རྨ་རྒྱལ་གངས་རིའི་འདབས་ཀྱི་སེམས་ཚོར།

ཨ་བཤད་སྒྲུབ།(རྨ་ཆེན) 琼迈文学网 2023-02-07

  གལ་ཏེ་རང་ཉིད་ཀྱིས་ཨ་མྱེས་རྨ་ཆེན་གྱི་གནས་འདུས་ཀྱི་ལོ་དེར་ཕྱིར་དྲན་ཐེངས་ཤིག་བགྱིས་ན། དེ་དུས་ཀྱི་འདུ་འཛི་དེ་དག་ད་དུང་ཡང་ངའི་དྲན་པའི་ཡོལ་གོ་རུ་ལྷན་ནེར་ཆགས། ཕྱི་ཡི་ཡུལ་གྲུ་ཁག་དང་རྒྱལ་ནང་མི་རིགས་གང་ཡིན་དབྱེ་བ་མ་ཕྱེས་ལ། བན་བོན་གྲུབ་མཐའ་རིས་སུ་མ་ཆད་པར་ཁྱེད་ཀྱི་གནས་འདུས་ལ་རྟེན་འབྲེལ་ཞུ་འདོད་ཀྱི་ཕྱིར་རམ་རང་གི་སྐྱིད་སྡུག་ལེགས་ཉེས་ཅི་འབྱུང་ལ་ཉེ་ཞོ་མེད་པར་འཕྲིན་བཅོལ་སྨོན་ལམ་ཕུལ་བའི་ཕྱིར་དུ། ཉིན་མཚན་རུས་སུ་མ་ཆད་པར་ཁྱེད་ལ་མཇལ་ཕྱག་སྐོར་གསུམ་བྱེད་ཀྱིན་པའི་སྣང་བརྙན་དེ་དག ངའི་དྲན་པའི་ཀློང་དུ་བྱེ་བྲག་ཏུ་གསལ་རིག་གེར་ཤར་འོང་།

  ད་ལོ་སྟེ་སྟོང་ལོ་ཉེར་གཉིས་ལོའི་དབྱར་ཟླ་ར་བར་ཁོ་བོ་འཁོར་ཞག་ཐེངས་ཤིག་ཞུས་ཏེ་ཕ་ཡུལ་དུ་ལྡོག་པ་དང་བསྟུན་ཕ་མ་སྟངས་དཔྱལ་དང་བསྡོངས་ཏེ། ཡུན་རིང་སེམས་ཀྱི་སྒྲོམ་བུ་རུ་ཉར་ཞིང་རེ་འཕྲེང་གི་མིག་ཁུང་བར་མེད་དུ་བརླན་མྱོང་བའི་རྨ་རྒྱལ་གངས་རིར་གནལ་མཇལ་དུ་འགྲོ་བའི་སྐལ་བ་ཐོབ།

  མ་ལགས་ཀྱིས་ཟས་བྲོ་ཕུན་སུམ་ཚོགས་པ་ཞིག་ཚགས་སུ་ཆུད་ཡོད་དེ། ཕར་བལྟས་ཚོད་ལ་ཟླ་ཕྱེད་ཙམ་ལ་གངས་འདབས་སུ་འཚོ་བའི་སྟ་གོན་དང་མཆིས། ཡུན་རིང་ཞིག་ལ་མ་ལགས་ཀྱི་ལག་ཟས་འདི་དག་ལ་སྣོམ་མ་མྱོང་བས། འདི་ལོའི་གནས་མཇལ་གྱི་སྟ་གོན་ཁྲོད་ངས་བྱིས་དུས་ཀྱི་དྲན་པ་མང་བོ་ཞིག་ཝ་ལེར་སེམས་ཀྱི་ག་ཤེད་ཅིག་ནས་ཡང་ཡང་ཨ་སློག་རྒྱག ཕ་ལགས་ཀྱི་ངལ་བ་ཡང་མ་ལགས་ལས་ཏིལ་ཙམ་མི་ཆུང་། ངོས་ནས་དལ་དུ་འཁོད་པ་རིག་མ་བྱུང་སྟེ། གུར་གྱི་ཆོན་ཐག་དང་ཀ་ར། ཕུར་བ་སོགས་རེ་རེ་བཞིན་གཙང་རྩིས་ཞིབ་ཏུ་བགྱིས། གཟབ་ནན་དང་སྒམ་བརླིང་གི་ངང་ཚུལ་འདི་རིག་ན་ང་ཚོ་གངས་འདབས་སུ་འབྲོག་དུད་ཀྱི་རུ་བ་སྐྱས་བཏེག་སོང་བསམ་སྤྱད་ཅིག་གྲང་སོང་། གང་ལྟར་འདི་ལོའི་གནས་མཇལ་གྱི་སྟ་གོན་འདི་ལས་ཕ་ལགས་དང་མ་ལགས་ཀྱི་རྒས་ཉམས་དེ་ཡེ་ནས་ཚོར་མ་བྱུང་བས་ངའི་གདོང་ལ་དགའ་བྲོད་ཀྱི་རྣམ་པས་བརྟས་ཤིང་། སེམས་ལ་བདེ་སྐྱིད་ཀྱི་ཉི་འོད་གསལ་པོ་ཞིག་གིས་ཡོངས་སུ་ཁེངས།

  ཞོགས་པའི་ཉི་ཟེར་གྱི་འོད་མདངས་ཁད་ཀྱིས་འཕྲོས་པའི་བར་གླགས་དེར་ང་ཚོ་ལམ་ལ་ཆས་མགོ་བརྩམས་པ་ཡིན། དར་དཀར་བོ་ཡུག་གཅིག་ལྷོད་ཀྱིས་འཐེན་འདྲའི་གཞུང་ལམ་གྱི་སྟེང་ནས་མདུན་ནས་མདུན་དུ་བསྐྱོད། རྩྭ་ཐང་གིས་ཐར་བཅད་པའི་བྲང་གཞོང་དུ་བག་ཡངས་སུ་འཚོ་བའི་ནོར་ལུག་གི་ཁྱུ་ཚོགས་དང་། རང་དབང་གིས་འཕྱོ་ཆོག་པའི་སྤྲིན་དཀར་གྱི་ཚོམ་བུ། རི་དང་ལུང་ཤུར་ནང་ཁྲ་ལམ་མེར་བཞད་པའི་མེ་ཏོག་གི་ཚོགས་ཀྱིས་ང་ལ་མཛེས་སྡུག་གི་ཞིང་ཁམས་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པའི་སྒྲ་བཤད་གསལ་བོ་ཞིག་སྦྱིན།

  རྨ་ཆེན་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་དགུ་བཅུ་ཙམ་གྱི་སར་སླེབས་ཚེ་བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན། བོད་ཁ་བ་ཅན་གྱི་བླ་རི་དང་བན་བོན་གཉིས་ཀྱི་སྲུང་མ། གླིང་གེ་སར་རྒྱལ་པོའི་བཀའ་སྲུང་དུ་བསྔགས་པའི་རྨ་རྒྱལ་སྤོམ་ར་དེ་ཉིད་རྔམ་བརྗིད་ཀྱི་ཉམས་བཅས་ཆགས། བོད་མི་སྤྱིའི་ངག་ལམ་དུ་ས་བཅུ་པ་ཐོབ་པའི་སངས་རྒྱས། དགེ་བསྙེན་རྨ་རྒྱལ་སྤོམ་ར་ཞེས་གྲགས་པའི་རི་བོ་རྩེ་མོ་མང་ལ་དུས་བཞིར་གངས་ཀྱིས་གཡོགས་པའི་རྨ་ཡུལ་གྱི་གནས་རི་འགངས་ཆེན་ལགས།

  ད་ཆ་དུས་ཀྱི་འགྱུར་བག་གི་ཀློང་ནས་ཁྱོད་ཀྱི་བཀྲག་མདངས་དེ་ཇེ་ཞན་དུ་གྱུར་ཡོད་དེ། གངས་རི་རིམ་གྱིས་རིམ་གྱིས་ཞུ་བའི་སྐྱོ་སྡུག་གི་སྣང་བརྙན་འདི་མཐོང་མ་ཐག མ་ལགས་ཀྱི་མིག་ཆུ་རྡོག་གཅིག་ཡུན་གྱིས་བྲང་ཁར་ཟགས། གནའ་མྱི་བགྲེས་པོ་ཚོའི་ངག་སྒྲོས་སུ།

  བསྐལ་པ་སྙིགས་མའི་དུས་ཀྱི་མཐའ་ལ། ཁྱོད་རང་ཞུ་ནས་མཛོ་ཕོ་ཁྲ་ཁྲ་ཞིག་གི་སྒལ་དཀྱིལ་གྱི་ཁྲ་ཐིགས་བཞིན་ནོ།། ཞེས་པའི་ངག་སྒྲོས་དེ་བྱིས་དུས་སུ་གོ་ཐོས་ཕྲན་ཙམ་ཡོད་དེ། དེ་རིང་ཕ་ལགས་ཀྱིས་ང་ཚོར་ཡང་ཡང་བལྡབས་བྱུང་བས། ནང་སེམས་ཀྱི་ག་ཤེད་ཅིག་ནས་སྨེང་སེམས་ཀྱི་ཚོར་བ་སྐྱུར་མོ་ཞིག་ངང་ངམ་ཤུགས་ཀྱིས་འདྲོང་འོང་ཞིང་། སྨྲ་བསམ་བརྗོད་འདས་ཀྱི་དྲི་བ་ལྕི་མོ་ཞིག་གིས་ང་རང་ཁ་རོག་གེར་བསྡད།

  དྲི་བ་དེ་དག་ཡིད་ལ་དམ་པོར་བརྣགས་ཏེ་ང་ཚོ་མཚལ་སྣག་སུམ་མདོ་བྱ་བ་གཡས་གཡོན་སྐོར་ལམ་གཉིས་ཀྱི་འདུས་མདོ་རུ་སླེབས་ཏེ། རླངས་འཁོར་ལས་སར་བབས་ནས་དད་ཞེན་དྲག་པོའི་ལག་ཟུང་སྙིང་ཁར་སྦྱར་ནས་ཁྱོད་ལ་ཅིས་ཀྱང་རྣམ་དག་གིས་ཕྱག་གསུམ་འཚལ་རྗེས་མུ་ནས་མུར་མདུན་བགྲོད་བགྱིས་པ་ལགས། ཁྱེད་ཀྱི་གནས་སྒོ་འགང་ཆེན་དག་ཏུ་བཙུགས་པའི་ཚོན་སྣ་ལྔ་ལྡན་གྱི་དར་མདུང་དེ་ཚོ་ལས་མི་རྣམས་ཀྱིས་འགའ་རེས་དཔོན་གྱི་ཐོབ་ཐང་དང་། འགའ་རེས་ནོར་གྱི་རིན་ཐང་། འགའ་རེས་ཤེས་བྱའི་འཇོན་ཐང་སོགས་རེ་སྨོན་མདོག་སྣ་ལྔ་ལྡན་དུ་ཐོགས་ཏེ་འོང་ཡོད་པ་གཟུགས་ཅན་བཞིན་དུ་མཐོང་ཐུབ་ཅིང་། ད་དུང་ཕྱི་མ་ཕྱི་མ་དག་གིས་སྔ་མ་སྔ་མའི་དར་ཐག་རྣམས་རྡོག་པའི་འོག་ཏུ་བརྫིས་ཤིང་། རང་གི་དར་ཐག་རྣམས་ཀ་བའི་མཐོ་ས་དང་རླུང་ལེན་ཡག་ས་གང་ཡིན་ལ་ཅི་འདོད་དུ་བསྒྲོན་ཡོད་པའི་རང་སྒེར་རང་གཅེས་ཀྱི་ཧབ་ཐོབ་དེ་མཐོང་འོང་། དེ་ལྟ་ནའང་། གངས་རི་ཁྱོད་ཀྱི་ཆེད་དུ་དངན་པ་ཙམ་ཡང་ཤོར་མེད་པ་ཁག་ཐེག་བགྱིས་ཆོག་ལ། མཐོང་ལམ་གྱི་གངས་རི་འདི་ཉིད་ཞུ་ནས་ཚར་ལ་ཉེའོ་ཞེས་པའི་ཟུག་རྔུ་ཕྲན་བུ་ཙམ་ཡང་མེད་པ་འདིར་ཁོ་བོ་དངོས་གནས་སྐྱུག་མེར་བའོ།།

  གནའ་སྔ་མོའི་སྔ་མོར། གངས་སྐོར་དུ་ལན་གྲངས་མང་དུ་བརྟོལ་མྱོང་སྟེ། གངས་རིའི་བསྐོར་པའི་མཐོང་ལམ་གྱི་གནས་ཆེན་འདི་ཉིད་ངོ་མཚར་ཤིན་ཏུ་ཆེ། གཡས་ལུང་དུ་ཐུར་དུ་བབས་པའི་སྦས་དཀར་སྟོང་ཤོང་གི་ཐང་ཆེན་པོ་དེའང་གངས་རིའི་ཡོངས་སུ་གཡོགས་འདུག ད་ཆ་དེ་ལས་ཅི་ཞིག་འཚོལ་རྒྱུ་ཡོད་མེད་དང་གང་ཞིག་རྙེད་ཐུབ་མིན་ལའང་གདེང་མ་རྙེད། སྐབས་དེའི་སེམས་ཁམས་དང་མིག་ལམ་གྱི་ལྗོངས་དངོས་ཇི་སྙེད་ཅིག་སྟོང་ལྷང་ལྷང་གི་རི་གྲོག་ཅིག་དང་འདྲ་བའི་སྣང་བ་སྐྱེས། སྣང་བ་དེ་དག་ཡིད་ལ་བསྒོམ་ནས་ང་ཚོ་རིམ་གྱིས་རྟ་མཆོག་ལབ་རྩེའི་ཉག་ཁར་ཐོན། རྟ་མཆོག་ལབ་རྩེའི་མིང་གི་བྱུང་བ་ནི་གླིང་སྒྲུང་ལས་འཕོས། རྟ་མགོ་སྟོང་གིས་ལབ་རྩེ་བསྟོད་པའི་གནས་དེ་གར་རྟ་མཆོག་ལ་སྒང་ཞེས་སུ་ཐོགས་ཤིང་། ཕྱིས་སུ་ས་གནས་ཀྱི་དམངས་བྱིངས་ཀྱིས་དེ་ལྟར་དུ་འབོད་སྲོལ་ཆགས། ང་ཚོ་ལབ་རྩེ་དང་བསང་ཁྲི་ལ་ཉེ་བར་བསྙེན་ཏེ་སང་སིང་གི་ཀི་སྒྲ་ལ་གཤིབ་ནས་གུས་པ་རང་གིས་ཀྱང་རང་ཁོ་ན་ཉིད་ལྷ་ཁྱེད་ཀྱིས་སྐྱོབས་དགོས་ཞེས་བརྗོད་པའི་ངོ་ལྤགས་དེ་ཅུང་གཡོལ་བའི་ཟོལ་བཅོས་ཤིང་། ཕ་ལགས་དང་བསྡོངས་ཏེ་བསང་ཚིག་དེ་འབོད་སྒྲོག་བགྱིས། ཕ་ལགས་ཀྱི་གན་ནས་རང་གི་ཡུལ་ལྷ་གཞི་བདག་གི་བསང་འབོད་དེ་དག་ནི་གུས་པས་སློབ་ཆུང་གི་སྐབས་ནས་བློ་ངོར་སྐྱོར་ཤེས་ཏེ། ཚིག་ལ་མཁས་པའི་ཉམས་མ་མཆིས་ཀྱང་དོན་ལ་བདེན་པའི་ཁུངས་ཡོད་སྙམ་མོ།། སྐབས་དེ་དག་ཏུ། རླངས་འཁོར་གྱི་གཞུག་སྒམ་ནས་རང་གི་རླུང་རྟའི་ཁ་མདོག་ལྟར་རླུང་རྟ་སྔོན་པོ་ཁ་གང་ལག་པར་བསྣམས་ནས། ཐབས་ཅི་ལ་གང་དྲག་གིས་གཞན་གྱི་དར་ལྕོག་རྡོག་འོག་ཏུ་མི་འགྲོ་བར་བྱས་པ་ངེས་ཅན་ཡིན། འོན་ཀྱང་། ཤོག་བུའི་རླུང་རྟ་དེ་དག་ནི་དགུན་གྱི་ཁ་བ་ལྟར་ཆགས་ཡོད་པས་རྡོག་སྙིལ་མ་བྱས་པར་གོམ་པའང་སྤོ་ཚུལ་མི་མཆིས་པ་གངས་རི་ལགས་ཁྱེད་ཀྱིས་གཟིགས་ཐུབ་པ་དེའོ།།

  རྩྭ་ཆུ་འཛོམས་ཤིང་མེ་ཏོག་རྣམ་པར་བཀྲ་བ། མཚེའུ་ཆེ་ཆུང་མང་བོ་བསྟར་དུ་བསྒྲིགས་པའི་ཡུལ་ལྗོངས་ཉམས་དགའ་བ་འདི་རུ། འབྲོག་དུད་རེ་འགའ་སྐྱས་བཏེགས་ཏེ་གནས་འཆའ་ཞིང་ནོར་ནག་གི་ཁྱུ་ཚོགས་ལྷོད་ཀྱིས་བཀྲམས་ཡོད། སྟོང་ལུག་གི་རྫི་བོས་རྒྱང་འབོད་ཀྱི་དབྱངས་རྟ་ཡུན་གྱིས་འཐེན་འོང་། ལབ་རྩེ་དང་གོམ་པ་ཉི་ཤུ་ཡས་མས་ཤིག་ཏུ་འབྲོག་ཁྱིམ་ཞིག་གིས་དུ་བ་སྔོ་ལྷོག་ལྷོག་བྱེད་ཀྱིན་གདའ། ཅུང་ཙམ་འགོར་རྗེས་མགོ་དཀྲིས་གློ་ཁ་ཅན་གྱི་འབྲོག་མོ་བྱད་ཡག་ཅིག་སྒོ་ཁར་ཐོན་འོང་། ང་ཚོ་དང་ཉེ་བར་བཅར་ཏེ་ཁོ་པ་ཅག་རུ་བ་དབྱར་མཚེར་དུ་སྤར་ཏེ་ཉིན་འགའ་འགོར་ཡོད། གོ་ཐོས་སུ་ “ཆུ་ནག”ཏུ་རླངས་འཁོར་བགྲོད་མི་བཏུབ་སྟེ། གནས་མཇལ་བ་མང་བོ་ཞིག་སྐྱོ་ཡུས་ཀྱི་ཁྲོད་ནས་ཕྱིར་སླེབས་ཀྱིན་གདའ། ད་ནི་ཁྱོད་ཚོས་ཀྱང་རེ་ལྟོས་ཆེན་པོ་ཞིག་མ་བྱེད། ཅེས་ང་ཚོར་ཤ་ཚ་བའི་གཏམ་དུ་སྦྲན་ནོ།། ཨ་ཁ་ཁ། ལས་རླུང་མ་རྒྱུགས་པ་ཞིག་ལ་རླངས་འཁོར་བགྲོད་ལམ་ཆད་འདུག ད་ནི་གར་འགྲོ་ངེས་མེད་ཀྱི་རྣམ་ཤེས་འཁྱམ་པོ་ཞིག་དང་འདྲ་བར་ཧད་དེ་བསྡད། ཅུང་ཙམ་འགོར་རྗེས་ཕ་ལགས་ཀྱི་རང་གཤིས་མཁྲེགས་པོ་དེ་ཕྱི་རུ་མངོན་ཡོང་། གདུགས་ཚོད་འདི་ལ་ང་ཚོ་ཕྱིར་ལྡོག་པར་ཞེ་ན། ཅི་འདྲའི་ཁ་སྐྱེངས་དགོས་པ་ཞིག ཉིན་ཞག་ཕྲུགས་གཅིག་གི་ཡུན་ལ་གནས་རིར་མཇལ་འདོད་ཀྱི་རང་སེམས་གཏན་ནས་འཇགས་མ་མྱོང་། ད་ཀོ་མུ་མཐུད་དུ་མདུན་དུ་བགྲོད་པ་ལས་ཅི་ཞིག ང་ཚོའང་ཕ་ལགས་ལ་ཅེར་ནས་བློ་འཐོམ་མེར་བསྡད། དམིགས་པ་གཅིག་ལ་ཕྱོགས་ནས་གངས་རིའི་འཁྲིས་སུ་བཅར་དགོས། སྐབས་འཕྲལ་དུ་ང་ཚོ་མདུན་བགྲོད་བགྱིས་པ་ལགས།

  དེ་ཡང་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་ཁོ་བོ་ཅག་རྨ་ཆེན་གངས་རིའི་ཉེ་འདབས་སུ་སླེབས་ནའང་ “ཆུ་ནག”ཏུ་རླངས་འཁོར་གྱི་བགྲོད་ལམ་ཆད་འདུག་པས། སྐོར་ཡུལ་པ་འགས་ཕྱི་ཉིན་ནམ་ཟླ་སབ་སིབ་ཅིག་ལ་འགྲོ་དགོས་ཚུལ་སོགས་གསོང་བོར་བཤད་པས་ང་ཚོས་ཀྱང་ཕ་ལགས་ཀྱི་བསྲི་ཚགས་ཀྱིས་ཉོས་པའི་ཉི་ཧོང་གི་སྟབས་བདེ་སྦྲ་གུར་དེ་ཕུབ་ནས་ཞག་གཅིག་ལ་གནས་འཆའ་བའོ།།

  ང་ཚོ་དང་མི་རིང་སར་ཐང་སྨུག་སྦྲ་ནག་ཅིག་གི་སྦྲ་སྒོ་ཤར་དུ་གཏད་དེ་ཕུབ་འདུག་སྟེ།

  སྦྲའི་ཁ་ཚུབ་ལས་དུ་བ་སྔོ་ལྷོག་ལྷོག་གངས་རི་དཀར་པོའི་དབུ་རྩེ་རུ་དལ་གྱིས་འཕྱོ། ང་ཚོས་གཅུད་དུ་བོར་པའི་ཆེས་རིན་བྲལ་གྱི་ཤུལ་རྫས་འདི་མིག་ལམ་དུ་ཤར་མ་ཐག ང་ལ་སྡོད་མི་ཚུགས་པའི་སེམས་གཤིས་རྣལ་མ་ཞིག་ངང་གིས་སྐྱེས། ཚ་གྲང་གི་སྤུ་གྲིས་རེས་ཀྱིས་གཞོག་པའི་ལོ་རྒྱུས་ཀྱི་ཤུལ་དངོས་ཡོད་ཚད་རྒས་འཁོགས་འཆི་བའི་ནད་ཀྱིས་ཟིན་པ་བཞིན་མཐར་ཐུག་གི་དབུགས་རྒྱུན་སྐྱོང་བའི་སྐྱོ་ཉམས་མཐོང་ཐེངས་རེར། སེམས་ཀྱི་མིག་ཆུ་དབང་མེད་ངང་རྦབ་རྡོ་བཞིན་འགྲིལ་འོང་། ང་རང་སྦྲ་ནག་དང་ཉེ་བར་བསྙེན། སྦྲ་ནག་ལས་བགྲེས་པོ་དགོངས་ལོ་བདུན་ཅུ་ཡས་མས་ཤིག་སྒོ་ཁར་ཐོན་ཡོང་སྟེ། ང་ལ་མགྲོན་བསུ་ཡང་ཡང་ཞུས། ལུག་ཤ་སྡེར་མ་གང་མདུན་དུ་བསྒྲིགས་ཏེ་འོ་ཇ་ཚ་མོ་ཕོར་གང་ལག་ལ་སྤྲད། རྒན་པོས་ཀྱང་ང་ལ་འགྲུལ་བརྩི་བྱེད་ཞོར་ཞིབ་ཏུ་གང་ནས་ཐོན་པ་དང་། གང་གི་ཡིན་པ་སོགས་ཇི་བཞིན་དུ་དྲིས་བྱུང་ལ། ངས་ཀྱང་རེ་རེ་བཞིན་གསོང་བོར་བཤད། ཅུང་ཙམ་འགོར་རྗེས། རྒན་པོ་ཁོང་གིས་ཨ་མྱེས་རྨ་ཆེན་གྱི་གནས་སྒོ་དང་གནས་རི་གང་མང་ཞིག་རིམ་གྱིས་གླེང་མགོ་བརྩམས། ད་ལྟ་ང་ཚོ་ཡོད་ས་འདི་ནི་གོས་སྐུ་ཆེན་མོ་ཞེས་པ་རྨ་རྒྱལ་ཕོ་བྲང་གི་སྒོ་ཡོལ་དང་སྒྲོལ་མ་དཀར་མོའི་གནས་སུ་གྲགས་པ། དེའི་མར་གཤམ་དུ་རྨ་རྒྱལ་གྱི་གཉེར་པ་མགྲོན་དགྱེས་ཞལ་དཀར། དེ་ནས་བློན་པོ་དགེས་ཐུང་བྲག་དཀར་གནས་དེ་གར་ལོ་ཆེན་བཻ་རོ་ཙ་ན་དང་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ཡོད་ཟེར། ཞབས་དཀར་རིན་པོ་ཆེའང་གནས་འདིར་བཞུགས་མྱོང་སྐད། ད་དུང་ཡང་ཁྱེད་ལ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་གཏམ་རྒྱུད་ཅིག་དང་འདྲ་བའི་ཡིད་འཕྲོག་གི་ལོ་རྒྱུས་ཤིན་ཏུ་མོད། དབུ་ལ་ཕྱིང་ཞྭ་གསོལ་ཅིང་ཆིབས་རྟ་གྲོ་གྲོར་བཅིབ་སྟེ་གསང་པའི་ཡུམ་ཆེན་གོང་སྨན་ལྷ་རིའི་སྟོང་གསུམ་ཡིད་ཀྱི་བསྟན་པ་ཅིག་ཅར་དུ་འཕྲོག་པ་སོགས་མང་དུ་མཆིས །

  རེད་དེ། སྟོང་བསམ་བྱིས་པའི་རྨི་འཛུམ་འཆོར་བའི་ཁྱེད་ཀྱི་ལྷ་རབས་ལོ་རྒྱུས་ལ་ཁོ་བོ་མོས་ཞེན་ལོས་མཆིས་ཏེ། ཁོ་བོ་དེ་ལས་ཀྱང་མོས་ཞེན་མཆིས་པ་ནི་ཁྱེད་ཀྱི་མི་རབས་ལོ་རྒྱུས་དེ་དག་ཡིན་པར་ལགས། ཡིན་ལགས་ཏེ། ཁྱེད་ལ་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དུ་བསྔགས་ཤིང་། མཚན་གྱི་རྣམ་གྲངས་ཕྲེང་ཆོད་པ་ཞིག་གསོལ་བ་དེའང་དོན་དམ་དུ་འགྲོ་བ་མི་ཡི་ཚེ་སྲོག་ཕྲ་མོ་དག་ཁྱེད་ཀྱི་སྐུ་དྲོད་ལ་བཅར་ཏེ་འབྱུང་བཞིའི་རྒོལ་བ་ལ་བཟུར་བཤོལ་བྱས་ཡོད་པའི་བརྡ་དོན་དུ་མངོན་པའོ།། ཁོ་བོས་ད་དུང་ཡང་ངེས་པར་དུ་གླེང་དགོས་པ་ཞིག་ལ། མཆེད་པ་ཁྱེད་ཀྱི་ཉེ་འདབས་ནས་མཆེད་ཅིང་བསྐྱེད་པ་མདོ་སྨད་དག་ཏུ་རྒྱ་བསྐྱེད་པའི་ཁོ་བོའི་ཕ་མེས་ཡང་མེས་ཀྱི་རུས་ཚོ་སྟེ། ཨ་རིག་ཚོ་ཆེན་བཅོ་བརྒྱད་དེ་ལོ་རྒྱུས་ཀྱི་གར་སྟེགས་སྟེང་གནས་འདི་ནས་མངོན་པར་འཆད་དེ་ཨ་ཡིག་རང་བྱོན་ཞིག་མིག་ལམ་ལ་ཤར་པས་ཨ་རིག་ཅེས་བཏགས་སོང་ཟེར་བའི་གཏམ་རྒྱུད་ཀྱི་རྗེས་ཤུལ་དེའང་ཁྱེད་ལས་འཚོལ་དགོས་པའོ།། ཁྱེད་ནི་རྨ་ཡུལ་འདི་ཙམ་མ་ཟད་ས་ཡི་ཁ་ཁྱེར་རྒྱ་ཆེན་པོ་ཞིག་གི་མིའི་རིགས་ཀྱི་རུས་ཚན་ཚོ་བ་དག་གི་གྲུབ་ཆགས་དང་། སྐྱས་བཏེག་གཞིས་སྡོད། འཕོ་འགྱུར་དར་རྒུད་ཇི་སྙེད་ཀྱི་ལོ་རྒྱུས་བདེན་དཔང་རྡོ་རིང་ཞིག་ཏུ་གྱུར་ཡོད་གཤིས། ཁྱེད་ཀྱིས་ད་ལྟ་ཉིད་ལ་དེ་སྐོར་ལ་བདེན་དཔང་གི་གསུང་གླེང་རེ་འབྱོན་ན་ཅི་མ་རུང་སེམས། ར་སྤྲོད་ཀྱི་གཏེར་ལུང་རེ་བསྩལ་ན་ཅི་མ་རུང་ཡང་ཅིས་ཀྱང་སེམས་པ་དེ་ག་ཡིན།

  མཚན་ཞག་རིང་མོ་ཞིག་ལ་ཁྱེད་ཀྱི་པང་བ་ནས་མཛེས་སྡུག་གི་རྨི་ལམ་ཞིག་ཡུན་གྱིས་རྨིས་ཤིང་། ཁྱེད་ཀྱིས་བསྩལ་པའི་དངོས་གྲུབ་དེ་དག་རང་གི་སྡོངས་གྲོགས་དང་ཁ་འཛིན་དུ་གྱུར་བར་གདའ། ཕྱི་ཉིན་སྔ་མོ་ནས་ལམ་ལ་ཆས་པ་ལགས། རང་གི་སྐྱེས་ལྷ་དཀར་པོའི་རང་མདངས་ལ་ཡིད་སྨོན་དང་ཞེན་ཆགས་སྐྱེས་ཏེ་ལམ་ལ་ཆས། གངས་འདབས་སུ་ཡུན་གྱིས་བཞུད་དུས་ང་རང་ལྷ་སྒྲུང་གི་ནང་རིམ་དུ་རྒྱུ་བ་འདྲ་བའི་ཚོར་སྣང་ཡ་མཚན་པ་དག་སྐྱེས་བཞིན་འདུག་ཅིང་། ཁྱེད་ཀྱི་གངས་དཀར་གྱི་འདབས་ཐིག་ཀྱང་ལོ་རེ་ནས་ལོ་རེ་བཞིན་གྱེན་དུ་བསྡོག་ཡོད་པ་ལ་ཁོ་བོ་དངོས་གནས་སྨེང་འོང་། དེ་ལྟ་ནའང་། ཁྱེད་ཉིད་སྔར་བཞིན་འོ་སྐོལ་ཁ་བ་གངས་ཅན་གྱི་ལྗོངས་སུ་བཞུགས་དགོས་ཤིང་། ལྷག་ཏུ་ཡུལ་འདིའི་ཟོ་དོར་དུ་ངང་ཟོམ་མེར་བཞུགས་ཏེ། དུས་ནམ་ཡང་འཚེ་བ་མེད་པའི་མགོན་སྐྱབས་རེ་གནངས་རྒྱུ་མཁྱེན་མཁྱེན་ནོ།།

        2022ལོའི་12པའི་ཚེས་23ཉིན་ཡོངས་སུ་གྲུབ་བོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྨ་རྒྱལ་གངས་རིའི་འདབས་ཀྱི་སེམས་ཚོར།

2023-02-07 ཨ་བཤད་སྒྲུབ།(རྨ་ཆེན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།