ཚིག་གི་མར་ལོ།༨
ཡུལ་སྐོར།
དེང་སང་ལས་ཁུངས་ཀྱིས་ཡུལ་སྐོར་ལ་ཁྲིད་པ་ནི་ལྷམ་ངོ་ཟད་དུ་བཅུག་པ་རྐྱང་བ་རེད།
རྩྭ་ཐང་།
འབྲོག་པ་བླུགས་པའི་སླེ་བོ་ཆེན་པོ་ཞིག
སྙན་ངག་པ།
རང་གི་རླིག་པ་རང་གིས་ཤེད་ཀྱིས་གཅུར་ཏེ་ཀི་རིང་དང་ཧོ་རིང་འདེབས་མཁན་དེའི་མིང་ལ་སྙན་ངག་པ་ཟེར།
ཕྱུག་པོ།
གཞན་གྱི་མིག་ལམ་དུ་གསེར་མདོག་འཆར་ལ་རང་གི་མིག་ལམ་དུ་ཐལ་མདོག་ཤར་བའི་གྲོག་མ་ཞིག་སྟེ། མྱི་ཚེ་གང་བོར་ཁོ་ནི་ཁུར་བོ་འཁུར་མཁན་ཞིག
དབུལ་བོ།
མཐའ་མེད་པའི་བྱེ་ཐང་དུ་ཚྭ་ཁུ་འཐུང་ཞོར་དུ་འགྲོ་བའི་མིང་ལ་ཟེར།
གློག་ཀླད།
ལོ་ན་རྒས་པའི་སྲིད་པ་རྒད་པོ་ཞིག
རོལ་དབྱངས།
རྒྱང་རིང་གི་རྩྭ་ཐང་རླུང་བུས་ཁྱེར་ཡོང་། དེ་རུ་བྱིས་པ་གཅེར་བུ་གཉིས་ཀྱིས་གནམ་ལ་མཐའ་ཨེ་ཡོད་ཟེར་ནས་ཕན་ཚུན་ལ་འདྲི་ཞིང་། རང་གཉིས་ནར་སོན་དུས་གནམ་མཐའི་སྤྲིན་དཀར་འཛིན་དུ་འགྲོ་ཟེར་ནས་དམ་བཅའ་ཡང་ཡང་འཇོག
ལ་རྒྱ།
ལྕགས་ཀྱི་རིལ་བུ་ཞིག མི་མང་བོས་རྩམ་པ་ཟ་བཞིན་ཟ་བཞིན་དེ་ཟ་རྒྱུ་དྲན་ནས་རང་སྲོག་ཤོར་མྱོང་།
མྱི་ཚེ།
གཙང་བོ་ཞིག་གི་འགོ་རྔ་གཉིས་ཀ་ན་འཁུར་བའི་ཀོ་གྲུ་ཆུང་ཆུང་ཞིག
མཚོ་སྔོན་པོ།
ཚལ་རིགས་སྣ་རྒུ་ཡི་མདོག་ཏུ་ཚ་སྒོག་གཡེར་གསུམ་དང་ལྡན་པར་བརྔོས་པའི་ཉ་ཆེན་པོ་ཞིག་སྟེ། དེ་མ་ཟོས་པ་བོད་པ་ཚང་ཁོ་ན་མ་གཏོགས་སུ་ཡོད་དམ།
རྨ་ཆུ་རྫོང་།
ཡིག་རྨོངས་པ་དང་གླེན་རྨོངས་པ་བླུགས་པའི་འགྱིག་ཁུག་ཆེན་པོ་ཞིག་སྟེ། དེ་ཡི་ངོས་སུ་འདི་རུ་ཡང་གླིང་གེ་སར་བཞིན་ནང་དམེ་མཁན་མང་བོ་ཡོད་ཅེས་བྲིས་ཡོད།
ལྷ་ས།
སངས་རྒྱས་པའི་སྨད་བཙོང་མ་ཞིག
པོ་ཏ་ལ།
གད་མོའི་ཁྲོད་དུ་མཛུབ་མོ་ཀེར་སའི་ཆང་མ་ཞིག་སྟེ། མགྲོན་པོ་རེ་རེ་འུར་ཆི་ལེར་སོང་རྗེས་ཁོ་ཚོའི་བསྟོད་ཚིག་དང་ལྷན་དུ་བསྐྱུར་བའི་སྦི་རག་ཤེལ་དམ་དག་གི་སིལ་སྒྲའི་ཁྲོད་དུ་ཤུགས་རིང་ནར་ནར་འཐེན།
ལེགས་བཤད།
མི་སེམས་གཅུན་པའི་ཐག་པ་དགུ་བསླེས་ཤིག
བོད་ཀྱི་རྩོམ་པ་པོ།
རང་ཉིད་ཀྱང་མི་ཐེགས་པའི་ཀོ་གྲུ་ཆུང་ཆུང་ཞིག་ཏུ་པོ་ཏ་ལ་དང་ཕ་ཡུལ་ཁུར་ནས་བསྡད་དེ་འཁྲེང་ཞེན་སྐྱེ་ཞོར་མིག་ཆུ་གཏོང་མཁན་དེ།
འབད་བརྩོན།
རང་གིས་རང་ལ་སོ་བཏབ་པའི་མིང་།
རྩོམ་ཁུངས། ངེད་དྲ་བ།