བུད་མེད་ཀྱི་རྒྱལ་ཁ།

  1

  མིང་ལ་ལིན་ཧུང་ཟེར་བའི་བུད་མེད་ཅིག་གིས་མིང་ལ་ལི་ཧན་ལིན་ཟེར་བའི་སྐྱེས་པ་ཞིག་གི་འཐེན་སྒམ་ལ་ཉ་ར་བྱེད་སྐབས། ཧ་ཅང་གྲ་དག་པོར་བལྟབས་པའི་འཕྲིན་ཡིག་རྙིང་བ་ཞིག་རྙེད་བྱུང་། མོས་འཕྲིན་ཡིག་གི་ཁ་ཕྱེ་བས་སླར་ཡང་གྲ་དག་པོར་བལྟབས་པའི་འཕྲིན་ཡིག་ཅིག་མཐོང་། མོས་ཡང་བསྐྱར་ཁ་ཕྱེ་མོད། ནང་དུ་ད་དུང་བལྟབས་ཡོད་པའི་འཕྲིན་ཡིག་ཅིག་མཐོང་། དེའི་རྗེས་མོས་ལྡེ་མིག་ཅིག་མཐོང་བྱུང་།

  ཧ་ཡང་གིས་བཟོས་པའི་ལྡེ་མིག་འདི་ལ་ཁྱད་མཚར་གྱི་ཆ་ཅི་ཡང་མི་འདུག་མོད། ཅིའི་ཕྱིར་ཡིག་སྐོགས་གསུམ་གྱིས་གཅུད་པ་ཡིན་ནམ། ལིན་ཧུང་གིས་ལྡེ་མིག་ལག་ཏུ་བླངས་རྗེས་མདོག་ཅུང་ཟད་ནག་པོར་སོང་འདུག་པ་དང་ལོ་ཟླ་དུ་མ་ཞིག་ལ་བཀོོལ་བ་ཤེས། མོས་ལྡེ་མིག་གི་དབྱིབས་ལ་བལྟས་ནས་ཐག་གཅོད་ཐུབ་པ་ནི། ལྡེ་མིག་འདི་ཁང་བའི་སྒོ་ཟྭ་འབྱེད་བྱེད་མ་ཡིན་པར་འཐེན་སྒམ་མམ་ཡང་ན་ཀོ་སྒམ་གང་རུང་ཞིག་གི་ཟྭ་འབྱེད་བྱེད་ཡིན་པ་ཤེས། མོ་རང་ཡར་ལངས་ཏེ་ཡི་གེ་བྲི་སའི་ཅོག་ཙེའི་མདུན་དུ་སོང་ནས་ལྡེ་མིག་འཐེན་སྒམ་གྱི་ཟྭ་ནང་དུ་དྲངས་མོད་འབྱེད་ཐབས་མ་བྱུང་། མོས་ཡང་བསྐྱར་ལྡེ་མིག་ཀོ་སྒམ་གྱི་ཟྭ་རུ་དྲངས་མོད་འབྱེད་མ་ནུས། དེ་ནས་མོས་རང་ཁྱིམ་གྱི་ཟྭ་ཡོད་ཚད་ཀྱི་ནང་དུ་ལྡེ་མིག་འདི་དྲངས་མོད་གཅིག་ཀྱང་འབྱེད་མ་ཐུབ། དེ་བས་ལྡེ་མིག་འདི་དང་ཁོ་ཚོའི་ཁྱིམ་ཚང་འདིའི་བར་ལ་འབྲེལ་བ་མེད་པ་མཚོན་ཡོད། དེའི་ཕྱིར། ……

  མོས་ལྡེ་མིག་འདི་ནི་མ་བོས་མགྲོན་པོ་ཞིག་ཡིན་པ་ཚོར་སོང་།

  ཉིན་འདིའི་ཕྱི་དྲོར་ལོ་ན་སུམ་ཅུར་བུད་པའི་བུད་མེད་འདི་དོགས་པ་དང་འཇིགས་སྐྲག སོམ་ཉི་དང་ཚོད་དཔག་གི་རྒྱ་རུ་ཚུད། མོས་ལྡེ་མིག་བཟུང་ནས་རབ་གསལ་གྱི་ཁར་སོང་། ཉི་འོད་མོའི་ལུས་སུ་འཕྲོས་བྱུང་། ཡུན་རིང་འགོར་ཡང་མོ་རང་འགུལ་ཙམ་ཡང་མ་བྱས། འོན་ཀྱང་ཉི་འོད་མོའི་ལུས་སྟེང་ནས་འགུལ་སྐྱོད་བྱེད་གྱིན་མཆིས། མོ་རང་ཅི་བྱ་གཏོལ་མེད་དུ་གྱུར་འདུག དེའི་རྗེས་གློ་བུར་ཁ་པར་གྲགས་པས་མོ་རང་ད་གཟོད་ཡར་ལངས། སོང་ནས་ཁ་པར་བླངས་པ་ན་མོའི་ཁྱོ་གས་བཏང་བ་རེད། སྐབས་འདིར་མོའི་ཁྱོ་ག་ལེ་བར་སྟོང་གིས་ཆོད་པའི་མགྲོན་ཁང་ཞིག་ཏུ་ཡོད། མོའི་ཁྱོ་གས་ཁ་པར་ལས“ལིན་ཧུང་། ང་ལི་ཧན་ལིན་ཡིན། ང་ཐོན་ཡོད། ད་བསྡད་ཟིན། ངའི་ཡོད་ཚད་བདེ་མོ་འཚམ་པོ་རེད། ཁྱོད་ཅི་འདྲ་རེད། ”

  ཁྱོད་ཅི་འདྲ་རེད། མོས་མི་ཤེས། མོ་དེ་ནས་ལངས་ཏེ་ཁ་པར་བཟུང་སྟེ་བསྡད། ཁ་པར་གྱི་ནང་ནས“ཝེ་ཝེ། ཁྱོད་ཀྱིས་ཐོས་ཨེ་བྱུང་། ”

  མོས་སྐབས་འདིར་ད་གཟོད“ངས་ཐོས་སོང་། ”

  ཁ་པར་ནང་ཕ་རོལ་པོས“དེས་ན་ངས་ཁ་གཏན་འཇོག”

  ཁ་པར་ཁ་གཏན་ཟིན། མཇུག་སྒྲ་རིང་བོ་ཞིག་གྲགས་ཡོང་། མོས་ཀྱང་ཁ་པར་སར་བཞག་སྟེ་རབ་གསལ་གྱི་ཁར་བསྡད་དེ་མུ་མཐུད་དུ་ལྡེ་མིག་དེ་ལ་ལྟ་བཞིན་བསྡད། ད་སྔོན་གྱི་ཁ་པར་དེ་ནི་གཞུང་དོན་དུ་སོང་བའི་ཁྱོ་གས་བཏང་བ་རེད། ཁོས་ཁོ་རང་ད་དུང་འཚོ་སྡོད་བྱས་ཡོད་པ་མོ་ལ་བཤད་པའི་ཆེད་དུ་ཁ་པར་བཏང་བ་རེད།

  ཁོ་རང་དངོས་གནས་འཚོ་སྡོད་བྱས་ཡོད་དེ། བརྗེ་བསོར་བྱས་ཟིན་པའི་ཁོའི་གོན་པ་དག་ཉི་མར་བསྐམས་འདུག ཁོའི་འཛུམ་ཆུང་ཡང་གྱང་ངོས་ཀྱི་པར་སྒྲོམ་དུ་བཞག་ཡོད། ཁོས་རྔུབ་ཟིན་པའི་དུ་སྣེ་དག་ཀྱང་དུ་ཕོར་དུ་འགྱེལ་འདུག ད་དུང་ཁོའི་གྲོགས་པོ་ཁག་ཅིག་གིས་ཁ་པར་བཏང་ཡོང་། ཁོའི་གྲོགས་པོ་དག་གིས་ཀྱང་ཁོ་ད་ལྟ་རྒྱང་རིང་ན་ཡོད་པ་ཤེས་མི་འདུག ཁོ་ཚོས་ཁ་པར་ལས“ཅི་ཞིག ཁོ་གཞུང་དོན་དུ་བུད་སོང་ངམ། ”ཞེས་འདྲི།

  མོས་ལག་གི་ལྡེ་མིག་ལ་བལྟས། ད་ལྟ་མོའི་ཁྱོ་གའི་ཡོད་ཚད་ལྡེ་མིག་འདིའི་སྟེང་གཞི་གྲུབ། ཅུང་ཙམ་ནག་པོར་གྱུར་པའི་ལྡེ་མིག་འདིས་མོ་ལ་ལྐོག་བརྡ་ཅི་ཞིག་སྤྲད་པ་འདྲ། མོ་རང་རྒྱུས་ཤིན་ཏུ་ཆེ་བའི་མི་ཞིག་གིས་མོ་ལ་དོན་དག་གང་ཞིག་གསང་བ་སྟེ། དེ་ནི་འཕྲིན་ཤུབས་གསུམ་གྱིས་གཅུད་པའི་ལྡེ་མིག་དེ་དང་འདྲ་བར་གསང་དོན་དེ་དུས་ཚོད་དང་མོས་འདོད་ཀྱིན་པའི་བདེ་སྐྱིད་ཀྱི་དུས་ཚོད་དེས་སྦས་སྐུང་བྱས། ད་ལྟ་མོས་གསང་དོན་དེ་མོ་དང་ཉེ་བར་བཅར་གྱིན་ཡོད་པ་ངང་གིས་ཚོར། དེ་དང་མཉམ་དུ་དེས་མོ་ལ་གནོད་པ་འང་སྐྱེལ་སྲིད་པ་ཚོར། མོས་མི་ཞིག་ཐོག་ཁང་དུ་ཡོང་བཞིན་པའི་གོམ་སྒྲ་ཐོས་བྱུང་། སྐས་རྐང་རེ་རེ་བཞིན་མོ་དང་ཉེ་བར་བཅར་བ་ཐོས། མི་དེ་མོའི་ཁང་བའི་སྒོ་ཁ་རུ་ཡུན་ཙམ་བསྡད་རྗེས། ཡང་བསྐྱར་མུ་མཐུད་དུ་སྟེང་ཕྱོགས་སུ་བུད་སོང་།

  ཉིན་གཉིས་པའི་སྔ་དྲོར། ལིན་ཧུང་ལི་ཧན་ལིན་གྱི་ལས་ཁུངས་སུ་ཡོང་ནས་ཁོའི་ལས་གྲོགས་དག་ལ་མོས་ལི་ཧན་ལིན་གྱི་ཟྭ་བརྒྱབ་ཡོད་པའི་འཐེན་སྒམ་ལས་དངོས་པོ་ཞིག་འཁྱེར་དགོས་པར་བཤད། ལས་གྲོགས་དེས་མོ་ངོ་ཤེས་པས་ཆུང་མ་ཞིག་གིས་རང་གི་ཁྱོ་གའི་འཐེན་སྒམ་ལས་དངོས་པ་ལེན་པ་ནི་འོས་འཚམ་མ་ཡིན་པ་ཅི་ཡང་མིན་པས་སྒེའུ་འགྲམ་གྱི་ཅོག་ཙེ་དེ་མོ་ལ་བསྟན།

  མོས་ལྡེ་མིག་དེ་ལི་ཧན་ལིན་གྱི་ལས་སྒྲུབ་ཅོག་ཙེའི་ཟྭ་མིག་ཏུ་དྲངས། ཟྭ་ཕྱེ་བྱུང་། འདི་ལྟར་མོས་ཁྱོ་གའི་གསང་བ་ཞིག་རྟོགས་སོང་། ཡིག་སྐོགས་ཆེན་པོ་ཞིག་ཏུ་འདྲ་པར་གཉིས་བཞག་འདུག གཅིག་ནི་བུད་མེད་ཅིག་དང་ལྷན་དུ་འཚོམ་འགྲམ་གྱི་བྱེ་ཐང་དུ་འདུག་པ་དང་ཅིག་ཤོས་ནི་མགོ་བརྙན་སྐྱ་སྐྱ་ཞིག་རེད། བུད་མེད་དེ་མོ་ལས་ལོ་ན་ཆུང་ནའང་མོ་ལས་མཛེས་རྒྱུ་མི་འདུག ད་དུང་ཡིག་སྐོགས་གསུམ་འདུག འཕྲིན་ཡིག་གི་མཇུག་ཚང་མར་ཆིན་ཆིན་ཞེས་པའི་མིང་འཁོད་འདུག མིང་འདིས་མོའི་མིག་ལ་གཙེས་བྱུང་། ཆིན་ཆིན། འདིན་ནི་གཅེས་མིང་ཞིག་ཡིན་པ་མངོན་གསལ་རེད། མོ་དང་ཆ་རྒྱུས་གང་ཡང་མེད་པའི་བུད་མེད་ཅིག་གིས་མོའི་ཁྱོ་གར་གཅེས་མིང་བྱིན་པ་དེས་འཕྲིན་ཡིག་འཆང་བའི་མོའི་ལག་པ་གཉིས་ཀྱང་འདར་བྱུང་། འཕྲིན་ཡིག་ཏུ་མཛའ་གཏམ་ཚིག་སྙན་གྱིས་ཁེངས་འདུག བུད་མེད་དེ་དང་ལི་ཧན་ལིན་གཉིས་རྒྱུན་དུ་ཐུག་འཕྲད་བྱེད་ཀྱིན་གདའ། རྒྱུན་དུ་ཁ་པར་ལས་ལྐོག་འབྲེལ་བྱེད་ཀྱིན་འདུག ཁོ་ཚོའི་ཁ་ཡག་ཚིག་སྙན་སྔར་བཞིན་བག་མེད་པར་ཚར་རྒྱུ་མི་འདུག འཕྲིན་ཡིག་བརྒྱུད་ནས་ལྷག་པར་མཐོ་རླབས་སུ་འཕྱུར།

  འཕྲིན་ཡིག་ཅིག་ཏུ་བུད་མེད་དེས་ལི་ཧན་ལིན་ལ་རྗེས་ཀྱི་ཁ་པར་འབྲེལ་ཡུལ4014548ལ་བཅོས་འདུག

  2

  ལི་ཧུང་གིས་ཁ་པར་བླངས་ནས4014548ལ་ཁ་པར་བཏང་། ཁ་པར་དྲིལ་བརྡ་ཡུན་ཙམ་གྲགས་རྗེས་བུད་མེད་ཅིག་གིས་བླངས་བྱུང་། “ཝེ། ”

  ལིན་ཧུང་གིས“ངས་ཆིན་ཆིན་འཚོལ་གྱིན་ཡོད། ”

  ཕ་རོལ་པོས“ང་ཡིན། ཁྱོད་སུ་ཡིན། ”

  ལིན་ཧུང་གིས་མོའི་སྐད་འཛེར་པོ་དེ་ཐོས་པ་དང་ལག་པ་འདར་བཞིན“ང་ལི་ཧན་ལིན་གྱི་ཆུང་མ་ཡིན”ཞེས་བཤད།

  ཕ་རོལ་པོས་ཡུན་རིང་ཞིག་ལ་སྐད་ཆ་མ་བཤད། ཡིན་ཡང་ལིན་ཧུང་གིས་མོས་དབུགས་འབྱིན་རྔུབ་བྱེད་ཀྱིན་པ་གོ་ཐུབ། མོའི་དབུགས་འབྱིན་རྔུབ་དོ་མཉམ་པོ་མི་འདུག ལིན་ཧུང་གིས“ཁྱོད་ལ་ངོ་ཚ་མི་འདུག ཁྲེལ་མེད་མ། འཕྱན་མོ། ཁྱོད་་་”

  དེར་མཐུད་ནས་མོས་ཀྱང་ཅི་བཤད་དགོས་པ་ཤེས་མ་སོང་། མོས་རང་ཉིད་ཀྱི་ལུས་པོ་ཡོངས་ལ་འདར་སུག་རྒྱག་པ་ཚོར། འདིའི་སྐབས་ཕ་རོལ་པོས“སྐད་ཆ་འདི་ཁྱོད་ཀྱིས་ལི་ཧན་ལིན་ལ་བཤད་འོས”ཞེས་བཤད།

  “ངོ་ཚ་མེད་པའི་ཁྱི་མོ”ལིན་ཧུང་གིས་ཁ་པར་ལས་འུར་བརྒྱབ། “ཁྱོད་ཀྱིས་ངའི་ཁྱིམ་ཚང་ལ་གཏོར་བརླག་བཏང་བ་རེད། ཁྱོད་ལ་ངོ་ཚ་མི་འདུག་་་”

  “ངས་ཁྱོད་ཀྱི་ཁྱིམ་ཚང་ལ་གཏོར་བརླག་བྱས་མེད། ”ཕ་རོལ་པོས་བཤད། “ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ཁྱོད་ཀྱི་ཁྱིམ་ཚང་ལ་གཏོར་བརླག་བྱེད་པ་མ་རེད། ང་དང་ལི་ཧན་ལིན་མུ་མཐུད་འདི་ལྟར་འགྲོ་ནི་མ་རེད། ངེད་གཉིས་ཀྱིས་མཚམས་འཇོག་རྒྱུ་ཡིན། ང་ཁོ་དང་གཉེན་སྒྲིག་བྱ་མ་འདོད། བུད་མེད་སུ་ཡིན་ཡང་ཁྱོད་ལྟ་བུ་ཞིག་ཡིན་པ་མ་རེད་་་”ཅེས་བཤད།

  དེའི་རྗེས་ཕ་རོལ་པོས་ཁ་པར་བཅད་ཟིན། ལིན་ཧུང་གི་ལུས་ཡོངས་འདར་བཞིན་དེ་རུ་ལངས་འདུག མོ་རང་ཁོང་ཁྲོ་ལངས་ཏེ་མཆི་མ་མིག་མཐའ་རུ་འཁྱིལ་བྱུང་། ཁ་པར་གྱི་མཇུག་སྒྲ་རིང་བོ་ཞིག་ཏུའུ་ཏུའུ་ཞེས་གྲག་གིན་འདུག ཡུན་ཙམ་ཕྱིན་རྗེས་ལིན་ཧུང་གིས་ཁ་པར་སར་བཞག འོན་ཀྱང་མོ་རང་ད་དུང་དེ་རུ་ལངས་ནས་འདུག ལངས་ནས་ཅུང་ཙམ་བསྡད་རྗེས་མོས་ཡང་བསྐྱར་ཁ་པར་བླངས་ནས་ཨང་གྲངས་བདུན་གནས་ཤིག་མནན་པ་ནི5867346རེད། ཕ་རོལ་ནས་སྐྱེས་པའི་སྐད་ཅིག་གྲག་ཡོང་། “ཝེ་ཝེ། སུ་ཡིན། སྐད་མེད་པ་ཅི་རེད”ཅེས་བཤད།

  མོས“ང་ལིན་ཧུང་ཡིན”ཞེས་བཤད།

  “འོ། ལིན་ཧུང་ཡིན་ནམ”ཕ་རོལ་པོས་དེ་ལྟར་བཤད། “ལི་ཧན་ལིན་ཕྱིར་ཐོན་ཡོད་དམ”ཞེས་དྲིས་བྱུང་།

  མོས“ཐོན་མ་བྱུང”ཞེས་བཤད།

  ཕ་རོལ་པོས“ཁོ་རང་ཅིའི་ཕྱིར་ད་དུང་མི་ཡོང་བ་རེད། ཁོ་སོང་ནས་ཡུན་རིང་ཕྱིན་སོང་ངམ། འོ་རེད་ཡ། ཡུན་འགོར་མེད། ཉིན་གསུམ་གྱི་སྔོན་ལ་ང་ཁོ་ལ་ཐུག་མྱོང་། ཁོ་ཐེངས་འདིར་ཅི་བྱེད་དུ་སོང་བ་རེད།ཁོ་ཚོའི་ཆུ་གཙང་ཆས་འགྲེམ་ཚོང་བྱེད་དུ་སོང་བ་ཡིན་ནམ།དོན་དམ་པར་ཁོ་ཚོའི་ཆུ་གཙང་ཆས་ནི་གཞན་ལ་མགོ་སྐོར་གཏོང་བྱེད་ཅིག་རེེེད། ཁོས་ང་ལ་གཅིག་བྱིན་བྱུང་། ངས་ཚོད་ལྟ་བྱས་པ་ཡིན།ངས་ཆུ་གཙང་ཆས་ནས་བཞུར་ཡོང་བའི་ཆུ་དེ་ཤེལ་དམ་ཞིག་གི་ནང་དུ་བཞག་སྟེ།ཐད་ཀར་ཆུ་སྦུག་ནས་བཞུར་ཡོང་བའི་ཆུ་དེ་ཤེལ་དམ་གཞན་ཞིག་ཏུ་བཞག་སྟེ་བལྟས་ཀྱང་དེ་གཉིས་ལས་གང་ཞིག་དྭངས་མིན་མི་ཤེས་ལ། ཆུ་ཁམ་གང་འཐུང་ན་ཡང་ཆུ་གང་ཞིག་གཙང་མ་ཡིན་མིན་ཚོར་མ་བྱུང་།

  ལིན་ཧུང་གིས་ཁོའི་མཚམས་བཅད་ནས“ཁྱོད་ཀྱིས་ཆིན་ཆིན་ཨེ་ཤེས”ཞེས་དྲིས།

  ཁོས“ཆིན་ཆིན། ”

  དེའི་རྗེས་ཕ་རོལ་པོ་ཁུ་སིམ་མེར་བསྡད་རྗེས“ངས་མི་ཤེས”ཞེས་བཤད།

  ལིན་ཧུང་གིས་རང་ཉིད་ཀྱི་སྐད་ལྷོད་ལ་འབབ་ཅི་ཐབས་བྱས་ཏེ“ལི་ཧན་ལིན་ལ་ཕྱི་ན་དགའ་གྲོགས་འདུག ཁོས་ང་ལ་གསང་ནས་ཕྱི་ནས་བུད་མེད་ཅིག་བཙལ་འདུག བུད་མེད་དེའི་མིང་ལ་ཆིན་ཆིན་ཟེར། ངས་དེ་རིང་གསར་དུ་ཤེས་པ་ཡིན། ཁོ་གཉིས་ཀྱིས་རྒྱུན་དུ་དུས་ཆད་བྱས་ཏེ་ཐུག་གིན་འདུག ཁ་པར་གཏོང་བ་དང་འཕྲིན་ཡིག་སྐུར་གྱིན་གདའ། ངས་བུད་མེད་དེས་ལི་ཧན་ལིན་ལ་བསྐུར་བའི་འཕྲིན་ཡིག་ལག་སོན་བྱུང་། ཁོ་གཉིས་ལ་འབྲེལ་བ་བྱུང་ནས་ཕལ་ཆེར་ལོ་གཅིག་སོང་ཟིན། ”

  ཕ་རོལ་པོས་མོའི་མཚམས་བཅད་ནས“ལི་ཧན་ལིན་གྱི་དོན་དག་ངས་ཤེས། ངས་མི་ཤེས་པ་ནི་ཆིན་ཆིན་ཟེར་བའི་བུད་མེད་དེ་རེད། ཁྱོད་ཁོ་གཉིས་ལ་གོ་ལོག་ཐེབས་པ་མིན་ནམ། ཁོ་གཉིས་སྤྱིར་བཏང་གི་གྲོགས་པོ་ཡིན་ཡང་སྲིད། དགོངས་དག མི་ཞིག་གིས་སྒོ་རྡུང་གིན་འདུག”

  ཕ་རོལ་པོས་ཁ་པར་སར་བཞག་སྟེ་ཅུང་ཙམ་འགོར་རྗེས་མོས་སྐྱེས་པ་གཉིས་ཀྱིས་ཁ་བརྡ་འཆད་ཀྱིན་ཁ་པར་དང་ཉེ་བར་བཅར་བ་ཐོས། ཡང་བསྐྱར་ཁ་པར་བླངས་ནས་ཕ་རོལ་པོས“ཝེ”

  དེའི་རྗེས་སྒྲ་མེད་པར་གྱུར་སོང་། མོས་ཕ་རོལ་པོས་མོས་སྐད་ཆ་བཤད་པར་བསྒུགས་ཡོད་པ་ཤེས་མོད། མོས་མུ་མཐུད་བཤད་འདོད་མ་བྱུང་། “ཁྱོད་ལ་མགྲོན་པོ་སླེབས་བྱུང་ངམ། ད་ངས་མི་བཤད”ཅེས་བཤད།

  ཕ་རོལ་པོས“འོ་ན་ང་ཚོས་རྗེས་སུ་བཤད་འོང”ཞེེེས་བཤད།

  ཁ་པར་གྱི་སྒོ་གཏན་སོང་།ལིན་ཧུང་གིས་མུ་མཐུད་དུ་ཁ་པར་བཟུང་།མོས་ཁ་པར་ཟིན་དེབ་སྟེང་ནས་ལི་ཧན་ལིན་གྱི་གྲོགས་པོ་གཞན་ཞིག་གི་ཨང་གྲངས་མཐོང་སོང་།ཨང་གྲངས་ནི8809196རེད། མོས་ཨང་གྲངས་འདི་ལ་ཁ་པར་བཏང་བྱུང་། མོས་ཕ་རོལ་པོས་ཁ་པར་བླངས་པ་ཐོས་བྱུང་།“ཝེ”

  མོས“ང་ལིན་ཧུང་ཡིན། ”

  ཕ་རོལ་པོས“ལིན་ཧུང་ཡིན་ནམ། ཁྱོད་བདེ་འམ། ལི་ཧན་ལིན། ཁོས་ཅི་བྱེད་ཀྱིན་གདའ། ”

  མོ་ཁུ་སིམ་མེར་ཅུང་ཙམ་བསྡད་རྗེས“ཁྱོད་ཀྱིས་ཆིན་ཆིན་ངོ་ཨེ་ཤེས”

  ཞེས་དྲིས།

  ཕ་རོལ་ནས་ཡུན་རིང་གྲགས་འགུལ་མ་བྱུང་བས་མོས“ལི་ཧན་ལིན་གྱིས་ལྐོག་ནས་བུད་མེད་ཅིག་དང་འབྲེལ་འདྲིས་བྱས་འདུག”

  “ཨེ་སྲིད་དམ། ”ཕ་རོལ་པོས་སྐབས་དེར་དེ་ལྟར་བཤད། “ལི་ཧན་ལིན་ལ་དོན་དག་དེའི་རིགས་ཡོད་པ་མ་རེད། ང་ཁོ་ལ་ཆ་རྒྱུས་ཡོད། ཡང་ན་ཁྱོད་ཀྱིས་འདང་རྒྱག་རྒྱུ་མང་སོང་བ་མིན་ནམ། ”

  ལིན་ཧུང་གིས“ང་ལ་བདེན་དཔང་ཡོད། ངས་བུད་མེད་དེས་ཁོ་ལ་བསྐུར་བའི་འཕྲིན་ཡིག་དང་འདྲ་པར་སོགས་རྙེད་བྱུང་། ད་དུང་འདིའི་སྔོན་ལ་ངས་མོ་ལ་ཁ་པར་བཏང་བ་ཡིན། ”

  ཕ་རོལ་པོས“དོན་འདི་དག་ངས་ནི་མི་ཤེས། ”

  ཕ་རོལ་པོའི་སྐད་ལ་ལྷོད་ཆ་དེ་ཙམ་མི་འདུག་པས་ལིན་ཧུང་གིས་ཁོས་མུ་མཐུད་དུ་བཤད་འདོད་མེད་པ་ཤེས་སོང་། མོས་ཁ་པར་བཞག་སྟེ་རབ་གསལ་གྱི་ཁར་སོང་། མོ་མར་ཙོག་རྗེས་མིག་ཆུའང་འཐོར་སོང་། ལི་ཧན་ལིན་ལ་ད་དུང་གྲོགས་པོ་འགའ་ཡོད། འོན་ཀྱང་མོས་ཁོ་ཚོར་ཁ་པར་གཏོང་འདོད་མེད། ཁོ་ཚོས་མོ་ལ་བསམ་ཤེས་བྱེད་མི་ཐུབ། ཁོ་ཚོས་ལི་ཧན་ལིན་གྱི་ཕྱོགས་ཁོ་ན་ནས་སྐད་ཆ་བཤད་ངེས། དེ་ནི་ཁོ་ཚོ་ལི་ཧན་ལིན་གྱི་གྲོགས་པོ་ཡིན་པས་རེད། སྔོན་ཆད་ཡིན་ན། མོ་ལའང་རང་ཉིད་ཀྱི་གྲོགས་པོ་ཡོད་དེ། དེ་དག་ནི་ཀྲོའུ་ཕིན་དང་ཀྲང་ལི་ནེ། ཧྲང་ནེན་སོགས་རེད། ལི་ཧན་ལིན་དང་གཉེན་བསྒྲིགས་རྗེས་མོ་རང་དེ་དག་དང་རྒྱང་དུ་གྱེས། མོས་ལི་ཧན་ལིན་གྱི་གྲོགས་པོ་རང་ཉིད་ཀྱི་གྲོགས་པོར་བརྩིས། མོ་དང་ཁོ་ཚོས་མཉམ་དུ་ལབ་གླེང་འགྲོ་འོང་བྱས་པ་དང་ཁོ་ཚོའི་ཆུང་མ་དག་དང་ལྷན་དུ་ཁྲོམ་དུ་སོང་། ཁོ་ཚོ་གཉེན་བསྒྲིགས་རྗེས། ཁོ་ཚོའི་ཆུང་མ་དག་གིས་ཀྲོའུ་ཕིན་དང་ཀྲང་ལི་ནེ། ཧྲང་ནེན་སོགས་ཀྱི་ཚབ་བྱས། ད་ལྟ། མོས་རང་ཉིད་ལ་གྲོགས་པོ་གཅིག་ཀྱང་མེད་པ་ཚོར།

  མོས་ཀྲོའུ་ཕིན་དང་ཀྲང་ལི་ནེ་ཡི་གནས་ཚུལ་ཅུང་ཙམ་ཡང་མི་ཤེས། མོ་ལ་ཧྲང་ནེན་གཅིག་པུའི་ཁ་པར་ཨ་གྲངས་ལས་མེད། ཧྲང་ནེན་གྱི་ཁ་པར་དེ་ནི་ལོ་གཅིག་གི་སྔོན་ལ་མོ་ལ་བཤད་པ་རེད། མོ་གཉིས་སྟེས་དབང་གིས་ཁྲོམ་དུ་འཕྲད་དེ་ཧྲང་ནེན་གྱིས་བཤད་པ་རེད། ཧྲང་ནེན་གྱི་ཨང་གྲངས་དེ་འབྲི་དེབ་ཏུ་བྲིས་ཀྱང་རྗེས་སུ་བརྗེད་ཟིན། ད་ལྟ་མོའི་ཡིད་དུ་དྲན་པས་ཐོག་དང་བོར་དེ་བཀོལ་སྤྱོད་བྱས།

  ཁ་པར་ལེན་མཁན་ནི་ཧྲང་ནེན་གྱི་ཁྱོ་ག་རེད། ཁོས་ལིན་ཧུང་ལ་ཅུང་ཙམ་བསྒུག་ཏུ་བཅུག་རྗེས་ཧྲང་ནེན་གྱིས་ཁ་པར་བླངས། ཧྲང་ནེན་“ཝེ། ཁྱོད་སུ་ཡིན། ”

  ལིན་ཧུང་གིས“ང་ལིན་ཧུང་ཡིན། ”

  ཕ་རོལ་པོས་དགའ་འབོད་བྱས་བྱུང་། ཧྲང་ནེན་གྱིས་ཁ་པར་ལས་རྒྱུན་མ་ཆད་པར་བཤད་བྱུང་། “ཁྱོད་ཀྱི་སྐད་གོ་བས་ང་རང་ཤིན་ཏུ་དགའ་པོ་བྱུང་། ངས་ཁྱོད་ལ་ཁ་པར་བཏང་ཡང་ཁྱོད་ཕྱོགས་སུ་ལེན་མཁན་མི་འདུག ཁྱོད་བདེ་མོ་ཡིན་ནམ། ”

  ང་ཚོ་ག་ཙམ་ལ་མ་འཕྲད་པ་རེད། ལོ་གཅིག་ཙམ་ཕྱིན་སོང་སྲིད། ང་ལ་ལོ་འགར་མ་འཕྲད་པའི་ཚོར་བ་འདུག ཁྱོད་ཀྱིས་ཀྲོའུ་ཕིན་དང་ཀྲང་ལི་ནེའི་གནས་ཚུལ་ཨེ་ཐོས། ང་ཚོ་ཡང་ཡུན་རིང་ལ་མ་ཐུག ཁྱོད་བདེ་མོ་ཡིན་ནམ། ”

  ལིན་ཧུང་གིས“ང་མི་བདེ། ”

  ཧྲང་ནེན་གྱི་སྐད་ཆ་ཆད་སོང་། ཅུང་ཙམ་འགོར་རྗེས“ཁྱོད་ཀྱིས་ད་སྔོན་ཅི་བཤད། ”

  ལིན་ཧུང་གི་མིག་ཆུ་བཞུར་བྱུང་། མོས་ཧྲང་ནེན་ལ“ངའི་ཁྱོ་གས་ང་ལ་རྒྱབ་འགལ་བྱས་ཏེ་ཕྱི་ནས་བུད་མེད་བཙལ་འདུག”

  ལིན་ཧུང་གི་མགྲིན་པ་བརྣངས་ནས་མུ་མཐུད་དུ་བཤད་མ་ཐུབ། ཧྲང་ནེན་གྱིས་ཁ་པར་ལས“ཅི་བྱུང་བ་རེད། ”

  ལིན་ཧུང་གིས“ཁ་སང་ངས་ཁོའི་འཐེན་སྒམ་ལ་གཙང་དག་བྱེད་སྐབས།ལྟེབ་བརྩེགས་བྱས་པའི་ཡིག་སྐོགས་ཤིག་རྙེད་བྱུང་།ངས་ཁ་ཕྱེ་ནས་བལྟས་ཚེ།དེའི་ནང་ད་དུང་ཡིག་སྐོགས་གཉིས་འདུག ཁོས་ཡིག་སྐོགས་གསུམ་གྱིས་ལྡེ་མིག་གཅིག་ལ་ཐུམ་བརྒྱབ་ཡོད་པས་ང་དོགས་པ་སྐྱེས་བྱུང་། ངས་ཁྱིམ་གྱི་སྒོ་ཟྭ་ཚང་མར་ཚོད་ལྟ་བྱས་ཀྱང་ཕྱེ་ཐུབ་ཀྱི་མི་འདུག ངས་ཁོའི་གཞུང་ལས་ཁང་གི་སྒྲོག་ཙེའི་ལྡེ་མིག་ཡིན་ནམ་སྙམ་སྟེ་དེ་རིང་སྔ་དྲོ་ཁོའི་གཞུང་ལས་ཁང་དུ་ཕྱིན་པ་ཡིན། ངས་དེ་གར་བུད་མེད་དེས་ཁོ་ལ་བསྐུར་བའི་འཕྲིན་ཡིག་དང་འདྲ་པར་གཉིས་རྙེད་བྱུང”ཞེས་བཤད།

  ཧྲང་ནེན་གྱིས“ངོ་ཚ་ཁྲེལ་མེད”ཅེས་བསྡིགས།

  ལིན་ཧུང་གིས་རང་ཉིད་ལ་གཞི་ནས་རྒྱབ་སྐྱོར་ཐོབ་སོང་སྙམ་ནས་སེམས་གཏིང་གི་དཀའ་ཁག་དང་། སེམས་ཁྲལ། ཁོང་ཁྲོ་བཅས་ཕྱི་ལ་འདོན་ཐུབ་པ་བྱུང་། མོས“ངས་ཡོད་ཚད་ཁོ་ལ་སྤྲད་པ་ཡིན། ངས་རང་ཉིད་ལ་གཏན་ནས་ཁ་ཡ་བྱས་པ་མིན། ངས་དུས་དང་རྣམ་པ་ཀུན་ཏུ་ཁོའི་དོན་དུ་བསམ་བློ་གཏོང་གིན་ཡོད།ཁོ་ལ་ཟ་མ་ཅི་ཞིག་སྟེར་རྒྱུ་དང་ལྭ་བ་ཅི་ཞིག་བསྐོན་རྒྱུ་སོགས་ལ་བསམ་བློ་གཏོང་གིན་ཡོད”ཅེས་བཤད།“ཁོ་དང་གཉེན་སྒྲིག་བྱས་རྗེས།ངས་ད་དུང་རང་ཉིད་ཀྱང་བརྗེད་སོང་།ངའི་སེམས་སུ་ཁོ་མ་གཏོགས་མེད། འོན་ཀྱང་ཁོས་ཕྱི་རོལ་ནས་དོན་དག་དེ་འདྲ་ཞིག་བསྒྲུབས་ཟིན”ཞེས་བཤད།

  ལིན་ཧུང་གི་བཤད་མཚམས་འདིར་ཐོན་དུས་ངུ་སྐད་ཀྱིས་སྐད་ཆའི་ཚབ་བྱས། སྐབས་འདིར་ཧྲང་ནེན་གྱིས“ཁྱོད་ཀྱིས་ཅི་བྱེད་རྩིས་ཡོད། ”

  ལིན་ཧུང་ངུ་བཞིན“ངས་མི་ཤེས། ”

  “ངས་ཁྱོད་ལ་བཤད།”ཧྲང་ནེན་གྱིས་བཤད་རྒྱུར།“སྐབས་འདིར་ཁྱོད་གཉོམ་ཆུང་བྱེད་མི་རུང་། སེམས་བཟང་ཡང་བྱེད་མི་རུང་། ཁྱོད་ཀྱིས་ཁོ་ལ་ཆད་པ་གཅོད་དགོས། ད་ནས་བཟུང་ཁྱོད་རང་མ་ངུ་།ལྷག་པར་དུ་ཁོའི་མདུན་ནས་མིག་ཆུ་མ་གཏོང་། ཁྱོད་ཀྱིས་ངོ་ནག་པོ་སྟོན་དགོས། ཁོ་ལ་ཁ་ཡ་མ་བྱེད། ཁོ་ལ་ཟ་མ་ལས་མི་དགོས། ཁོའི་གྱོན་གོས་བཀྲུ་མི་དགོས། ཁོའི་ཆེད་དུ་ཅི་ཡང་བསྒྲུབ་མི་དགོས། ཁྱོད་ཀྱིས་ཁོ་རང་ཁྱོད་ཀྱི་མལ་ཁྲིའི་སྟེང་དུ་ཉལ་དུ་མ་འཇུག ཁྱོད་ཀྱིས་ཁོ་འབོལ་ཁྲིའི་སྟེང་དུ་ཉལ་དུ་ཆུགས། མ་མཐའ་ཡང་ལོ་ངོ་གཅིག་ལྷག་ལ་འབོལ་ཁྲིའི་སྟེང་ཉལ་དུ་ཆུགས་དང་ཁོས་ཁྱོད་ལ་ཞུ་བ་བྱེད་སྲིད། ཐ་ན་པུས་མོ་སར་བཙུགས་ཏེ་ཞུ་བ་བྱེད་སྲིད། ཁོས་ད་དུང་རང་ལ་འགྲམ་ལྕག་ཀྱང་གཞུ་སྲིད།ཁྱོད་ཀྱི་སེམས་ད་དུང་གཉོམ་མི་རུང་། ཁོས་དམ་བཅའ་འཇོག་སྲིད། སྐྱེས་པ་ཚོ་དམ་བཅའ་འཇོག་རྒྱུར་དགའ། ཁོ་ཚོའི་དམ་བཅའ་དང་ཁྱི་ཟུག་པ་གཉིས་ལ་ཁྱད་པར་ཅི་ཡང་མེད། ཁྱོད་ཀྱིས་ཡིད་ཆེས་མ་བྱེད། མདོར་ན་ཁྱོད་ཀྱིས་ཁོ་ལ་ཕྱི་རོལ་ཏུ་དོན་ངན་བསྒྲུབས་པའི་རིན་དོད་དེ་ཤེས་སུ་འཇུག་དགོས་པ་དང་། ཁོ་ལ་ཉིན་བཞིན་མཚོ་ལྟར་ཟབ་ཅིང་མེ་ལྟར་ཚ་བའི་འཚོ་བའི་ཁྲོད་དུ་འཚོ་བ་སྐྱེལ་དུ་འཇུག་དགོས། ཁོ་ལ་གསོན་པོར་སྡོད་འདོད་མེད་པ་འམ་ཡང་ན་ཤི་མ་གསོན་ལྟ་བུ་ཞིག་བྱ་དགོས།”

  3

  ཉིན་ཤས་སོང་རྗེས་ལི་ཧན་ལིན་ཁྱིམ་དུ་ལོག་པ་དང་ཁོས་ལིན་ཧུང་རབ་གསལ་ཁར་བསྡད་ཡོད་པ་མཐོང་བ་དང་ཁོ་ཕྱིར་ལོག་པར་མོས་ཁ་ཡ་ཅི་ཡང་མ་བྱས། ཁོས་ལྟོ་ཕད་འབོལ་ཁྲིའི་ཐོག་བཞག་ནས་ལིན་ཧུང་གི་མདུན་དུ་བསྐྱོད་དེ་ཁོ་མོར་ལྟ་ཙམ་བྱས་པ་དང་ལིན་ཧུང་ལ་གྲགས་འགུལ་ཅི་ཡང་མེད་པ་མཐོང་སྐབས་ཁོས“གནས་ཚུལ་གང་ཞིག་ཐོན་སོང་ངམ”ཞེས་བཤད།

  ལིན་ཧུང་གི་མིག་གིས་ས་གདན་ལ་བལྟས་བསྡད། ལི་ཧན་ལིན་གྱིས་མོའི་ཉེ་སར་ཅུང་ཙམ་བསྒུགས། མོས་སྔར་བཞིན་སྐད་ཆ་ཅི་ཡང་མ་བཤད། ལི་ཧན་ལིན་འབོལ་ཁྲིའི་གམ་དུ་སོང་ནས་ལྟོ་ཕད་ཁ་ཕྱེས་ཏེ་གོན་པ་རྫོབ་པོ་དག་ཕྱིར་བླངས་ཏེ་འབོལ་ཁྲིའི་ཐོག་གཡུགས། དེ་ནས་ཕྱིར་འཁོར་ནས་ལིན་ཧུང་ལ་བལྟས་པ་ན། ལིན་ཧུང་སྔར་བཞིན་མགོ་བསྒུར་ནས་འདུག ཁོ་ཅུང་ཙམ་ཡི་མ་རངས་པར“ཁྱོད་ཀྱི་འདི་ཅི་ཡིན་ནམ། ”

  ལིན་ཧུང་གི་ལུས་པོ་འགུལ་ཙམ་བྱས་རྗེས། གདོང་རབ་གསལ་གྱི་ཕྱི་ལོགས་སུ་ཕྱོགས་ནས་བསྡད། ལི་ཧན་ལིན་གྱིས་མུ་མཐུད་དུ་ལྟོ་ཕད་ནང་གི་དངོས་པོ་ཚང་མ་བླངས་ནས་འབོལ་ཁྲིའི་སྟེང་བཞག་རྗེས་མོ་སྟེང་དུ་ཁོང་ཁྲོ་བཀོལ། ཁོ་རང་ལིན་ཧུང་གི་ཕྱོགས་སུ་སོང་ནས་སྐད་འགྲགས་ཀྱིས“ཁྱོད་ཀྱི་གནའ་ཤི ཁྱོད་ཀྱིས་དོན་ངོ་མར་ཅི་བྱེད་འདོད་པ་ཡིན། ང་ཡུལ་ལ་ཐོན་མ་ཐག་ངོ་མདོག་བཟང་བོ་ཞིག་མི་སྟོན། ངས་གང་ཞིག་ནས་ཁྱོད་ལ་ཕོག་ཐུག་བཟོས་སམ། ཁྱོད……”

  ལི་ཧན་ལིན་གྱི་སྐད་གློ་བུར་ཆད་སོང་། ཁོས་ལིན་ཧུང་གི་ལག་ཏུ་ལྡེ་མིག་དེ་བཟུང་ཡོད་པ་མཐོང་། ཁོའི་ཀླད་པའི་ནང་སྦྲང་མའི་སྦྲང་སྐད་དར་དིར་དུ་གྲགས། ཁོ་རང་ཡུད་ཙམ་འགྲེང་རྗེས། ཁོ་རང་གི་ཁང་བར་སོང་ནས་འཐེན་སྒམ་ཕྱེས་པ་ན། ནང་དུ་དུས་དེབ་བརྩེགས་མ་ཞིག་འདུག ཁོའི་ལག་པས་དུས་དེབ་ཀྱི་ཞབས་ངོས་སུ་རེག་སྟེ་གཡས་ཀྱི་ཟུར་དུ་རེག་ཀྱང་གྲ་དག་པོར་བལྟབས་པའི་འཕྲིན་ཡིག་དེར་རེག་རྒྱུ་མ་བྱུང་།

  སྐབས་དེར། ཁོས་རང་ཉིད་དབུགས་འབྱིན་རྔུབ་བྱེད་དཀའ་བར་གྱུར་པ་ཚོར།

  ལི་ཧན་ལིན་སྒེའུ་ཁུང་གམ་དུ་སོང་ནས་དུས་ཚོད་ཕྱེད་ཙམ་ལ་བསྡད། དེའི་རྗེས་ཁང་བའི་སྒོར་བུད་ནས་གོམ་སྒྲ་ཆུང་ངུས་ལིན་ཧུང་གི་གམ་དུ་སོང་། ཁོས་མགོ་བསྒུར་བ་དང་དུས་མཚུངས་ལུས་པོ་ཡང་གུག་པོར་གྱུར། ཁོས་ལིན་ཧུང་ལ“ཁྱོད་ངའི་གཞུང་སྒྲུབ་ཁང་དུ་སོང་ངམ། ”

  ལིན་ཧུང་ཅུང་ཙམ་ཡང་མ་འགུལ། ལི་ཧན་ལིན་གྱིས་མོ་ལ་བལྟས་ཏེ་ཡང་བསྐྱར“ཁྱོད་ཀྱིས་ཆིན་ཆིན་གྱིས་ང་ལ་བསྐུར་བའི་འཕྲིན་ཡིག་མཐོང་བྱུང་ངམ། ”

  ལིན་ཧུང་གི་ཕྲག་པ་འདར་འགོ་བརྩམས། ལི་ཧན་ལིན་ཐེ་ཚོམ་ཞིག་སྐྱེས་རྗེས། རང་གི་ལག་པ་གཡོན་པ་ལིན་ཧུང་གི་ཕྲག་སྟེང་དུ་བཞག ལིན་ཧུང་གིས་ཤེད་ཀྱིས་སྤྲུགས་ཙམ་བྱས་ནས་ཁོའི་ལག་པ་ཕར་ལ་གཡུགས། ཁོས་ལག་པ་རང་གནས་སུ་བཞག་སྟེ་བསྡད།

  ལི་ཧན་ལིན་གྱིས་ལག་པ་དོར་མའི་ཁུག་མར་བཅུག་སྟེ། “ང་དང་ཆིན་ཆིན་གཉིས་ཀྱིས་གྲོགས་པོ་ཞིག་གི་ཁྱིམ་ནས་ལོ་ངོ་གཉིས་ཀྱི་སྔོན་དུ་ངོ་ཤེས། མོ་གྲོགས་པོ་དེའི་མ་སྤུན་ནུ་མོ་རེད། ང་རང་རྒྱུན་དུ་གྲོགས་པའི་ཁྱིམ་ནས་མོ་ལ་ཐུག་གིན་འདུག ཉིན་ཞིག་ངེད་གཉིས་ཁྲོམ་དུ་ཐུག་བྱུང་། དེའི་རྗེས་སུ་ངེད་གཉིས་རྒྱུན་དུ་ཐུག་འཕྲད་བྱས་པ་ཡིན། མོ་ཕ་མ་གཉིས་དང་ལྷན་དུ་ཡོད་པ་དང་ང་ཁྱོད་དང་ལྷན་དུ་ཡོད་པས་ངེད་གཉིས་ལ་ཆ་རྐྱེན་ཡོད་པ་མ་རེད། ངས་བཤད་འདོད་པ་ནི་ངེད་གཉིས་ལ་ལུས་འབྲེལ་བྱུང་མྱོང་མེད་པ་དེ་རེད། ངེད་གཉིས་ཐུག་འཕྲད་བྱེད་ས་ནི་གློག་བརྙན་ཁང་དང་སྤྱི་གླིང་། ད་དུང་སྲང་ལམ་བཅས་ཡིན། ངེད་གཉིས་ཀྱིས་འོ་བྱས་མྱོང་བ་ཁོ་ན་ཙམ་ཡིན།

  ཁོས་ལིན་ཧུང་གི་མིག་ཆུ་བཞུར་བ་མཐོང་། ཁོས་ལག་པ་ཁུག་མ་ལས་བླངས་ཏེ་ལིན་ཧུང་གི་ཕྱོགས་སུ་བསྲིངས་པའི་ཚེ། ལིན་ཧུང་གི་ཕྲག་པ་དེ་མ་ཐག་བསྐུམས་ཙམ་བྱས་པས་ཁོས་ལག་པ་ཕྱིར་མི་ལེན་ཀ་མེད་བྱུང་། ཁོས་རང་ཉིད་ཀྱི་ཐོད་པར་རེག་ཙམ་བྱས་ཏེ་མུ་མཐུད“ངེད་གཉིས་ཀྱིས་འབྲེལ་འདྲིས་བྱས་པ་ཡོད་ཚད་འདི་རེད། ཁྱོད་ཀྱིས་ཤེས་མེད་ནའང་ངེད་གཉིས་མུ་མཐུད་འདི་ལྟར་འགྲོ་མི་སྲིད། ངས་སེམས་གཏིང་ནས་ཁྱིམ་འདི་ལ་གཅེས་སྤྲས་བྱས་པ་ཡིན། ངས་འུ་གཉིས་ཀྱིས་གྲུབ་པའི་ཁྱིམ་ཚང་འདི་ལ་གཏོར་བརླག་བྱ་མི་སྲིད།

  ལིན་ཧུན་གིས་ཉན་ནས་མཚམས་འདིར་ཐོན་དུས་ཧར་གྱིས་ལངས་ཏེ་མལ་ཁང་དུ་ཆས། དེའི་རྗེས་སྒོ་ཁྲོག་གེར་བརྒྱབ། ལི་ཧན་ལིན་ཁ་མལ་ནས་མ་འགུལ་བར་བསྡད། ཁོ་མལ་ཁང་གི་སྒོ་ཁར་བསྡད་དེ་ལག་འཇམ་པོས་སྒོ་རྡུང་ཙམ་བྱས་ཏེ“དེ་རིང་ནས་བཟུང་ངས་ཆིན་ཆིན་དང་འབྲེལ་བ་མི་བྱེད”ཅེས་བཤད།

  4

  ལིན་ཧུང་གི་བསམ་པར། ཁོས་ང་ལ་ཞུ་བ་མ་བྱས་པ་དང་ང་ལ་པུས་མོ་མ་བཙུགས། རང་ལ་འགྲམ་ལྕག་ཀྱང་མ་གཞུས། དམ་བཅའ་མནའ་སྐྱེལ་ཡང་མ་བྱས། ཐ་ན་དགོངས་དག་ཅིག་ཀྱང་མ་ཞུས་པར་སྙམ།

  འོན་ཀྱང་ཁོ་འབོལ་ཁྲིའི་སྟེང་ཉལ་བ་རེད། ཧྲང་ནེན་གྱིས་བཤད་པ་འདི་འགྲིག་སོང་། ཁོ་འབོལ་ཁྲིའིི་སྟེང་མ་ཉལ་གོང་མོའི་ཉལ་ཁྲིའི་འགྲམ་དུ་ཡུན་རིང་འགྲེང་སྟེ། ཚོང་གཏམ་པའི་ཚོང་བ་ཞིག་དང་འདྲ་བར་དེ་ག་རུ་ཁེ་ཕན་ཆག་ནས་མཇུག་མཐར་འབོལ་ཁྲི་བདམས།

  ཁོས་འབོལ་ཁྲི་བདམས་པ་ནི་ཁོས་སྨྲ་བཅད་ངག་སྡོམ་བདམས་པ་ཡང་རེད། ཡང་མོ་དང་གྱེས་སྡོད་བྱ་རྒྱུ་བདམས་པ་ཡང་རེད། ཁོས་རང་ཉིད་ཀྱི་འཚོ་བ་མོ་དང་གྱེས་སྡོད་ཀྱི་རྣམ་པས་རོལ་ཏེ་ཆིན་ཆིན་གྱི་སྐོར་གླེང་བར་མི་བྱེད། ཁོས་ཁྱིམ་འདིར་ཁྱོ་གའི་ཚུགས་ཀ་མི་འཛིན་པར་སེམས་ཆུང་སྒོས་ཕར་འགྲོ་ཚུར་འོང་གི་སྐད་ཇེ་ཆུང་དུ་བཏང་བ་དང་བརྙན་འཕྲིན་གྱི་སྒོ་ཡང་མི་ཕྱེ། ཁོས་རང་ཉིད་ཀྱི་འཚོ་བའི་འགུལ་སྐྱོད་མཐའ་དག་འབོལ་ཁྲིའི་སྟེང་ཚོད་འཛིན་བྱས། ཁོས་དཔེ་ཆ་ཀློག་མགོ་བརྩམས། སྤྱིར་བཏང་དཔེ་ཆ་མི་ཀློག་པའི་ཁོ་དཔེ་ཆ་དང་འབྲལ་བ་མེད་པར་བྱས།

  མོ་ཁོའི་མདུན་དུ་ཐོན་སྐབས་ཁོས་མྱུར་དུ་རང་གི་ལག་གི་དཔེ་དེབ་མར་འཇོག་པ་དང་མོ་ལ་ཅེར་ནས་འདུག ཁོས་ཕྱོགས་གཅིག་ནས་མོའི་རྣམ་འགྱུར་ལ་བལྟ་བ་དང་ཕྱོགས་གཅིག་ནས་རང་ཉིད་མཚོན་གྱིན་ཡོད། ཁོ་རང་དཔེ་དེབ་ཀློག་པའི་སྤྲོ་སྣང་ཁྲོད་འཛུལ་མ་ཐུབ་པར་རྟག་ཏུ་དངོས་ཡོད་འཚོ་བའི་ཁྲོད་སྡོད་བཟོད་མེད་པར་གནས་ཡོད།

  ཁོའི་ཁུ་སིམ་གྱིས་མོ་ལ་ཁོང་ཁྲོ་བསླངས། ཁོ་ལ་ཁྱིམ་དུ་གྲགས་འགུལ་ཕྲ་མོ་ཙམ་ཡང་མེད། ཁོ་རང་འདི་ལྟར་འགག་སྒོ་བརྒལ་འདོད་པ་ཡིན་ནམ།

  གནད་དོན་ནི་མོས་བཟོད་བསྲན་བྱེད་མི་ནུས་པ་དེ་རེད། མོས་ཁོ་ལ་ཞི་བདེའི་འཚོ་བ་ཞིག་རོལ་ཏུ་འཇུག་མི་འདོད། ཁོས་མོ་ལ་རྒྱབ་འགལ་བྱས་པ་རེད། དེའི་རྗེས་ཁུ་སིམ་མེར་བསྡད་དེ་དོན་དག་ཐག་ཆོད་པར་བྱ་འདོད་པ་རེད།

  མོས་ཁོ་ལ་བསྙད་བརྐོ་མགོ་བརྩམས། ཁོ་འབོལ་ཁྲིའི་སྟེང་དུ་བསྡད་དེ་རྐང་པ་གཉིས་ས་ལ་བརྐྱངས་པ་མཐོང་རྗེས། མོ་རབ་གསལ་གྱི་ཕྱོགས་སུ་སོང་ནས་ཁོའི་རྐང་བའི་མདུན་དུ་ཐོན་དུས། ཁོ་ལ་གཏད་ནས་ཤེད་ཀྱིས་བརྒྱབ་སྟེ་ཁོའི་རྐང་བས་མོའི་ལམ་བཀག་པ་དང་འདྲ་བར་བྱས། མོ་རབ་གསལ་གྱི་ཁར་སོང་ནས་ཁོའི་བྱེད་སྟངས་ལ་བལྟས། འོན་ཀྱང་ཁོ་ལ་འགུལ་སྐྱོད་ཅི་ཡང་མེད། ན་ཟུག་གིས་ཀྱང་ཁོ་ལ་སྐད་འབྱིན་ཐུབ་ཀྱི་མི་འདུག མོ་ཅུང་ཙམ་ལངས་ནས་བསྡད་རྗེས་ཁ་ཕྱིར་འཁོར་ནས་རང་གི་ཉལ་ཁང་དུ་ལོག ཐེངས་འདིར་མོས་ཁོའི་རྐང་བ་གཉིས་འབོལ་ཁྲིའི་སྟེང་དུ་ཕྱིར་བསྐུམས་པ་མཐོང་།

  མོས་མུ་མཐུད་ཁོ་ལ་བསྙད་བརྐོ་བར་བྱས་ཏེ་ས་སྲོད་དུ་མོ་འབོལ་ཁྲིའི་འགྲམ་དུ་སོང་ནས་ཁོའི་ཉལ་ཐུལ་དང་གོན་པ། དཔེ་དེབ་མཐའ་དག་སར་གཡུགས་རྗེས་བརྙན་འཕྲིན་གྱི་སྒོ་ཕྱེས་ཏེ་ལྟ་མགོ་བརྩམས།

  དོན་འདི་དག་འབྱུང་དུས། ཁོ་འབོལ་ཁྲིའི་སྟེང་བསྡད་ཡོད། བརྙན་འཕྲིན་སྒོ་ཕྱེ་རྗེས། ཁོ་ད་གཟོད་རབ་གསལ་གྱི་ཕྱོགས་སུ་སོང་ནས་རང་ཉིད་ཀྱི་དཔེ་ཆར་ལྟ་ངེས། ཁོའི་བྱེད་སྟངས་འདི་ནི་མོ་ལ་ཁེངས་སྐྱུང་བྱས་པ་རེད། ཁོས་རང་ཉིད་མོ་དང་ལྷན་དུ་བརྙན་འཕྲིན་ལ་བལྟ་རྒྱུར་མི་མཛའ་བར་འདོད་ཀྱིན་ཡོད། ཁོ་རང་རབ་གསལ་གྱི་སྲ་ཞིང་མཁྲེགས་པའི་ས་ཐོག་ཏུ་ཙོག་སྟེ། སྐབས་ལན་རེར་འགུལ་སྐྱོད་ཕྲན་བུ་རེ་བྱེད་སྲིད། འགུལ་སྐྱོད་བྱས་ཚར་རྗེས་ཡང་བསྐྱར་རང་གི་དཔེ་ཆར་བལྟ་སྲིད། མོ་རང་ཕྱིར་འགྲོ་རག་བར་དུ། མོ་ཕྱིར་མལ་ཁང་དུ་ལོག་རྗེས་ཁོ་ཕྱིར་ཡོང་ནས་ཐང་དུ་གཏོར་བའི་དངོས་པོ་དག་བཏུ་བ་དང་། དེའི་རྗེས་གཞི་ནས་འབོལ་ཁྲིའི་སྟེང་གཉིད་འགྲོ།

  ཁོའི་ལྷིང་འཇགས་དེ་ནི་མཐའ་མེད་པ་ཞིག་ཡིན་པས་མོ་རང་ཅི་བྱ་གཏོལ་མེད་དུ་བཏང་། མོས་ཁོ་ལ་བསྙད་བརྐོས་པ་མཐའ་དག་ཆུ་ནང་དུ་རྡོ་འཕངས་པ་ལྟར་ཕྱིར་ལན་གང་ཡང་མེད་པར་གྱུར། རྗེས་སུ། མོས་མལ་ཁྲི་བསྐྱུར་ཏེ་འབོལ་ཁྲིའི་སྟེང་བརྙན་འཕྲིན་ལ་བལྟས། མོས་བལྟས་ཀྱིན་བལྟས་ཀྱིན་གཉིད་དུ་ཡུར་སོང་། འདིའི་ནང་དུ་མོའི་ལྐོག་ཇུས་འདྲེས་ནའང་རིམ་ལྡན་ལུགས་མཐུན་སྒོས་འགྲུབ་པའི་དོན་དག་ཅིག་རེད།

  མོས་ཁོའི་ཉལ་ས་བཟུང་བ་དང་དུས་མཚུངས་ཁོ་ལ་རང་གི་ཉལ་ས་ཕྱེ་བ་ཡིན་ཏེ། མོས་འཇམ་ནེམ་གྱི་མལ་ཁྲིས་ཁོ་ལ་བསླུ་བྲིད་བཏང་བ་རེད། ཁོ་རང་སེམས་ལྷོད་པོར་མལ་ཁྲི་རུ་ཉལ་རྗེས་ད་གཟོད་མོ་ལ་འཁོན་འཛིང་གི་གོ་སྐབས་ཐོབ་བྱུང་བ་རེད། འོན་ཀྱང་མོ་གཉིད་ལས་སད་རྗེས་ཁོ་རང་འདུག་སྟེགས་སྟེང་མགོ་བོ་ཅོག་ཙེའི་སྟེང་བཞག་སྟེ་གཉིད་འདུག

  ཁོས་ཁྱིམ་དུ་ཉམ་ཆུང་ཚུལ་མཐུན་སྒོས་བསྡད་དེ། ཕར་བལྟས་ན་ཁོས་རང་ཉིད་ལ་ཆད་པ་བཅད་པ་དང་འདྲ་མོད། འོན་ཀྱང་གནད་དོན་ནི་ཉེས་ཆད་དེ་འདྲ་ཞིག་གིས་མོ་རང་ཐང་ཆད་དུ་བཅུག་པ་རེད། མོས་མིག་ཆུ་གཏོང་མི་ཐུབ་པ་དང་། སྐད་ཆ་བཤད་རྒྱུ་ཡོད་ཀྱང་སྐད་ཅོར་རྒྱག་མི་ཐུབ། མོའི་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཡང་སེམས་ནང་དུ་འབར་རྒྱུ་ལས་ཐབས་མེད། མོས་ཁོ་ལ་རེ་བ་མི་བྱེད། ཁོས་པུས་མོ་སར་འཛུགས་པ་སོགས་མོའི་གྲོགས་པོ་ཧྲང་ནེན་གྱིས་བཤད་པའི་ཡོད་ཚད་ལ་རེ་བ་མི་བྱེད། མོས་ད་ལྟ་རེ་བ་བྱེད་བཞིན་པ་ནི་ཁ་རྩོད་ཚིག་རྩོད་ཆེན་པོ་ཞིག་དང་ཐ་ན་ཁུར་འཛིང་ལག་འཐབ་བྱེད་རྒྱུ་རེད། དེ་ནི་མ་མཐའ་ཡང་འདི་ལས་བཟང་ངེས།

  འོན་ཀྱང་ཁོ་ཡིས་མོས་བྱིན་པའི་གོ་སྐབས་དང་ལེན་མ་བྱས་པ་རེད། ཁོས་མོས་བདམས་པའི་ཆད་པ་དང་ལེན་མ་བྱས་པའང་རེད། ཁོས་རང་ཉིད་ལ་ཆད་པ་བཅད་པ་རེད། ཁོ་ལ་འཁང་ར་སྤུ་ཙམ་ཡང་མེད་པར་རང་ཉིད་ལ་ཆད་པ་གཅོད་སྟངས་འདིས་མོ་ལ་ཁོ་རང་འདི་ལ་གོམས་འདྲིས་སུ་སོང་འདུག་སྙམ་པར་བྱས། ཁོ་རང་ཞོགས་པ་སྔ་མོ་ནས་མོའི་སྔོན་ལ་སྒོར་འབུད་པ་དང་ཕྱི་དྲོར་མོའི་རྗེས་སུ་ཕྱིར་ལོག་ངེས། འདི་ལའང་ལེ་བདའ་བྱེད་ས་མེད་དེ། ཁོའི་ལས་ཁུངས་མོ་ལས་ཁྱིམ་དང་ཐག་རིང་བོ་ཡོད། སྔོན་ཆད་ཀྱང་འདི་ལྟར་ཡིན་ཏེ། ཁོ་སྔ་ལངས་ཉལ་འཕྱི་ཡིན། ཁོས་གུང་ཟས་ལས་ཁུངས་སུ་ཟོས་པ་དང་ནུབ་ཟས་གང་དུ་ཟོས་མིན་མོས་མི་ཤེས་མོད། མོས་དེ་ནས་བཟུང་ཁོ་ལ་ནུབ་ཟས་གྲ་སྒྲིག་མ་བྱས། ཁོ་ཕྱིར་ལོག་དུས་གཡོས་ཁང་དུ་མི་འགྲོ། ཐ་ན་དེའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད་པས་མོས་ཁོས་ཟ་མ་ཟོས་ཚར་བ་ཤེས། ཁོ་འབོལ་ཁྲིར་ཙོག་སྟེ་དཔེ་ཆར་བལྟས། ཁོས་ལག་གི་དཔེ་ཆ་དག་ཡང་དང་ཡང་དུ་བརྗེ་སྲིད། མོས་ཁོ་རང་དཔེ་ཆའི་ནང་མགོ་འཁོར་བ་ཤེས། དེ་ཡིས་ཁོས་མོའི་འཚོ་བ་ལ་གཏོར་བཤིག་བྱས་པ་རེད། མོའི་སེམས་ཁམས་ཀྱང་དེ་དང་བསྟུན་ནས་རྒྱུན་ལྡན་མ་རེད། འོན་ཀྱང་ཁོས་རང་གི་ཡོད་ཚད་སྙོམས་སྒྲིག་བྱས་པ་ཧ་ཅང་བཟང་། དེ་ནས་མོའི་ཁོང་ཁྲོ་མེ་ལྟར་འབར་བ་དང་། འཚིག་པ་གཏིང་ནས་ཟོས་ནའང་ཇི་ལྟར་ཕྱི་ལ་འཕུད་དགོས་པ་ཤེས་མ་སོང་།

  ཉིན་འདིའི་ས་སྲོད་ཀྱི་དུས་སུ་མོ་རབ་གསལ་ཁར་ལངས་འདུག གློ་བུར་དུ་ཁོ་ཐོག་ཁང་འོག་གི་ཟ་ཁང་ཞིག་ནས་ཕྱིར་ཐོན་པ་མཐོང་། མོས་ཁོས་དགོང་ཇ་གང་ནས་ཟོས་པ་ཤེས་སོང་། མོ་ཁོང་ཁྲོ་ལངས་ནས་ལུས་པོ་འདར་སིག་སིག་བྱེད་བཞིན་ཡོད།མོས་ཉི་མ་ལོ་ལྟར་སྐྱེལ་བཞིན་པའི་སྐབས་འདིར། ཁོ་ནི་ཟ་ཁང་དུ་སྣང་དོགས་གང་ཡང་མེད་པར་འགྲོ་འོང་བྱས་ཏེ་རྒྱས་སྤྲོས་ཀྱི་འཚོ་བ་རོལ་འདུག མོ་མྱུར་དུ་ཐོག་ཁང་ནས་མར་བབས། མོས་དགོང་ཇ་འཐུངས་ཟིན་ནའང་། མོས་ད་དུང་ཟ་མ་ཞིག་བཟའ་དགོས་པར་སྙམ། མོས་ཐེམ་སྐས་སྟེང་ནས་ཁོ་དང་ཕྲག་པ་ཐུག་ཙམ་བྱས་ཏེ་ཁོ་ལ་མིག་གིས་ཀྱང་མ་བལྟས་པར་མྱུར་དུ་ཐོག་ཁང་གི་འོག་ཏུ་སོང་། མོ་རང་ཁོ་ཡོང་སའི་ཟ་ཁང་དེར་སོང་། མོས་ཚལ་སྣ་འགའ་བླངས་པ་དང་ད་དུང་ཆང་དགོས་པར་བཤད། འོན་ཀྱང་མོས་ཁམ་རེ་གཉིས་ཟོས་རྗེས་ཟ་མི་ཐུབ་པར་གྱུར། མོས་ཟ་ཁང་དུ་ཐེངས་གསུམ་ལ་ཟ་མ་ཟོས་རྗེས་སྒོར་མོ་དེ་དག་ལ་སེར་སྣ་སྐྱེས་བྱུང་། མོས་ཁོ་ཚོས་གངུལ་ཁང་དུ་གསོག་འཇོག་བྱས་པའི་དངུལ་དག་ལས་བཀོལ་བ་རེད། ཁོ་ཚོས་གྲ་སྒྲིག་བྱས་པའི་དངོས་པོ་མང་དག་ཅིག་ད་དུང་ཉོས་མེད། དེ་དག་དྲན་པས་མོའི་རྐང་བ་གཉིས་སྒྲོག་ཏུ་ཚུད་དེ་ཟ་ཁང་དེ་རུ་གོམ་པ་སྤོ་མ་ཐུབ། མོ་རང་ཡང་བསྐྱར་གཡོས་ཁང་གི་ཐབ་ཀའི་འགྲམ་དུ་མངོན་ཏེ། རང་ཉིད་ལ་ཆེས་སྟབས་བདེ་བའི་ནུབ་ཟས་ལས།

  དེའི་རྗེས། མོས་རབ་གསལ་གྱི་ཁ་རུ་ཁོ་རང་མུ་མཐུད་འོག་གི་ཟ་ཁང་ལས་མངོན་པ་མཐོང་འཕྲལ་ཁོང་ཁྲོ་ལངས་ཏེ་རང་ཉིད་ཀྱང་ཟ་ཁང་དེ་རུ་འཛུལ། ཁོ་གཉིས་ཟ་ཁང་དུ་ཐུག་རག་བར་དུ་སོང་། ཐེངས་ཤིག་མོ་རང་ཟ་ཁང་དུ་འཛུལ་སྐབས་ཁོས་ཕྱེ་ཐུག་ཅིག་འཐུང་གིན་འདུག་པ་མཐོང་། མོ་ཁོ་དང་ཐག་རིང་བའི་སར་ཙོག་སྟེ་ཉེ་འཁོར་གྱི་མི་དག་གིས་རྒྱས་སྤྲོས་བྱས་ཏེ་ཟས་ཟ་བཞིན་པ་མཐོང་བ་དང་། ཁོས་དེ་རུ་ཐབས་ཆག་གིས་ཕྱེ་ཐུག་ཅིག་འཐུང་གིན་འདུག་པ་མཐོང་བས་མོའི་སེམས་ལ་གྲང་འདར་ཞིག་བརྒྱབ་བྱུང་།

  འདི་ལྟར། མོས་རང་ཉིད་ལ་ནུབ་ཟས་གྲ་སྒྲིག་བྱེད་སྐབས་ཁོ་ལ་འང་ཟུར་དུ་ཟ་མ་བཟོས་པ་རེད། མོས་དཀར་ཡོལ་སྟོང་བ་ཞིག་ཁོས་མཐོང་སར་བཞག་སྟེ་ཐུར་མ་གཉིས་ཀྱང་དེའི་སྟེང་བཞག ཚལ་སྣ་དག་དེའི་འགྲམ་དུ་བཞག མོས་ཁོ་རང་ནང་དུ་ཐོན་མ་ཐག་འདི་ལ་མཉམ་འཇོག་ཐུབ་ན་བསམ། ཁོས་དོན་འདིའི་སྟེང་ནས་མོ་ལ་ཡིད་ཆད་དུ་མ་བཅུག ཁོས་རང་ཉིད་ལ་གྲ་སྒྲིག་བྱས་པའི་ནུབ་ཟས་མཐོང་མ་ཐག་མིག་ལས་འོད་འཁྱུག་གིན་འདུག ཁོས་མོ་ལ་བལྟས་ཏེ་འདི་ཁོ་ལ་ལས་པ་གསལ་ཐག་ཆོད་རྗེས་ཁོས་ཕྱེ་ཐུག་འཐུངས་ཟིན་ན་འང་ཅོག་ཙེའི་མདུན་དུ་ཡོང་ནས་མོས་བཟོས་པའི་ཟ་མ་ཚང་མ་ཟོས།

  ཁོས་ཟས་ཚར་སྐབས། མོ་མལ་ཁང་དུ་ལོག་སྟེ་སྒོའང་གཏན་ཟིན། མོ་མལ་ཁྲིར་ཉལ་ཏེ་ཁོ་ནང་དུ་ཡོང་བ་ཐོས། ཁོ་མལ་ཁྲིའི་འགྲམ་དུ་ཡོང་ནས་འགྲེང་ནས་ཅུང་ཙམ་འགོར་རྗེས་ཙོག་སྟེ“འུ་གཉིས་ཀྱིས་ཁ་བརྡ་ཞིག་བྱས་ན་ག་འདྲ་འདུག”ཅེས་དྲིས།

  མོས་སྐད་ཆ་མ་བཤད། ཅུང་འགོར་རྗེས། ཁོས་མུ་མཐུད“འུ་གཉིས་ཀྱིས་ཁ་བརྡ་ཞིག་བྱས་ན་ག་འདྲ་འདུག”

  མོས་ད་དུང་སྐད་ཆ་མ་བཤད། འོན་ཀྱང་མོས་ཁོས་རྒྱུན་ཆད་མེད་པར་བཤད་ཐུབ་ན་འདོད་ཡོད། མོས་ཁོས་རང་ཉིད་ལ་ལེ་བདའ་བྱེད་འོས་སྙམ་ཡོད། ཁོས་འགྱོད་བཤགས་ཀྱི་མིག་ཆུ་འཕུད་མ་ཐུབ་མོད། མ་མཐའ་ཡང་གཉའ་ཞུམ་མགོ་སྒུར་གྱིས་ཧྲང་ནེན་གྱིས་བཤད་པ་ནང་བཞིན་པུས་བཙུགས་ཏེ་མནའ་བསྐྱལ་ཏེ་བཤད་དགོས་པ་ཡོད་དོ་ཅོག་བཤད་དགོས་པར་སྙམ། མོས་སྔར་བཞིན་ཁ་ཡ་མི་བྱེད་ན་འང་དོན་འདི་དག་ཁོས་ངེས་པར་བསྒྲུབ་ཐུབ་དགོས། འོན་ཀྱང་ཁོས་བཤད་པ་ཁོ་ན་ནི“འུ་གཉིས་ཀྱིས་ཁ་བརྡ་ཞིག་བྱས་ན་ག་འདྲ་འདུག”ཅེས་པ་རེད།

  ཁོ་རང་མོའི་མལ་ཁྲིའི་མདུན་ཡུན་རིང་བསྡད་རྗེས། སྔར་བཞིན་མོས་སྐད་ཆ་མི་བཤད་པ་མཐོང་རྗེས་སྒོར་སོང་། མོས་དལ་བུར་སྒོ་གཏན་པ་ཐོས། མོའི་མིག་ཆུ་དབང་མེད་དུ་བརྡོལ་བྱུང་། ཁོས་འདི་ལྟར་འགན་མི་འཁུར་བར་སོང་། ཁོ་འབོལ་ཁྲིའི་མདུན་དུ་སླེབས་རྗེས་དེ་རུ་ཉལ་ཏེ་དེ་སྔོན་ཏག་ཏག་བྱུང་བའི་འཕེལ་རྒྱས་དེ་མི་མངོན་པར་གྱུར། ཡོད་ཚད་སྔར་བཞིན་མགོ་རྩོམ་དུས་དང་དང་གཉིས་སུ་མེད་པར་གྱུར།

  5

  འདི་ལྟ་བུའི་ཉིན་མོ་ཉིན་ཉེར་དྲུག་ལ་རྒྱུན་མཐུད། ལི་ཧན་ལིན་གྱིས་གཞི་ནས་བཟོད་པར་དཀའ་བྱུང་། ཁོས་ལིན་ཧུང་ལ་རང་ཉིད་ཀྱི་ལྷུ་ཚིགས་ཐམས་ཅད་ན་བ་དང་སྐེ་ཡང་རང་དབང་གིས་འཁོར་མི་ཐུབ་པ། ད་དུང་འཚོ་བའི་ཆོས་ཉིད་དང་མ་མཐུན་པས་ཕོ་ཁ་ཡང་ཇེ་སྡུག་ཏུ་གྱུར་པས་ཁོས“འཚོ་བ་འདིའི་རིགས་མཇུག་རྫོགས་རན་རེད”ཅེས་སྨྲས།

  སྐབས་དེར་ཁོའི་སྐད་གདངས་ཧ་ཅང་གསལ། ཁོས་དེ་ནས་བཟུང་སེམས་ཆུང་མི་བྱེད་པ་དང་རྐང་འཇབ་ལག་འཇབ་ཀྱང་མི་བྱེད་པར་ལིན་ཧུང་གི་མདུན་དུ་ལངས་ནས་ལག་པ་གཡུག་གཡུག་བྱེད་བཞིན་ཡོད་པ་དང་། ཁོས་བདེན་ཡོད་ཞུམ་མེད་ཀྱི་རྣམ་འགྱུར་བསྟན་ནས“ངས་རང་ཉིད་ལ་ཆད་པ་བཅད་ཟིན་མོད། འོན་ཀྱང་ཁྱོད་ཀྱིས་ད་དུང་ཡང་ང་ལ་གུ་ཡངས་གཏོང་མི་འདོད། གལ་ཏེ་ང་ཚོས་མུ་མཐུད་དུ་འདི་ལྟར་བྱས་ན། ང་མ་ཟད་ཁྱོད་ཀྱིས་ཀྱང་བཟོད་བསྲན་བྱེད་མི་ཐུབ། འདི་ལྟ་བུའི་འཚོ་བ་ངས་དངོས་གནས་བཟོད་བསྲན་བྱས་ནས་འདང་སོང་། ང་ཚོ་མུ་མཐུད་འདི་ལྟར་འགྲོ་མི་རུང་། ང་ཚོས་ཕལ་ཆེར……”

  ཁོས་མཚམས་བཅད་ནས་ཅུང་བསྡད་རྗེས“ང་ཚོས་ཕལ་ཆེར་གཉེན་འཐོར་བྱ་དགོས་རེད། ”

  ཁོས་སྐད་ཆ་བཤད་པའི་སྐབས་སུ། ལིན་ཧུང་གིས་ཐོག་མཐའ་བར་གསུམ་དུ་ཁོ་ལ་རྒྱབ་གཏད་དེ། མོས་ཁོས་བཤད་པའི་སྐད་ཆ་མཐའ་མ་དེ་ཐོས་རྗེས། གློ་བུར་དུ་ཁ་ཕྱིར་འཁོར་ནས“ཁྱོད་ཀྱིས་ང་དང་གཉེན་འཐོར་མ་འདོད། ཁྱོད་ཀྱིས་ང་ལ་གནོད་པ་བྱས་རྗེས་རིན་དོད་མ་ཕུལ་བར་འབྲོ་ན་འདོད་དམ། ཁྱོད་རང་ཆིན་ཆིན་གྱི་སར་འབྲོ་འདོད་དམ། ངས་ཁྱོད་མི་གཏོང་། ངས་ཁྱོད་རྒས་རག་བར་དུའམ་ཤི་རག་བར་དུ་མི་གཏོང་། ”ཞེས་བཤད།

  མོས་ལི་ཧན་ལིན་གྱི་གདོང་ནས་འཛུམ་མདངས་མངོན་པ་མཐོང་བ་ན། མོས་གློ་བུར་དུ་ཤེས་བྱུང་། དོན་དངོས་སུ་ཁོས་རང་ཉིད་མི་གཏོང་བར་ངོ་རྒོལ་མི་བྱེད། མོས་ཁོས་རང་ཉིད་སྐྲ་མདོག་དཀར་པོར་གྱུར་ནས་འཆི་བའི་བར་དུ་མ་བཏང་ཡང་བསམ་འཆར་སྤུ་ཙམ་ཡང་མེད་པ་ཤེས་རྗེས། མོས་མུ་མཐུད་དུ་མི་བཤད་པར། དེར་ལངས་ནས་རེ་ཞིག་ལ་ཇི་ལྟར་བྱེད་དགོས་པའང་མ་ཤེས་པར་ལུས། མོའི་མིག་ཆུ་བཞུར་བྱུང་། མིག་ཆུ་བཞུར་བ་དང་ལྷན་དུ་མོས་བརྙས་བཅོས་མྱངས་པ་ཚོར་བྱུང་། དཀའ་སྡུག་གི་ཉི་མ་མང་པོ་དེ་འདྲ་ཞིག་བརྒལ་རྗེས། བརྗེས་ཡོང་བ་ནི་ཁོའི་འཛུམ་མདངས་རེད། མོས་ཐོག་མཐའ་བར་གསུམ་དུ་ཁོས་འགྱོད་བཤགས་བྱེད་པར་བསྒུགས་ཡོད། ཁོས་རང་ཉིད་ལ་སྐྱོན་བརྗོད་བྱེད་པར་བསྒུགས་ཡོད། མ་མཐར་ཡང་ཁོ་ངུ་བཞིན་དུ་འགྱོད་བཤགས་ཐེངས་ཤིག་བྱས་ཏེ་མོ་ལ་ཁོ་དངོས་གནས་ཁོ་འགྱོད་བཞིན་པ་ཚོར་དུ་འཇུག་དགོས་པར་འདོད་མོད། འོན་ཀྱང་ཁོས་ཅི་ཡང་མ་བྱས་པར། དེ་ལས་ལྡོག་སྟེ། མོའི་མདུན་དུ་ལངས་ནས་བདེན་ཡོད་ཞུམ་མེད་ཀྱིས“ངེད་གཉིས་བཟའ་འཐོར་བྱ་རྒྱུ་ལས་ཐབས་གཞན་མེད”ཅེས་བཤད།

  མོས་ལག་པ་བཀྱགས་ནས་མིག་ཆུ་ཕྱིས་རྗེས“ཆོག་གི འུ་གཉིས་བཟའ་འཐོར་བྱ། ”

  བཤད་ཚར་རྗེས། མོས་ཁོའི་གདོང་གི་འཛུམ་མདངས་སྐད་ཅིག་ལ་ཡལ་བ་ཚོར། མོ་ཁ་ཕྱིར་འཁོར་ནས་མལ་ཁང་དུ་ལོག་སྟེ་སྒོ་ཟྭ་བརྒྱབ། དེའི་རྗེས་དེ་མ་ཐག་གཉིད་པར་བརྩམས།

  6

  ཁོ་གཉིས་ལམ་དུ་སོང་། ཁོ་གཉིས་འགྲོ་ས་ནི་སྲང་ལམ་དོན་གཅོད་ཁང་རེད། ཁོ་གཉིས་ཀྱི་གཉེན་སྒྲིག་ཐོག་མར་འདི་ནས་མགོ་བརྩམས་པ་རེད། ད་ཐེངས་ཐེངས་གཉིས་པར་འདིར་འགྲོ་བ་ནི་གཉེན་འཐོར་བྱེད་དུ་འགྲོ་བ་རེད། ཁོ་གཉིས་སྲང་ལམ་འགྲམ་གྱི་གྱང་ར་བརྒྱུད་ནས་མདུན་དུ་སོང་། ལི་ཧན་ལིན་སྔོན་དུ་འགྲོ་བ་དང་ལིན་ཧུང་རྗེས་སུ་འགྲོ། ལི་ཧན་ལིན་ཅུང་ཙམ་སོང་རྗེས་བསྡད་དེ་ལིན་ཧུང་ལ་སྒུག་པར་བྱེད། ལིན་ཧུང་རྗེས་ཆོད་རྗེས་མུ་མཐུད་མདུན་དུ་བསྐྱོད། ཁོ་གཉིས་སུས་ཀྱང་སྐད་ཆ་མ་བཤད། ལི་ཧན་ལིན་མགོ་བོ་བསྒུར་ནས་ངོ་མདངས་མི་བཟང་བར་སེམས་ཁུར་ཆེན་པོ་ཞིག་ཡོད་པ་ལྟར་མདུན་དུ་བསྐྱོད། འོན་ཀྱང་ལིན་ཧུང་གི་མགོ་བོ་དགྱེ་ནས་སྟོན་རླུང་གིས་མོའི་སྐྲ་ལོ་བསྐྱོད་དུ་འཇུག མོའི་ངོ་གདོང་ལས་འཛུམ་མདངས་ཅུང་ཙམ་འཚེར་གྱིན་འདུག མོའི་འཛུམ་མདངས་ནི་ས་རུ་ཟགས་པའི་སྡོང་ལོ་ལྟར་ཉམས་རྒུད་དུས་ཀྱི་སྐྱོ་སྣང་གིས་ཁེངས་འདུག

  ཁོ་གཉིས་ཤིན་ཏུ་ཆ་རྒྱུས་ཆེ་བའི་ཚོང་ཁང་མང་པོ་ཞིག་བརྒྱུད། ཚོང་ཁང་རེ་རེར་ཁོ་གཉིས་མཉམ་དུ་ཐེངས་མང་ལ་སོང་མྱོང་། ཁོ་གཉིས་རླངས་འཁོར་ས་ཚིགས་མང་པོ་ཞིག་ཀྱང་བརྒྱུད། སྔོན་ཆད་ཁོ་གཉིས་ཀྱིས་ས་ཚིགས་དེ་དག་གི་ལམ་བྱང་འོག་ནས་མཉམ་དུ་བསྒུགས་མྱོང་། འདི་ལྟར་ཁོ་གཉིས་ཕྱིར་དྲན་གྱི་བགྲོད་ལམ་དུ་ཕར་འགྲོ་ཚུར་འོང་བྱས། དུས་ཚོད་ཀྱང་ཕྱིར་ལྡོག་བྱས་པ་དང་འདྲ་བར། ཁོ་གཉིས་མིང་ལ་ས་སྲོད་དུ་འབོད་པའི་འཚིག་ཇ་ཁང་ཞིག་གི་སྒོ་ཁར་སླེབས། ལི་ཧན་ལིན་འགྲོ་མཚམས་བཞག ལིན་ཧུང་རྗེས་ཆོད་རྗེས་ཁོ་མུ་མཐུད་དུ་མ་སོང་། རྒྱུ་མཚན་ཁོས་མི་ལོ་དུ་མའི་སྔོན་དུ་ཁོ་གཉིས་ཀྱིས་སྲང་ལམ་གྱི་དོན་གཅོད་ཁང་ནས་གཉེན་སྒྲིག་ཐོ་འགོད་བྱས་རྗེས་འདིར་ཡོང་སྟེ། སྲང་ལམ་དང་ཉེ་བའི་སྒེའུ་འགྲམ་དུ་ཁོས་འཚིག་ཇ་ཞིག་དང་མོས་གངས་ཆབ་སྔོན་མོ་ཞིག་འཐུངས་པ་དྲན་པས་རེད། དེའི་ཕྱིར་ཁོས་མོ་བོས་ནས“འུ་གཉིས་ནང་དུ་སོང་ནས་བཏུང་ན་ག་འདྲ་རེད”

  ལིན་ཧུང་སྐབས་འདིར་ཕར་ལ་སོང་། མོས་ཁ་ཕྱིར་ཕྱིར་འཁོར་ནས་མགོ་བོ་དགྱེ་སྟེ་བལྟས་པ་ན་ཁང་ཀླད་དུ“ས་སྲོད་འཚིག་ཇ་ཁང”ཞེས་པའི་ཡིག་འབྲུ་ལྔ་བོ་མཐོང་། དེ་ནས་མོས་ཁོའི་བསམ་ཚུལ་དང་དུ་བླངས་ནས་ཁོ་གཉིས་ནང་དུ་སོང་། སྐབས་འདི་ནི་ཕྱི་དྲོ་ཡིན་པས་ནང་དུ་མི་མང་པོ་མི་འདུག ཁོ་གཉིས་སྲང་ལམ་དང་ཉེ་བའི་སྒེའུ་འགྲམ་དུ་བསྡད། ཁོས་སྔར་བཞིན་འཚིག་ཇ་ཞིག་དང་མོས་གངས་ཆབ་སྔོན་མོ་ཞིག་བཤད། དེའི་རྗེས་ཁོ་གཉིས་ཀྱིས་འདས་དོན་དྲན། ལོ་འགའི་སྔོན་དུ་ཁོ་གཉིས་ཀྱིས་གཉེན་སྒྲིག་ལ་རྟེན་འབྲེལ་ཞུ་སླད་འདི་ནས་ཅི་ཞིག་འཐུངས་པ་ཡིད་ལ་ཝ་ལེར་དྲན།

  ཐོག་མར་ལི་ཧན་ལིན་བགད་བྱུང་། དེ་ནས་ལིན་ཧུང་ཡང་བགད་བྱུང་། འོན་ཀྱང་ཁོ་ཚོས་འཛུམ་མདངས་དེ་མ་ཐག་ཕྱིར་བསྡུས་ཏེ་ཁ་ཕར་ལ་ཕྱོགས། ལི་ཧན་ལིན་གྱིས་སྒེའུ་ཁུང་ཕྱི་རོལ་ཏུ་བལྟས། ལིན་ཧུང་གིས་འཚིག་ཇ་ཁང་གི་མི་གཞན་དག་ལ་བལྟས། མོས་ཁོ་གཉིས་ཀྱི་གཡས་ཕྱོགས་སུ་གོན་པ་དམར་པོ་གོན་པའི་གཅིག་པུར་བསྡད་ཡོད་པའི་བུ་མོ་ཞིག་གིས་ཁོ་གཉིས་ལ་བལྟས་འདུག་པར་དོ་སྣང་བྱུང་། ལིན་ཧུང་གིས་མོའི་གདོང་དུ་རྣམ་འགྱུར་ཁྱད་མཚར་བ་ཞིག་ཡོད་པ་མཐོང་རྗེས་མོ་སུ་ཡིན་པ་ཤེས་སོང་། ལིན་ཧུང་གི་ཀླད་པའི་ནང་མིང་ཞིག་འཁྱུག་ཙམ་བྱས་བྱུང་། མིང་དེ་ནི་ཆིན་ཆིན་རེད།

  ལིན་ཧུང་གིས་མྱུར་དུ་ལི་ཧན་ལིན་ལ་བལྟས། ལི་ཧན་ལིན་གྱིས་ཀྱང་ཆིན་ཆིན་མཐོང་བྱུང་། ཁོས་ཀྱང་འདི་རུ་ཆིན་ཆིན་དང་འཕྲད་སྲིད་པ་ཡིད་ལའང་དྲན་མེད་པས་གདོང་ནས་ཡ་མཚར་བའི་རྣམ་འགྱུར་ཞིག་མངོན། ཁོ་ཁ་ཕྱིར་འཁོར་དུས་ལིན་ཧུང་གིས་ཁོ་ལ་བལྟས་འདུག ལིན་ཧུང་གི་མིག་མདངས་ལས་མོས་རྟོགས་ཟིན་པ་ཤེས་པས་ཁོས་ལིན་ཧུང་ལ་ཕྱོགས་ནས་འཛུམ་པའི་ཚུལ་ཙམ་བསྟན།

  ལིན་ཧུང་གིས“ཁྱོད་ཀྱིས་མོ་ལ་བརྡ་བརྒྱབ་པ་ཡིན་ནམ”

  ལི་ཧན་ལིན་གྱིས“ཁྱོད་འདིས་ཅི་བཤད། ”

  ལིན་ཧུང་གིས“ཁྱོད་ཀྱིས་མོ་ལ་འུ་གཉིས་གཉེན་འཐོར་བྱ་རྒྱུ་ཡིན་པ་བཤད་པས་མོ་ཡོང་བ་ཨེ་རེད། ”

  ལི་ཧན་ལིན་གྱིས“མ་རེད། ”

  ལིན་ཧུང་གི་སེམས་གཏིང་ནས་སྐྱོ་གདུང་གི་རྦ་རླབས་འཕྱུར་ཏེ“དོན་དངོས་སུ་ཁྱོད་དེ་འདྲའི་བྲེལ་བ་ཞིག་ལངས་དགོས་པ་མ་རེད། ”

  “མ་རེད། ”ལི་ཧན་ལིན་གྱིས“མོས་ཅི་ཡང་ཤེས་པ་མ་རེད། ”

  ལིན་ཧུང་གིས་ལི་ཧན་ལིན་ལ་ཕུར་ཚུགས་སུ་ཅེར་འདུག མོས་ལི་ཧན་ལིན་གྱི་གདོང་ནས་བརྟན་བརླིང་གི་རྣམ་པ་མཐོང་བས་ཁོ་ལ་ཅུང་ཙམ་ཡིད་ཆེས་པར་གྱུར། མོས་ཡང་བསྐྱར་ལོ་ན་གཞོན་པའི་བུད་མེད་དེ་ལ་བལྟས། ཆིན་ཆིན་གྱིས་ཁོ་གཉིས་ལ་བལྟས་འདུག ལིན་ཧུང་གིས་མོ་ལ་ལྟ་དུས་མོས་མིག་དབང་ཕར་ལ་ཕྱོགས་སོང་། ལིན་ཧུང་གིས་ལི་ཧན་ལིན་ལ“མོས་ཁྱོད་ལ་ཅེར་ཅེར་ལ་འདུག་པས་ཁྱོད་མོའི་གམ་དུ་སོང་ནས་སྐད་ཆ་འགའ་བཤད་ན་མི་བཟང་ངམ། ”

  ལི་ཧན་ལིན་གྱིས“མིན། ”

  ལིན་ཧུང་གིས་མུ་“འུ་གཉིས་མྱུར་དུ་གཉེན་འཐོར་རྒྱུ་རེད། ཁྱོད་ཅི་ལ་སྐྲག་གམ། ”

  ལི་ཧན་ལིན་གྱིས་སྔར་“མིན། ”

  ལིན་ཧུང་གིས་ལི་ཧན་ལིན་ལ་བལྟས་འདུག ཁོའི་བབ་བརླིང་གི་རྣམ་འགྱུར་དེས་ལིན་ཧུང་ལ་དྲོད་ཁོལ་ཞིག་བྱིན། མོས་ཡང་བསྐྱར་ཆིན་ཆིན་ལ་བལྟས། ཐེངས་འདིར་ཆིན་ཆིན་གྱིས་ཁོ་གཉིས་ལ་བལྟས་མི་འདུག མོས་སྐོམ་ཆུ་འཐུང་བཞིན་རྐང་བ་གཅིག་ཐོག་གཅིག་ལ་བཞག་འདུག མོའི་ཚུགས་ཀར་བལྟས་ན་ལྷོད་ཆགས་ཀྱི་ཆ་ཤོར་འདུག ལིན་ཧུང་གིས་ལི་ཧན་ལིན་ལ་བལྟས་པ་ན་ཁོས་སྒེའུ་ཁུང་ཕྱི་རོལ་ཏུ་ཅེར་འདུག ཁོས་ཐོད་གཉེར་བསྡུས་ཏེ་བཟོ་ལྟ་བརྗིད་པོ་ཞིག་ཏུ་གདའ། ལིན་ཧུང་གིས་ཁོ་ལ་བལྟས་ཏེ“ཁྱོད་ཀྱིས་ང་ལ་འོ་ཞིག་བྱོས་དང་། ”

  ལི་ཧན་ལིན་ཁ་ཕྱིར་འཁོར་ཏེ་ཡ་མཚར་བའི་རྣམ་འགྱུར་ཞིག་བསྟན། ལིན་ཧུང་གིས་སྔར་བཞིན“ཁྱོད་ཀྱིས་ང་ལ་འོ་ཞིག་བྱོས་དང་། རྗེས་ཕྱོགས་ཁྱོད་ཀྱིས་ང་ལ་འོ་བྱེད་པ་མ་རེད། དེ་བས་ཁྱོད་ཀྱིས་ང་ལ་འོ་ཞིག་བྱོས་དང་། ”

  ལི་ཧན་ལིན་གྱིས་མགོ་བོ་སྒུར་ཙམ་བྱས་ཏེ་ལུས་པོ་ཚུར་གཏད་ཡོང་། “ཁྱོད་ངའི་འགྲམ་དུ་བསྡད་དེ་འོ་བྱ་དགོས། ”

  དེའི་ཚེ་ལི་ཧན་ལིན་མྱུར་དུ་ཡར་ལངས་ནས་ལིན་ཧུང་གི་འགྲམ་དུ་བསྡད་དེ་མཆུ་ལིན་ཧུང་གི་ངོ་ལ་སྦྱར། དེའི་ཚེ་ལིན་ཧུང་གིས“ཁྱོད་ཀྱིས་ང་ལ་འཐམ་འཁྱུད་བྱོས། ”

  ལི་ཧན་ལིན་གྱིས་མོ་ལ་འཐམ་འཁྱུད་བྱས། དེའི་རྗེས་ཁོ་ཡིས་མོའི་མཆུ་འདབ་ཁོའི་ངོ་གདོང་དུ་དྲུད་དེ་མཆུ་དང་སྦྱར་བ་ཚོར་བྱུང་། མོའི་ལྕེ་ཁོའི་ཁ་ནང་དུ་བཏང་བ་དང་ཁོ་ལ་འཐམ་འཁྱུད་ཀྱང་བྱས་བྱུང་། དེའི་ཚེ་ལི་ཧན་ལིན་གྱིས་མཚན་མོ་ལྟར་རིང་བའི་མཆུ་སྦྱོར་གྱི་དུས་ཚོད་ཅིག་བསྐྱལ། མོའི་ལག་པས་ཁོ་ལ་ཚོད་འཛིན་བྱས་ཏེ་མཆུ་ཡིས་ཁོའི་མཆུ་ཡང་ཚོད་འཛིན་བྱས། མོའི་དྲོད་རླབས་དག་མཆུ་སྦྱོར་བརྒྱུད་ནས་ཁོའི་ལུས་ཁོག་ཏུ་ཞུགས་ནས་མཐའ་མེད་དུ་ཁྱབ་ཅིང་མཆེད་པར་བྱས།

  ལིན་ཧུང་གི་མིག་གིས་ཆིན་ཆིན་ཟེར་བའི་བུ་མོ་དེ་ལ་ཐོག་མཐའ་བར་གསུམ་དུ་བལྟས་འདུག མོས་ཅི་འདི་མེད་པར་མཚམས་ལན་རེར་ཁོ་ཚོའི་ཕྱོགས་སུ་ཅེར་བར་བལྟས་འདུག དོགས་མ་བདེ་བར་ཕོར་བ་དེ་ཅོག་ཙེའི་སྟེང་ཕར་འདེད་ཚུར་འདེད་བྱས་པར་བལྟས་འདུག མཐའ་མཇུག་མོ་རང་འདུག་བཟོད་མ་བདེ་བར་བྲེལ་སྟབས་ཀྱིས་ས་སྲོད་འཚིག་ཇ་ཁང་དུ་འབོད་པ་འདི་ནས་སྒོར་སོང་བར་བལྟས། དམར་མདོག་གི་གཟུགས་བརྙན་དེ་ཁོ་གཉིས་ཀྱི་འགྲམ་ནས་གློ་བུར་ཡལ་ཏེ་དུས་དེ་ནས་བཟུང་སླར་ཡང་མངོན་པར་མི་འགྱུར་བས་ལིན་ཧུང་གི་སེམས་གཏིང་ནས་དགའ་སྤྲོ་ཞིག་འཕྱུར་བྱུང་། མོས་གློ་བུར་དུ་རང་ཉིད་ལ་རྒྱལ་ཁ་ཐོབ་སོང་སྙམ། ཉིན་ཉེར་དྲུག་གི་སྐྱོ་གདུང་དང་ཁོང་ཁྲོ། གཉིད་ཆག་དང་སྟོང་སྣང་བཅས་བརྒྱུད་རྗེས་མོས་འཐབ་རྩོད་མ་བྱས་པར་རྒྱལ་ཁ་ཐོབ།

  མོས་ལག་པ་ལི་ཧན་ལིན་གྱི་ལུས་སྟེང་ནས་གློད་དེ་མཆུ་ཡང་ཁོའི་མཆུ་འདབ་དང་གྱེས་ནས་དགའ་སྤྲོའི་ངང་ལི་ཧན་ལིན་ལ“འུ་གཉིས་རང་ཁྱིམ་དུ་ལོག ”ཅེས་བཤད།

ཆང་གཞོན་ནུས་བོད་ཡིག་ཏུ་བསྒྱུར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བུད་མེད་ཀྱི་རྒྱལ་ཁ།

2021-06-15 ཡུས་ཧྭ།(余华) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།