ཡོ་རོབ་བྱང་མའི་སྙན་ངག་ཐུང་ངུ་ཁག་བརྒྱད།
ཡོ་བྱང་ས་གཞི་ཆེན་པོའི་སྟེང་གི་ཁ་བས་བཀླུབས་པའི་ཡུལ་གྲུ་དང་རྫོགས་པ་མེད་པའི་མུན་ནག་གིས་ཇི་སྲིད་བར་དུ་ཁེར་རྐྱང་གི་སྣང་བ་ཞིག་བསྐྱལ་ཡོང་། དེ་ལྟ་བུའི་ཕྱི་རོལ་ཡུལ་དང་མི་གཞན་དག་ལ་ཁ་གྱེས་པའི་བར་ཐག་གི་ཚོར་བའི་ཁྲོད་ནས། དེང་རབས་སྙན་ངག་ལའང་ཐུན་མིན་གྱི་ཡོ་བྱང་དབུགས་རྒྱུན་ཞིག་ཆགས་པ་རེད།
____ལོ་ཙཱ་བས།
ཁང་ཁྱིམ།
(ཧྥེན་ལན་ཌི): ཨན་ནོ•ཁེ་ལེ་སི།
བདག་གི་ཁང་བ་ཁུ་སིམ་མེར་ཁེར་ཧྲེང་དུ་འགྲེང་ཞིང་།
སྒོ་མོ་གཏན་དུ་བརྒྱབ་ཡོད།
བདག་གི་ཁང་བར་སྒོ་མོ་གཉིས་ལས་མི་འདུག
གཅིག་ནི་རྨི་ལམ་ལ་ཕྱོགས་ཤིང—གཞན་གཅིག་ནི་འཆི་བ་ལ་ཕྱོགས་ཡོད།
ཁེར་ཧྲེང་།
(ཧྥིན་ལན་ཌི): ཨེ་རྡི་ཋི•སོ་ཌེར་རྒི་རན།
རྒྱ་མཚོའི་ཀླུང་གི་བྱེ་མའི་རྡོག་པོ་ལའང་།
ང་རང་ཁེར་ཧྲེང་དུ་ཡོང་ཞིང་། ཁེར་ཧྲེང་དུ་ལྡོག་དགོས་པ་ཤེས་མི་མང་པོ་མེད།
ངའི་རང་དབང་གི་སེམས་པ་འདིར་གཉེན་གྱིས་སྟོངས།
ནགས་ཚལ་དཀྱིལ་གྱི་རྫིང་བུ།
(ཧྥིན་ལན་ཌི): ཨེ་རྡི་ཋི•སོ་ཌིར་རྒི་རེན།
ང་གཅིག་པུ་ནགས་ཚལ་ཁྲོད་ཀྱི་མཐིང་མདོག་གི་མཚེའུ་དེ་ཡི།
ཉི་འོད་ཀྱིས་གཏམས་པའི་འགྲམ་ངོགས་སུ་འགྲེང་ཚེ།
མཁའ་དབྱིངས་སུ་རྒྱུ་བ་ནི་སྤྲིན་ཕུང་གཅིག་པུ་ཡིན་ལ།
མཚོ་ངོས་སུ་འཕྱོ་བ་ནི་གླིང་ཕྲན་ཁོ་ན་ཡིན།
དབྱར་གྱི་སྨིན་ཟིན་པའི་དྲི་བསུང་དེ།
ལྗོན་ཤིང་རེ་རེའི་རྩེ་ཡི་ཟིལ་བ་རྡོག་པོ་ལས་མར་ཟགས་ཤིང་།
ངའི་ཡངས་པོར་བརྒྱངས་པའི་སེམས་གཏིང་ལ།
ཐིགས་པ་ཆུང་ངུ་ཆུང་ངུ་ཞིག་ལྷུང་།
ངའི་མཐོང་ལམ་དུ་འཕྲིན་ཡིག་ཅིག་སྒོ་ཁྱམས་ལ་བབས་བྱུང་སྙམ།
(ཧྥིན་ལན་ཌི): ཨེ་བྷ•ལི་སཱ་མནོལ།
ངའི་མཐོང་ལམ་དུ་འཕྲིན་ཡིག་ཅིག་སྒོ་ཁྱམས་ལ་བབས་བྱུང་སྙམ།
འོན་ཀྱང་དེ་ནི་ཟླ་འོད་ལེབ་མོ་ཞིག་རེད།
ངས་དེ་པང་གཅལ་ལས་ཡར་བླངས་ཚེ།
ཅི་འདྲའི་ཡང་བ་ལ་ཨང་། ཟླ་འོད་ཀྱི་ཤོག་ལྷེ་འདི།
ཡིན་ཡང་མར་ལ་དཔྱངས་ཤིང་། ལྕགས་ལྟར་གུག་འདུག ཕར་ངོགས་དེ་རུ།
རྒྱང་རིང་གི་སྐད་སྒྲ་དེ་སྔར་ལས་རྒྱང་རིང་དུ་ཡལ།
(ཧྥིན་ལན་ཌི): ཁྲོ་མེ་སི•ཨར་ཇཱ་བྷ།
རྒྱང་རིང་གི་སྐད་སྒྲ་དེ་སྔར་ལས་རྒྱང་རིང་དུ་ཡལ།
ཐག་ཉེ་བའི་སྐད་སྒྲ་དེ་སྔར་ལས་ཐག་ཉེར་བཅར།
རླུང་གིས་ལྗོན་ཤིང་དང་ཆུ་ཡི་བར་ནས་རང་ལ་གནས་མལ་བཅས།
རྦ་རླབས་ཉེ་བར་མ་གཅར་ཞིང་། གྱེས་ཀྱང་མ་སོང་།
ནགས་ཚལ་སྟུག་པོར་གྱུར་བ་དང་།
སྨག་རུམ་ཕྱོགས་སོ་སོ་ནས་འདིར་རུབ་བྱུང་།
དབེན་པའི་རི་ལ་སྡོད་དུས།
(ཏན་མག): ཨིན་ཇེར•ཁི་རེ་སི་ཊིར་སེན།
དབེན་པའི་རི་ལ་སྡོད་དུས།
ངས་ཐང་ཤིང་གི་ལོ་འདབ་གོས་སུ་བཏགས་ནས།
ལུས་པོར་བཀླུབས། མུན་པས།
མཐའ་ནས་བསྐོར་ཞིང་ཐེ་ཚོམ་མེད་པར།
ཁབ་རྩེ་ལྟ་བུའི་ལོ་མ་ཕྲ་མོའི་རྣོ་ངར་གྱིས།
ངའི་སེམས་ཀྱི་མི་མངོན་པ་དག་ལ་བསྣུན་ཅིང་།
ལྷང་ལ་ཕུད།
ཡུལ་ལ་ལོག་པ།
(ཏན་མག): ཧེ་རེག•ནཱོ་བྷིརན་ཌི།
བདག་གི་ཕ་མ།
མི་གཞན་གྱི།
ཕ་མར་གྱུར།
འོན་ཀྱང་ཁྱོད་ཀྱི་སྤུན་ཟླ་མིང་སྲིང་ཚོ་ཁྱིམ་མཚེས་སུ་གྱུར།
ཁྱིམ་མཚེས་ཚོ།
མི་གཞན་གྱི་ཁྱིམ་མཚེས་སུ་གྱུར།
མི་གཞན་ཚོ།
གྲོང་ཁྱེར་གཞན་ཞིག་ཏུ་གནས་བཅས།
ཁྱོད་ཇི་བཞིན།
ཁོ་ཚོ་སླར་ཡང་གྲོང་ཁྱེར་གཞན་ཞིག་ཏུ་སླེབས།
ཁོ་ཚོས་ཁྱོད་རྙེད་མ་བྱུང་།
དེ་ནི།
ཁྱོད་ཀྱིས་ཁོ་ཚོ་མ་རྙེད་པ་ལྟ་བུ་རེད།
བྱིའུ་བཞི།
(ནོར་ཝེ): ཨར་ཡོལ•ནེ་ཁེ་སི་ཋི།
བྱིའུ་བཞི།
ཡལ་ག་གཅིག་གི་སྟེང་དུ་བབས།
འོག་གི་ས་གཞི་ཆེན་པོ།
དྲོད་ཀྱིས་བརྟས་པར་གྱུར།
དེ་ནས་བྱིའུ་གཅིག་ཕུར་རྗེས།
བྱིའུ་གཉིས་ཁོ་ན་ཤུལ་དུ་ལུས།
ངའི་ཨ་ཁུས་མཆུ་སྦྲེང་བུས་པའི་རྐྱེན་གྱིས།
འོན་ཀྱང་ངས། མཆུ་སྦྲེང་འབུད་མི་ཤེས།
མ་སངས་མཁའ་འགྲོས་བསྒྱུར།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།