ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བོད་ཀྱི་ལོ་སར་ལ་རོལ་བ།
སྤྱི་ལོ ༢༠༡༡ ལོའི་ཟླ ༣ཚེས་༥ཉིན། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ཟླ༡ ཚེས་༡ལ་པེ་ཅིན་ན་ཡོད་པའི་བོད་རིགས་དགེ་སློབ་རྣམས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ལ་འཛོམས་ནས་བོད་ཀྱི་ལོ་སར་དགའ་སྟོན་ལ་རོལ། བོད་ཟླ་༡༢པའི་ཚེས་ཉེར་དགུ་ལ་བོད་ཀྱི་སྲོལ་རྒྱུན་ལྟར་དགེ་སློབ་ལྔ་བརྒྱ་ཙམ་ལྷན་དུ་འཛོམས་ནས་དགུ་ཐུག་བཞེས་ཤིང་། དགུ་ཐུག་ལྷན་འཛོམས་ལ་བོད་ཀྱི་སློབ་མ་རྣམས་ལས་གཞན་ཕྱི་རྒྱལ་དང་མི་རིགས་གཞན་པའི་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད། དགུ་ཐུག་ལྷན་འཛོམས་སུ་སློབ་གྲོགས་ཡོངས་ཀྱིས་༼ང་ཚོ་འདི་ལ་འཛོམས་པ་༽ཞེས་པ་སོགས་གཞས་མང་པོ་མཉམ་ལེན་གྱིས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ། གནམ་གང་གི་དགོང་མོ་སློབ་གྲྭ་འདི་ག་ནས་ལོ་སར་གྱི་རིག་རྩལ་སྤྲོ་ཚོགས་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་རྣམ་པ་དང་། སློབ་གླིང་གི་འགོ་གཙོ་དགེ་ཚེ་རིང་ཐར་དང་བཀྲ་བྷ་སོགས་བོད་རིགས་དགེ་སློབ་རྣམས་ཕེབས་ཡོད་ཅིང་། དུས་ཚོད་གཉིས་ཙམ་གྱི་ལོ་སར་རིག་རྩལ་དགོང་ཚོགས་ལ་རོལ། དགོང་ཚོགས་སུ་བོད་ཀྱི་གླུ་བ་གྲགས་ཅན་སྐལ་བཟང་ཚེ་རིང་དང་གླུ་མ་རིག་འཛིན་སྒྲོལ་མ། འཕྱོངས་ཞོལ་སྒྲོལ་མ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སློབ་གྲོགས་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་དེང་རབས་ཞབས་བྲོ་སོགས་གྱ་ནོམ་པ་ཞིག་སྐུ་མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཕུལ། ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་གྱི་གྱོན་གོས་འཁྲབ་སྟོན་གྱིས་དགོང་ཚོགས་ལ་གཟི་འོད་བསྣན་ཡོད་ཅིང་། ཚེས་གཅིག་གི་ནང་མོ་སློབ་གྲོགས་རྣམས་ཕན་ཚུན་ལ་མགྲོན་དུ་ཕེབས་ཤིང་། དགེ་རྒན་རྣམས་ལ་བཀྲ་ཤིས་པའི་ལོ་སར་བསྐྱལ། སློབ་གྲོགས་རྣམས་ཀྱིས་སོ་སོའི་མལ་ཁང་དུ་སྡེར་ཁ་གྱ་ནོམ་པ་ཞིག་སྒྲིག་ནས་མཉམ་དུ་ལོ་སར་གྱི་སྤྲོ་སྐྱིད་ལ་རོལ། གཞན་ལོ་སར་གྱི་ཚེས་གཉིས་ལ་སློབ་གླིང་གིས་རྩ་འཛུགས་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ལ་མཉམ་རོལ་བྱ་རྒྱུ་རེད།།
![](/d/file/2014-12-10/2fa7de0c0c71aa06d05173012cf2af95.jpg)
ལོ་སར་གྱི་གྲོ་སོ་ཕྱེ་མར།
![](/d/file/2014-12-10/2ff458ddab09e8d898ee78923490927f.jpg)
![](/d/file/2014-12-10/e2fb9516c4fff2c98ecd4b804554b256.jpg)
![](/d/file/2014-12-10/32573f1bb6e795cac38aa388e61340fa.jpg)
![](/d/file/2014-12-10/1cd88ff627f0e48b89f682b92ad41248.jpg)
![](/d/file/2014-12-10/8b57fb0661f3a778b59d9270731e8559.jpg)
![](/d/file/2014-12-10/19eccee0cdedc20db2c111e92de1b7e0.jpg)
བོད་མདོ་དབུས་ཁམས་གསུམ་གྱི་རྒྱན་གོས་འཁྲབ་སྟོན།
![](/d/file/2014-12-10/db38d9271d5462fdff400b8fe0cc6b98.jpg)
རྩོམ་ཁུངས། ངེད་དྲ་བ།