ར་ལ་བསྡུས་པ་དང་།དེ་ནས་སྒོའི་ཕྱི་ནང་བར་གསུམ་དང་ཉེ་རྒྱང་གི་སྲང་ལམ་སོགས་གཙང་ཕྱགས་རྒྱ་ཆེན་བྱེད།གཙང་ཕྱགས་རྒྱ་ཆེན་བྱས་ནས་ཕྱི་ནང་ཐམས་ཅད་གཙང་མ་ཡང་མར་བཏང་རྗེས་ད་གཟོད་དར་མཆོད་འབུལ་བའི་འགོ་རྩོམ་པ་ཡིན།

  དར་མཆོད་འབུལ་བའི་ཆ་རྐྱེན་ལ་མང་པོ་མེད་ཀྱང་མཆོད་པ་འབུལ་མཁན་ནི་དར་སྣོད་འདེགས་དུས་རྒན་བྱིས་མིན་པའི་སྐྱེས་པ་སྐྱེས་མ་འཁུར་ཤེད་འཛོམས་པ་ཞིག་དང་སྐས་དང་མཁར་ཁར་འགོ་དུས་ཡང་རྩལ་ཆེ་ཞིང་སྙིང་སྟོབས་ལྡན་པ་ཞིག་ཡིན་ན་འགྲིག་པས།རང་ལ་མེད་ཀྱང་རང་གི་ཉེ་རིང་རྩ་གསུམ་དང་ཁྱིམ་མཚེས་གཡས་གཡོན་ཁྲོད་ནས་སྟེན་དགོས།མ་གཏོགས་དར་མཆོད་འབུལ་མཁན་ཚོ་མཁར་ཁ་སོགས་སུ་མར་འདྲིལ་ནས་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡོད་ལ།བཀྲ་ཤིས་རྟེན་འབྲེལ་འགོ་ནས་རྫོབ་པའི་ཉེན་ཁ་ཡོད།

  མཆོད་པ་འབུལ་དུས།མཆོད་པ་འབུལ་མཁན་ཚོས་སྒྱེའུ་དང་སླེ་བོ།ཡང་ན་འགྱིག་ཁུག་ཆེ་ཆེ་ནང་ལ་དར་རྡོག་ཐེག་ཚད་རེ་བཏུས་ཤིང་འཁུར་ཏེ་སྐས་རྐང་བརྒྱུད་ནས་ཁང་ཀླད་དུ་འབུད་པ་དང་།ཁང་བའི་བྱ་ཁ་ནས་འགོ་ཚུགས་ཏེ་སྒོའི་མགོ།མཁར་ཁ་དག་ལ་མཆོད་འབུལ་བྱེད་པ་ཡིན་ལ།དེ་ནས་གནས་ཀྱི་གོ་རིམ་ལྟར་ལྷས་གོང་མ་དང་བར་མ།ཞོལ་མའི་གྱང་ཁ་རེ་རེ་དང་།དེ་ནས་སྒོའི་ཕྱི་རོལ་གྱི་ལྕགས་རི་དང་།ཕྱུགས་ར།ཕག་ར།ཐ་ན་རང་ཁྱིམ་དང་འབྲེལ་བ་ཡོད་པའི་མཐའ་འཁོར་གྱི་སྡོང་ར་དག་ལའང་མཆོད་པ་གཙང་མ།བར་ཐག་ཧ་ལམ་གཞུ་འདོམ་གང་རེའི་མཚམས་སུ་རེ་རེ་འབུལ་པ་ཡིན།

  དེ་ནས་མཆོད་འབུལ་གྱི་འཛེམ་བྱ་ལ།མཆོད་པ་འབུལ་བའི་དུས་སུ།མཆོད་པའི་རྗེས་ལ་ཁྱིམ་མི་ཚོས་ས་འཚུབ་རྡུལ་འཚུབ་བཏང་སྟེ་མཆོད་དར་ལ་བཙོག་པ་བཟོ་བ་དང་མཆོད་དར་གྱི་སྟེང་ནས་ཕར་ལྡིང་ཚུར་ལྡིང་དང་མི་འགོམས་ཁྱི་འགོམས་བྱས་ནས་མནོལ་ཕབ་པ་ལ་འཛེམ་དགོས།དེ་ལས་ཀྱང་གལ་ཆེ་བ་ནི།ལོ་རྙིང་བའི་ནང་ལ་མི་ཤི་ནས་འདུན་བྱུང་བ་དང་།མི་ཤི་ནས་འདུན་མགོ་མ་ཚང་བར་སྡུག་མཐའ་མ་ཟད་པར་ཡོད་པའི་ཁྱིམ་ཚང་གིས་བཀྲ་ཤིས་སྨོན་འདུན་དང་དགའ་དང་སྐྱིད་ཀྱི་རྣམ་པ་མཚོན་བྱེད་ཀྱི་རྟགས་སུ་གྲུབ་པའི་དར་མཆོད་འབུལ་མི་རུངས་པས་འཛེམ་དགོས།

  ལོ་སར་དར་མཆོད་ཀྱི་རྒྱུ་ནི་དར་ཡིན་པས།ལོ་མ་སར་སྔོན་དུ་ཐོག་མར་དར་གྲ་སྒྲིག་བྱེད་དགོས།དར་ལ་གཙང་བཙོག་དང་ཡག་བཙོག་གི་བླང་བྱ་མ་གཏོགས།རྒྱུག་ཆུ་དང་མཚོ་ཆུ།གྲམ་ཆུ་དང་གཞུང་ཆུ།ན་ཆུ་དང་ཡུར་ཆུ་སོགས་ཀྱི་འགྲམ་ངོགས་གང་རུང་ནས་བཏོན་ཀྱང་ཁྱད་མེད།དར་འདོན་པའི་དུས་ཚོད་ལ་གཏན་ཁེལ་མེད་ཀྱང་།གོམས་གཤིས་ཀྱིས་བོད་ལོ་གནམ་སྟོང་ཡོད་ན་གནམ་སྟོང་གི་སྔ་དྲོ་དང་མེད་ཚེ་ཚེས་ཉེར་དགུའི་སྔ་དྲོའི་མཚམས་སུ་དར་འདོན།ཉིན་དེའི་སྔ་དྲོར།རང་རང་ཁྱིམ་ཚང་གི་དགོས་མཁོ་ལྟར་ཁྱིམ་མི་ཚོས་དར་བརྐོ་བྱེད་ཀྱི་འཇོར་དང་དར་གཏུབ་བྱེད་ཀྱི་སྟ་རེ།བསྡུ་བྱེད་སྒྱེ་དང་རྒྱོ་བ།འདྲུད་བྱེད་ཀྱི་འཁོར་ལོ་བཅས་དྲུད་ནས་གྲམ་གཞུང་ངམ་ཆུ་འགྲམ་དུ་འཛོམས་ཏེ།རང་རང་ས་ནས་དར་གྱི་བང་རིམ་མཐུག་ཅིང་།མདངས་ལེགས་ས་བཙལ་ནས་དར་བརྐོ།

  དར་བརྐོ་བ་ནི་བལྟས་ན་ལས་སླ་མོར་སྣང་ཡང་དོན་ལ་ཉམས་མྱོང་གི་ལས་ཀ་ཞིག་ཡིན་པས་ལས་དཀའ་མོ་ཞིག་ཡིན།དེ་བས་ལོ་རེར་དར་བརྐོ་བའི་ལས་ནི་མི་བསམ་ཤེས་ཚོས་བྱེད།སྤྱིར་དར་བརྐོ་བ་ལ།ཤེད་ཤུགས་ཆེ་བས་མི་ཆོག་སྟེ།ཤུགས་ཆེ་དྲགས་ཚེ་དར་ཧྲུག་ཅིང་སིལ་བར་འཐོར་ཏེ་རྡོག་པོ་ཆེར་མི་ལོན་ཞིང་།ཆུང་བས་ཀྱང་ག་ལ་ཆོག་སྟེ།འཇོར་སོགས་དར་གྱི་ཁ་ནས་ཤུད་དེ་གཏིང་དུ་ཟུག་དཀའ།ལོ་མང་པོའི་དར་བརྐོའི་ལས་ཀའི་ཁྲོད་ནས་ཡུལ་མི་ཚོས་བླངས་པའི་ཉམས་མྱོང་ནི།དར་བརྐོ་བ་ལ་ཐོག་མར་ཤེད་ཤུགས་རན་པའི་ངང་ལ་འཇོར་གྱིས་དར་ངོས་ཀྱི་གནས་གཅིག་ལ་གཏད་དེ་དལ་གྱིས་རྡེག་ཅིང་ཡུན་གྱིས་བརྡབས་ཏེ་དར་གྱི་གཏིང་རིམ་ནས་གཡོ་སྒུལ་གཏོང་དགོས་ཤིང་།དེ་ནས་གཡོ་སྒུལ་བཏང་བའི་རྗེས་ལ་ད་གཟོད་ཤེད་ཤུགས་ཡོད་དགུ་བཀོལ་ཏེ་གཞི་གཅིག་ལ་ཤུགས་ཀྱིས་བསྟུད་མར་བརྡབས་ཚེ།ད་གཟོད་ཆུ་ཤེལ་གུར་ཁང་འདྲ་བའི་དར་གྱི་བང་རིམ་བཀོག་ནས་ཐོན་ཐུབ་པ་དེ་རེད།

  མི་རྣམས་དད་པའི་དབང་གིས་མཆོད་དར་གཙང་མ།ལེགས་པ།ཆེ་ཆུང་རན་པ།དབྱིབས་ཟླུམ་པོའམ་སྟོར་གཟུགས་ཅན་གྱི་དར་རྡོག་ཅིག་ལེན་པར་གནའ་ནས་ལོབས་ཡོད་པས།དར་བསློགས་པའི་རྗེས་ཀྱི་བྱ་བ་གལ་ཆེན་པོ་ནི་དར་གཏུབ་རྒྱུ་དེ་རེད།དེ་ཡང་དར་གཏུབ་པ་ལ།གོང་དུ་བསློགས་ཟིན་པའི་དར་རྒན་སྒོ་ལེབ་འདྲ་བ་དག་གི་ཁྲོད་ནས་དར་གཙང་མ་ཡང་མ་བསལ་ནས་སྟ་རེས་གཏུབ་སྟེ་རྡོག་པོ་ཆུང་ཆུང་བཟོས་རྗེས།སྒྱེའུ་སོགས་སྣོད་གཙང་མའི་ནང་དུ་བཅུག་སྟེ།རླངས་འཁོར་གྱི་གཞུག་སྒམ་དང་འདྲུད་འཁོར་གྱི་འདྲུད་སྒམ་ནང་བརྩིགས་ཤིང་དྲུད་དེ་སྡེ་བའི་ཆུ་ལམ་ནས་ཨ་ཀྱོག་པ་ཀྱོག་གིས་ཕ་ཡུལ་དུ་ལོག་འགྲོ།

  ལོ་སར་དར་མཆོད་རྗེས་ཀྱི་སྣང་བ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན།རང་ཉིད་གློག་འོད་ཀྱི་རམ་འདེགས་ལ་འཁྲེང་ནས་རང་ཁྱིམ་གྱི་མཁར་སྟེང་དུ་བུད་དེ་ཉེ་རྒྱང་གི་ཁོར་ཡུག་ལ་རྒྱང་ལྟ་བྱས་ཚེ།མི་ཡུལ་གྱི་དགའ་སྟོན་ལ་ལྟད་མོར་ཕེབས་པའི་ནམ་མཁའི་སྐར་ཚོགས་ཀྱི་མཛེས་པ་འདི་ནས་མཐོང་ཐུབ་པ་མ་ཟད།མཛེས་པ་དེའི་ཕུགས་སུ་ཡིབ་པའི་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་བདེ་སྐྱིད་ལ་སྨོན་པའི་ལྷག་བསམ་དང་རེ་བ།དགའ་བ་དང་དད་པ་གཙང་མའང་འདི་ནས་མཐོང་ཐུབ།

  སྤྱིར་ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འདི་ནི་ང་ཚོའི་ཕ་མེས་སུ་ཞིག་གིས་དུས་ནམ་ཞིག་ལ་སྲོལ་བཏོད་པ་དང་།བཏོད་པའི་དམིགས་ཡུལ་དང་ཉིང་དགོས་ཅི་ཡིན་པ།བུ་ཚའུ་སུས་རྒྱུད་འཛིན་དང་དར་སྤེལ་བཏང་ནས་ད་ལྟའི་ང་ཚོའི་མགོ་ཐོག་ཏུ་གཏུགས་པའི་ལོ་རྒྱུས་ཁུངས་ཐུབ་ཅིག་རྒན་གཞོན་སུ་ལའང་བསྙད་རྒྱུ་མེད་ནའང་།ཡུལ་མི་ཚོས་ལོ་རྙིང་བའི་ནང་ལ་རང་རང་གི་གཡང་གི་སྒོ་ར་གྲུ་བཞི་འདིའི་ནང་དུ་མི་ལ་ཤི་སྡུག་མེད་པའི་བཀྲ་ཤིས་དང་མི་དགའ་ལྷ་སྐྱིད་ཡིན་པའི་སྤྲོ་སྣང་མཚོན་པར་ཚེ་འཕེལ་སའི་མཁར་དང་།ཕྱུགས་འཕེལ་སའི་ར་སོགས་ལ་ལོ་སར་གྱི་གོ་སྐབས་བེད་སྤྱད་དེ་རང་གི་སེམས་འདུན་མཚོན་བྱེད་དུ་འབུལ་བའི་མཆོད་པའི་བྱེ་བྲག་ཅིག་ཏུ་བསམ་ནས།མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་འདི་མ་ཉམས་པར་དེའི་རྒྱུན་མུ་མཐུད་ཡུན་སྐྱོང་བྱེད་པ་འདི་ནི་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན།

  ཡིན་ནའང་།དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་འགྲོས་ཟིན་དཀའ་བའི་དེང་གི་མཚམས་ལ།ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འདི་ཡང་ཆེ་ས་ནས་སྡེ་བ་སྡེ་བའམ།ཆུང་ས་ནས་ཁྱིམ་ཚང་ཁྱིམ་ཚང་གི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་གིན་ཡོད།དེ་ཡང་ཁྱིམ་ཚང་ལ་ལས་དར་གྱི་ཐོན་ཁུངས་ཉུང་བ་དང་།དར་མདངས་ཞན་པ།ལས་ཀ་དཀའ་བར་ཁ་གཡར་ནས་གཅིག་སྤྱོད་ཤོག་ཕོར་ནང་ལ་ཆུ་མཆོད་ཕུལ་ཏེ་དར་བརྐོ་བ་དང་།དར་འདྲུད་པའི་སྲོལ་རྒྱུན་གྱི་ལས་ཀ་མང་པོ་ཞིག་སྟབས་བདེ་ཅན་དུ་བསྒྱུར་བཅོས་གཏོང་གིན་ཡོད་ལ།བསྒྱུར་བཅོས་གཏོང་སྟངས་འདིས།ནམ་ཞིག་ངའི་ཕ་ཡུལ་གྱི་སྲོལ་རྒྱུན་གྱི་ལོ་སར་དར་མཆོད་འདིའི་ངོ་བོ་དང་མཚོན་བྱ།རིན་ཐང་རྨང་ནས་མི་བསྒྱེལ་བའི་དམ་བཅའ་འཇོག་དཀའ་འོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད།

2023-01-21 བྱ་གཞུང་དབང་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།