གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གདོང་མདོག

  • 1759874318ip:221.207.37.*
    2015-10-25 20:28:55

    《གདོང་མདོག》གི་ཕྲན་དཔྱད།


    རྩོམ་ཡིག་འདིར་རྗོད་བྱེད་དང་བརྗོད་བྱ་བརྗོད་སྙིང་གསུམ་གྱི་སྒོ་ནས་བལྟས་ན།
    རྗོད་བྱེད་ཅི་ཞིག་ཡིན་ནམ། སྒྲུང་ཐུང་ཞིག་རེད། དེ་བས་རིག་གཞུང་དཔྱད་རྩོམ་དང་འབོལ་རྩོམ་སོགས་དང་མི་འདྲ་བར་སྒྱུ་རྩལ་རྩོམ་རིག་གི་དགོངས་དོན་མཇལ་བ་ལ་བརྗོད་བྱ་དང་བརྗོད་སྙིང་གཉིས་སུ་དབྱེ་དགོས།
    འོ་ན་བརྗོད་བྱ་གང་། མཚང་མིང་ལ་རྒྱལ་པོ་ཟེར་བའི་ཡུལ་གཙོ་གཡོ་སྒྱུ་དང་འཇིགས་སྐུལ་ལ་མཁས་པ་དེས། སྤྲུལ་སྐུ་ཞིག་ལ་རྒྱབ་བརྟེན་ནས་མངའ་འོག་གི་མི་སེར་རྨོངས་ཞེན་ཆེ་བ་དེ་ཚོར་འབུར་འཇོམས་གཅོད་བྲེག་བྱེད་བཞིན་པའི་སྐྱོ་གར་ཞིག་རེད། ཕྱི་ཤུན་དེ་ཙམ་ཞིག་ང་ཚོ་སུས་ཀྱང་གོ་ཐུབ་པ་མ་ཟད་ལྟ་ཚུལ་མི་འདྲ་བ་ཡང་འབྱུང་རྒྱུ་མ་རེད་ལ། སྒྱུ་རྩལ་རྩོམ་རིག་གིས་ཅི་ཞིག་སྟོན་གྱིན་ཡོད་པ་དེའང་འདི་ཙམ་ཞིག་ཡིན་མི་སྲིད་དོ།།
    འོ་ན་བརྗོད་སྙིང་གང་ཡིན་ནམ། བརྗོད་སྙིང་གི་རྒྱ་མཚོར་འཇུག་པར་བྱེད་པ་ལ་ཀློག་པ་པོའི་ཤེས་རབ་ཀྱི་རྐྱལ་རྩལ་ལ་ཐུག་ཡོད་དེ། རྩོམ་འདིའི་བརྗོད་སྙིང་ལ་ཇི་ཙམ་རྐྱལ་ན་དེ་ཙམ་ཇེ་ཆེར་འགྲོ་བས་རྒྱ་མཚོ་དང་འདྲ་ལ། ལྡོག་ཏུ་མེད་པའི་གནས་ལུགས་ཟབ་མོ་སྟོན་གྱི་ཡོད་པས་ཀྱང་རྒྱ་མཚོ་དང་འདྲའོ།། དེ་ལྟ་ནའང་མི་སྒེར་རེ་རེས་བརྗོད་སྙིང་ཞིག་ལོན་དགོས་ཀྱི། བརྗོད་བྱ་དང་བྱུང་རིམ་ཙམ་ལ་ཞེན་པའི་ཀློག་པ་པོ་ནི་སྒོང་ཤུན་ཟ་མཁན་ཡིན་ནོ།།
    ཕྲན་ཆུང་གིས་རྩོམ་ཡིག་འདིའི་བརྗོད་སྙིང་གོ་ཚོད་ལྟར་ན། འཇིག་རྟེན་འདིའི་མཛེས་པ་དང་ཡིད་འོང་གི་ཕུན་ཚོགས་ཡོད་ཚད་དྭངས་གཙང་ལྷད་མེད་པའི་སེམས་ཁམས་ཀྱི་རང་མདངས་ཕྱིར་མངོན་པ་ཡིན་ལ། གཡོ་སྒྱུ་ཉོན་མོངས་ཀྱིས་བསླད་པའི་སེམས་ཀྱི་ཁ་དོག་ནི་ནག་པོ་དང་སྡུག་བསྔལ་བ་ཡིན་པར་བསྟན་འདུག་བསམ། ཡིན་ནའང་ངས་གོ་བ་ལེན་སྟངས་འདིར་རང་ཉིད་ཆོས་ལ་སློབ་མཁན་ཡིན་པའི་ཤུགས་རྐྱེན་དང་མཐོང་རྒྱ་ཆུང་བའི་སྒྲིབ་པ་སོགས་ཀྱིས《གདོང་མདོག》གི་བརྗོད་སྙིང་ཆེས་ཟུར་པ་ཞིག་ཡིན་སྲིད་དོ།།
        ཕྲན་དཔྱད་པ་གྲོག་མ་ཡིན།