བརྩམས་སྒྲུང་མཁན་ཚེ་རིང་དོན་གྲུབ་ཀྱི་བསྒྱུར་རྩོམ། 《ཤེས་རབ་ཁྱེའུ》

ཐོ་མ་སི·མན།(འཇར་མན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-08-18

   ཤེས་རབ་ཁྱེའུ་ནང་དུ་ཡོང་བ་ན་ཚོམས་ཆེན་དལ་ཅག་གེར་གྱུར།
   དལ་ཅག་གེར་གྱུར་རྗེས་འགྲམ་གྱི་གནས་གང་ཞིག་ཏུ་ལྷན་སྐྱེས་ཀྱི་དབང་འཛིན་པ་དང་མང་ཚོགས་ཀྱི་མགོ་ཁྲིད་མི་སྣ་ཞིག་ཡོད་པ་དེས་ཐོག་མར་ཐལ་མོ་བརྡབས་པས་ཚང་མས་ཐལ་མོ་བརྡབས། ཁོ་ཚོས་རོལ་དབྱངས་ལ་མ་ཉན་གོང་ཐོག་མར་ཐལ་མོ་བརྡབས་ནས་དགའ་འབོད་སྒྲོག འདི་ནི་དྲིལ་བསྒྲགས་ཡོ་བྱད་ཆེན་པོ་དེས་ཤེས་རབ་ཁྱེའུའི་ཆེད་དུ་སྔ་མོ་ནས་ལས་ཀ་བསྒྲུབས་ཟིན་པས་མི་རྣམས་ཀྱིས་རང་གིས་ཚོར་ཡོད་མེད་གང་ལྟར་ཡང་མགོ་རྨོངས་ཐེབས་ཚར་པས་རེད།
   ཤེས་རབ་ཁྱེའུ་བཙན་རྒྱལ་གྱི་ཁྱད་ཆོས་ཅན་གྱི་མེ་ཏོག་གདུབ་གོར་དང་དྲང་སྲོང་མེ་ཏོག་ཅན་གྱི་རྒྱས་སྤྲོས་ཆེ་བའི་ཡོལ་ཤིང་གི་རྒྱབ་ནས་བུད་དེ་ལྡེམ་མྱུར་ངང་སྐས་ཐེམ་བརྒྱུད་ནས་གར་སྟེགས་སྟེང་འཛེགས་པའི་དུས་མཚུངས་སུ་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་སླེབས་པ་ནི་ཁྲུས་རྫིང་དུ་ཞུགས་པ་དང་འདྲ་ལ། མ་འཁྱག་དྲང་འདར་ཞིག་བརྒྱབ་སྟེ་ཅུང་ཙམ་སྐྲག་སྣང་སྐྱེས་ནའང་གང་ལྟར་མཛའ་བརྩེའི་ཁོར་ཡུག་ཅིག་ཏུ་སླེབས་བྱུང་། ཁོ་པ་གར་སྟེགས་ཀྱི་འདབས་སུ་ཡོང་སྟེ་འཛུམ་དམུལ་དམུལ་བྱེད་པ་ནི་སུ་ཞིག་གིས་ཁོ་པར་འདྲ་པར་ལེན་པ་དང་མཚུངས། ཁོ་པ་ཞི་ལུ་ཞིག་ཡིན་ནའང་ལྷ་ལྕམ་ཞིག་དང་འདྲ་བར་སྒེག་ཉམས་ཀྱིས་ལྟད་མོ་བ་རྣམས་ལ་མགོ་བོ་སྒུར་ཙམ་གྱིས་བཀའ་དྲིན་ཆེ་ཞུ་བའི་ཚུལ་ནི་ཧ་ཅང་ཡིད་དུ་འོངས་པ་ཞིག་རེད།
   ཁོའི་ལྭ་བ་ཆ་ཚང་དར་གོས་དཀར་པོས་བཟོས་པ་ཡིན་པས་ལྟད་མོ་བ་རྣམས་ཀྱི་མིག་དབང་ལྷག་ཏུ་དྲངས་སོང་། ཁོས་དར་གོས་དཀར་པོའི་སྟོད་གོས་ཐུན་མིན་ཞིག་གོན་ཡོད་པའི་འོག་ཏུ་གོང་དཀྲིས་ཤིག་མདུད་ཡོད་པ་དང་། ཐ་ན་ལྷམ་མགོ་ཡང་དར་གོས་དཀར་པོས་བཟོས་ཡོད་པ་རེད། དར་གོས་དཀར་པོའི་རྐང་སྣམ་ཐུང་ངུའི་འོག་ནས་རྗེ་ངར་སྨུག་པོ་ཟུང་མངོན་ཡོད་པ་ནི་རྐང་སྣམ་གྱི་མདོག་དང་མངོན་གསལ་གྱིས་ལྡོག་ཟླར་གྱུར་འདུག མ་གཞི་ཁོ་ནི་གྷི་རི་སིའི་ཁྱེའུ་ཞིག་རེད།
   ཁོའི་མིང་ལ་པེའུ་པེའུ·ས་སེ་ལ་ཧྥེ་ལ་ཁཱ་སི་ཟེར་ཞིང་འདི་ནི་ཁོའི་རུས་མིང་རེད། ཁོའི་བདག་གཉེར་བ་མ་གཏོགས་“པེའུ་པེའུ”ནི་མིང་གང་གི་བསྡུས་འབྲིའམ་ཡང་ན་གཅེས་མིང་ཡིན་པ་སུས་ཀྱང་མི་ཤེས། བདག་གཉེར་བས་འདི་ནི་ལས་སྒོའི་གསང་བར་བཟུང་ཡོད། པེའུ་པེའུ་ལ་གནག་ཅིང་འཇམ་པའི་སྐྲ་ལོ་ཞིག་ཡོད་པ་དེ་ཕྲག་པའི་བར་དུ་དཔྱངས་འདུག་ནའང་སྐྲ་ལམ་འགྲམ་དུ་བཀར་ཡོད་པར་མ་ཟད་ཆུང་ཞིང་འབུར་བའི་དཔྲལ་བའི་སྟེང་དུ་མི་འཐོར་ཆེད་དར་གོས་ཀྱི་ཕྱེ་མ་ལེབ་ཀྱི་མདུད་པ་ཞིག་གིས་མཉམ་དུ་བཅིངས་ཡོད། ཁོ་པར་འཛམ་གླིང་སྟེང་གི་ཆེས་གཡོ་ཟོལ་བྲལ་བའི་ཁྱེའུའི་ངོ་གདོང་ཞིག་ཡོད་ལ། སྣ་ཆུང་ངུ་དེ་ད་དུང་ལག་ཆགས་མེད་པ་དང་མཆུ་སྒྲོས་ལའང་གཡོ་ཟོལ་བྲལ། ཡིན་ཡང་རྣོ་ངར་ཅན་གྱི་མིག་འབྲས་ནག་པོ་གཉིས་ཀྱི་འོག་གི་ཆ་ཤས་ལ་ཐང་ཆད་པའི་ཉམས་ཤིག་མངོན་པར་མ་ཟད་གཉེར་མ་གསལ་པོ་གཉིས་ཡོད།
   ཕར་བལྟས་ན་ཁོ་པ་ལོ་དགུ་ཡིན་པ་འདྲ་ལ། དོན་དངོས་སུ་ལོ་བརྒྱད་ཡིན། ཡིན་ནའང་ཕྱི་རོལ་ཏུ་ལོ་བདུན་ཡིན་ཞེས་སྒྲོག་གིན་ཡོད། མི་རྣམས་ངོ་མ་འདི་ལ་རློམ་གྱིན་ཡོད་མེད་ཁོ་ཚོ་རང་གིས་ཀྱང་མི་ཤེས། ཁོ་ཚོའི་སེམས་ན་གསལ་པོ་ཡིན་ན་ཐང་མོད། འོན་ཀྱང་ཁོ་ཚོ་གནས་ཚུལ་གང་མང་འོག་ཏུ་ལོབས་པར་གྱུར་པ་ནང་བཞིན་ད་དུང་རློམ་གྱིན་འདུག ཁོ་ཚོས་བལྟས་ན་དོན་བཟང་ཞིག་འགྲུབ་ཆེད་རྫུན་ཅུང་ཙམ་བཤད་དགོས་པ་ནི་གླེང་མ་དགོས་པ་ཞིག་རེད། ཁོ་ཚོའི་བསམ་ཚུལ་ལྟར་ན་གལ་ཏེ་བྱམས་སེམས་ཀྱི་རེ་སྨོན་ཅུང་ཙམ་མ་འདྲེས་པར་རང་གི་འདོད་མོས་ཁོ་ནས་དོན་དག་ཅིག་ལ་རྩད་གཅོད་ནན་མོ་བྱས་ན་ཉིན་རྒྱུན་འཚོ་བ་ལས་གཞན་དགའ་སྤྲོ་ཞིག་གང་ན་ཡོད། ཁོ་ཚོའི་ཐ་མལ་གྱི་ཀླད་པར་བསམ་ཚུལ་འདི་ནི་གནས་ལུགས་ཡོད་པ་ཞིག་རེད།
   ཤེས་རབ་ཁྱེའུས་དགའ་བསུའི་ཐལ་མོ་རྡེབ་སྒྲ་ཡལ་རག་བར་དུ་བཀའ་དྲིན་ཆེ་ཞུས་པ་དང་། དེ་ནས་ཁོ་པ་རྣོ་སྦྲེང་ཟུར་གསུམ་གྱི་གམ་དུ་སོང་། སྐབས་འདིར་ལྟད་མོ་པས་རོལ་ཚན་རེའུ་མིག་ལ་ཆེས་མཇུག་མཐའི་ཐེངས་གཅིག་བལྟས། རོལ་ཚན་དང་པོ་ནི《རྔམ་བརྗིད་ཀྱི་མདུན་སྐྱོད་རོལ་དབྱངས》དང་། གཉིས་པ་ནི《རེ་སྨོན་རོལ་དབྱངས》གསུམ་པ་ནི《འུག་པ་དང་བྱེའུ》——ཚང་མ་པེའུ་པེའུ·ས་སེ་ལ་ཧྥེ་ལ་ཁཱ་སིས་གསར་རྩོམ་བྱས་པ་རེད། རོལ་ཚན་ཡོད་ཚད་ཁོས་གསར་རྩོམ་བྱས་པའི་རོལ་དབྱངས་ཡིན་པ་དང་ཡོད་ཚད་ཁོའི་བརྩམས་ཆོས་རེད། ཁོས་ད་དུང་དབྱངས་གཞུང་འབྲི་མི་ཤེས་ནའང་བརྩམས་ཆོས་འདི་ཡོད་ཚད་ཁོའི་ཆུང་ཞིང་ཐུན་མོང་མིན་པའི་ཀླད་པར་ཉར་ཡོད། འདི་ནི་ཏག་ཏག་བདག་གཉེར་བས་འཆར་འགོད་བྱས་པའི་ཁྱབ་བསྒྲགས་སུ་གཟབ་ནན་དང་དྲང་བདེན་གྱིས་སྤེལ་ཡོད་པ་ནང་བཞིན་ཡིན་པས་ན་བརྩམས་ཆོས་འདི་དག་གི་སྒྱུ་རྩལ་རིན་ཐང་ལ་གདེང་འཇོག་ངེས་ཅན་བྱེད་འོས། ཕར་བལྟས་ན་བདག་གཉེར་བ་དེས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་མཐའ་དཔྱོད་ཀྱི་ལྟ་བས་འདི་ཁས་མི་ལེན་ཐུ་མེད་བྱུང་བ་འདྲ།
   ཤེས་རབ་ཁྱེའུ་འཁོར་སྟེགས་སྟེང་བསྡད་དེ་རྐང་པ་ཆུང་ངུས་རྣོ་སྦྲེང་གི་རྐང་གདན་བཙལ། རྐང་གདན་དེ་སྒྲིག་ཆས་ཁྱད་མཚར་ཞིག་ལ་བརྟེན་ནས་སྤྱིར་བཏང་ལས་མཐོ་རུ་ཡོད་པས་ན་པེའུ་པེའུའི་རྐང་བ་ཐུག་ཐུབ། འདི་ནི་ཁོ་རང་གི་རྣོ་སྦྲེང་ཡིན་ལ། ཁོ་གང་དུ་སོང་ནའང་རྣོ་སྦྲེང་འདི་ཁྱེར་ནས་འགྲོ། རྣོ་སྦྲེང་ཤིང་གི་སྟེགས་བུར་བཞག་ཡོད་པ་དང་། ནམ་རྒྱུན་ཕར་འཁྱེར་ཚུར་འཁྱེར་བྱས་པས་ཚོན་རྩིའི་བཀྲག་མདངས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ནའང་འདི་ཡོད་ཚད་ལ་སྔར་ལས་ལྷག་པའི་སྤྲོ་བ་འཕེལ་བ་ལས་མ་འདས།
   པེའུ་པེའུས་དར་གོས་དཀར་པོའི་ལྷམ་མགོ་གྱོན་པའི་རྐང་བ་རྐང་གདན་སྟེང་ལ་བཞག་རྗེས་རྣམ་རིག་གསལ་བའི་ཉམས་འགྱུར་ཞིག་མངོན་ཏེ་མིག་ཟུང་ཐད་ཀར་མདུན་ཕྱོགས་སུ་ཅེར་ཞིང་གཡས་ལག་ཡར་བཀྱག འདི་ནི་གཡོ་ཟོལ་བྲལ་བའི་སྨུག་མདོག་གི་ཁྱེའུའི་ལག་པ་ཡ་གཅིག་ཡིན་མོད། འོན་ཀྱང་ལག་པའི་ལྷུ་ཚིགས་སྟོབས་ཤུགས་ལྡན་པས་ཁྱེའུའི་ལག་པ་དང་མི་མཚུངས་པར་རུས་ཚིགས་ལ་སྦྱོང་བརྡར་ནན་མོ་བྱས་མྱོང་བ་མངོན་གསལ་རེད།
   པེའུ་པེའུས་ལྟད་མོ་བའི་ཆེད་དུ་འདི་འདྲའི་ཉམས་འགྱུར་ཞིག་བསྟན་པའི་རྒྱུ་མཚན་ནི་ཁོ་ཚོར་དགའ་སྤྲོ་ཅུང་ཙམ་སྐྱེད་དགོས་པ་ཁོས་གསལ་པོར་ཤེས་ཡོད་པས་རེད། ཁོ་རང་ལ་མཚོན་ན་ལྐོག་ཏུ་རང་ཉིད་ལ་སྤྲོ་བ་ཁྱད་པར་བ་ཞིག་ཡོད་ནའང་སྤྲོ་བ་དེ་ཁོས་མི་གཞན་ལ་མཚོན་ཐབས་མི་འདུག ཁོ་པ་ཁ་ཕྱེས་པའི་རྣོ་སྦྲེང་ཞིག་གི་མདུན་དུ་སྡོད་ཐེངས་རེར་སྤྲོ་སེམས་འཁོལ་བའི་ཚོར་སྣང་ཞིག་ཡོད་པ་དང་། ཐ་ན་ལྐོག་ཏུ་དགའ་སྤྲོ་འཕེལ་ནས་འདར་གྱིན་འདུག ཚོར་སྣང་འདི་ནི་ནམ་ཡང་ཡལ་མི་སྲིད། རྣོ་སྦྲེང་གི་མཐེབ་གཞོང་སླར་ཡང་ཁོའི་མདུན་དུ་མངོན་བྱུང་བ་ནི་སྔར་བཞིན་བྱི་དོར་བྱས་ཟིན་པའི་སྒོ་སམ་ཞིག་དང་འདྲ་བར་དཀར་ཞིང་དྲི་མས་མ་གོས་པ་ཞིག་རེད། ཁོའི་མདུན་དུ་ཡོད་པ་ནི་རོལ་དབྱངས་ཡིན་པར་མ་ཟད་རོལ་དབྱངས་འཁྲུལ་མེད་རེད།  རོལ་དབྱངས་ནི་མི་སེམས་འདྲེན་པའི་རྒྱ་མཚོ་ཇི་བཞིན་ཁོའི་མདུན་དུ་བཀྲམ་འདུག་པས་ཁོ་རང་ནང་ལ་ལྡིང་ནས་ཅི་བསམ་གང་འདོད་དུ་ཆུ་རྐྱལ་བྱས་ཆོག་ལ། རང་ཉིད་ཆུ་ཁར་གཡེང་ནས་སོང་སྟེ་ཆར་རླུང་དྲག་པོའི་ཁྲོད་དུ་ཐིམ་ཆོག འོན་ཀྱང་འདི་འདྲའི་གནས་ཚུལ་འོག་ཏུའང་ཁོས་སྔར་བཞིན་རང་འགུལ་གྱིས་རྒྱ་མཚོ་ལ་བཀོད་འདོམས་དང་ཚོད་འཛིན་བྱེད་ཀྱིན་ཡོད……ཁོས་གཡས་ལག་ཡར་ལ་བཀྱགས་བྱུང་།
   ཚོམས་ཆེན་དུ་དལ་ཅག་གེར་འདུག འདི་ནི་སྒྲ་དབྱངས་ཐོག་མ་མ་དཀྲོལ་སྔོན་གྱི་ཛ་དྲག་གི་མཁའ་དབུགས་རིགས་ཤིག་སྟེ། དཀྲོལ་རྡུང་ཇི་ལྟར་མགོ་རྩོམ་རྒྱུ་ཡིན་ནམ། གཞི་ནས་མགོ་བརྩམས་བྱུང་། པེའུ་པེའུས་གོང་མཛུབ་ཀྱིས་རྣོ་སྦྲེང་ཟུར་གསུམ་སྟེང་དུ་སྒྲ་དབྱངས་ཐོག་མ་རྡུང་བྱུང་། འདི་ནི་མཐེབ་གཞོང་དཀྱིལ་གྱི་སྒྲ་དབྱངས་ཤིག་ཡིན་ལ། དུང་ཆེན་བུས་པ་ནང་བཞིན་བློ་ཡུལ་ལས་འདས་པའི་སྒྲ་མཐོན་པོ་རེད། སྒྲ་དབྱངས་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་གྲགས་བྱུང་། འདི་ནི་སྔོན་འགྲོའི་རོལ་དབྱངས་ཏེ། ཚང་མས་དབུགས་ལྷོད་བྱུང་།
   འདི་ནི་ཚད་རིམ་དང་པོའི་དེང་རབས་ཅན་གྱི་མགྲོན་ཁང་ནང་གི་རྒྱས་སྤྲོས་ཆེ་བའི་ཚོམས་ཆེན་ཡིན་ལ། གྱང་ངོས་སུ་ཟིང་སྐྱའི་མདོག་གི་གཅེར་བུའི་སྣུམ་ཚོན་རི་མོ་བཀལ་ཞིང་། གླིང་བཞིར་མེ་ཏོག་འབུར་མ་ཅན་གྱི་ཤེལ་སྒོས་བརྒྱན་ཡོད། ཚོམས་ཆེན་དུ་ད་དུང་ཀ་བ་སྤོམ་པོ་གང་མང་དང་བགྲང་ལས་འདས་པའི་གློག་སྒྲོན། གང་ས་གང་དུ་གདུགས་དབྱིབས་ཀྱི་གློག་སྒྲོན་རེ་རེ་ནས་ལྷ་ཡུལ་དང་གཉིས་སུ་མ་མཆིས་པའི་གསེར་མདོག་གི་འོད་ཟེར་འཕྲོས་ཏེ་ཚོམས་ཆེན་ཡོངས་སུ་ཉིན་དཀར་ལས་ཀྱང་གསལ……རྐུབ་སྟེགས་སྟོང་བ་གཅིག་ཀྱང་མེད་ལ། ཐ་ན་འགྲམ་གྱི་བགྲོད་ལམ་དང་ཚོམས་ཆེན་རྒྱབ་ནའང་མི་མང་པོ་ཡར་ལངས་འདུག མཐོ་རིམ་མི་སྣ་དག་མདུན་གྲལ་དུ་ཡོད་ལ། གནས་འདིའི་སྤ་སེའི་རིན་གོང་མཱ་ཁེ་ཉི་ཤུ་ཡིན།(བདག་གཉེར་བས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ནི་སྤ་སེའི་རིན་གོང་མཐོ་ན་ད་གཟོད་ལྟད་མོ་བས་གུས་བཀུར་ཐོབ་པ་དེ་ཡིན)ཆེས་མཐོ་རིམ་མི་སྣ་དག་ཤེས་རབ་ཁྱེའུ་ལ་ཚད་ལས་འདས་པའི་སྤྲོ་སྣང་ཡོད། ལྟད་མོ་བའི་ཁྲོད་ན་ལས་གོས་དང་གྱོན་པ་སྤུས་ལེགས་གྱོན་པའི་མི་མང་པོ་ཡོད……ཐ་ན་ཁྱེའུ་མི་ཉུང་བ་ཞིག་ཀྱང་ཡོད། ཁོ་ཚོ་ཚང་མར་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཐོབ་ཡོད་ལ། ལུས་པོ་དྲང་མོར་ཙོག་སྟེ་རྐང་བ་གཉིས་ཀ་རྐུབ་སྟེགས་ལས་མར་དཔྱངས་འདུག་པ་དང་། འོད་ཆེམ་ཆེམ་གྱི་མིག་གིས་དར་གོས་དཀར་པོའི་ལྭ་བ་ཆ་ཚང་གོན་ཞིང་ཤེས་རབ་ཀུན་ལས་ལྷག་པའི་ཁྱེའུ་ཆུང་ཆུང་དེར་ཅེར་འདུག
   མདུན་གྱི་གཡོན་ཕྱོགས་སུ་ཤེས་རབ་ཁྱེའུའི་མ་ཡུམ་ཙོག་འདུག་ལ། མོ་ནི་ལུས་པོ་ཧ་ཅང་རྒྱགས་ཤིང་མ་ནེ་ཉིས་བརྩེགས་ལ་དྲི་ཞིམ་རྒྱན་ཕྱེ་བྱུགས་པ། མགོ་ལ་སྒྲོ་ཐུལ་བཙུགས་པའི་ལྕམ་མོ་ཞིག་རེད། མོའི་གམ་ན་བདག་གཉེར་བ་ཙོག་ཡོད་པ་དང་། ཁོང་ནི་ཤར་ཕྱོགས་པའི་གཟུགས་དབྱིབས་ཅན་གྱི་མི་དྲག་ཅིག་ཡིན་ཞིང་འབུར་དུ་ཐོན་པའི་ཕུ་ཐུང་ཁར་གསེར་གྱི་སྒྲོག་གུ་ཆེན་པོ་ཞིག་བསྒྲོགས་ཡོད། མདུན་གྲལ་གྱི་དཀྱིལ་ན་སྲས་མོ་ཞིག་ཙོག་ཡོད་པ་དང་། མོ་ནི་གཟུགས་ཐུང་ཞིང་གཉེར་མ་འཁུམ་པའི་སྲས་མོ་རྒན་པ་ཞིག་ཡིན་ནའང་སྒྱུ་རྩལ་གསར་རྩོམ་དེ་ཆུ་ཚད་མཐོ་ན་སྐུལ་ལྕག་གནང་བ་རེད། མོ་དར་སྣམ་གྱི་རྒྱབ་བསྙེས་ཅན་གྱི་རྐུབ་སྟེགས་ཆེན་པོ་ཞིག་ཏུ་བསྡད་ཡོད་ལ། མོའི་མདུན་ལ་ཨི་རན་གྱི་ས་གདན་བཏིང་འདུག མོའི་ལག་པ་གཉིས་མཉམ་དུ་སྦྱར་ནས་ཐལ་མདོག་གི་ཐིག་མ་ཅན་གྱི་དར་གོས་གོན་པའི་བྲང་འོག་ཏུ་བཞག་ཅིང་། མགོ་བོ་ཟུར་དུ་ཡོན་ནས་ཤེས་རབ་ཁྱེའུའི་རྡུང་དཀྲོལ་ལ་བལྟས་འདུག་པའི་ཉམས་ནི་སྒེག་ཅིང་ལྷོད། མོའི་གམ་དུ་ཞལ་ཏ་མ་ཙོག་འདུག་པ་དང་། ཞལ་ཏ་མས་ཐ་ན་ལྗང་མདོག་གི་ཐིག་མ་ཅན་གྱི་དར་གོས་ཀྱི་ལྭ་བ་གོན་ཡོད་ནའང་གང་ལྟར་མོ་ནི་ཞལ་ཏ་མ་ཞིག་ཡིན་པས་རྒྱབ་རྐུབ་སྟེགས་ལ་བསྙེས་མེད།
   པེའུ་པེའུས་རྔམ་རྔམ་རྫིག་རྫིག་གིས་ཆེས་མཐའ་མཇུག་གི་ཚན་པ་དེ་རྡུང་དཀྲོལ་བྱས། ཁྱེའུ་འདིས་རོལ་དབྱངས་རྡུང་ཚེ་རྩལ་ཤུགས་ཆེ་བ་ནི་མི་རྣམས་རང་གི་རྣ་བར་ཡིད་མི་ཆེས་པའི་ཚད་དུ་འདུག མདུན་སྐྱོད་རོལ་དབྱངས་ཀྱི་ནང་དོན་གཙོ་བོ་དེ་སྤྲོ་སྣང་གིས་རབ་ཏུ་ཕྱུག་པའི་དབྱངས་རྟ་ཚན་པ་ཞིག་ཡིན་ནའང་ཡང་བསྐྱར་འཆམ་མཐུན་གྱི་འགྱུར་ཁུག་གློ་བུར་དུ་རྔམ་བརྗིད་དང་རབ་བཏགས་ཀྱིས་མངོན་བྱུང་། པེའུ་པེའུས་རྡུང་ཐེངས་རེ་དང་མཉམ་དུ་ལུས་སྟོད་ཕྱི་རུ་དགྱེ་བ་ནི་ཁོ་པ་ཁྲོམ་བསྐོར་རུ་ཁག་ཏུ་རྒྱལ་ཁའི་ངང་གོམ་པ་མདུན་དུ་སྐྱོད་པ་དང་འདྲ། ཆེས་མཇུག་མཐར་གཏུམ་དྲག་གིས་རྡུང་དཀྲོལ་མཇུག་བསྡུས་ཤིང་། ལུས་པོ་སྒུར་བཞིན་རྐུབ་སྟེགས་ཀྱི་ཟུར་ནས་མར་བབས་ཡོང་སྟེ་མཛུམ་མདངས་ངང་ཐལ་མོ་རྡེབ་སྒྲ་ལ་སྒུག་འདུག
   ཐལ་མོ་རྡེབ་སྒྲ་དུས་གཅིག་ཏུ་གྲགས་ནས་སེམས་འགུལ་དང་སྤྲོ་བ་མཉམ་དུ་འཕེལ་བར་བྱེད། ལྟོས་དང་། ཁྱེའུ་འདིས་ལྷ་ལྕམ་ཞིག་དང་འདྲ་བར་གུས་ཞབས་བྱེད་དུས་ཁོའི་རྐེད་པ་ཇི་འདྲའི་ཕྲ་ཨང་། ཐལ་མོ་རྡོབས། ཐལ་མོ་རྡོབས། ཅུང་ཙམ་སྡོད་དང་། ང་ལ་ལག་ཤུབས་ཕུད་དུ་ཆུག འགྲིག་སོང་། ས་ཁི་ཧྥེ་ལ་ཁེ་སི་ཆུང་ཆུང་ལགས། ཡང་ན་ཁྱོད་ཀྱི་མིང་ལ་ཅི་ཟེར་ཡང་ཆོག གང་ལྟར་ཁྱོད་ནི་འགྲན་ཟླ་བྲལ་བའི་ཁྱེའུ་ཞིག་རེད།
   པེའུ་པེའུ་ཡོལ་ཤིང་རྒྱབ་ནས་ཡོང་སྟེ་བཀའ་དྲིན་ཞུ་བའི་གུས་ཞབས་ཐེངས་གསུམ་མི་བྱེད་ཐུ་མེད་བྱུང་ཞིང་། དེ་ནས་ཐལ་མོ་རྡེབ་སྒྲ་གཞི་ནས་འཇགས་སོང་། རྗེས་སུ་ལུས་པ་དང་ཡོང་འཕྱི་བའི་མི་རྣམས་རྒྱབ་ནས་འཚང་ཡོང་སྟེ་དཀའ་ལས་གང་མང་མྱང་མཐར་འཚང་ཁ་ཤིག་ཤིག་རྒྱག་བཞིན་པའི་ཚོམས་ཆེན་ནང་དུ་རང་གི་སྡོད་གནས་རྙེད་པ་ན་རོལ་དབྱངས་ཚོགས་འདུའི་རོལ་ཚན་རྗེས་མ་མགོ་བརྩམས་བྱུང་།
   པེའུ་པེའུས་གང་མྱུར་གྱིས《རེ་སྨོན་རོལ་དབྱངས》རྡུང་ཚར་སོང་། འདི་ནི་ཕཱ་དབྱངས་(1)རྐྱང་བས་གྲུབ་པའི་དབྱངས་རྟ་ཞིག་ཡིན་ལ། མཚམས་རེར་འཇམ་གཉེན་དང་ང་རོས་འགྱུར་ཁུག་ཚན་པ་རེ་རྡུང་ཡོང་། དེ་ནས་ཁོས《འུག་པ་དང་བྱེའུ》རྡུང་། དབྱངས་རྟ་འདི་ཧ་ཅང་ལེགས་འགྲུབ་བྱུང་སྟེ་ཉན་མཁན་ཚང་མ་སེམས་འགུལ་ཐེབས། དེ་ནི་བྱིས་པའི་སྒྲ་དབྱངས་རྣལ་མ་ཞིག་ཡིན་ལ། བརྗོད་བྱ་གཙོ་བོ་གསལ་ཞིང་གསོན་ཉམས་ལྡན། གདངས་དམའ་མོའི་སྐོར་གྱིས་མི་རྣམས་ལ་འུག་པ་ཞིག་གིས་ངོ་གདོང་གནག་ནས་རབ་རིབ་ཀྱི་མིག་ཟུང་རྡེབ་བཞིན་འདུག་པ་དང་། གདངས་མཐོན་པོའི་སྐོར་ནི་རྦད་དེ་བྱེའུ་ཞིག་གི་ཅ་ཅོའི་སྐད་སྒྲ་ཡིན་ལ། དེ་ནི་འཚུབ་པོ་ཡོད་ལ་འཛེམ་བག་ཀྱང་ལྡན་པའི་ངང་འུག་པ་དེར་འཕྱ་སྨོད་བྱེད་པའི་ཚོར་སྣང་སྟེར། དབྱངས་རྟ་འདི་རྡུང་ཚར་རྗེས་པེའུ་པེའུས་བཀའ་དྲིན་ཞུ་བའི་གུས་ཞབས་ཐེངས་བཞི་བ་བྱས། ལྭ་བའི་སྒྲོག་གུ་ལ་འོད་ཟེར་ལམ་ལམ་འཕྲོ་བཞིན་པའི་མགྲོན་ཁང་གི་ཞབས་ཞུ་བ་ཞིག་གིས་གསེར་སྤོས་མེ་ཏོག་གི་གདུབ་གོར་ཆེན་པོ་གསུམ་བཟུང་ནས་གར་སྟེགས་སུ་བུད་དེ་ཟུར་ཞིག་ཏུ་བསྡད་ནས་པེའུ་པེའུ་ལ་ཕུལ་བ་དང་། པེའུ་པེའུས་ལྟད་མོ་བར་བཀའ་དྲིན་ཞུ་བའི་གུས་ཞབས་བྱས། ཐ་ན་སྲས་མོའང་ཐལ་མོ་རྡེབ་པའི་གྲལ་དུ་ཞུགས་ཏེ་ཧ་ཅང་འཇམ་མཉེན་གྱི་ལག་ཟུང་ལེབ་མོ་དེ་བརྡབ་ནའང་སྒྲ་གྲག་རྒྱུ་མི་འདུག……
   བྱང་ཆ་ལྡན་པའི་ཁྱེའུ་འདི་གཞན་གྱི་དགའ་འབོད་འདྲེན་པའི་ལས་ལ་ཇི་འདྲའི་མཁས་ཨང་། ཁོ་པ་ཡོལ་ཤིང་རྒྱབ་ཏུ་བསྡད་ནས་ལྟད་མོ་བར་སྒུག་ཏུ་བཅུག་ཅིང་། གར་སྟེགས་ཀྱི་ཐེམ་སྐས་སུ་འགྲོ་སྐབས་བསམ་གཟས་ནས་གོམ་པ་ཅུང་ཙམ་ཇེ་དལ་དུ་བཏང་སྟེ་ཕྲུ་གུའི་སྣང་བའི་དགའ་སྤྲོའི་ཉམས་ཀྱིས་མེ་ཏོག་གདུབ་གོར་སྟེང་གི་ཚོན་མདོག་དར་སྐུད་ལ་སྔར་ནས་སུན་ཡོད་ནའང་མུ་མཐུད་དུ་བལྟས། ཁོས་འཇོ་སྒེག་དང་ཚམ་ཚོམ་གྱིས་བཀའ་དྲིན་ཞུས་ཏེ་རིན་ཐང་བྲལ་བའི་ཐལ་མོ་རྡེབ་སྒྲ་དེ་མི་ཡལ་ཆེད་དུས་ཚོད་འདང་ངེས་ཤིག་སྟེར་གྱིན་ཡོད། ཁོའི་སེམས་ལ《འུག་པ་དང་བྱེའུ》ནི་རང་གི་ལྟད་མོ་བ་འགུག་ཚད་ཆེས་མཐོ་བའི་དབྱངས་རྟ(ཚིག་འདི་ནི་ཁོས་བདག་གཉེར་བའི་ཁ་ནས་བསླབས་པ་རེད)ཡིན་ལ། འདིའི་རྗེས་སུ་ད་དུང་རབ་རྟོག་རོལ་དབྱངས་རྡུང་དགོས། འདི་ནི་སྔར་ལས་སྙན་ཞིང་། དབྱངས་གདངས་Cགདངས་སུ་འདེགས་པའི་གནས་དེ་ལྷག་ཏུ་སྙན། ཡིན་ནའང་ཉན་མཁན་འདི་ཚོ་ངོ་མ……《འུག་པ་དང་བྱེའུ》ནི་ངས་གསར་རྩོམ་ཆེས་ཐོག་མ་དང་ཆེས་བླུན་རྨོངས་ཀྱི་དབྱངས་རྟ་ཡིན་ཡང་ཁོ་ཚོས་རྨོངས་འཐོམ་ངང་དེ་ལ་དགའ་བོ་བྱེད་ཀྱིན་འདུག་བསམ། ཁོས་འཇོ་སྒེག་ལྡན་པའི་ངང་བཀའ་དྲིན་ཞུ་བཞིན་འདུག
   དེ་ནས་ཁོས་བསམ་གཞིག་གི་རོལ་དབྱངས་དང་སྦྱོང་བརྡར་གྱི་རོལ་དབྱངས་ཏེ་རོལ་ཚན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རྡུང་བྱུང་། བསམ་གཞིག་གི་རོལ་དབྱངས་ནི《རེ་སྨོན་རོལ་དབྱངས》དང་འདྲ་བར་སྐྱོན་ཁབ་རྩེ་ཙམ་ཡང་བཙལ་རྒྱུ་མེད། སྦྱོང་བརྡར་རོལ་དབྱངས་ནང་དུ་པེའུ་པེའུས་རང་གི་དཀྲོལ་རྡུང་ཐབས་རྩལ་གང་ལེགས་བཏོན། ཡིན་ནའང་ཁོའི་གསར་རྩོམ་ཤེས་རབ་དང་བསྡུར་ན་ཁོའི་དཀྲོལ་རྡུང་ཤེས་རབ་དེ་ཅུང་ཙམ་ཞན། དེའི་རྗེས་སུ་རབ་རྟོག་རོལ་དབྱངས་ཡིན་ལ། འདི་ནི་ཁོ་རང་ཆེས་དགའ་བའི་དབྱངས་རྟ་ཡིན། ཁོས་དབྱངས་རྟ་འདི་རྡུང་ཐེངས་རེའི་སྐབས་སུ་རྣམ་པ་གཉིས་འབྱུང་ཞིང་རྡུང་ཐབས་ལ་རང་དབང་ཅུང་ཙམ་ཡོད། མཚམས་རེར་གལ་ཏེ་དགོང་མོ་དེའི་གནས་ཚུལ་ལྷག་ཏུ་བཟང་ན་ཁོ་རང་ཉིད་ཀྱང་མྱོང་ཚོར་དང་གསར་རྩོམ་གསར་བ་རེའི་དབང་གིས་དགའ་སྤྲོ་འཇགས་ཐབས་བྲལ་བ་སྐྱེ་སྲིད།
   ཁོ་མར་ཙོག་ནས་རོལ་ཆས་རྡུང་། ཆེ་ཞིང་ནག་པའི་རྣོ་སྦྲེང་ཟུར་གསུམ་དེའི་མདུན་དུ་ཁོ་པ་ལྷག་ཏུ་ཆུང་ཞིང་དཀར་པོ་མིག་ཏུ་འཚེར་བར་སྣང་། གར་སྟེགས་སུ་ཁོ་པ་གཅིག་པུ་ལས་མེད་ལ། ཁོ་པར་ལྟད་མོ་བས་དགའ་གུས་ཐོབ། གཤམ་དུ་མག་མོག་གི་མི་ཚོགས་ཀྱིས་ཁེངས་འདུག མི་ཚོགས་འདི་ལ་ཐུན་མོང་གི་རྣམ་ཤེས་གཅིག་ཡོད་པ་འདྲ་སྟེ། དེ་ནི་དལ་ཞིང་ལྕི་བའི་ཚོར་བ་རེད། དེ་བས་ཁོས་ངེས་པར་དུ་རང་གི་རྣམ་པར་གྲོལ་ཞིང་གཞན་དང་མི་མཐུན་པའི་བློ་རིག་གིས་མི་འདི་དག་གི་རྣམ་ཤེས་ལ་ཤུགས་རྐྱེན་བཟོ་དགོས……ཁོའི་འཇམ་གཉེན་གྱི་སྐྲ་ལོ་ནག་པོ་དང་དར་གོས་དཀར་པོའི་ཕྱེ་མ་ལེབ་ཀྱི་མདུད་པ་མཉམ་དུ་དཔྲལ་བར་ལྷུང་འདུག རུས་པ་འབུར་ཞིང་སྦྱོང་བརྡར་བརྒྱུད་པའི་ལག་ཚིགས་ཀྱིས་རོལ་ཆས་རྡུང་། ཕྲུ་གུའི་ངོ་གདོང་སྨུག་པོའི་ཤ་གནད་མངོན་གསལ་གྱིས་འདར་གྱིན་འདུག
   མཚམས་རེར་སྐར་ཆ་འགའི་རིང་ལ་ཡོད་ཚད་བརྗེད་ཅིང་ཁོ་གཅིག་པོ་མ་གཏོགས་ཅི་ཡང་མེད་པའི་དུས་ཀྱང་ཡོད། འདི་དུས་ཁོའི་མཐའ་འདབས་ནག་པོས་བསྐོར་བའི་ཡ་མཚར་བའི་མིག་ཆུང་ཆུང་དེ་གཞན་དུ་ཕྱོགས་ཤིང་། ལྟད་མོ་བར་གཡོལ་ཏེ་མཐའ་ལ་རི་མོ་བྲིས་ཡོད་པའི་གྱང་ངོས་སུ་བལྟས་ནས་ཧད་འདུག ཁོའི་མིག་གིས་གྱང་ངོས་བརྟོལ་ཏེ་འགྱུར་ལྡོག་མང་ཞིང་བློ་ཡུལ་ལས་འདས་པའི་འཚོ་བའི་དམིགས་འབེན་ཞིག་གི་ཁྲོད་དུ་མགོ་འཁོར་འདུག་མོད། འོན་ཀྱང་དེ་མ་ཐག་ཕྱིར་ཚོམས་ཆེན་དུ་བལྟས་པ་ན་ཁོའི་མདུན་དུ་སྔར་བཞིན་ལྟད་མོ་བ་དེ་རྣམས་རེད།
   “སྨྲེ་སྔགས་དང་དགའ་འབོད། མཆོང་ལྡིང་། གཡང་གཟར་དུ་ལྷུང་བ……ང་ཡི་བསམ་གཞིག་གི་རོལ་དབྱངས།”པེའུ་པེའུས་ཧ་ཅང་མཛའ་བརྩེའི་བསམ་བློ་གཏོང་བཞིན“ཉོན་དང་། ད་ནིCགདངས་འདེགས་པར་བསྒྱུར་བའི་གནས་ལ་སླེབས་སོང།” Cགདངས་འདེགས་པའི་སྐབས་དེར་ཁོས་དལ་ལྷོད་ཀྱིས་རྡུང་། ཁོ་ཚོས་དོ་སྣང་བྱས་ཡོད་དམ། ཨ། བྱས་མི་འདུག དཔེ་མི་སྲིད། ཁོ་ཚོས་དོ་སྣང་བྱས་མི་འདུག དེའི་ཕྱིར་ཁོས་འཇོ་སྒེག་གིས་གར་སྟེགས་འོག་ཏུ་བལྟ་ཙམ་མི་བྱ་ཐབས་མེད་བྱུང་ཞིང་། ཁོ་ཚོར་མ་མཐའ་ཡང་ཅི་ཞིག་རོལ་མྱོང་བྱ་རུ་བཅུག
  ལྟད་མོ་བ་གྲལ་ཤར་རིང་པོ་རེ་རེ་བྱས་ནས་ཙོག་སྟེ་ཤེས་རབ་ཁྱེའུ་ལ་ཅེར་འདུག ཁོ་ཚོས་ཀྱང་སོ་སོའི་སྤྱིར་བཏང་གི་ཀླད་པའི་ནང་དུ་དོན་དག་རྣམ་པ་སྣ་ཚོགས་ལ་བསམ་བློ་གཏོང་གིན་འདུག སྨྲ་ར་དཀར་པོ་ཅན་གྱི་མི་དྲག་རྒན་པ་ཞིག་ཡོད་པ་དེས་གོང་མཛུབ་ཏུ་ཐེལ་ཙེ་བརྐོས་ཡོད་པའི་སོར་གདུབ་ཅིག་གོན་ཡོད་པ་དང་། སྤྱི་ཐེར་སྟེང་དུ་ཅ་ལག་གམ་ཡང་ན་སྐྲན་རྡོག་ཅིག་སྐྱེས་ཡོད། ཁོས་ལྐོག་ཏུ་འདི་ལྟར་བསམ་བཞིན་ཡོད་དེ། ལག་པ་བྲང་ཁར་བཞག་ནས་བསམ་བློ་བཏང་ན་རང་ཉིད་དངོས་གནས་ངོ་གནོང་འོས་པ་ཞིག་རེད། ངས་ད་བར་དུ《ཁོའུ་ཧྥ་ཙིའི་རྔོན་པ་གསུམ》ལས་ཉོག་འཛིང་ཅན་གྱི་དབྱངས་རྟ་ཞིག་རྡུང་ཤེས་མེད་ལ། ད་ལྟ་ང་རང་སྐྲ་ལོ་དུང་ལྟར་དཀར་ནའང་འདི་རུ་བསྡད་དེ་ནར་མ་སོན་པའི་ཤེས་རབ་ཁྱེའུ་ཞིག་གི་གང་འདོད་རྩལ་ཤུགས་ངོམ་པར་ཉན་འདུག་ཨང་། ཡིན་ནའང་སྐྱེས་ཐོབ་ཀྱི་ཤེས་རབ་ནི་དཀོན་མཆོག་གིས་གནང་བ་ཡིན་པ་ཤེས་དགོས། དཀོན་མཆོག་གི་གནང་སྦྱིན་ལ་མི་རྣམས་ཀྱིས་ཐེ་གཏོགས་བྱ་མི་རུང་བས་མི་ཕལ་བ་ཞིག་བྱས་ནས་འདུག་པ་དེ་ངོ་ཚ་ཞིག་མ་རེད། འདི་ནི་ཡེ་ཤུ་ཕྲུ་གུ་ཡིན་པའི་དུས་ལ་བཟུང་བའི་རྣམ་འགྱུར་དང་ཅུང་ཙམ་འདྲ་བོ་རེད། མི་རྣམས་ཀྱིས་ཕྲུ་གུ་ཞིག་ལ་གཉའ་སྒུར་ཆོག་པར་མ་ཟད་དེ་ངོ་ཚ་ཞིག་ཏུ་མི་བསམ། དེ་འདྲ་བྱས་ན་ཇི་འདྲའི་སྐྱིད་པ་ལ་ཨང་། ཁོས་འདི་ནི་ཇི་འདྲའི་ཚོར་སྣང་སྐྱིད་པོ་ཞིག་ཡིན་པ་དེ་བསམ་མི་ཕོད། “སྐྱིད་པོའི”ཚོར་སྣང་དེ་བདེ་ཐང་གི་རྒན་པ་ཞིག་ལ་མཚོན་ན་དེ་འདྲའི་ངོ་གནོང་མི་དགོས་པ་ཞིག་མིན་མོད། འོན་ཀྱང་ཁོས་སྐྱིད་པོ་རེད་བསམ། དངོས་གནས་དེ་འདྲ་བསམ་ཡོད།
   ནེ་ཙོའི་མཆུ་དང་གཉིས་སུ་མེད་པའི་སྣ་ཅན་གྱི་ཚོང་བ་ཞིག་གིས“སྒྱུ་རྩལ་ཏེ་ཏག་ཏག་སྒྱུ་རྩལ་གྱིས་འཚོ་བ་ལ་འོད་སྣང་ཅུང་ཙམ་བསྐྱལ་ཡོང་། ཐག་ཐག་ཁྲོག་ཁྲོག་གི་སྒྲ་དང་དར་གོས་དཀར་པོའི་ལྭ་བ་ཙམ། ཡིན་ནའང་ཕྱིར་འཁོར་ནས་བཤད་ན་ལྟས་ངན་འདིའི་རྡུང་དཀྲོལ་ངོ་མ་འགྲིག་འདུག ཏག་ཏག་སྤ་སེ་རེའི་རིན་གོང་མཱ་ཁེ་ཉི་ཤུ་ཅན་གྱི་རྐུབ་སྟེགས་ལྔ་བཅུ་བཙོང་སོང་། འདི་ཁོ་ན་མཱ་ཁེ་དྲུག་བརྒྱ་རེད། དེའི་སྟེང་ལ་རྐུབ་སྟེགས་གཞན་པའི་ཡོང་སྒོ་བསྣན་ཏེ་ཚོམས་ཆེན་གྱི་གླ་རིན་དང་གློག་རིན། རོལ་ཚན་གསལ་བཤད་སོགས་འཐེན་ན་ད་དུང་མཱ་ཁེ་ཆིག་སྟོང་ཡོད། ཚོང་འདི་འདྲ་བརྒྱབ་ན་འགྲིག་འདུག”སྙམ།
   རྣོ་སྦྲེང་གི་དགེ་རྒན་བུད་མེད་ཅིག་གིས“ད་སོ་མ་ཁོས་རྡུང་བ་དེ་ཞའོ་པང(2)རེད་ཡ།” བསམ། མོ་ནི་སྲས་མོ་སྣ་ཕྲ་ཞིག་ཡིན་ལ། ལོ་ཚད་འདིར་སླེབས་ནས་རེ་བ་ཟད་ནའང་བློ་རིག་རྣོ་བར་གྱུར་ཏེ“ཁོ་པར་གསར་རྩོམ་རང་བཞིན་ཅི་ཡང་མེད་ཅེས་བཤད་ཆོག ངས་རྗེས་སུ་ཁོ་པར་གསར་རྩོམ་རང་བཞིན་ཞན་ཞེས་བཤད་ན་ཅུང་སྙན་པོ་རེད། དེ་ལས་གཞན་ཁོའི་ལག་པའི་རྡུང་དཀྲོལ་ཉམས་འགྱུར་ཚད་གཞི་དང་རྦད་དེ་མི་མཐུན། ལག་རྒྱབ་ཏུ་དོང་ཙེ་གཅིག་འཇོག་འོས……གལ་ཏེ་ངས་ཁོ་ལ་ཁྲིད་དགོས་ན་སྙུག་ལྕག་གཞུ་རྒྱུ་ལས་མེད།”བསམ།
   ངོ་མདོག་སྐྱ་ཐིང་ངེར་འདུག་པའི་ན་ཆུང་མ་ཞིག་ཡོད་དེ་དགའ་སྐྱོ་རབ་ཏུ་ཕྱུག་པའི་ལོ་ཚད་ཡིན་ལ། མོས་ལྐོག་ཏུ“འདི་ཅི་ཞིག་ཡིན། ཁོས་ཅི་ཞིག་རྡུང་གིན་འདུག ཁོས་ཏག་ཏག་བརྩེ་དུང་རྡུང་བཞིན་ཡོད་པ་མིན་ནམ། ཡིན་ནའང་ཁོ་ད་དུང་ཁྱེའུ་ཞིག་རེད། གལ་ཏེ་ཁོས་ང་ལ་འོ་བྱས་ན་དེ་ནི་ངའི་ནུ་བོས་ང་ལ་འོ་བྱས་པ་དང་གཅིག་མཚུངས་རེད——དེ་ལ་མཆུ་སྦྱོར་ཟེར་ཐབས་མེད། འཇིག་རྟེན་ན་འདི་འདྲའི་བརྩེ་དུང་སྟེ། འཛེམ་དོགས་བྲལ་ཞིང་རྒྱབ་རྟེན་མེད། དགའ་རོགས་ངོས་འཛིན་མེད་པར་ཏག་ཏག་སྤྲོ་སེམས་རབ་ཏུ་འཁོལ་བའི་བྱིས་པའི་རོལ་རྩེད་ཅིག་ཡོད་དམ……ཧེ། གལ་ཏེ་ངས་བསམ་ཚུལ་འདི་སྐད་མགོ་མཐོན་པོས་བཤད་ན་ཁོ་ཚོས་ང་ལ་ཉ་མཆིན་སྣུམ་ཞག་བཟའ་རུ་འཇུག་སྲིད། འཇིག་རྟེན་ཟེར་བ་འདི་འདྲ་རེད།”བསམ།
   དམག་དཔོན་ཞིག་ཡར་ལངས་ཏེ་ཀ་བར་ཁེན་འདུག་པ་དང་། ཁོས་ཕྱོགས་གཅིག་ནས་པེའུ་པེའུའི་རྒྱལ་ཁའི་འཁྲབ་སྟོན་ལ་བལྟ་བ་དང་ཕྱོགས་གཅིག་ནས“ཁྱོད་ལ་ཁྱོད་ཀྱི་ཐབས་ཡོད་ལ། ང་ལ་ང་ཡི་ཐབས་ཡོད། རང་རང་སོ་སོར་ལེགས་ཆ་རེ་ཡོད།”བསམ། ཁོས་ད་དུང་རྐང་བའི་ཕྱི་རྟིང་གཉིས་ཀ་མཉམ་དུ་བསྡད་ནས་ཤེས་རབ་ཁྱེའུ་ལ་གུས་འདུད་ཞུ་བ་ནི་དབང་འཛིན་པ་ཡོད་ཚད་ལ་གུས་འདུད་ཞུ་བ་འདྲ།
   དཔྱད་བརྗོད་པ་ནི་ལོ་ན་ཡར་གསེག་ཅིག་ཡིན་ལ། ཁོས་སྟོད་གོས་ནག་པོ་འོད་འཚེར་བ་ཞིག་གོན་ཡོད་པ་དང་། ཡར་བརྫིས་པའི་རྐང་སྣམ་སྟེང་ལ་འདམ་ཁུ་ཐོར་ཡོད། ཁོ་པ་རིན་མེད་རྐུབ་སྟེགས་སུ་བསྡད་དེ་འདི་ལྟར་བསམ་བཞིན་ཡོད་དེ“ལྟོས་དང་། པེའུ་པེའུ་འདི། ཁྱེའུ་འདི་ཨང་། མི་སྒེར་བ་ཞིག་གི་ངོས་ནས་བཤད་ན་ཁོ་པ་ད་དུང་ནར་སོན་དགོས། འོན་ཀྱང་དཔེ་མཚོན་ཞིག་དང་སྒྱུ་རྩལ་པ་ཞིག་གི་ངོས་ནས་བཤད་ན་ཁོ་རང་སྔར་ནས་ནར་སོན་འདུག ཁོ་ནི་སྒྱུ་རྩལ་པ་ཞིག་དང་འདྲ་བར་རང་གི་ལ་རྒྱ་ཡོད་ལ། ཡང་རང་གི་མཚན་སྙན་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད། ཁོའི་སེམས་ཁོངས་སུ་ཁྱད་འཕགས་ཀྱི་མེ་སྟག་དེ་ཉར་ཡོད་ནའང་ད་དུང་ཡུལ་ཁམས་བསྐོར་བ་ནང་བཞིན་སྐད་གྲགས་ཆེས་ཆེར་ངོམ་དགོས། ཁོས་མཐའ་འཁོར་གྱི་ཡོད་ཚད་ལ་མཐོང་ཆུང་བྱས་ཏེ་ལྐོག་ཏུ་ཁོ་རང་ཉིད་ཀྱི་ལྐོག་གྱུར་ལ་དགའ་མགུས་མྱོས་འདུག ཡིན་ནའང་འདི་དག་འབྲི་མི་རུང་། གང་ཡིན་ཟེར་ན་འདི་ཧ་ཅང་བཟང་བས་རེད། ཨ། དྲང་མོར་བཤད་ན་ང་ཡང་སྤྱིར་ན་སྒྱུ་རྩལ་པར་འགྱུར་སྲིད། གལ་ཏེ་ངས་ཡོད་ཚད་ཀྱི་གཏིང་མཐོང་མེད་ན……”
   ཤེས་རབ་ཁྱེའུའི་རྡུང་དཀྲོལ་མཇུག་རྫོགས་སོང་། ཚོམས་ཆེན་དུ་འབྲུག་སྒྲ་གྲགས་པ་འདྲ་བའི་ཐལ་མོ་རྡེབ་སྒྲ་གྲགས་བྱུང་། ཁོ་པ་ཡང་བསྐྱར་ཡོལ་ཤིང་རྒྱབ་ནས་ཡོང་སྟེ་བཀའ་དྲིན་མི་ཞུ་ཐབས་མེད་བྱུང་། སྟོད་གོས་སྟེང་ན་འོད་འཚེར་བཞིན་པའི་སྒྲོག་གུ་ཅན་གྱི་མི་དེས་སྔར་ལས་མང་བའི་མེ་ཏོག་གདུབ་གོར་ཏེ། གསེར་སྤོས་ཀྱི་མེ་ཏོག་གདུབ་གོར་བཞི་དང་མུ་མེན་མེ་ཏོག་གིས་བསླས་པའི་རྒྱུད་བདུན་སྒྲ་སྙན་གཅིག རྒྱ་སེ་མེ་ཏོག་ཚོམ་བུ་གཅིག་བཅས་བཟུང་ཡོང་། གལ་ཏེ་ལེགས་སྐྱེས་འདི་ཡོད་ཚད་རེ་རེ་བཞིན་ཤེས་རབ་ཁྱེའུའི་ལག་ཏུ་ཕུལ་ན་ཁོའི་ལག་པ་གཉིས་ཀས་ལེན་ཐབས་མེད་པས་བདག་གཉེར་བ་དངོས་སུ་གར་སྟེགས་སུ་བུད་དེ་ཁོ་པར་ལེན་རོགས་བྱས། ཁོས་གསེར་སྤོས་ཀྱི་མེ་ཏོག་གདུབ་གོར་གཅིག་པེའུ་པེའུའི་སྐེ་ལ་བསྐོན་པ་དང་། ད་དུང་ཞི་དུལ་གྱིས་ཁོའི་སྐྲ་ལོ་ནག་པོར་བྱིལ་བྱིལ་བྱས། གློ་བུར་དུ་བརྩེ་བ་གནོན་ཐབས་བྲལ་བ་འདྲ་བར་མར་སྒུར་ནས་ཏག་ཏག་ཤེས་རབ་ཁྱེའུའི་མཆུ་ལ་སྐད་སྒྲ་གྲགས་པའི་འོ་ཞིག་བྱས་སོང་། སྐབས་འདིར་འབྲུག་སྒྲ་གྲགས་པ་འདྲ་བའི་ཐལ་མོ་རྡེབ་སྒྲ་དེ་སྔར་ལས་ཀྱང་འབྲུག་སྟོང་དུས་གཅིག་གྲགས་པ་འདྲ་བར་གྱུར། འོ་དེ་གློག་རྒྱུན་དང་འདྲ་བར་ཚོམས་ཆེན་ཡོངས་སུ་ཁྱབ་སྟེ་ལྟད་མོ་བ་རྣམས་རང་དབང་མེད་པར་འདར་གྱིན་འདུག་པ་དང་། སྨྱོ་ཧམ་གྱི་འདོད་རྔམས་རིགས་ཤིག་གིས་ཁོ་ཚོ་ཡོངས་སུ་བཅིངས་ཏེ་མགྲིན་པ་གཟེངས་སུ་བསྟད་ནས་དགའ་འབོད་སྒྲོག་པའི་ཁྲོད་དུ་ཐལ་མོ་དྲག་ཏུ་རྡེབ་པའི་སྐད་སྒྲ་འདྲེས་འདུག པེའུ་པེའུའི་སྤྱིར་བཏང་གི་གྲོགས་པོ་ཆུང་ཆུང་དེས་གར་སྟེགས་འོག་ཏུ་ལག་རས་གཡུག……དཔྱད་བརྗོད་པས་འདི་ལྟར་བསམ་བཞིན་ཡོད་དེ“ལོས་ཡིན། བདག་གཉེར་བའི་འོ་དེ་མེད་མི་རུང་བ་ཞིག་རེད། འདི་ནི་སྔར་ནས་གོམས་པའི་དགོད་བྲོའི་འཁྲབ་སྟོན་ཙམ་ལས་མ་འདས་ནའང་ནུས་པ་ཆེན་པོ་ཡོད། རེད་ཡ། དཀོན་མཆོག་མཁྱེན། ངས་འདི་ཡོད་ཚད་ཀྱི་གཏིང་མཐོང་མེད་ན་ཅི་འདྲ་བཟང་ཨང་།”
   དེ་ནས་ཤེས་རབ་ཁྱེའུའི་རོལ་དབྱངས་ཚོགས་འདུ་མཇུག་རྫོགས་སོང་། རོལ་དབྱངས་ཚོགས་འདུ་འདི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་མགོ་བརྩམས་ཤིང་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་མཇུག་རྫོགས་སོང་། གར་སྟེགས་སུ་མེ་ཏོག་གདུབ་གོར་གྱིས་གང་འདུག་ལ། རྣོ་སྦྲེང་ཟུར་གསུམ་མའི་སྒྲོན་སྟེགས་སྟེང་དུ་ད་དུང་མེ་ཏོག་སྡེར་མ་ཆུང་ངུ་གཉིས་བཞག་ཡོད། ཆེས་མཇུག་མཐའི་རོལ་ཚན་ཁྲོད་དུ་པེའུ་པེའུས《གྷི་རི་སིའི་འཕྲུལ་སྣང་རོལ་དབྱངས》རྡུང་བྱུང་། དབྱངས་རྟ་འདིའི་ཆེས་མཇུག་མཐའི་ཚན་པ་དེ་གྷི་རི་སིའི་རྒྱལ་གླུ་ཡིན་ལ། གལ་ཏེ་འདི་ནི་རོལ་དབྱངས་དགོང་ཚོགས་ངོ་མ་ཞིག་མིན་ན་དེར་ཡོད་པའི་གྷི་རི་སིའི་མི་རྣམས་སྤྲོ་བ་རབ་ཏུ་འཕེལ་ནས་རོལ་དབྱངས་དང་མཉམ་དུ་གླུ་དབྱངས་ལེན་སྲིད། འདི་གསབ་ཆེད་མཇུག་རྫོགས་མ་ཐག་མི་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གང་འདོད་ཀྱིས་འུར་སྒྲ་སྒྲོག་པ་ནི་མི་རིགས་ཀྱི་རྔམ་སྟོན་ཁྲོམ་བསྐོར་བྱེད་པ་དང་འདྲ། དཔྱད་བརྗོད་པ་དེའི་སེམས་ལ“ལོས་ཡིན། རྒྱལ་གླུ་ནི་མེད་དུ་མི་རུང་བ་ཞིག་རེད། ཁོ་ཚོས་བརྗོད་བྱ་གཙོ་བོ་ཁྱབ་ཁོངས་གཞན་ཞིག་ཏུ་དྲངས་སོང་། ཁོ་ཚོས་ལྟད་མོ་བའི་དགའ་བསུ་རག་ཆེད་ཐབས་ཤེས་ཡོད་ཚད་རྩལ་དུ་བཏོན། འདི་ལྟར་བྱས་ན་སྒྱུ་རྩལ་ལ་ཆག་གྲུམ་བཟོས་པ་ཡིན་པ་དེ་ངས་ངེས་པར་དུ་སྟོན་དགོས། ཡིན་ནའང་འདི་ནི་ཏག་ཏག་སྒྱུ་རྩལ་རང་བཞིན་ལ་ཤུགས་སྣོན་བྱས་ཡོད་ཀྱང་སྲིད། སྒྱུ་རྩལ་པ་ནི་ཅི་ཞིག་རེད་ཟེར་ན་དེ་ནི་ཨ་ཙ་ར་རེད། སྒྱུ་རྩལ་དཔྱད་བརྗོད་ནི་ད་གཟོད་བླ་ན་མེད་པ་གཅིག་པུ་རེད། ཡིན་ནའང་འདི་ནི་ངས་འབྲི་མི་རུང་།”བསམ་བཞིན་སྟེང་ལ་འདམ་ཁུ་ཐོར་ཡོད་པའི་རྐང་སྣམ་གོན་ནས་བུད་སོང་།
   ཕལ་ཆེར་བཀའ་དྲིན་ཐེངས་བཅུ་ཞུས་རྗེས་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བཞིན་པའི་ཤེས་རབ་ཁྱེའུ་ཡང་བསྐྱར་ཡོལ་ཤིང་གི་རྒྱབ་ཏུ་མ་སོང་བར་ཚོམས་ཆེན་ནང་གི་མ་ཡུམ་དང་བདག་གཉེར་བའི་གམ་དུ་ཡོང་། ལྟད་མོ་བ་རྣམས་གང་སར་བསྣུར་ནས་གནས་ངེས་མེད་དུ་ཡོད་པའི་རྐུབ་སྟེགས་ཀྱི་བར་གསེང་ནས་ཡར་ལངས་ཏེ་ཐལ་མོ་རྡེབ་ཀྱིན་འདུག་པར་མ་ཟད་པེའུ་པེའུ་ལ་ཉེ་ས་ནས་མཐོང་མཇལ་ཞིག་ལེན་བསམ་སྟེ་མདུན་དུ་འཚང་ཡོང་། ཡང་ལ་ལས་སྲས་མོར་གཅིག་བལྟ་འདོད་ཡོད་པས་ན་གར་སྟེགས་མདུན་དུ་མི་ཚོགས་ཁག་ཅིག་གིས་པེའུ་པེའུ་བསྐོར་འདུག་པ་དང་། ཁག་ཅིག་གིས་སྲས་མོ་བསྐོར་ནས་ཕྱོགས་གཉིས་སུ་ཆད་འདུག་ལ། ཁོང་གཉིས་ཀའི་སུས་སོ་སོའི་འབངས་ལ་མཇལ་འཕྲལ་གནང་བཞིན་ཡོད་པ་མཐོང་ཐབས་བྲལ། ཞལ་ཏ་མ་པེའུ་པེའུའི་མདུན་ལ་འབོད་པ་བཏང་ཞིང་། མོས་པེའུ་པེའུ་སྲས་མོ་ལ་མཇལ་སྐབས་མིག་འགྲོ་ཡོང་ཆེད་ཁོའི་དར་གོས་ཀྱི་ལྭ་བ་དྲང་པོར་འཐེན་ཞིང་སྙོམས་པོར་བྱིལ་རྗེས་ལག་པར་འཇུས་ནས་སྲས་མོའི་མདུན་དུ་ཁྲིད་དེ་གཟབ་ནན་གྱིས་སྲས་མོ་སྐུ་ངོའི་ཕྱག་ལ་འོ་བྱེད་དགོས་ཞེས་གདམས། “ཕྲུ་གུ  ཁྱོད་ཀྱིས་འདི་དག་ཅི་ལྟར་རྡུང་བ་ཡིན།”སྲས་མོས་འདྲི་རྒྱུར“ཁྱོད་མར་ཙོག་སྐབས་འདི་དག་རང་འགུལ་གྱིས་ཁྱོད་ཀྱི་ཀླད་པའི་ནང་ལ་རྒྱུགས་ཡོང་བ་ཡིན་ནམ།”——“རེད་ལགས། ལྕམ་མོ་ལགས།”པེའུ་པེའུས་འདི་ལྟར་ལན་བཏབ་ནའང་ཁོའི་སེམས་ན་འདི་ལྟར་དྲན་བཞིན་ཡོད་དེ“ཧེ། བླུན་ཞིང་འཁོགས་པའི་སྲས་མོ་ཁྱོད……” དེ་ནས་ཁོ་རང་བག་ཚ་བའི་ངང་ཕྱིར་འཁོར་ཏེ་རང་མིའི་གམ་དུ་སོང་།
   ཕྱི་རོལ་གྱི་གྱོན་པ་བཅོལ་ཁང་དུ་འུར་འུར་ཟང་ཟིང་གི་མི་ཚོགས་ཀྱིས་སོ་སོའི་ཨང་རྟགས་མཐོ་རུ་བཏེགས་ཏེ་ལག་པ་བསྲིངས་ནས་པགས་གོས་དང་སྐེ་དཀྲིས། འདྲུད་ལྷམ་ཚུར་ལེན་བཞིན་ཡོད། གང་ཞིག་ཏུ་རྣོ་སྦྲེང་གི་དགེ་རྒན་བུད་མེད་དེ་རང་གི་གྲོགས་པོ་ཚོའི་གྲལ་དུ་ལངས་ནས་དཔྱད་བརྗོད་སྤེལ་གྱིན་ཡོད་དེ“ཁོ་པར་གསར་རྩོམ་རང་བཞིན་ཞན།”ཞེས་སྐད་མཐོན་པོས་བཤད་བཞིན་ཕྱོགས་བཞིར་བལྟ་གིན་འདུག
   གྱང་ངོས་ཀྱི་ཤེལ་སྒོ་ཞིག་གི་མདུན་དུ་ཧྲའོ་ཝེ(3)གཉིས་ཀྱིས་ན་ཆུང་མ་ཞིག་ལ་ལྭ་བ་དང་ཀོ་ལྷམ་གོན་རོགས་བྱེད་ཀྱིན་ཡོད། ཁོང་གཉིས་ནི་མོའི་ནུ་བོ་རེད། མོ་ནི་མིག་ཟུང་གཡུ་ལྟར་སྔོ་ཞིང་ངོ་དབྱིབས་ཤིན་ཏུ་ལེགས་པའི་སྐུ་དྲག་གི་སྲས་མོ་མཛེས་སྡུག་ལྡན་པ་ཞིག་རེད། མོས་གྱོན་པ་གོན་ཚར་ནས་ནུ་བོ་གཉིས་ལ་སྒུག་འདུག་པར་མ་ཟད་ཅུང་ཁོང་ཁྲོ་ལངས་ཏེ་སྐད་དམའ་མོས་ནུ་བོ་གཅིག་ལ“ཨ་ཏོ་ཧྥུ། ཤེལ་སྒོའི་མདུན་དུ་དེ་འདྲ་ཡུན་རིང་ལངས་ནས་མ་འདུག”ཟེར། མོའི་ནུ་བོས་རང་གི་སྐྱེ་གཟུགས་དང་ངོ་གདོང་ཡག་པོ་ལ་བལྟས་ནས་ཧད་འདུག  ཨ་ཡོ། ངོ་མ་བསམ་གྱིས་མི་ཁྱབ་པ་རེད། མོས་ཧྲའོ་ཝེ་ཨ་ཏོ་ཧྥུ་ལ་ཤེལ་སྒོའི་མདུན་དུ་ལྭ་བའི་སྒྲོག་གུ་བསྒྲོགས་སུ་བཅུག་ན་འགྲིག——དེ་ནས་ཁོ་ཚོ་བུད་སོང་། སྲང་ལམ་གྱི་གློག་སྒྲོན་གངས་སྨུག་ཁྲོད་ན་འོད་མདངས་མག་མོག་འཚེར་བཞིན་ཡོད། ཧྲའོ་ཝེ་ཨ་ཏོ་ཧྥུས་གོང་བ་ཡར་བསླངས་ཤིང་ལག་པ་ལྭ་བའི་ཁུག་མར་བཅུག་ནས་རྐང་པས་ཐག་སྒྲ་སྒྲོག་བཞིན་གནམ་ལྡིང་ས་ལྡིང་གིས་ཞབས་བྲོ་འཁྲབ། མ་གཞི་གནས་གཤིས་ཧ་ཅང་འཁྱག་པས་ཁོས་སྲ་མོར་གྱུར་བའི་ཁ་བའི་སྟེང་དུ་མི་རྒྱུད་ནག་པོའི་ཞབས་བྲོ་ཆུང་ཆུང་ཞིག་འཁྲབ་ཀྱིན་འདུག
   མགོ་སྐྲ་གཟེང་བའི་བུ་མོ་ཞིག་ངོ་གདོང་སྐྱོ་ཉམས་ཀྱིས་ཁེངས་པའི་ཞི་ལུ་ཞིག་དང་མཉམ་དུ་ཁོ་ཚོའི་རྗེས་འབྲང་ཡོང་བ་དང་། མོས་ལག་པ་གཉིས་ཀ་གཡུག་བཞིན“ཁྱེའུ་ཞིག ཡིད་དུ་འོང་བའི་ཁྱེའུ་ཞིག དེའི་ནང་དུ་ཁོ་པར་གུས་བཀུར་འོས……”མོས་མུ་མཐུད་དུ་སྐད་མགོ་མཐོ་ཞིང་བྲོ་བ་མེད་པའི་ངག་གིས“ང་ཚོ་ཚང་མ་གསར་གཏོད་པ་ཡིན། ང་ཚོ་ཚང་མ་ཤེས་རབ་ཁྱེའུ་ཡིན། ”ཞེས་བཤད།
   “ཨ་ཡོ།”《ཁོའུ་ཧྥ་ཙིའི་རྔོན་པ་གསུམ》མ་གཏོགས་ཅི་ཡང་རྡུང་མི་ཤེས་པའི་སྐུ་ཞབས་རྒན་པ་དེའི་སེམས་ལ“སྐད་ཆ་དེའི་ནང་དོན་ཅི་ཞིག་ཡིན་ནམ། མོ་ནི་པེའུ་ཐི་ཨ་(4)ངོ་མ་རེད།”བསམ། ཁོའི་སྤྱི་གཙུག་གི་སྐྲན་རྡོག་དེ་ད་ལྟ་ཞྭ་མོས་ཡོངས་སུ་བཀབ་འདུག
   འོན་ཀྱང་ངོ་གདོང་སྐྱོ་ཉམས་ཀྱིས་ཁེངས་པའི་ཞི་ལུ་དེས་མོའི་སྐད་ཆའི་ནང་དོན་རྟོགས་ནས་ཧ་ཅང་དལ་མོས་མགོ་བོ་ལྡེམ་ལྡེམ་བྱས།
   དེ་ནས་ཁོ་ཚོ་དལ་ཅག་གེར་གྱུར། མགོ་སྐྲ་གཟེང་བའི་བུ་མོ་དེས་གུས་བཀུར་འོས་པའི་མིང་སྲིང་གསུམ་པོར་མིག་གིས་སྐྱེལ་མ་བྱས། མོས་ཁོ་ཚོར་མཐོང་ཆུང་བྱས་ནའང་ཁོ་ཚོ་སྲང་ལམ་གྱི་གྲུ་ཟུར་དེར་ཡལ་རག་བར་དུ་རྗེས་སུ་བལྟས་འདུག
 
མཆན་འགྲེལ:

(1)ཕཱ་དབྱངས:རོལ་དབྱངས་སྦྱོང་སྐབས་ཀྱི་ཆེས་རྨང་གཞིའི་ཤེས་བྱ་སྟེ། སྒྲ་དམའ་མོ་ནས་རིམ་པ་ལྟར་མཐོན་པོར་དཀྲོལ་བ་དང་། མཐོན་པོ་ནས་རིམ་པ་ལྟར་དམའ་མོར་དཀྲོལ་བ་ལ་ཟེར།
(2)ཞའོ་པང:(F.F.chopin,1810__1849)ཕོ་ལན་གྱི་དབྱངས་རྩོམ་མཁན་དང་རྣོ་སྦྲེང་རྡུང་མཁན་གྲགས་ཅན།
(3)ཧྲའོ་ཝེ:དམག་དཔོན་གྱི་གོ་གནས་རིམ་པའི་ཁྲོད་ཀྱི་ཆེས་དམའ་བའི་གོ་གནས་ཤིག
(4)པེའུ་ཐི་ཨ(ythia):མ་འོང་ལུང་བསྟན་ལ་མཁས་པར་གྲགས་པའི་གནའ་བོའི་གྷི་རི་སིའི་ཆོས་འཆད་མ་ཞིག་གི་མིང་།

ཚེ་རིང་དོན་གྲུབ་ཀྱིས་རྒྱ་ཡིག་ནས་བསྒྱུར།
 
                          ——2021ལོའི་《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ་ལས་བདམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བརྩམས་སྒྲུང་མཁན་ཚེ་རིང་དོན་གྲུབ་ཀྱི་བསྒྱུར་རྩོམ། 《ཤེས་རབ་ཁྱེའུ》

2021-08-18 ཐོ་མ་སི·མན།(འཇར་མན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།