དེང་དུས་ཀྱི་སློབ་གསོ་དང་ཁྱིམ་བདག་གི་ལག་པ།

ཚེ་ཤིས་ལྷ་དོན།(གཙོས) 琼迈文学网 2023-10-20

  ཉིན་འདི་དག་ལ་སློབ་གྲྭ་སོ་སོ་གཅིག་རྗེས་ཉིས་མཐུད་ཀྱིས་འཚོགས་ཀྱི་འདུག་ལ།རང་ཉིད་ཀྱང་བྱིས་པ་གཉིས་ཀྱི་ཁྱིམ་བདག་ཡིན་པས་ཐོ་འགོད་དང་སློབ་ཁང་ཉ་ར་སོགས་ལ་ཅི་ནུས་ཀྱིས་རྒྱུག་པ་ཡིན། རྒྱུག་པའི་གོ་རིམ་ཁྲོད་ཁྱིམ་བདག་དག་གི་ཁ་བརྡ་ལས་སློབ་གསོར་བཟུང་པའི་བྲེད་ཤ་སྣ་ཚོགས་པ་མཐོང་བ་ན།དེང་དུས་ཀྱི་སློབ་གསོ་ནི་དཔེ་དེབ་སློབ་གསོ་རྐྱང་རྐྱང་ལ་ཕྱོགས་ཏེ་མི་གཞི་གསོ་སྐྱོང་དང་ཁ་ཐག་ཇེ་རིང་ལ་བཀྱེད་བཞིན་འདུག་ཅིང་། འགྲོ་དགོས་པའི་རྩ་བ་དེ་ཀོ་དགེ་རྒན་དང་སློབ་གསོ་ཅུའུ་ཀྱི་ཁ་ཕྱོགས་འབའ་ཞིག་གིས་བསྐྲུན་པ་ཞིག་ཀྱང་མ་རེད་སྙམ་པའི་ཚོར་བ་ཞིག་ག་ལེར་བསྐྱལ་བྱུང་། ད་ལྟའི་གྲོང་ཁྱེར་བའི་ཕ་མ་དག་ནི་གྲོང་གསེབ་དང་བསྡུར་ན་ལག་པ་ཧ་ཅང་རིང་བས་རང་ཉིད་ཀྱི་སེམས་ན་གནས་པའི་སློབ་གསོ་ཞེས་པ་ཞིག་གི་ཕྱིར་དུ་དགེ་རྒན་གྱི་ཚབ་མ་དང་སློབ་གསོ་ཅུའུ་ཀྱི་རོགས་མ་ལྟ་བུ་འམ་མ་བོས་འགྲོན་པོར་དབང་ཆེ་ཟེར་བ་ལྟར་མགོ་མི་འཆུད་སར་ལུས་དང་ལུས་མི་སྩེབས་སར་ལག་བསྲིངས་ཏེ། རང་གི་འདོད་པ་ཇི་བཞིན་མ་ཡིན་ལ་གཞན་གྱི་འཆར་བཀོད་ནང་བཞིན་དུའང་མ་གྱུར་བའི་རང་ལྟའི་སློབ་གསོ་ཞིག་ལ་འཐམ་ནས་ཁོམ་གྱི་མི་འདུག ཁ་ཕྱོགས་འདིས་ད་ལྟའི་གྲོང་ཁྱེར་བྱིས་པ་ཚོ་ནི་ལས་བྱའི་འཕྲུལ་ཆས་སམ། རང་དཔེ་བསྐྱར་མ་ཞིག་གམ་ཡང་ན་སྐར་མའི་མི་རབས་ལྟ་བུ་ཞིག་ཏུ་བསྒྱུར་ཅི་ཐུབ་གཏོང་བཞིན་པ་དེ་རེད། སྤྱིར་ན་སློབ་གསོ་ནི་ཡི་གེ་ཤེས་པ་ཁོ་ན་ཞིག་ལ་མ་ཡིན་པར། ཤེས་བྱ་སློབ་ཅིང་མི་གཞི་གསོ་བ་ཞེས་གཙོ་བོ་ཤེས་ཡོན་ཉིས་འཛོམས་ཀྱི་མི་ཞིག་སྐྱོང་བ་སྟེ་འདིའི་དོན་ཐ་སྙད་རང་སྟེང་ནས་ཀྱང་གོ་ནུས་པ་ཞིག་རེད་མོད། ཡིན་ནའང་ད་ལྟ་ཡི་གེ་རྐྱང་བ་སློབ་པར་བྲེལ་བ་ལས་མི་གཞི་དང་། བྱིས་པའི་དགའ་ཕྱོགས། འཇོན་ནུས་སོགས་ཚང་མར་དོ་སྣང་བྱ་ཡི་མི་འདུག་ལ་བྱ་ཁོམ་ཀྱང་མི་འདུག ད་སྐབས་སྤྱི་ཆ་ནས་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་པའི་སྣང་ཚུལ་གྱིས་འཚོ་བའི་ཆུ་ཚད་སྔར་བས་མཐོ་ལ་ཁ་སྐྱིད་རྒྱབ་དྲོ་ལྟ་བུའི་རྣམ་པར་འདུག་མོད། སྒེར་ཐད་ནས་རྒྱུ་འགྲན་དབང་འགྲན། བྱིས་འགྲན་དང་ཡག་འགྲན་སྣ་ཚོགས་པ་བྱུར་དུ་མཆེད་དེ་ཁྱིམ་བདག་ཚང་མ་མ་གྲོས་གཅིག་མཐུན་གྱིས་ཚ་ཚ་འུར་འུར་ངང་བྱིས་པའི་མ་འོངས་བ་ཞེས་འཛིན་བསམ་གཟུང་དུ་མིན་པའི་གནོན་ཤུགས་ཤིག་ལ་འབྱར་ནས་རབ་ཏུ་མནར། བདག་གིས་བསམ་ན་འདི་ནི་གཙོ་བོ་ནང་ལོགས་ཀྱི་ཁེ་བརྩོན་རིང་ལུགས་པའི་ཕྱོགས་ནས་མཆེད་པའི་བྱད་ཡམས་རིགས་ཤིག་ཏེ། རྒྱུགས་འབྲས་ཀྱིས་མ་འོངས་ཐག་གཅོད་ཀྱི་དམིགས་པ་གཅིག་གཏད་ལྟ་བ་ཞིག་བཟུང་ལ། དེ་ལ་ཤེད་ཀྱིས་འཐམ་པས་བུ་རབས་ཚོ་ནི་ཡི་གེ་ཤེས་ལ་མི་གཤིས་བྲལ་བའི་མི་རབས་ཤིག་ཏུ་བཏང་སྟེ་ཉེས་པ་འདིས་ཡིན་མཛུབ་མོ་འཛུགས་སུ་མི་ནུས་ལ་རྒན་པ་མི་གཉོར་བ། ཆུང་བ་མི་ཐུལ་བའི་གནད་དོན་འདི་འདྲ་ཆགས་པ་རེད་སྙམ། སྤྱིར་མི་ཞིག་འཁྱོངས་དགོས་ན་མི་ལ་མི་ཆོས་དང་། ལྷ་ལ་ལྷ་ཆོས་ཟེར་བ་ནང་བཞིན། མི་གཞི་དང་ཀུན་སྤྱོད། བློ་དང་བཀོད་པ། དཔའ་དང་བྱམས་སེམས་སོགས་འཐུས་ཚང་དགོས་པ་ཞིག་སྟེ། མིའི་ནང་སེམས་ལ་ཤེས་བྱ་རིག་གནས་ཀྱི་རྨང་ཚུགས།དགྲ་འདུལ་གཉེན་སྐྱོང་གི་ཐབས་བསླབས།འབྱུང་ཁམས་སྙོམ་སྒྲིག་གི་བློ་སྦྱངས་པ་སོགས་ནི་གལ་ཆེན་ནང་གི་གཙིགས་ཆེན་ཡིན་ནའང་། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་ནོར་བ་མིན་ཀྱང་ཡུལ་སྐོར་སྡེ་གསར་སོགས་ལག་ལེན་ཞོར་ཏུ་དྲུད་པའི་རྐྱེན་སྣ་ཚོགས་པས་ཆུང་དུས་སུ་རྩེད་ར་མེད་པ། གཞོན་དུས་སུ་འགྲན་ར་མེད་པ། རྒས་དུས་སུ་འདུ་ར་ཡང་མེད་པའི་གྲོང་གསར་སྡེ་གསར་ཚུལ་ཏུ་ཆགས་ནས། བྱིས་པ་ཚོར་ས་རྐོ་འདམ་སློག་བྱ་སའི་རྩེད་ར་ནི་མེད། གཞོན་པ་ཚོར་རྟ་རྒྱུགས་མདའ་འཕེན་བྱ་སའི་འགྲན་ར་ནི་མེད། རྒན་པ་ཚོར་གནའ་དེང་ངག་རྒྱུན་གླེང་སའི་འདུ་ར་ཡང་མེད་པར་གྱུར་བས་ཆེ་བཀུར་ཆུང་བྱམས་དང་ཁྱིམ་ཚང་སྐྱིད་སྡུག སྡེ་བའི་འགྲིག་མཐུན་སོགས་ཀྱི་ཁ་མིག་ཡར་བལྟའི་སློབ་གསོའི་ཁོར་ཡུག་ནི་རྦད་ནས་ཉམས། ད་ནི་བྱིས་པ་སློབ་མཐར་ཕྱིན་ནས་གཞུང་ཞབས་པའི་རྒྱུགས་ཤིག་མ་འཕྲོད་པ་ཡིན་ན། འབྲོག་པའི་བུས་འབྲོག་པ་མི་ཉན་ལ་རོང་བའི་བུས་རོང་བའང་མི་ཉན་པ། བུས་མ་མི་བརྩི་ལ།ཕས་བུ་མི་ཐུབ་པའི་རྒན་ཟ་རིང་ལུགས་པ་དང་། བློས་ཤོར་རིང་ལུགས་པ་ཞེས་པའི་མི་རབས་གདོང་ན་འཛུམ་མེད་པ། ངག་ན་ལན་མེད་པ། སེམས་ན་དྲོ་མེད་པའི་གཞོན་རབས་སྡེ་ཡི་ཁོར་ཡུག་ཅིག་བསྐྲུན་ཚར་འདུག་སྟེ། བརྡ་འཕྲིན་དུས་རབས་ཀྱི་གཟི་བྱིན་གྱིས་ཉེ་རིང་གང་སའི་འཁྲབ་སྟོན་སྐྱི་གཡའ་བ་རེ་ང་ཚོའི་མིག་སྔུན་ལ་བསྐྱལ་ནས་བརྡ་གཏོང་གིན་པ་འདི་རེད། ཡིན་ནའང་མི་བུ་མང་ཤས་ཀྱིས་དེ་ནི་ད་ལྟའི་སློབ་གསོའི་མ་ལག་གི་སྐྱོན་དུ་ཁག་འགེལ་གྱི་ཡོད་ལ་།དེ་གར་འགེལ་དགོས་པའི་རྒྱུ་མཚན་ཀྱང་ཡོད་ཤག་ཤག་རེད་མོད།འོན་ཀྱང་ངས་འདི་གར་གླེང་བར་བྱ་བ་ནི་ཁག་འགེལ་བར་ཧ་ཅང་སྤྲོ་བའི་མི་བུ་འཚུབ་ལུ་རང་ཅག་ལ་དེའི་ཕྱོགས་ཀྱི་སྐྱོན་ཅི་ཡང་མེད་པ་འེ་རེད་འདྲི་རྒྱུ་དང་། མི་མང་གྲབས་ནས་ཁ་མ་སྔ། མགར་བའི་ཁོལ་ཁས་ལག་མ་སྔ་ཟེར་བའི་གནའ་མིའི་གཏམ་དཔེ་ལྟར། འུ་བུ་ཅག་གིས་ཁ་ལ་བདག་མ་རྒྱབ་ས་དང་ལག་ལ་སྡོམ་མ་བཞག་ས་རེ་མེད་དམ་ཟེར་རྒྱུ། རང་ཉིད་ལ་སློབ་གསོ་གླེང་རྒྱུའི་ཤེས་ཡོན་དང་འཇོན་ནུས་གང་ཡང་མེད་ཀྱང་བྱིས་པ་གཉིས་ཀྱི་ཁྱིམ་བདག་ཡིན་པ་དང་ལག་པ་ག་སར་བསྲིང་བར་དགའ་བའི་ཤེས་མདོག་མཁན་རིགས་ཤིག་གི་གཅིག་ཤེས་ཀུན་གྲོལ་ལྟ་བུའི་སྣང་བའི་དབུ་ལ་ཕུར་ལྕག་ཅིག་གི་ཟོལ་དུ་རང་ལ་དཔེ་བལྟས་ནས་དབྱེ་ཞིབ་རིགས་འགའ་ཉམས་ཞིབ་ཏུ་བསྟར་སྙམ་པ་དེའོ།།

  དང་པོ། ཆེད་ལས་ནི་ཆེད་ལས་སུ་ངེས་པ་འདྲོངས་ཤིང་ཁས་ལེན་དགོས།

  ཆེད་ལས་ནི་ཆེད་དམིགས་ཀྱི་ཤེས་བྱའི་སྦྱངས་པ་མཐར་སྨིན་ཞིང་། ཆེད་སྦྱངས་ཀྱི་འབྲས་བུ་ལག་ཏུ་བསྟར་བའི་ལས་ཀ་ཡིན་ན། ང་ཚོས་ཅིས་ཀྱང་རང་གི་ཤེས་པའི་ཚད་ཀྱིས་ཡོད་ཚད་ཀུན་གཞལ་རྐྱང་དང་མཐོང་ཚད་ཀུན་ཤེས་མདོག་གིས་མི་གཅོད་པར་ཆེད་ལས་ལ་ཆེད་ལས་ཀྱི་འདུ་ཤེས་བཟུང་ནས་བརྩི་སྲུང་བྱ་དགོས། རང་གི་ཤེས་པ་སོར་གང་བོ་གཞིར་བཟུང་། དབང་ཤེད་ཐོ་གང་བོ་བཀོལ་ཅི་ཐུབ་ཀྱིས་ཆེད་ལས་དང་ཆེད་ལས་མ་ཡིན་པ་ག་ས་ག་རུ་བཀོད་པ་འཐེན་རྒྱུ་ཐལ་ཆེ་སོང་བས་ད་གཟོད་རང་བློ་དང་མི་འཚམ་ཅིང་། སྤྱི་ཕན་ལ་གས་ཁ་ཤོར་བའི་གནས་ཚུལ་སྣ་ཚོགས་པ་འདི་དག་འབྱུང་གི་ཡོད་པ་རེད། རང་རེའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཐུན་མོང་བར་ཡོད་པའི་ངན་གཤིས་ཆེས་ཆེ་ཤོས་ཤིག་ནི། སྤྱི་བའི་ལུགས་ལ་བརྩི་སྲུང་མི་བྱ་བ་སྟེ། དོན་དང་བྱ་བ་ཅི་རིགས་པར་ཐེ་གཏོགས་དང་བར་འཚང་བྱ་རྒྱུར་ཧ་ཅང་དགའ། དེ་བས་ད་གཟོད་རུལ་སུངས་དང་སྤྱི་བའི་ན་ཟུག་སྣ་ཚོགས་འཁྲུངས་པའི་ཞིང་ས་འདི་གྲུབ་པ་ཡིན་ལ།བྱུར་དུ་མཆེད་པའི་མངོན་མིན་གྱི་ལག་པ་ནག་པོ་དག་ནི་རང་ཅག་ལ་འགྲིག་མ་ཡོད་པ་མིན་པར་འགྲིག་བརྩི་ལ་མི་དགའ་བས་བསྟར་བ་མ་ཡིན་ནམ། གནའ་མི་བོད་ཀྱི་གཏམ་དཔེར་སྟོད་ནས་ཨ་ཕས་ཀི་བཏབ་ན།འགབ་ནས་བུ་ཚའུ་གྲལ་སྒྲིག་ཞེས་པ་ལྟ་བུའི་བརྩི་མཐོང་རིག་གནས་དག་ཤར་ལ་གཡུག་ནས། རང་གིས་་ཤེས་མདོག་དང་ནུས་མདོག་གིས་གཞུང་གི་སྒྲིག་དག་ཕར་ལ་འེན་ཙམ་འེན་ཙམ་གྱིས་དེད་པས་ནི་དགེ་རྒན་གྲས་ན་དགེ་རྒན་དང་། དཔོན་པོའི་ནང་ནས་དཔོན་པོ་བྱུང་། ཡོང་སྒོ་ཞིག་དང་བརྩི་མཐོང་ཞིག་གི་ཆེད་དུ་འཇོན་ནུས་ཡོད་མེད་གཉིས་ཀས་དབང་བཟུང་། ཆེད་མཁས་ཡིན་མིན་གཉིས་ཀས་ཆེད་ལས་གཏོར་བས་ད་གཟོད་ངོ་ཚ་ཉོས་ཤིང་དཔོན་ས་ཤོར་བ་སོགས་ཀྱི་ཉ་ཉོག་ཀུན་བྱུང་། དེ་བས་མི་བུ་ཕལ་བ་དག་གི་གཞུང་སེམས་ཉམས། སྤྱི་སེམས་འཆག་བཞིན་པ་མ་ཡིན་ནམ། དེ་བས་ང་ཚོས་ངེས་པར་དུ་ཆེད་ལས་ཆེད་ལས་སུ་བརྩི་སྲུང་བྱ་དགོས་ལ། ཆེད་ལས་ཆེད་ལས་སུ་བརྩི་དགོས་ན་དཔོན་དང་གཡོག་གི་དབྱེ་བ་མེད་པར་རང་ཁ་ལ་བདག་རྒྱབ་ནས་རིགས་དང་དབྱེ་བ་ངོ་ཤེས་རྒྱུ་དང་།སློབ་གསོ་ནི་སློབ་གསོ་བས་གཉེར་རྒྱུ་ཞིག་ཡིན་པར་ཁས་བླངས་ཏེ་ཁ་ལག་གཉིས་ལ་བདག་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེའོ།།

  གཉིས་པ། མཐར་ཐུག་གི་དམིགས་ཡུལ་ནི་མི་ཞིག་འཁྱོངས་པར་འབད་པ་ངེས་ཟིན་དགོས།

  སློབ་གསོའི་ཆེད་ཅེས་ཁ་གཡར་ནས་ཁ་ཐོན་དགོས་ས་མི་དགོས་ས་གཉིས་ཀར་ཐོན་པ་དང་། ལག་སྲིང་དགོས་ས་མི་དགོས་ས་གཉིས་ཀར་ལག་བསྲིངས་པ་གང་ཐམས་ཅད་པོའི་མཐར་ཐུག་གི་དམིགས་ཡུལ་ནི་རང་གི་བུ་ཕྲུག་མི་ཞིག་འཁྱོངས་པའི་ཆེད་ཡིན་པ་ངེས་ཟིན་དགོས། འོ་ན། མི་ཞིག་འཁྱོངས་དགོས་པའི་རྩ་བ་ནི་དཔེ་ཆའི་རིག་གནས་རྐྱང་རྐྱང་གིས་ཚད་གཞལ་རྒྱུ་ཞིག་ཡིན་མིན་དང་། ངལ་རྩོལ་དང་རྩེད་མོའི་ཁྲོད་ན་བདེ་ཐང་དང་ཤེས་བྱ་ཡོད་མེད། ར་སྐོར་གཅིག་ལས་ལག་ཆགས་པའི་གྲོགས་པོ་ཚོའི་བར་གྱི་བརྩེ་འདང་དེ་མི་གཞི་གསོ་སྐྱོང་གི་རྒྱུ་ཞིག་ཏུ་གྲུབ་མིན། ལག་ཆགས་པའམ་འཚར་ལོངས་པའི་བརྒྱུད་རིམ་ནི་ལག་འགུལ་ཤེས་པའི་ཚད་དང་། བུ་ཕྲུག་དག་མ་འོངས་འཚོ་བར་དངོས་སུ་འཇུག་སྐབས་ཀྱི་ཁ་གསོ་རྒྱབ་འགེབ་ཀྱི་འཇོན་ཐང་ལ་གཟས་པ་ཡིན་མིན་སོགས་ཐམས་ཅད་ལ་ངེས་པ་འདྲོངས་དགོས། ད་ལྟའི་སྤྱི་ཚོགས་ལ་ལས་ཐོབ་ཀྱི་འགྲན་རྩོད་དང་དཔལ་འབྱོར་གྱི་གནོན་ཤུགས། སྲིད་ཇུས་ཀྱི་བྱེད་ཕྱོགས་སོགས་གང་ཐད་ནས་བསྐྲུན་པའི་སེམས་ཚེགས་རབ་ཏུ་ལྕི་བས་འུ་ཅག་རབ་ཏུ་ཙབས་ནས་རང་གི་བུ་ཕྲུག་གིས་གཞུང་ཞབས་པའི་ཡིག་རྒྱུགས་ཤིག་ལོན་མ་ནུས་ཚེ། མདུན་ལམ་ཟེར་བ་ཧ་ཅང་ཁག་ལ། འཚོ་བ་ཞེ་ན་ཧ་ཅང་དཀའ་བའི་ཐག་བཅད། དེ་བས་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་བྱིས་པའི་བསླབ་འབྲས་མ་བཟུང་ན་མི་ཉན་པའི་འདུ་ཤེས་ཤིག་ཆགས། དེ་དང་ཆབས་ཅིག་འཛིན་བདག་དགེ་རྒན་སུ་ཡིན་ནས་རིག་ཚན་དགེ་རྒན་གང་ཡིན། དེ་དག་གི་ཆུ་ཚད།མི་གཤིས། སྐད་རིགས།ཐ་ན་བཟའ་ཟླ་སུ་ཡིན། ཁྱིམ་གྱི་ཀུན་སྤྱོད་ཇི་འདྲ་བ་ལ་སོགས་ཚང་མར་ཐབས་བརྒྱ་ཇུས་སྟོང་གིས་རྒྱུས་ལོན་བྱས། དེའི་འཕྲོར་དེའི་བཟང་ངན་གྱིས་བུ་ཕྲུག་གི་རྒྱུད་ལ་རྒྱ་བོད་དབྱིན་གསུམ་གྱི་གསལ་བྱེད་འཇོག་པའི་ནུས་པ་ཡོད་མེད་ལ་སེམས་ཁུར་བྱས། ལས་བྱ་འཇོག་མིན་གྱིས་སློབ་གསོ་ལ་འགན་འཁུར་གྱིན་ཡོད་མེད་ཀྱི་རྒྱས་བཏབ། གྲོས་བསྡུར། བསམ་འཆར་བཤད། བྱིས་པའི་གཡའ་དག་པའི་བྱིས་བློ་རུ་དགེ་རྒན་དགེ་སྐྱོན་གྱི་ར་རི་བགོས།རྩེད་ར་ནས་བཙན་གྱིས་ཁྲིད་དེ་བ་བུག་གང་ན་ལྐོག་ལྐོག་སུད་སུད་ཀྱིས་བྱིས་པ་བཙིར་གྱིན་པའི་ཁང་མིག་སོ་སོར་བརྫངས། བྲོ་བསླབས། སྒྲ་ཁྲིད། དྲག་རྩལ་སྦྱངས། ཤེས་ཤེས་ཀུན་ལ་ཉན། གོ་གོ་ཡོངས་ལ་བཅར། རང་སེམས་ལ་ངལ་ཙམ་སོས་ནས་མ་འོངས་པར་རེ་བ་བཅངས། ཡིན་ནའང་འུ་ཅག་གིས་འདི་དག་བསྒྲུབས་ཚར་རྗེས་མཐའ་སྐོར་གྱི་མཐར་ཕྱིན་སློབ་ཆེན་པ་དག་ལ་མིག་བཤེར་ཞིག་མི་བྱ་བ་གང་ཡིན་ནམ། དེ་དག་གི་ཆུ་ཚད་དང་། མི་གཤིས། འཇོན་ནུས་ཚང་མ་མཐོང་སོང་ངམ།ད་ལྟ་རང་ཅག་གིས་ཐབས་བརྒྱ་ཇུས་སྟོང་དུ་སྐྱོང་བཞིན་པ་ནང་བཞིན་འདི་དག་གི་ཕ་མ་ཚོས་ཀྱང་དེ་བཞིན་དུ་བསྐྱངས་ཡོད་པར་བསམ་བློ་མི་ཐོང་ངམ། ད་ལྟ་འདི་དག་ཕལ་ཆེ་བ་ཞིག་སྤྱི་ཕན་རང་བཞིན་གྱི་ལས་གནས་ཞེས་ཐ་སྙད་སྙིང་རྗེ་བོ་ཞིག་གི་ལས་ཐོབ་འོག་ན། ཟླ་ཕོགས་ཀྱིས་ཟས་རིན་ཙམ་ཡང་མི་འདང་བའི་ཚད་ཀྱིས་སེམས་ལ་སྡུག་བཟུང་། གདོང་གི་མདངས་ཉམས་ནས་འགྲོ་བཞིན་པ་ཚང་མ་བུ་ཕྲུག་ཁོ་ཚོ་འབའ་ཞིག་ལན་སོང་བ་འེ་རེད།ཕ་མ་འཆའ་ལ་ཁད་དང་བརྡུང་ལ་ཁད་པས་ཡོད་པའི་བྱིས་པ་རེ་འགའ་མཐོང་ན། ཆུང་དུས་རྩེ་ནི་རྩེ་མ་ནུས། རྒོད་ནི་རྒོད་མ་ནུས་པར་འདུར་ན་ཡང། ད་ལྟ་མི་དང་མིའི་བར་གྱི་འབྲེལ་བའི་འཛིན་སྟངས་མི་ཤེས། བརྩི་དགོས་ས་བརྩི་མི་ཤེས། བསྲུང་དགོས་ས་སྲུང་མི་ནུས། མ་བསླབ་པ་ཅི་ཡང་མེད་ཀྱང་། བསླབས་འབྲས་ཀྱིས་སྙན་ཞུ་ཞིག་ཀྱང་འབྲི་སྤྱད་མ་ཉན་པ་མཐོང་ཚེ་སྙིང་མི་ནའམ། ཤེས་པ་ཐ་ཐོར་དང་སྣེ་མང་སློབ་ཁྲིད་ཀྱིས་འདི་དག་ལ་ལམ་ཅི་ཞིག་བསྟན་འདུག ཕ་མ་དང་སྤུན་ཟླ། བཟའ་ཟླ། ལས་གྲོགས། ལམ་གྲོགས་སོགས་ལ་མ་བུ་དགྲ་གྲོགས་ཀྱི་འདང་ཇི་ལྟར་འཇོག་ལུགས། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ། མི་ཚེའི་ལྟ་བ་མཐའ་དག་ཐག་གཅོད་ལ་ཧ་ཅང་འཚེར་བའི་མི་རབས་ཤིག་གྲུབ་ཡོད་པར་བསམ་ན་བུ་ཕྲུག་འདི་དག་ལ་སྙིང་མི་རྗེའམ། འདི་དག་གིས་མི་འཁྱོངས་འེ་འདུག འདི་དག་ལ་འཕྱ་སྨོད་བྱེད་མཁན་ནམ་མཁའི་སྐར་མ་བཞིན་མང་ནའང་། འདི་དག་ལ་སྙིང་རྗེ་དང་འདི་བསྐྲུན་པར་མནོ་བསམ་གནངས་མཁན་ལྕེ་ཐོག་གི་རིལ་བུ་བཞིན་ཉུང་བ་ཅི་རེད། རང་ཉིད་ཀྱིས་མྱུ་གུ་མྱུར་འཐེན་རྒྱབ་ནས་འབྲས་བུ་མ་སྨིན་པར་ནོངས་འགྱོད་སྐྱེས་མཁན་སུ་སུ་ཡོད། ག་ཙམ་ཡོད། ད་ལྟ་ད་དུང་ཡང་ལག་པ་བསྲིང་བར་རྔམས་པའི་མི་བུ་དག་གིས་སློབ་གསོའི་མཐར་ཐུག་ནི་མི་བུ་ཚད་ལྡན་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པར་ཁས་ལེན་གྱི་ཡོད་དམ། ཁ་ལ་བདག་མ་རྒྱབ་ལག་ལ་སྡོམ་མ་བཞག་ན། གཟུགས་མེད་ཀྱི་སྟོབས་ཤུགས་ཀྱིས་ངོ་བོ་ཚང་མར་གཏོར་བརླག་བཏང་འགྲོ་བ་དང་། བཏང་བའི་འབྲས་བུ་རང་གིས་དང་ལེན་དཀའ་བ་ཡང་རྟོག་པར་རིགས་ལ། རང་ཅག་གི་མཐར་ཐུག་གི་དམིགས་ཡུལ་ནི་རང་གི་བུ་ཕྲུག་མི་ཞིག་ཏུ་འཁྱོངས་པར་འབད་པ་ངེས་ཟིན་དགོས།

  གསུམ་པ། རང་ལ་དགོས་པ་དང་བུ་ཕྲུག་ལ་མཁོ་བ་གཉིས་མི་འདྲ་བ་ཤེས་དགོས།

  ད་ལྟའི་སློབ་གསོའི་ཁུར་བོ་ནི་དབང་འཛིན་སྡེ་ཁག་གིས་བཞག་པ་རྐྱང་རྐྱང་ཞིག་མ་རེད་དེ། ད་ལྟ་ཟུང་འཕྲི་དང་ཁྱིམ་ལ་ལས་བྱ་མི་འཇོག་པ། སྒེར་གྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་མི་རུང་བ་སོགས་ག་རེ་སྒྲོག་གི་འདུག འོན་ཀྱང་ང་ཚོ་རང་ཉིད་ཀྱི་ཤེས་མདོག་དང་བྲེད་ཤའི་དབང་གིས་བཅོ་འོས་མང་བོ་བཅོ་མ་བཏུབ་པའི་ཤས་ཤིན་ཏུ་ཆེ། མི་ནི་མ་གཞི་ནས་བརྫུ་ལ་སྐྱེན་པས་རང་གིས་རང་ལ་མཐོ་རིམ་སྲོག་ཆགས་ཞེས་མིང་སྙིང་ཉེ་བོ་ཞིག་བཏགས་པ་མ་གཏོགས།མི་ལས་འཇིགས་སུ་རུང་བའི་སྲོག་ཆགས་ཤིག་གཞན་ན་ཡོད་པ་མ་རེད། རང་ཉིད་ཀྱི་བདག་འཛིན་མགོར་ཤོར། སྟོང་ཉིད་རྩ་ནས་བརྗེད། དུག་གསུམ་བདག་མེད་དུ་མངགས་པས། དབང་ནུས་མི་ནུས་པས་དབང་ཆ་བརྩད་ཅིང་། གྲགས་ནུས་མི་ནུས་པས་རྙེད་གྲགས་སྙེགས། ཐོག་མར་ཡག་འགྲན། དེ་ནས་རྒྱུ་འགྲན། དེའི་མུར་དབང་འགྲན། ད་ནི་བྱིས་པ་འགྲན། བྱིས་པ་འགྲན་དགོས་བྱུང་བས་ད་གཟོད་སྐར་མ་འགྲན། དེ་བས་དགེ་རྒན་འགྲན། སློབ་གྲྭ་འགྲན། དགེ་རྒན་ལ་རིགས་བགར། སློབ་གྲྭ་ལ་རིགས་དབྱེ། ཆེད་ལས་མ་ཡིན་པའི་ལས་ཐོབ་བགར། ཐོབ་ཐང་བགར། བྱིས་པའི་རྩེད་ར་འཕྲོག ཡུལ་གྱི་འདུ་ར་བཅོམ། སློབ་ཆུང་སྐབས་བསམ་ཅི་ཡང་མི་ཤེས་དུས་བསླབས་ལ་དེད་ཅིང་བཙིར་ཏེ་སློབ་སྦྱོང་ལ་དམུས་སུ་བཅུག སློབ་ཆེན་སྐབས་བསམ་ཅུང་ཤེས་ཡོད་དུས་བསླབ་གཞི་རང་འདེམས་སུ་མངགས་པས་དེ་དག་གློར་རྒྱག་གི་རང་དབང་ལ་ངོ་མཚར་སྐྱེས་ནས་ཨ་མཚར་མཚར་གྱིས་སྤྱི་ཚོགས་ཀྱི་འདུ་འཛིར་འཚང་། སློབ་སྦྱོང་ཤོར། འདི་ལྟར་ཚང་མར་ཞིབ་ཏུ་བསམ་ན། འུ་ཅག་གི་ཕ་མེས་ངང་རྒྱུད་རིང་ལ་ཐུགས་དཀྱེལ་ཡངས་པ་དག་གིས་འུ་ཅག་རང་དབང་ལ་མངགས་ཏེ་ཇི་ལྟར་བསྐྱངས་པ་དང་། ལྷག་པར་ཏུ་བྱམས་བརྩེའི་བདག་ཉིད་ཨ་མ་དྲིན་མོ་ཆེ་རེའི་དྲིན་ལ་རྒྱབ་མ་གྲང་ལྟོ་མ་ལྟོགས་ན་བླང་བྱ་དང་གནོན་ཤུགས་ཅི་ཡང་མི་བསྐྲུན་པའི་ཁོར་ཡུག་བཟང་བོའི་བག་ཆགས་བསྐྱུར་ནས། དུས་རབས་ཀྱི་རྗེས་མི་ཆོད་ཅེས་བུ་ཕྲུག་དག་རང་བསམ་ལྟར་བཙིར་ཏེ་བྱིས་པ་རང་གི་འདོད་ཐོག་ལ་ཕལ་ཆེར་བཞག་མ་མྱོང་ན། དབང་འཛིན་སྡེ་ཁག་གི་སློབ་གསོའི་མ་ལག་མ་འགྲིག་པ་ཁོ་ན་ཞིག་འེ་རེད་དམ། དབང་འཛིན་སྡེ་ཁག་ཟེར་བ་འདི་ཡང་མི་སྒེར་བ་དག་གིས་གྲུབ་ཅིང་དེ་དག་ཀྱང་འུ་ཅག་བཞིན་བུ་ཕྲུག་ལ་ཅི་ཞིག་མཁོ་བ་བསྐྱུར་ནས། རང་ཉིད་བསྐྱར་དཔར་ལྟ་བུ་ཞིག་ལ་འབད་ཀྱིན་པའི་རང་འདྲའི་ཁྱིམ་བདག་བྲེད་ཤ་ཅན་མང་པོས་གྲུབ་པ་ངེས་དགོས། དེ་བས་འུ་ཅག་གིས་ཡང་སྙིང་འཛིན་དགོས་པ་གང་དང་བསྐྱུར་དགོས་པ་གང་ལ་བསམ་གཞིགས་གཏོང་དགོས་ལ། ལག་ལེན་དུའང་བསྟར་དགོས་པ་སྟེ། ཚང་མས་རང་རང་ས་ནས་འབད་ན་ཚོགས་སྤྱི་ཡོངས་དེ་བཞིན་དུ་འགྲོ་ངེས་མོད། མུ་མཐུད་དུ་འདི་ལྟར་སོང་ན་འུ་ཅག་གི་བུ་ཕྲུག་ཚོའི་སེམས་ངལ་ཇེ་ཆེ་དང་སྒེར་སེམས་ཇེ་ཐུར་འགྲོ་བ་ལས་ལམ་གཞན་མི་འདུག་གྲང་། འུ་ཅག་གིས་རང་ཉིད་ཀྱི་ཤེས་པ་གཞིར་བཅས་ཏེ་བུ་ཕྲུག་གི་མཁོ་བ་རྨང་ནས་བཅོམ་ཞིང་། གཞན་དབང་ཞེས་ལག་པས་སྟོན་དུ་མེད་པ་ཞིག་གིས་གཅུས་ཏེ་མང་བོ་ཚ་ཚ་འུར་འུར་གྱི་བྲེལ་ན། ཟུང་འཕྲི་ཞེས་པའི་སློབ་གསོ་ཁུར་ཡང་དུ་གཏོང་ཐབས་ལ་རྒྱབ་འགལ་དུ་གྱུར་ནས་རང་གིས་ཀྱང་མི་ཤེས་པའི་འཚུབ་སྐོར་ཞིག་ཏུ་བརྫངས་ཡོད་པ་འདི་རེད། དེ་བས་ཁ་ལག་ག་སར་མི་བསྲིང་བར་ད་ལྟ་འུ་ཚོས་སྙེགས་བཞིན་པའི་སྐར་མའི་སྣང་བརྙན་དག་ནི་བྱིས་པར་མཁོ་བ་རེད་དམ་རང་ཅག་གི་དགོས་དབང་ཡིན་པར་མནོ་བསམ་གནངས་ན་འགྲིག།

  བཞི་བ། སེམས་ཁམས་བདེ་ཐང་ལ་ཁ་ཕྱོགས་ནས་བྱིས་པར་བྱིས་དུས་ཤིག་སློང་བ།

  བདག་གི་བྱིས་པ་ཆུང་བར་མཚོན་ན་ད་དུང་ན་མ་སྨིན་པ་གཞིར་བྱས། ད་ལྟའི་རྒན་བྱིས་ཕལ་མོ་ཆེ་དང་མི་འདྲ་བར་ཆེ་བཤད་རྒྱག་མི་ཤེས་ལ། བྱེའུ་དང་ཡོས་བུ་སོགས་སེམས་ཅན་ཆུང་ངུའི་རིགས་མཐོང་ན་སྙིང་རྗེ་ནས་ཅི་བྱའི་གཏོལ་མེད་ཅིང་། རྩེད་གྲོགས་བར་ལ་བསམ་ནག་མི་ཤེས་ལ།ཟས་སྦྱིན་རྩེད་སྦྱིན་ལ་དུངས་པས་རྩེད་མོར་མངགས་ན་ཐང་ཆད་རྒྱུ་མེད་པའི་རིགས་ཡིན། དབྱར་དགུན་གནངས་ཀྱི་དུས་སུ་ཕ་ཡུལ་ལ་བཞག་ན། མཚན་མོར་ཕ་མ་དྲན་ནས་ངུ་རྒྱུ་ཡོང་གི་ཡོད་ནའང་། ཉིན་མོར་རྩེད་ལ་རྔམས་པས་རི་རྒྱུག་ཐང་རྒྱུག་གིས་ཟ་མ་བཟའ་རྒྱུའང་བརྗེད་འགྲོ་བའི་ཚད་ཡིན་ཕྱིར་རྒྱུགས་འབྲས་ལྟོས་བཅས་ཀྱིས་ཞན་ཙམ་ཡོད། འོན་ཀྱང་བདག་ནི་བསླབ་བྱ་སྒེའུ་ཁུང་ཕྱི་ན་ཡོད་ཟེར་བ་ནང་བཞིན་ཁོ་མོས་རྩེད་མོའི་བར་ནས་རྙེད་པའི་ཤེས་བྱ་དང་། ལུས་ཤུགས། སེམས་ཁམས།བྱིས་བློ་སོགས་ཀྱིས་ཡིད་མགུ་ནས་དཔེ་ཀློག་གི་རྗེས་མ་ཆོད་པར་ནོངས་པ་ཆེར་མེད་པ་ཞིག་ཏུ་བཏང་སོང་ངོ་།། ཁོ་མོར་ཡང་གྲོང་ཁྱེར་བྱིས་པ་ཀུན་ལ་ཡོད་པའི་ངན་ཤུགས་ཏེ་བོད་སྐད་སྨྲ་བའི་ནུས་པ་ཧ་ཅང་ཞན་པས། ད་ལོའི་དབྱར་གནངས་སྐབས་སུ་དགེ་རྒན་བྱམས་ལྡན་མ་དང་ངག་གྲོས་བྱས་པ་བརྒྱུད་མོ་རང་འབྲོག་གི་ཨ་ཅེ་ཚང་ལ་བསྐྱལ་བ་ཡིན། བསྐྱལ་ནས་ཀྱང་ཁོ་མོ་གང་འདོད་བཞིན་རྩེད་མོར་མངགས་པས་ན། ཕྱིར་སླེབས་དུས་ཁོ་མོས་སྲན་ཆུང་འདོགས་སྟངས་དང་། བེའུ་བསྣུན་སྟངས། ལུག་བལ་ལེན་སྟངས། མར་ཕྱུར་དཀྲོག་སྟངས་ནས་ཆུ་ལ་འཛེམས་སྟངས། གད་ཁར་གཡོལ་སྟངས་སོགས། ད་དུང་ལོ་ལོན་རྒན་རྒོན་ལ་དགོང་ཞོགས་འཚམས་འདྲི། ཟ་མ་འཕྲོ་བརླག་ལ་མི་གཏོང་བ་སོགས་ལག་ལེན་བརྒྱུད་པས་ཀུན་སྤྱོད་སྔར་བས་ཀྱང་ཇེ་ལེགས་སུ་སོང་འདུག དེར་གཞིགས་ན་རྩེད་རའི་ཁྲོད་ན་མི་ཆོས་སློབ་གསོ་ཡོད་ཅིང་ཤེས་རབ་ཐང་ན་ལག་ལེན་ལག་ན་ཞེས་པའི་གཏམ་དཔེར་ར་འཕྲོད་དོ།། ངས་འདི་ལྟར་གླེང་ཚེ་གྲོང་ཁྱེར་བ་ཕལ་མོ་ཆེས་འདི་དག་ད་ལྟ་གསར་བརྗེའི་ཁུར་བོ་རུ་གླེང་བའི་སྙིང་རྗེ་སློབ་གསོ་དང་བྲན་གཤིས་སློབ་གསོ་རུ་འདོད་དེ་དགོད་རྒྱུ་ཡོང་གི་ཡོད་ན་ཐང་མོད། ནང་ལོགས་ཀྱི་ཕ་མ་བུ་ཕྲུག་ཚོའི་བྱ་ཁུ་རིག་གནས་དང་། རང་གཅིག་པུ་སྒོམ་པའི་སྒེར་གཤིས་རིག་གནས། འུད་ཀྱིས་སྤུར་བའི་རྙེད་གྲགས་རིག་གནས་སོགས་ཚད་དུ་བཟུང་ནས་མི་ཆོས་རིང་ལུགས་ཞེས་པ་དེ་རུ་སྒོམ་ན། འཛམ་གླིང་ཐུན་མོང་གི་རིན་ཐང་ལྟ་བ་དང། འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ་སྟེ་སྤྱི་མཐུན་་ཐུན་མོང་ལྟ་བ་ཀུན་རྡོག་བརྫིས་བཏང་བ་རེད་ལ། འགྲོ་བ་མིའི་ཐོབ་ཐང་ཞེས་པ་ཞིག་ཀྱང་རྩ་བ་ནས་གླེང་རི་བ་མེད་པར་བཟོས་པ་རེད། དེ་བས་ན་དེང་གི་གནས་བབ་ཙམ་གྱིས་མི་རབས་རྗེས་མའི་དུས་རབས་ཀྱི་གནས་བབ་མཚོན་མི་ནུས་པ་ངེས་དགོས་ལ། ཁ་ཚོན་དེ་བས་ཀྱང་གཅོད་མི་རིགས་ཏེ་སྤྱི་དམངས་དང་སྡེ་ཁག་བར་གྱི་འགལ་བ་ཛ་དྲག་པས་སུའུ་ལེན་སྤྱི་ཚོགས་ཀྱི་ངོ་བོ་ཇི་ལྟར་འགྱུར་སོང་བའང་དྲན་དགོས་རྒྱུ་རེད། དེ་བས་ང་ཚོས་བྱིས་པའི་ནམ་མཁར་བྱིས་པའི་རི་མོ་འབྲི་རུ་བཅུག་སྟེ། རྩེད་ར་ཡོད་ཅིང་དགོད་སྒྲ་མ་ཉམས་པ། འབྲས་བུ་མ་བཅོས་ལ་བྱིས་བློ་མ་ཡལ་བའི་འཇིག་རྟེན་ཞིག་ཕྱིར་སྤྲད་དེ། རང་གི་བསྐྱར་དཔར་ལྟ་བུའི་མི་རབས་རྗེས་མ་ཞིག་ལས། རང་ལྟ་ཡོད་ཅིང་རང་ཚུགས་མངའ་བ། ཤེས་ཡོན་ལྡན་ལ་འཇོན་ནུས་ཡོད་པ། གཞུང་སེམས་མ་ཡལ་ལ་སྒེར་སེམས་མ་འཆོལ་བ། རིགས་ཞེན་ཆེ་ཞིང་ཕས་རྒོལ་ནུས་པ། དགའ་སྐྱོ་ཆགས་སྡང་གང་ཡང་གདོང་གིས་བསུ་ཕོད་པའི་མི་རབས་གསར་བ་ཞིག་གི་ཕྱིར་དང་། འུ་ཅག་རང་ཉིད་ལ་ཡང་རང་ཉིད་ལ་དབང་བའི་དུས་ཚོད་ཅིག་དང་། རྒས་ན་གཉོར་མཁན་ཡོད་པ། འཆི་ན་མིག་ཟུང་ཟུམ་ནུས་པའི་མི་ཚེ་ལྷོད་མོ་ཞིག་དབང་བའི་ཕྱིར། བདེ་བ་ཁ་དང་རྩིས་གྲངས་རྫུན་ཡིན་པའི་བདེ་སྐྱིད་བཅོས་མ་དག་ཕྱིར་སྤྲད་དེ། བྱིས་པ་ཚོར་བྱིས་དུས་ཤིག་སློང་བར་འདོད་དོ།།

  མདོར་ན། རྒན་པ་ཚོས་ཁ་རིན་པོ་ཆེ་ལུས་བདེ་རུ་ཆུགས་ཞེས་གསུངས་ནའང་ངས་ནི་འདི་ལྟར་ཚིག་མཆིད་མང་དུ་བཤམས་དོན་དེང་སང་མཁས་པ་དག་སྒམ་བརླིང་ཟོལ་ཏུ་བཞུགས་དྲག་པས་སམ་བླུན་པོ་རྣམས་འཆད་སྐྱེན་པ་གང་ཡིན་ནམ། གང་ལྟར་མཁོ་དུས་གྲག་མི་མེད་ཅིང་མི་མཁོ་དུས་བཤད་ཁ་དྲོས་འགྲོ་བའི་སྣང་བ་ཞིག་འབྱུང་གི་འདུག ད་སྐབས་སྲིད་ཀྱི་ཁྲི་དང་། སྒེར་གྱི་སྒར། ལག་གི་འཁྱུགས་དབྱིངས་དང་ཐད་གཏོང་། ཚོགས་པའི་ཚོགས་གཏམ་གཏོང་ས། མི་མང་སྐྱིད་འདུས་རྒྱག་ས་གང་ཡིན་ཀྱང་གླེང་རྒྱུ་ནི་བྱིས་པའི་སྐར་གྲངས་རེད། ལས་བྱེད་ཀྱི་ཁྲི་འཕང་རེད། ཚོང་བ་ཡི་རྒྱབ་རྟེན་རེད། རྣམ་གྲངས་ཀྱི་ཆེ་ཆུང་རེད། ཐ་ན་སེམས་ཚོར་སྙན་ངག་ཅིག་བྲིས་ཀྱང་ཤུགས་ནས་སྟོན་པ་མྱིང་རེད། མདུན་ལ་བཤམས་རྒྱུ་ངོ་རེད། གང་ལྟར་། ངོ་བོ་ཅི་ཡང་མ་ཡིན་རུང་ངེས་པ་ཅི་ཡང་འབྱུང་དགོས་པའི་དུས་རབས་ཡ་མཚན་ཞིག་ཏུ་སླེབས་པ་ན། བདག་འདྲ་བའི་ཅོལ་ཆུང་ཅི་ཡང་མིན་པ་རེ་ཡང་བཙིར་བཙིར་ནས་གྲག་ཚད་དང་སྒུལ་སྒུལ་ནས་བཤད་ཚད་དུ་བཏང་འགྲོ་གི་འདུག དེ་བས་ཀུན་སློང་འདི་འདྲ་ཞིག་ལ་བརྟེན་ནས་ཞུ་འདོད་པ་གཙོ་བོ་ནི་འཆམ་མཐུན་གྱི་སྔོན་འགྲོ་ནི་ཁ་ལག་ལ་བདག་རྒྱག་པ་སྟེ། བརྩི་ས་ཞིག་བརྩིས། བཀུར་ས་ཞིག་བཀུར་སྟེ། སློབ་གསོ་སློབ་གསོ་བར་སྤྲད་ཅིང་། དཔལ་འབྱོར་དཔལ་འབྱོར་བས་གླེང་། རང་འཁྲིའི་ཁྱབ་ཁོངས་ནས་རང་གིས་འབད་ཅིང་། སྒོས་སུ་དེང་གི་ཕ་མ་ཚོས་བྱིས་པར་འཛིན་པའི་བསམ་བློ་དང་། རྒྱུགས་སྐར་ཁོ་ནར་བསྙེག་པའི་ལམ་ཕྱོགས། སློབ་གྲྭའི་སློབ་གསོའི་ཁྲོད་དུ་དཔེ་དེབ་ཁོ་ན་ལས་བྱིས་པའི་སེམས་ཁམས་དང་མཐུན་ཅིང་།མོས་པ་དང་བསྟུན་པའི། བྱིས་པ་རང་ཡང་འཇོན་པའི་སྣ་མང་ཕུན་སུམ་ཚོགས་པའི་མི་གཞི་གསོ་སྐྱོང་དང་། མི་གཤིས་ཀྱི་རིན་ཐང་མངོན་འགྱུར་བྱ་བའི་ཁོར་ཡུག་གསབ་འཛུགས། དགེ་རྒན་མ་གྲག་གོང་ཁྱིམ་བདག་གྲགས་ནས་ཨུ་ཚུགས་མཐར་སྐྱེལ་གྱིས་སྐར་གྲངས་ཁོ་ནས་བྱིས་པར་ཡོན་ཏན་ཡོད་མེད་དང་ཡི་གེ་ཤེས་མིན། མི་གཞི་བཟང་མིན་ལ་ཁ་ཚོན་གཅོད་པའི་རིགས་ལ་འགྱུར་བ་ཇི་ལྟར་གཏོང་རྒྱུ་སོགས་ལ་ཁ་ཕྱོགས་ནས་གོང་དཔོན་པོ་དམའ་སྤྲང་བོ་ཡན་ཆད་རྡོག་རྩ་གཅིག་སྒྲིལ་གྱིས་མི་དགེ་ལག་རིང་དག་ལ་ཁ་དགོས་ས་ནས་ཁ། ལག་དགོས་སར་ལག་བྱས་ཏེ་ཐམས་ཅད་བཏང་སྙོམས་སུ་མི་བསྐྱུར་བར་ཉོག་ལས་ཀུན་ལ་ཁ་གཏད་གཅོག་ནུས་ཚེ། ལེགས་ཚོགས་ཀུན་གྱི་རྩ་བ་ཅིས་ཀྱང་རྒྱས་ངེས་སྙམ་པ་དང་། འདི་ཀོ་སྤྱི་དང་སྒེར་གང་རུང་བ་ཞིག་གི་དོན་ཕྲན་ཚེགས་ཤིག་མ་ཡིན་པར། མི་རབས་གསར་བ་ཞིག་གམ་དུས་རབས་གསར་བ་ཞིག་གི་རྨང་རྡོར་རག་ལས་པས་ན་ཀུན་གྱིས་འདིའི་དོན་ཐུགས་ལ་བཅངས། གོང་གི་ཁ་ཕྱོགས་དང་མཐུན་འོག་གི་བྱིས་པ་ཚོ་སྐྱིད་པའི་སློབ་གསོ་ཞིག་ལ་ཉམས་ཞིབ་ཏུ་འབད་པའི་འབོད་སྐུལ་བཏང་བའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དེང་དུས་ཀྱི་སློབ་གསོ་དང་ཁྱིམ་བདག་གི་ལག་པ།

2023-10-20 ཚེ་ཤིས་ལྷ་དོན།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།