གསར་བསྒྱུར་བརྩམས་སྒྲུང་། གྷི་རེན་གྷ་བྷོལ་གྱི་བུ་མོ་ཨན།

ལེའུ་དང་པོ། ཨེན་ཨ་ཝན་ལེས་ལ་འབྱོར་བ།
Anne Arrives in Avonlea

      ཨ་ཝན་ལེས་སུ་ཧ་ཅང་སྐྱིད་པའི་དཔྱིད་ཀའི་ཉིན་གུང་ཞིག་ལ། ལྕམ་སྐུ་ལེན་ཌི་མོ་རང་གི་ཐབ་ཚང་སྒེའུ་ཁུང་རྩར་བསྡད་ནས་ཕྱི་ལོགས་སུ་བལྟས་འདུག སྒེའུ་ཁུང་དེ་ནས་ཨ་ཝན་ལེས་ཀྱི་སྲང་ལམ་དེ་དག་གསལ་པོར་མཐོང་ཐུབ་ཀྱི་ཡོད་པར་བརྟེན་མོ་རང་ནམ་རྒྱུན་ནས་དེར་སྡོད་ཀྱི་ཡོད།

     སྐབས་དེར་མོ་རང་གིས་ལམ་མདོ་དེར་མི་གཅིག་གིས་རྟ་ལྒ་རིལ་ཞིག་ཁྲིད་ནས་ཡོང་བ་མཐོང་ཞིང་དེ་ནི་ལེན་ཌི་ཡི་ཁྱིམ་མཚེས་ཀྱི་སྐུ་ཞབས་མ་ཐི་ཡུས་ཡིན་པའང་ཤེས། ལྕམ་སྐུ་ལེན་ཌི་ཧང་སང་སྟེ་བསམ་པར། "ད་ལྟ་ནི་ཉིན་གོང་གི་ཆུ་ཚོད་གསུམ་དང་ཕྱེད་ཀ་རེད། ཁོང་ལ་ཞིང་ཁའི་ནང་ལས་ཀ་མང་པོ་ཡོད་བཞིན་དུ་ཁོང་ག་བར་འགྲོ་རྒྱུ་ཡིན་ནམ་''སྙམ།

སྐུ་ཞབས་མ་ཐི་ཡུས་ནི་ལྕམ་སྐུ་ལེན་ཌི་ཡི་ཁྱིམ་མཚེས་ཏེ་གྷི་རེན་གྷ་བྷོལ་ཞེས་པའི་ཁང་པ་རྙིང་རལ་ཆེན་པོ་ཞིག་གི་ནང་ཁོང་གི་སྲིང་མོ་མེ་རི་ལ་དང་མཉམ་དུ་བསྡད་ཡོད། དུས་ཚོད་ཅུང་མ་འགོར་བའི་རྗེས་སུ་ལྕམ་སྐུ་ལེན་ཌི་ གྷི་རེན་གྷ་བྷོལ་དུ་ཕྱིན་པ་ན། མེ་རི་ལ་ནི་མོ་རང་གི་ཐབ་ཚང་ནང་དུ་ལས་ཀ་ལ་མགོ་འཁོར་ནས་འདུག མོ་རང་ནི་སྐུ་གཟུགས་སྐམ་ལ་རིང་ཞིང་སྐྲ་ཡང་ཐལ་མདོག་ཅན་ཞིག་སྟེ། གཞོན་སོ་དོད་པོ་མེད་ཅིང་མཛེས་ཉམས་དང་ལྡན་པ་ཞིག་ཀྱང་མ་ཡིན་པར་བཞད་མོ་བཞད་རྒྱུ་ཡང་ཧ་ཅང་གིས་དཀོན་ནའང་སེམས་བཟང་ཞིག་ཡིན། མོ་རང་གིས་ལྕམ་སྐུ་ལེན་ཌི་མོའི་སར་སྐུ་མགྲོན་དུ་ཡོང་བ་ལ་ཡ་མཚར་མཚར་སོགས་གང་ཡང་མ་བྱས།

     སྐབས་དེར་ལེན་ཌི་ཡིས། ""ཝེ། མེ་རིས་ལ། མ་ཐི་ཡུས་ད་ལྟ་རང་ཕ་གིའི་ལམ་མདོ་ནས་ཕྱིན་པ་ངས་མཐོང་སོང༌། ཁོང་ག་བར་ཕྱིན་པ་རེད།'' ཅེས་དྲིས་པར། མེ་རི་ལ་ཡིས་ ""ངེད་གཉིས་ཀྱིས་ནོ་ཝུ་སི་གོ་ཤིའི་དྭ་ཕྲུག་ཁང་ནས་ཕྲུ་གུ་ཆུང་ཆུང་ཞིག་ལེན་གྱིན་ཡོད་པས་ཕྲུ་གུ་དེ་དེ་རིང་ཉིན་གུང་མེ་འཁོར་བརྒྱུད་ནས་བྷུ་རེ་ཌི་རེས་ཝུར་འབབ་ཚུགས་ལ་སླེབ་ཀྱིན་ཡོད། དེར་བརྟེན་ཁོང་ཕྲུ་གུ་བསུ་བར་ཕྱིན་སོང་'' ཞེས་ལན་བཏབ་པ་ན། ལྕམ་སྐུ་ལེན་ཌི་ལ་ཁ་ཡང་གྲག་རྒྱུ་མེད་པར་རེ་ཞིག་ཧད་དེ་ལོས། དེ་ནས་མོས་ཧ་སང་བའི་སྐད་གདངས་ཤིག་གི་ཉམས་དང་བཅས་ཏེ། ""དྭ་ཕྲུག་ཅིག! ཁྱེད་གཉིས་ཀྱིས་དྭ་ཕྲུག་ཅིག་ཉར་ནས་ཅི་ཞིག་བྱ།?'' ཞེས་དྲིས་པར། ཡང་མེ་རི་ལས་ ""མ་ཐི་ཡུས་ད་ལོ་ནས་དགོང་ལོ་དྲུག་ཅུ་ཐམ་པར་སླེབས་པ་མ་ཟད་ད་དུང་ཁོང་གི་སྙིང་ལའང་ནའང་ཚ་ཡོད་སྟབས། ཁོང་ལ་ཞིང་ཁའི་ནང་ལས་ཀ་བྱེད་རོགས་ཀྱི་ཕྲུ་གུ་ཞིག་དགོས་ཀྱི་འདུག'' ཅེས་ལན་བཏབ།

ཡང་ལྕམ་ལེནཌི་ཡིས་ ""ངས་བལྟས་ན་ཁྱོད་ཀྱིས་ཆ་རྒྱུས་མེད་པའི་དྭ་ཕྲུག་ཅིག་ནང་ལ་འཁྲིད་ཡོང་བ་དེ་ཉེན་ཁ་ཆེ་བའི་ལས་ཀ་ཞིག་མིན་ནམ་སྙམ། ཁྱོད་ཀྱིས་ཕྲུ་གུ་དེའི་སྐོར་ལ་གང་ཡང་ཤེས་ཀྱི་མེད་མོད། ངས་ཚགས་ཤོག་ཅིག་གི་ཐོག་ནས་དྭ་ཕྲུག་གཅིག་གི་ལོ་རྒྱུས་སྐོར་བཀླགས་པ་ཡིན། མོ་རང་ནི་ཁེ་ན་ཌའི་ཁྱིམ་ཚང་ཞིག་གི་ནང་བསྡད་ཡོད་འདུག མཚན་མོ་ཞིག་ལ་མོ་རང་གིས་ཁང་པར་མེ་སྤར་ཏེ་ཁྱིམ་ཚང་གང་པོ་མེས་ཚིགས་ནས་ཤི་འདུག འོན་ཀྱང་དེ་ནི་བུ་མོ་ཞིག་ཡིན་པ་ལས་བུ་དེ་འདྲ་རེད་མི་འདུག'' ཅེས་བཤད་པར། མེ་རི་ལས་ ""ང་ཚོས་དྭ་ཕྲུག་བུ་ཞིག་ལེན་དགོས་ཀྱི་ཡོད་མ་གཏོགས་བུ་མོ་ཞིག་བླངས་ནས་ཅི་བྱ་" ཞེས་ལན་བཏབ།

བྷི་རེ་ཌི་རེས་ཝུར་འབབ་ཚུགས་ནི་ཨ་ཝན་ལེས་ནས་སྤྱི་ལེ་བཅུ་གཉིས་ཙམ་གྱི་ཡས་མས་ཤིག་ཏུ་ཡོད།

སྐུ་ཞབས་མ་ཐི་ཡུས་ཀྱིས་རྟ་ལྒ་རིལ་ག་ལེར་གཏོང་བཞིན་མེ་འཁོར་འབབ་ཚུགས་དེར་སླེབས་དུས་ཁོང་ཅུང་ཙམ་རྗེས་ལུས་ཐེབ་པའི་རྐྱེན་གྱིས་མེ་འཁོར་ཕྱིན་ཚར་འདུག འབབ་ཚུགས་དེར་མི་གཅིག་མ་གཏོགས་མཐོང་རྒྱུ་མེད་ཅིང༌། དེ་ནི་ལོ་ན་གཅུ་གཅིག་ཡས་མས་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་རེད། བུ་མོ་དེས་གྱོན་གོས་མདོག་ཉེས་ཤིག་གོན་འདུག་ཅིང་རྒྱབ་ལ་ཡང་རྙིང་རལ་དུ་སོང་བའི་རྒྱབ་ཁུག་ཆེན་པོ་ཞིག་ཁུར་འདུག

མོ་རང་གིས་སྐུ་ཞབས་མ་ཐི་ཡུས་མཐོང་བ་ན་འཛུམ་དམུལ་དམུལ་བྱེན་གྱིན་མ་ཐི་ཡུས་ཀྱི་སར་ཡོང་ནས་ཁོང་གི་ལག་པར་འཇུས་ཏེ་ ""ཁྱེད་རང་གྷི་རེན་གྷེ་བྷོལ་གྱི་སྐུ་ཞབས་མ་ཐི་ཡུས་ཡིན་ནམ།? ང་ནི་དྭ་ཕྲུག་ཁང་ནས་ཡིན་ཅིང་ལྕམ་སྐུ་སི་པན་སོར་གྱིས་འདིར་ཁྲིད་ཡོང་བ་རེད།'' ཅེས་བཤད་པ་ན་མ་ཐི་ཡུས་ཀྱི་སེམས་ལ་ ""ཨོ་ ད་མགོ་ལོག་ཅིག་བཙལ་ཡོད་པ་ཐག་ཆོད། མོ་རང་ནི་བུ་མོ་ཞིག་ཡིན་པ་ལས་བུ་ཞིག་རེད་མི་འདུག་'' བསམ་ཞོར་དུ་བུ་མོ་ཆུང་ཆུང་དེ་ལ་ལག་འཇུ་ཞིག་བྱས།

བུ་མོ་ཆུང་ཆུང་དེས་ ""གལ་སྲིད་ཁྱེད་དེ་རིང་འབབ་ཚུགས་འདིར་མ་སླེབ་པ་ཡིན་ན་ང་དོ་དགོང་མཚན་མོ་ཕ་གིའི་ཤིང་སྡོང་ཆེན་པོ་དེའི་འོག་ལ་ཉལ་འདུག་དགོས་བསམ་བྱུང༌། ཁྱེད་རང་སང་ཉིན་ཞོགས་པ་འབབ་ཚུགས་འདིར་ཡོང་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད་ལ། འདི་ནས་ཁྱེད་ཀྱི་གཟིམས་ཁང་སར་ཐག་རིང་པོ་ཡོད་པའང་ངས་ཤེས་ཀྱི་ཡོད། དེ་ཚོ་ཚང་མ་ལྕམ་སྐུ་སི་པན་སོར་གྱིས་ང་ལ་ལབ་བྱུང༌། མ་ཟད་ང་རང་འགྲུལ་བཞུད་བྱེད་རྒྱུར་ཧ་ཅང་གི་དགའ་བོ་ཡོད་ལ་དུས་ད་ནས་བཟུང་ང་ལ་ཁྱེད་དང་ལྷན་དུ་ཁྱིམ་ཚང་ཞིག་ཡོད་སོང་བ་རེད། ཅི་འདྲའི་སྐྱིད་པ་ལ། དེ་སྔོན་ང་ལ་ཁྱིམ་ཚང་ཞིག་རྩ་བ་ཉིད་ནས་མེད།'' ཅེས་བཤད་པར།

མ་ཐི་ཡུས་ཀྱིས་ ""དགོངས་དག ང་ཅུང་ཟད་རྗེས་ལུས་ཐེབ་སོང་'' ཞེས་བཤད་ཞོར་དུ་བུ་མོ་ཆུང་ཆུང་དེའི་རྒྱབ་ཁུག་ཚུར་བླངས་ཏེ་ཁོང་གཉིས་རྟ་ལྒ་རིལ་ཡོད་སར་ཕྱིན། དེ་ལྟར་ཁོའི་བསམ་པར་ ""བུ་མོ་འདི་གཅིག་པུར་འབབ་ཚུགས་དེར་གཡུག་བཞག་པ་ཡིན་ན་འགྲིག་གི་མ་རེད། དེས་ན་ངས་མོ་རང་ཕྱིར་གྷི་རེན་གྷ་བྷོལ་དུ་འཁྲིད་འགྲོ་གི་ཡིན་ལ། བུ་མོ་ཆུང་ཆུང་འདི་ཁྲིད་ཡོང་བའི་ནོར་འཁྲུལ་བུ་ཡི་ཚབ་ཏུ་བུ་མོ་ཞིག་ཁྲིད་ཡོང་བའི་འགལ་འཛོལ་གྱི་ནོར་འཁྲུལདེ་ཡང་ངེས་པར་དུ་མེ་རིས་ལ་ལ་བཤད་རྒྱུ་ཡིན་'' སྙམ།

དེ་ནས་བུ་མོ་ཆུང་ཆུང་དེ་རྟ་ལྒ་རིལ་ནང་བཞག་ནས་ཁོ་རང་གིས་ཁ་ལོ་བསྒྱུར་ཅིང་བུ་མོ་དེས་བཤད་ཀྱིན་བཤད་ཀྱིན། མ་ཐི་ཡུས་ཀྱིས་ཉན་བཞིན་ཁོང་གཉིས་རང་ཁྱིམ་ཕྱོགས་སུ་ཁ་གཏད་ནས་ཕྱིན། སྤྱིར་ན་སྐུ་ཞབས་ཁོང་ནི་ཁ་ཁུ་སིམ་ཞིང་ནམ་རྒྱུན་བུ་མོ་ཆུང་ཆུང་ལ་དོགས་འགྲོགས་བྱེད་མཁན་ཞིག་ཡིན་ནའང༌། བུ་མོ་ཆུང་ཆུང་འདིས་གླེང་མོལ་བྱས་པར་ཉན་འདོད་ཀྱི་ཡི་ག་ཆེན་པོ་བྱུང༌།

བུ་མོ་དེས། ""ལྟོས་དང་! མཛེས་ཤིང་ཡིད་དུ་འོང་བའི་རབ་དཀར་མེ་ཏོག་གིས་ལེགས་པར་བརྒྱན་པའི་ཤིང་སྡོང་དེ་ཚོར་ལྟོས་དང༌། ང་ནི་རབ་དཀར་གྱི་མེ་ཏོག་ལ་དགའ་པོ་ཡོད་ལ་སྙིང་རྗེ་མོའི་གྱོན་གོས་དཀར་པོ་ལ་དེ་བས་དགའ་པོ་ཡོད། འོན་ཀྱང་ང་ལ་སྙིང་རྗེ་མོའི་གྱོན་གོས་གཅིག་ཀྱང་མེད་པ་མ་ཟད། དྭ་ཕྲུག་ཁང་ནས་ཀྱང་ཆེས་མདོག་ངན་པའི་གྱོན་གོས་རྐང་གཅིག་ལས་སྤྲད་མ་སོང༌། གང་ལྟར་ང་ཁྱེད་རང་དང་ལྷན་དུ་འགྲོ་རྒྱུ་བྱུང་བས་མ་འོངས་པར་ང་རང་སྐྱིད་པོ་ཡོང་རྒྱུ་ཡིན་པ་ངས་ཤེས་ཀྱི་འདུག འོན་ཀྱང་ཅ་ལག་གང་ཡང་རུང་བ་ཞིག་གིས་ང་ལ་སུན་སྣང་སྟེར་གྱི་འདུག ཁྱོད་ཀྱིས་ངའི་སྐྲ་ལ་ཅིག་ལྟོས་དང༌། ཚོན་མདོག་ག་རེ་རེད་འདུག?'' ཅེས་དྲིས་པར་མ་ཐི་ཡུས་ཀྱིས་ ""དེ་དམར་པོ་རེད་མི་འདུག་གམ་'' ཞེས་ལན་བཏབ། བུ་མོ་ཆུང་ཆུང་དེས་དབུགས་རིང་ནར་ནར་མོ་ཞིག་འཐེན་བཞིན་སེམས་པ་སྐྱོ་མདོག་ཁ་པོའི་ངང་ནས།  ""རེད། ངའི་སྐྲ་དེ་དམར་པོ་རེད། ང་རང་ངའི་སྐྲ་དམར་དེ་ལ་འཚིག་པ་ཟ་གི་'' ཞེས་བཤད།

གང་ལྟར་ཁོང་གཉིས་དགོང་མོ་གྷི་རེན་གྷེ་བྷོལ་ལ་སླེབས་དུས་མེ་རི་ལ་སྒོའི་ཕྱི་ལ་བུད་ནས་བུ་མོ་ཆུང་ཆུང་དེ་མཐོང་མ་ཐག་མོ་རང་ཧང་སང་ནས་བཤད་རྒྱུར་ ""མ་ཐི་ཡུས་! བུ་མོ་འདི་སུ་རེད། ངེད་གཉིས་ཀྱི་བུ་དེ་ག་བར་ཡོད།'' ཅེས་དྲིས་པར། མ་ཐི་ཡུས་ཀྱི་གདོང་ནས་སེམས་པ་ཅུང་མི་སྐྱིད་པའི་རྣམ་འགྱུར་ཞིག་མངོན་བཞིན་ ""འབབ་ཚུགས་དེར་བུ་ཞིག་མི་འདུག དེར་ཡོད་པ་ནི་བུ་མོ་འདི་གཅིག་པུ་རེད། ངས་མོ་རང་འབབ་ཚུགས་དེར་གཅིག་པུར་གཡུག་ནས་ཡོང་ཐུབ་མ་སོང་'' ཞེས་བཤད་པར་མེ་རི་ལས་སྐད་འགོ་ཅུང་མཐོ་བའི་ངང་ནས། ""ཨ་་་་བུ་མི་འདུག་ཨེ! གང་ལྟར་ང་ཚོས་ལྕམ་སྐུ་སི་པན་སོར་ལ་བུ་ཞིག་ཁྲིད་ཤོག་ཅེས་མངགས་ཡོད་མ་གཏོགས་བུ་མོ་ཞིག་ཁྲིད་ཤོག་ཅེས་མངགས་མེད།'' ཅེས་པའི་སྐད་ཆའི་མཇུག་རྫོགས་ལོང་མེད་པར། གློ་བུར་དུ་བུ་མོ་ཆུང་ཆུང་དེས་ ""ཨོ་! ཁྱེད་རང་ཚོ་ལ་ང་མི་དགོས་ཨེ།!'' ཞེས་ངུ་ངག་འབྱིན་བཞིན་ ""ང་བུ་ཞིག་མ་ཡིན་པར་བརྟེན་ཁྱེད་རང་ཚོ་ལ་ང་དགོས་ཀྱི་ཡོད་པ་མ་རེད། ཨོ་! ད་ངས་ཅི་ཞིག་བྱེད་དགོས་སམ་'' ཞེས་ངུས་ནས་བསྡད་པར། མེ་རི་ལ་ཡིས་ ""མ་ངུ༌། མ་ངུ༌། དོ་དགོང་ང་ཚོས་ཁྱེད་རང་ཕྱིར་དྭ་ཕྲུག་ཁང་དུ་སྐྱེལ་མི་ཐུབ་པས་དོ་དགོང་མཚན་མོར་འདི་ནས་བསྡད་ན་འགྲིག་གི་རེད། ཨོ་རེད་ ཁྱེད་ཀྱི་མིང་ལ་ཅི་ཞིག་ཟེར་'' ཞེས་དྲིས་པར་ཨེན་གྱིས་ ""ངའི་མིང་ལ་ ཁོར་..... ཁོར་ཌེ་ལིས་ཡ་ཟེར་གྱི་ཡོད་'' ཅེས་ལན་བཏབ་པ་ན། མེ་རི་ལ་ཧང་སང་སྟེ་ ""ཨ་ ཁོར་ཌེ་ལིས་ཡ་! དེ་ཁྱོད་ཀྱི་མིང་ཡིན་ནམ།?'' ཞེས་དྲིས་དུས། བུ་མོ་ཆུང་ཆུང་དེས་སེམས་པ་སྐྱོ་མདོག་ཁ་པོའི་ངང་ནས་ ""མ་རེད། འོན་ཀྱང་ཁོར་ཌེ་ལིས་ཡ་ཞེས་པ་དེ་ངའི་མིང་ལས་ཞེ་དྲག་གི་སྙིང་རྗེ་མོ་འདུག ངའི་མིང་ལ་ཨེན་ཤོར་ལེས་ཟེར་གྱི་ཡོད། ཨན་གྱི་མགོ་ལ་འགྲེང་པུ་ཞིག་བཏགས་ན་དེ་རེད། ཡིན་ན་ཡང་ཐུགས་རྗེས་གཟིགས། ང་ལ་ཁོར་ཌེ་ལིས་ཡ་ཞེས་འབོད་རོགས།'' ཟེར་བ་ལ། མེ་རི་ལས་འཛུམ་དམུལ་དམུལ་བྱེན་གྱིན་ ""མིན། མིན། ཨེན་ཞེས་པའི་མིང་དེ་དཔེ་མི་སྲིད་པའི་མིང་སྙིང་རྗེ་མོ་ཞིག་འདུག ད་མར་ས་ལ་བསྡད་ནས་ཟས་རེ་ཟོས་'' ཞེས་བཤད་པ་ན་མོ་རང་སྒྲོག་ཙེའི་འཁྲིས་སུ་བསྡད་ཀྱང་ཟས་ཟ་རྒྱུའི་ཡི་ག་ཞིག་ག་ལ་ཡོད། 

མེ་རི་ལ་ཡིས་ ཨེན་ཐོག་ཁང་དུ་ཁྲིད་ནས་ཉལ་ཁང་ཆུང་ཆུང་ཞིག་ཏུ་བཞག དེ་ནས་མོ་རང་གིས་གྱོན་ཆས་རྣམས་ཕུད་དེ་སེམས་པ་སྐྱོ་ལྷང་ལྷང་ངང་མལ་ཁྲིའི་སྟེང་དུ་འཛེགས། མེ་རི་ལ་འོག་ཁང་དུ་མར་བབས་ནས་ཁ་ལག་སྣོད་ཆས་རྣམས་འཁྲུས། སྐུ་ཞབས་མ་ཐི་ཡུས་ཀྱིས་གླེང་མོལ་མང་པོ་མི་བྱེད་པར་རྐུབ་སྟེགས་ཤིག་གི་ཐོག་བསྡད་འདུག

མེ་རི་ལ་ཡིས་མ་ཐི་ཡུས་ལ་བཤད་རྒྱུར། ""ང་སང་ཉིན་ལྕམ་སྐུ་སི་པན་སོར་གྱི་སར་ཕྱིན་ནས་བུ་ཡི་ཚབ་ཏུ་བུ་མོ་ཞིག་ཁྲིད་ཡོང་བའི་ནོར་འཁྲུལ་དེའི་སྐོར་མོ་རང་ལ་འགྲེལ་བཤད་ཅིག་རྒྱག་གི་ཡིན། ད་དུང་ང་ཚོས་བུ་མོ་འདི་ཕྱིར་དྭ་ཕྲུག་ཁང་ལ་སྐྱེལ་རྒྱུ་ཡིན་'' ཞེས་བཤད་པར། མ་ཐི་ཡུས་ཀྱིས་སྐད་ངག་ལྷོད་ལ་དལ་བ་ཞིག་གི་སྒོ་ནས་ ""ཨེན་ནི་དཔེ་མི་སྲིད་པའི་བུ་མོ་སྙིང་རྗེ་མོ་ཞིག་རེད་འདུག་ལ་སྣང་བར་ཡང་འགྲོ་པོ་ཞིག་འདུག མ་ཟད་མོ་རང་གླེང་མོལ་བྱེད་རྒྱུར་ཡང་ཧ་ཅང་གི་དགའ་པོ་འདུག དེས་ན་མོ་རང་ང་རང་གཉིས་དང་ལྷན་དུ་བསྡད་ན་མི་འགྲིག་པ་ཅང་ཨེ་ཡོད་?'' ཅེས་ལན་བཏབ་པ་ན། མེ་རི་ལ་ཧང་སང་ཐག་ཆོད་དེ་བཤད་རྒྱུར། ""བུ་མོ་ཞིག་གིས་ཁྱོད་ལ་ཞིང་ལས་བྱེད་རོགས་མི་ཐུབ་པས་མོ་རང་ངེད་གཉིས་དང་ལྷན་དུ་བསྡད་ན་ག་ལ་འགྲིག'' ཅེས་བཤད་པར། མ་ཐི་ཡུས་ཀྱིས་ ""འོན་ཀྱང་གཅིག་བྱས་ན་ངེད་གཉིས་ཀྱིས་མོ་རང་ལ་རོགས་པ་རེ་བྱེད་ཐུབ་མདོག་ཁ་པོ་རེད་'' ཅེས་སྐད་ཆ་ལྷོད་ལ་བཞག་སྟེ་བཤད་ན་ཡང༌། མེ་རི་ལ་ཡིས་ ""ང་ལ་དྭ་ཕྲུག་བུ་མོ་ཞིག་གཏན་ནས་མི་དགོས། གང་ལྟར་ངས་མོ་རང་ཕྱིར་དྭ་ཕྲུག་ཁང་དུ་སྐྱེལ་རྒྱུ་ཡིན་'' ཞེས་བཤད་པས། སྐུ་ཞབས་མ་ཐི་ཡུས་སེམས་ཅུང་མི་སྐྱིད་པའི་ངང་དབུགས་རིང་ནར་ནར་མོ་ཞིག་འཐེན་བཞིན་ ""ཨོ་ འགྲིག་གི་རེད། ད་ང་རང་མལ་ཁང་དུ་ཉལ་བར་འགྲོ་རྒྱུ་ཡིན་'' ཞེས་བཤད།

མེ་རི་ལས་ཀྱང་སྣོད་ཆས་རྣམས་བསྡུ་གསོག་བརྒྱབ་ནས་ཐོག་ཁང་དུ་ཉལ་བར་ཕྱིན། བུ་མོ་ཆུང་ཆུང་དེ་ནི་མོ་རང་གི་མལ་ཁང་ནང་ངུ་བཞིན་དུ་འདུག་གོ།

ལེའུ་གཉིས་པ།

སེམས་སྐྱོ་བའི་ལོ་རྒྱུས་ཤིག

                                                     A Sad Story

    ཕྱི་ཉིན་ཞོགས་པ་བུ་མོ་ཨེན་མལ་ལས་ལངས་སྐབས་མོ་རང་གི་སེམས་པ་བདེ་དྲོད་ཀྱིས་ཁེངས་ཏེ་སྐྱིད་སྣང་ཞིག་ཤར། མལ་ཁྲིའི་ཐོག་ནས་ས་ལ་མཆོངས་ཏེ་སྒེའུ་ཁུང་འཁྲིས་སུ་རྒྱུགས་ནས་སྒེའུ་ཁུང་ཕྱེས་ཏེ་ཕྱི་ལ་བལྟས་པས། ""ཨོ་! ཅི་འདྲའི་མཛེས་སྡུག་ལྡན་པའི་ཞོགས་པ་ཞིག!'' སྐབས་དེ་དུས་སྔོ་ཞིང་དྭངས་པའི་མཁའ་དབྱིངས་ནས་ཉི་གཞོན་གྱི་ཟེར་བརྒྱ་འཕྲོ་ཞིང༌། ཁང་པའི་ཕྱི་ལོགས་སུའང་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་གིས་བརྒྱན་པའི་ཤིང་ཏོག་སྡོང་པོ་ཡང་གཡུལ་དུ་ཟ་ལ། མེ་ཏོག་དང་རྩི་ཤིང་འདྲ་མིན་སྣ་ཚོགས་ཀྱིས་ལེགས་པར་བསྐོར་ནས་འདུག མ་ཟད་ཉེ་འཁྲིས་སུ་རྒྱུག་ཆུ་ཆུང་ཆུང་ཞིག་ཀྱང་ཡོད་པ་མཐོང་བས་མོ་རང་གི་སེམས་ལ་ ""འདི་ནི་ཅི་འདྲའི་མཛེས་སྡུག་ཡིད་དུ་འོང་བའི་ས་ཆ་ཞིག་རེད་ཨང་'' སྙམ།

འོན་ཀྱང༌། གློ་བུར་ཐོབ་རྒྱག་ཏུ་མོ་རང་གིས་རང་ཉིད་ས་ཆ་དེར་སྡོད་མི་ཆོག་པ་དྲན་པས་སེམས་པ་སྡུག་བསྔལ་གྱིས་ནོན་པར་གྱུར་ཏེ་འདི་ལྟར་ ""ང་བུ་ཞིག་མིན་པར་བརྟེན་ཁོང་གཉིས་ལ་ང་དགོས་ཀྱི་ཡོད་པ་མ་རེད།'' ཅེས་ཆིག་ལབ་ཞིག་ཀྱང་བྱས།

མེ་རི་ལ་ཨེན་གྱི་མལ་ཁང་དུ་ཡོང་ནས་ ""ཨེན། ཞོགས་པ་བདེ་ལེགས། ད་ཁྱོད་ཀྱིས་གདོང་པ་ཁྲུས་ཏེ་གྱོན་ཆས་རྣམས་གོན་དང༌། ཞོགས་ཟས་གྲ་སྒྲིག་ཚར་ནས་བསྒུག་བསྡད་ཡོད་'' ཅེས་བཤད་པར། ཨེན་གྱིས་ ""ཨོ་! ང་གྲོད་ཁོག་ལྟོག་ནས་བསྡད་ཡོད། དུས་ནམ་ཡང་ང་རང་ཞོགས་པར་སེམས་སྐྱོ་པོ་བྱས་ནས་སྡོད་མ་མྱོང༌། ང་ཞོགས་པ་ལ་ཧ་ཅང་གི་དགའ་པོ་ཡོད་'' ཅེས་ལན་བཏབ་སྟེ་ཞོགས་ཟས་ཟ་བར་ཕྱིན། ཞོགས་ཇ་འཐུང་ཚར་རྗེས་ཨེན་གྱིས་སྡེར་མ་དང་དཀར་ཡོལ་རྣམས་ཁྲུས་པར་མེ་རི་ལ་ཡིས་གཟབ་གཟབ་བྱས་ནས་བལྟས་འདུག འོན་ཀྱང་ཨེན་གྱིས་ལས་ཀ་དེ་དག་ཚགས་སུ་ཚུད་པ་བྱས།

དེ་ནས་མེ་རི་ལ་ཡིས་བུ་མོ་ཨེན་ལ་ ""ངས་དེ་རིང་ཉིན་གུང་རྟ་ལྒ་རིལ་ཁྲིད་ནས་བྱེ་དཀར་ལ་འགྲོ་རྒྱུ་ཡིན། དེས་ན་ཁྱོད་ཀྱང་ང་དང་ལྷན་དུ་འགྲོ། གང་ལྟར་ངས་ལྕམ་སྐུ་སི་པན་སོར་ལ་འགལ་འཛོལ་གྱི་ནོར་འཁྲུལ་དེའི་སྐོར་འགྲེལ་བཤད་ཅིག་རྒྱག་གི་ཡིན།'' ཞེས་བཤད་པ་དེར་སྐུ་ཞབས་མ་ཐི་ཡུས་ཀྱིས་ལན་ཅི་ཡང་མ་བཏབ་པར་བསྡད། འོན་ཀྱང་ཕར་བལྟས་ཚོད་ལ་ཁོང་ནི་ཧ་ཅང་གི་སེམས་པ་སྐྱོ་བཞིན་ཡོད་པའི་རྣམ་པ་ཞིག་མཐོང་ཐུབ།

ཏོག་ཙམ་སོང་བའི་རྗེས་སུ་སྐུ་ཞབས་མ་ཐི་ཡུས་ཀྱིས་མེ་རི་ལ་ལ་རྟ་ལྒ་རིལ་གྲ་སྒྲིག་བྱས་པས། མེ་རི་ལ་ཡིས་རྟ་ལྒ་རིལ་གཏོང་ཞིང་ཨེན་མོ་རང་གི་འཁྲིས་སུ་བསྡད་ནས་ཁོང་གཉིས་བྱེ་དཀར་ཕྱོགས་སུ་ཕྱིན། དེ་ནས་ཨེན་གྱིས་ ""བྱེ་དཀར་ལ་འདི་ནི་ཐག་རིང་ལོད་ཡོད་དམ་?'' ཞེས་སྐད་ཆ་དྲིས་པར། མེ་རི་ལ་ཡིས་ ""སྤྱི་ལེ་བརྒྱད་ཡས་མས་ཤིག་ཡོད་རྒྱུ་རེད། ཨོ་རེད་ ངས་གོ་ཐོས་ལ་ཁྱེད་རང་གླེང་མོལ་བྱེད་རྒྱུར་ཧ་ཅང་དགའ་པོ་འདུག་ཟེར། དེ་འདྲ་སོང་ཙང་ཁྱོད་ཀྱིས་ང་ལ་རང་ཉིད་ཀྱི་ལོ་རྒྱུས་ཤིག་ཤོད་དང༌།'' ཞེས་བཤད་པ་ན། ཨེན་གྱིས་ ""ངའི་ལོ་རྒྱུས་དེ་ཡིད་དུ་འཐད་ཅིང་ཉན་བྲོ་པོ་ཞིག་མིན་མོད། གང་ལྟར་ང་ནོ་ཝུ་སི་ཀོ་ཤི་ཡི་ བྷོ་ལེན་བྷི་རོ་ཁཱི་ལ་སྐྱེས་པ་རེད། ངའི་ཕ་མ་གཉིས་སློབ་གྲྭའི་དགེ་རྒན་ཡིན། ན་ནིང་སྤྱི་ཟླ་གསུམ་པའི་ནང་ནས་ང་ལོ་བཅུ་གཅིག་ལ་སོན་པ་རེད། འོན་ཀྱང་ང་ཕྲུ་གུ་མ་འབྱར་སྐབས་ནས་ངའི་ཕ་མ་གཉིས་གྲོངས་སོང༌། དེར་བརྟེན་ངེད་ཚང་གི་ཁང་ཁྱིམ་གཙང་བཟོ་མཁན་ཐོ་མི་སི་ཁྱོ་ཤུག་གཉིས་ཀྱིས་ང་རང་ཁོང་ཚོའི་ནང་དུ་ཁྲིད་ནས་ཉར་བ་རེད། ལྕམ་ཐོ་མི་སི་ལ་ཕྲུ་གུ་བཞི་འདུག ངས་ཁོ་པ་ཚོར་གཡོག་བརྒྱུགས་ནས་རོགས་པ་བྱས་པ་ཡིན། འོན་ཀྱང་ལྕམ་ཐོ་མི་སི་ནི་མོ་ཊ་གདོང་ཐུག་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན། དེར་བརྟེན་ཁོང་གི་ཕྲུ་གུ་རྣམས་ཐོ་མི་སི་ཡིའི་པ་ཕའི་ནང་དུ་ཕྱིན་པ་རེད། ང་ཁོང་ཚོ་ལ་མི་དགོས་ཟེར། དེ་ནས་ང་རང་ཐོ་མི་སི་ཡི་གྲོགས་མོ་ལྕམ་ཧ་མན་ཌི་ཡི་ནང་དུ་ཁྲིད་སོང༌། མོ་རང་ལ་ཕྲུ་གུ་བརྒྱད་འདུག་ལ་ཁོ་ཚོ་ཚང་མ་ཧ་ཅང་གི་འཁྲུགས་པོ་རེད། དེ་ནས་ཧ་མན་ཌི་ཡང་ས་གནས་གཞན་པ་ཞིག་ཏུ་གནས་སྤོར་བྱས་པས་ང་རང་ཉར་མཁན་གྱི་མི་གཅིག་ཀྱང་མེད་པར་བརྟེན་དྭ་ཕྲུག་ཁང་དུ་སྐྱེལ་དགོས་བྱུང་བ་རེད༌། ང་དྭ་ཕྲུག་ཁང་དུ་སླེབས་ནས་ཟླ་བ་བཞི་འགོར་སོང༌།'' ཞེས་མོ་རང་གི་ལོ་རྒྱུས་རྣམས་བཤད།

དེ་ནས་ཡང་མེ་རི་ལ་ཡིས་ ""ཁྱེད་རང་སློབ་གྲྭ་ལ་འགྲོ་མྱོང་ཡོད་དམ་?'' ཞེས་དྲིས་པར་ཨེན་གྱིས་ ""མ་མྱོང༌། ཞེ་དྲག་འགྲོ་མ་མྱོང༌། ང་རང་གིས་དུས་རྒྱུན་དུ་ནས་ཕྲུ་གུ་ཚོར་གཡོག་བྱས་ནས་སྡོད་དགོས་ཡོད་པར་བརྟེན། སློབ་གྲྭར་འགྲོ་རྒྱུའི་དུས་ཚོད་ཅིག་ག་ལ་ཡོད། འོན་ཀྱང་ཡི་གེ་ཀློག་རྒྱུར་ཧ་ཅང་གི་དགའ་པོ་ཡོད།'' ཅེས་ལན་བཏབ། ཡང་མི་རེ་ལ་ཡིས་ ""ལྕམ་ཐོ་མ་སི་དང་ཧ་མན་ཌི་སོགས་ཀྱིས་ཁྱོད་ལ་བྱམས་སྐྱོང་བྱེད་ཀྱི་ཡོད་དམ།'' ཞེས་དྲས་དུས། ཨེན་གྱིས་སྐད་ངག་ལྷོད་ལ་ཅུང་དལ་བའི་ངང་རིང་འཐེན་ཞིག་བྱེད་བཞིན་ ""ཁོང་ཚོས་ང་ལ་ཡག་པོ་དང་བྱམས་པོ་བྱེད་འདོད་ཡོད་རྒྱུ་རེད། འོན་ཀྱང་ཁོང་ཚོ་དུས་རྟག་ཏུ་དཀའ་ལས་ཁག་བསྡད་ཡོད་པར་བརྟེན་དངོས་གནས་ང་ལ་བྱམས་པོ་བྱེད་ཐུབ་ཀྱི་མ་རེད།''  ཅེས་ལབ།

ལོ་རྒྱུས་དེ་ཡིས་མེ་རི་ལའི་སེམས་སུ་བུ་མོ་ཨེན་ལ་གདོང་སེམས་མཉམ་བསྐྱེད་ཀྱི་ཚོར་སྣང་སྐྱེན་པོ་ཞིག་སྟེར་ཏེ་བསམ་པར། ""བུ་མོ་ཆུང་ཆུང་འདིའི་འཚོ་བ་ནི་ཅི་འདྲིའི་དཀའ་སྡུག་གི་རང་བཞིན་དང་ལྡན་པ་ཞིག་རེད་ཨང༌། མོ་རང་ལ་བྱམས་པོ་དང་གཅེས་སྐྱོང་བྱེད་མཁན་གྱི་མི་གཅིག་ཀྱང་མེད་པར་མ་ཟད་མོ་རང་ཉར་མཁན་ཞིག་ཀྱང་བྱུང་མི་འདུག'' སྙམ།

དེ་ནས་ལྕམ་སྐུ་སི་པན་སོར་གྱིས་མེ་རི་ལ་དང་ཨེན་གཉིས་ཡོང་གིན་ཡོད་པ་མཐོང་བས་མོ་རང་ཧང་སང་བར་གྱུར།

གང་ལྟར་མེ་རི་ལ་ཡིས་ལྕམ་སྐུ་སི་པན་སོར་ལ་འགལ་འཛོལ་གྱི་ནོར་འཁྲུལ་དེའི་སྐོར་ལབ་གླེང་བྱས་པར། སི་པན་སོར་གྱིས་ ""དེ་ནི་ངའི་ངོས་ནས་ནོར་འཁྲུལ་བྱུང་བར་བརྟེན་ངས་སྙིང་ཐག་པ་ནས་ཁྱེད་ལ་དགོངས་དག་ཞུ། འོན་ཀྱང་ང་ལ་ཐབས་ཤེས་ཤིག་ཡོད། གང་ཡིན་ཟེར་ན་ངའི་ཁྱིམ་མཚེས་ཀྱི་ལྕམ་བྷི་ལོས་ཨེ་ཊི་ལ་ཕྲུ་གུ་ཞིག་སྐྱེས་འདུག དེ་ལ་བྱིས་གཡོག་རྒྱུག་མཁན་གྱི་བུ་མོ་ཞིག་དགོས་ཟེར། དེ་འདྲ་སོང་ཙང་བུ་མོ་ཨེན་ལྕམ་བྷི་ལོས་ཨེ་ཊི་ཡི་སར་བསྡད་ན་འགྲིག་གི་རེད་'' ཅེས་བཤད་པ་ན་མེ་རི་ལ་ཡིས་ ""ཨོ་! ལྕམ་བྷི་ལོས་ཨེ་ཊི་ཨེ! བྷི་ལོས་ཨེ་ཊི་ལ་ཕྲུ་གུ་མང་པོ་ཡོད་པས་མོ་རང་གིས་དེ་ཚོར་བྱམས་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་མེད་པ་'' ཞེས་ལན་བཏབ།

ལྕམ་སྐུ་སི་པན་སོར་གྱིས་ ""ལྟོས་དང༌།! མོ་རང་ལྕམ་བྷི་ལོས་ཨེ་ཊི་རེད།'' ཅེས་བཤད། ལྕམ་བྷི་ལོས་ཨེ་ཊི་ཡི་མིག་ཟུང་ནི་ཆེས་ཆུང་ལ་གསོན་ཉམས་མེད་པ་ཞིག་ཡིན།

ལྕམ་སྐུ་སི་པན་སོར་གྱིས་བྷི་ལོས་ཨེ་ཊེ་ལ་འདི་ལྟར་ ""མོ་རང་ནི་གྷི་རིན་གྷ་བྷོལ་གྱི་ལྕམ་མེ་རི་ལ་རེད།'' ཅེས་ངོ་སྤྲོད་ཅིག་བྱས་ཏེ་ ""བུ་མོ་ཆུང་ཆུང་འདི་ངས་དྭ་ཕྲུག་ཁང་ནས་མེ་རི་ལ་ལ་ཁྲིད་ཡོང་བ་ཡིན། འོན་ཀྱང་མོ་རང་ལ་བུ་ཞིག་དགོས་ཀྱི་ཡོད་ཟེར། དེས་ན་བུ་མོ་འདི་ཁྱེད་ཀྱི་ཐུགས་ལ་འབབ་པོ་འདུག་གམ།'' ཞེས་འགྲེལ་བཤད་བྱས་པ་ན། ལྕམ་བྷི་ལོས་ཨེ་ཊི་ཡི་གདོང་ལ་འཛུམ་མདངས་ཤིག་ཀྱང་མེད་པར་དུས་ཡུན་རིང་པོའི་བར་བུ་མོ་ཨེན་ལ་མིག་གིས་ཕུར་ཚུགས་སུ་བལྟས་ཏེ་ན་རེ་ ""མོ་རང་ནི་ཇི་འདྲའི་སྐམ་ལ་རིད་པ་ཞིག་རེད་ཨང༌།! དེས་ན་ངས་མོ་རང་ལུས་སྟོབས་དང་ལྡན་པ་ཞིག་བཟོ་གི་ཡིན་ལ། ལས་ཀ་ཡང་ཁག་པོ་དག་སྐོས་ཀྱི་ཡིན། ད་ལྟ་རང་ངའི་ནང་ལ་འཁྲིད་དང་མི་འགྲིག་པ་མི་འདུག" ཅེས་བཤད།

མེ་རི་ལ་ཡིས་རང་བཞིན་གྱི་སྤྲོ་སྣང་ལྡན་པའི་ཨེན་གྱི་གདུང་ལ་བལྟས་ནས། ངས་བུ་མོ་འདི་ལྕམ་བྷི་ལོས་ཨེ་ཊི་ལ་སྤྲད་ན་འགྲིག་གི་མ་རེད་བསམ་སྟེ། ""སྒུགས་དང༌།! ད་དུང་ངས་གཅེན་པོ་མ་ཐི་ཡུའི་ལ་གྲོས་བསྡུར་ཞིག་བྱེད་དགོས། ཁོང་གིས་མོ་རང་ང་ཚོའི་ནང་དུ་ཉར་གྱི་ཡིན་གསུངས་བྱུང་'' ཞེས་བཤད་སྐབས། བུ་མོ་ཨེན་ནི་ཧང་སང་ཐག་ཆོད་དེ་མེ་རི་ལ་ཡི་གདོང་ལ་བལྟས་ནས་ཏོག་ཙམ་རིང་ལོས། དེ་ནས་མོ་རང་གིས་ས་མཆོང་གནམ་མཆོང་དང་ཁང་པའི་ནང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ ""ང་དངོས་གནས་གྷི་རེན་གྷ་བྷོལ་ནས་ཁྱེད་གཉིས་དང་ལྷན་དུ་བསྡད་ན་འགྲིག་གི་རེད་དམ། ཁྱེད་ཀྱིས་དངོས་གནས་དེ་ལྟར་ལབ་པ་ཡིན་ནམ།?'' ཅེས་དྲིས་པར། མེ་རི་ལ་ཡིས། ""ད་དུང་ཧ་གོ་གི་མ་རེད། ཁྱེད་རང་ལྷོད་ལྷོད་བྱས་ནས་མར་ས་ལ་སྡོད།'' ཅེས་ལབ།

དེ་ནས་ཁོང་གཉིས་ཕྱིར་གྷི་རེན་གྷ་བྷོལ་ལ་སླེབས་པ་ན་སྐུ་ཞབས་མ་ཐི་ཡུས་ཀྱིས་བུ་མོ་ཨེན་མཐོང་བས་ཁོང་ལ་ཧ་ཅང་གི་སྤྲོ་སྣང་སྐྱེས།

ཏོག་ཙམ་སོང་རྗེས་མེ་རི་ལ་ཡིས་སྐུ་ཞབས་མ་ཐི་ཡུས་ལ་ལྕམ་བྷི་ལོས་ཨེ་ཊི་དང་ཨེན་གྱི་ལོ་རྒྱུས་སོགས་བཤད་པས། མ་ཐི་ཡུས་ནམ་རྒྱུན་ནས་རླུང་ལངས་པོ་དང་ཁོང་ཚ་པོ་མེད་རུང་ལྕམ་སྐུ་བྷི་ལོས་ཨེ་ཊི་ཡི་ཐོག་ལ་ཁོང་ཁྲོ་ལངས་ཏེ་ན་རེ། ""བུད་མེད་བྷི་ལོས་ཨེ་ཊི་ཟེར་བ་དེ་དཔེ་མི་སྲིད་པའི་སྡུག་ཅག་རེད།'' ཅེས་བཤད་པར་མེ་རི་ལས་ཀྱང་ ""ངས་ཤེས་ཀྱི་ཡོད། ང་ཡང་བྷི་ལོས་ཨེ་ཊི་ལ་དགའ་པོ་མེད། ཨོ་ ཏག་ཏག་རེད། བུ་མོ་ཨེན་ང་ཚོ་དང་ལྷན་དུ་བསྡད་ན་འགྲིག་གི་རེད། འོན་ཀྱང་ངས་ཕྲུ་གུའི་སྐོར་ལ་གང་ཡང་ཤེས་ཀྱི་མེད་པས། ངའི་རེ་བ་ལ་ང་ཚོས་མོ་དང་མཉམ་དུ་ནོར་འཁྲུལ་གང་ཡང་མི་ཡོང་བ་བྱེད་དགོས།'' ཅེས་ལབ་པར། མ་ཐི་ཡུས་ཀྱིས་ཡིད་འཐད་པའི་རྣམ་འགྱུར་དང་བཅས་ཏེ་ ""ཨོ་ ཐུགས་རྗེ་ཆེ། ཨེན་ནི་དཔེ་མི་སྲིད་པའིཡིད་དུ་འཐད་ཅིང་སྣང་བར་འགྲོ་བའི་བུ་མོ་ཞིག་རེད། ངེད་གཉིས་ཀྱིས་མོ་རང་ལ་བྱམས་སྐྱོང་གང་ཡོང་བྱེད་ཀྱི་ཡིན། མ་འོངས་པར་མོ་རང་གིས་ཀྱང་ཁྱེད་ལ་བྱམས་པོ་བྱེད་ངེས་རེད།'' ཅེས་བཤད།

                                                                     ལེའུ་གསུམ་པ།
                                                                                                                  སྐྲ་དམར་པོ།

                                                         Red Hair

དེའི་ཕྱི་ཉིན་མེ་རི་ལ་ཡིས། སྐུ་ཞབས་མ་ཐི་ཡུས་དང་ཁོང་རྣམ་གཉིས་ཀྱིས་བུ་མོ་ཨེན་གྱི་སྐོར་ལ་གླེང་མོལ་བྱས་པ་དག་མོ་རང་ལ་ཤེས་སུ་མ་བཅུག་པར། ཐབ་ཚང་ནང་གི་ལས་ཀ་མང་དག་ཅིག་བུ་མོ་ཨེན་ལ་བྱེད་དུ་བཅུག

བུ་མོ་ཨེན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་མེ་རི་ལ་ལ་བཤད་རྒྱུར། ""ངས་ང་རང་གི་མ་འོངས་པའི་སྐོར་ལ་ཤེས་འདོད་ཆེན་པོ་འདུག ཐུགས་རྗེས་གཟིགས།! ང་ལ་གསུངས་རོགས། ཁྱེད་ཀྱིས་ང་ས་ཕྱོགས་གཞན་པར་གཏོང་གི་མ་རེད་པ།?'' ཞེས་དྲིས་པར། མེ་རི་ལ་ཡིས། ""ག་པ་ག་པར། ཁྱེད་རང་གྷི་རེན་གྷ་བྷོལ་ནས་མ་ཐི་ཡུས་ངེད་གཉིས་དང་ལྷན་དུ་བསྡད་ན་འགྲིག་གི་རེད། འོན་ཀྱང་ཁྱེད་ཀྱིས་ཚུལ་མཐུན་བྱེད་དགོས་ཡོད་'' ཅེས་ལན་བཏབ་པས་ཨེན་ངུ་ཤོར་བ་ན། མ་རི་ལ་ཧང་སང་ཐག་ཆོད་དེ་ ""ཁྱེད་རྒྱུ་མཚན་ཅི་ཞིག་གི་ཕྱིར་ངུ་གི་ཡོད། ཁྱེད་རང་མ་ཐི་ཡུས་ངེད་གཉིས་དང་ལྷན་དུ་སྡོད་འདོད་མེད་པ་ཡིན་ནམ།? གྷི་རེན་གྷ་བྷོལ་ལ་སྡོད་རྒྱུར་སྤྲོ་སྣང་མེད་པ་ཡིན་ནམ།?'' ཅེས་དྲིས་པར། ཨེན་གྱིས་ ""ཨོ་ མ་རེད། ང་རང་འདིར་སྡོད་རྒྱུར་ཧ་ཅང་གི་དགའ་པོ་ཡོད། དགའ་རྒྱུ་མང་དྲག་པའི་རྐྱེན་གྱིས་ང་རང་ངུ་ཤོར་སོ། །གང་ལྟར་ངས་ནམ་རྒྱུན་ནས་ཡག་པོ་བྱེད་ངེས་ཡིན་'' ཅེས་ལན་བཏབ།

ཉིན་ཁ་ཤས་ཀྱི་རྗེས་སུ་ལྕམ་སྐུ་ལེན་ཌི་མེ་རི་ལའི་ནང་དུ་ཇ་འཐུང་བར་ཡོང༌། དེ་དུས་ཨེན་ནི་ཁང་པའི་ཕྱི་ལ་ཡོད། དེ་ནས་མེ་རི་ལ་དང་ལེན་ཌི་གཉིས་ཐབ་ཚང་ནང་དུ་བསྡད་ནས་གླེང་མོལ་བྱེད་འགོ་ཚུགས། སྕམ་སྐུ་ལེན་ཌི་ཡིས་ ""ངས་བལྟས་ན་ཁྱོད་ཀྱིས་ནོར་འཁྲུལ་ཆེན་པོ་ཞིག་བྱས་འདུག གང་ལྟར་ཁྱེད་རང་གིས་ཕྲུ་གུའི་སྐོར་ལ་གང་ཡང་ཤེས་ཀྱི་མེད་པ།'' ཞེས་བཤད་པར། མེ་རི་ལ་ཡིས་ ""རེད་ རེད་ ངས་ཕྲུ་གུའི་སྐོར་ལ་གང་ཡང་ཤེས་ཀྱི་མེད། འོན་ཀྱང་བསླབ་ན་མི་འགྲིག་པ་ཅང་ཨེ་ཡོད་'' ཅེས་ལན་བཏབ།

ཨེན་ཐབ་ཚང་ནང་དུ་རྒྱུག་ཡོང་སྐབས་ལྕམ་སྐུ་ལེན་ཌི་མཐོང་བས་འགྲོ་མཚམས་བཞག ད་དུང་ལྕམ་སྐུ་ལེན་ཌི་ཡིས་བཤད་རྒྱུར་ ""མ་ཐི་ཡུས་ཀྱིས་ཁྱེད་རང་གི་གདོང་སྙིང་རྗེ་མོ་དེ་ཆུ་ལ་གཡུག་རྒྱུ་གཏན་འཁེལ་རེད། མོ་རང་ནི་ཧ་ཅང་གི་སྐམ་ལ་རིད་པ་ཞིག་ཡིན་པ་མ་ཟད་སྐྲ་ཡང་དམོར་པོ་དམར་རྐྱང་ལ་ཕུག་དམར་པོ་ནང་བཞིན་རེད། འདིར་ཤོག་དང་བུ་མོ། ངས་ཁྱོད་ལ་ཞིབ་ལྟ་ཞིག་བྱེད་དགོས།'' ཞེས་ལབ་མ་ཐག ཨེན་ནི་ཁོང་ཁྲོའི་མེ་ལྕེ་འབར་བཞིན་གདོང་ཡང་དམར་པོར་གྱུར་ཏེ་ཐབ་ཚང་ནང་དུ་རྒྱུག་ཡོང་ནས། ལྕམ་སྐུ་ལེན་ཌི་ཡི་མདུན་དུ་ཀེར་གྱི་ལངས་ཏེ་སྐད་ཤུགས་ཆེན་པོའི་ཐོག་ནས་ ""ང་ཁྱེད་རང་ལ་འཚིག་པ་ཟ་གི! ང་ཁྱེད་རང་ལ་འཚིག་པ་ཟ་གི! བུད་མེད་རྒྱག་པ་ཁྱེད་རང་སྡུག་ཅག་འདུག'' ཅེས་ལབ་སྐབས་མེ་རི་ལ་ཡིས་སྐད་གསང་མཐོན་པོའི་སྒོ་ནས་ ""ཨེན་! ཁྱོད་ཀྱིས་ཅི་ཞིག་བཤད་ཀྱི་ཡོད། རང་གི་མལ་ཁང་དུ་སོང་ལ་དེ་ནས་ང་སྒུགས་སྡོད།'' ཅེས་གཤེ་གཤེ་བཏང༌།

ཨེན་ངུ་ཞོར་དུ་ཐོག་ཁར་མོ་རང་གི་མལ་ཁང་ནང་འཛུལ། ལྕམ་སྐུ་ལེན་ཌི་རྐུབ་སྟེགས་ལས་ཡར་ལངས་ཏེ་ ""ཨོ་! ད་ང་རང་ནང་ལ་ལོག་འགྲོ་གི་ཡིན། བུ་མོ་འདི་ནི་ཅི་འདྲའི་སྤྱོད་ངན་ཞིག་རེད་ཨང༌། ཁྱེད་ལ་མོ་རང་གི་རྩ་ནས་སྐྱོན་ཆ་མང་པོ་ཞིག་འབྱར་ངེས་རེད་'' ཅེས་ལབ་པ་ན། མེ་རི་ལ་ཡིས་ ""འོན་ཀྱང་ཁྱོད་ཀྱིས་ཀྱང་ཨེན་ལ་མོ་རང་སྐོར་གྱི་ཉན་མི་བྲོ་བའི་སྐད་ཆ་མང་དག་ཅིག་བཤད་པས་ལན།'' ཞེས་བཤད།

ལྕམ་སྐུ་ལེན་ཌི་མོ་རང་གི་ནང་ལ་ཕྱིན་ཚར་རྗེས། མེ་རི་ལ་ཐོག་ཁར་ཨེན་གྱི་མལ་ཁང་དུ་འཛུལ་བཞིན་མོ་རང་གི་སེམས་ལ། ལྕམ་སྐུ་ལེན་ཌི་ཡིས་དེ་རིང་གི་གནས་ཚུལ་འདིའི་སྐོར་ཨ་ཝན་ལེས་ཀྱི་ཡུལ་མི་ཚང་མར་བཤད་མི་ཡོང་ངམ་བསམ་བཞིན་སེམས་མི་སྐྱིད་པའི་ངང་ནས་བུ་མོ་ཨེན་ལ་འདི་ལྟར་ ""ཁྱོད་ཀྱིས་ལྕམ་སྐུ་ལེན་ཌི་ལ་དེ་འདྲའི་སྐད་ཆ་ཅིའི་ཕྱིར་བཤད་པ་ཡིན།'' ཞེས་སྐད་ཤུགས་ཆེན་པོའི་སྒོ་ནས། ""ཁྱོད་ཀྱིས་ངུ་མཚམས་བཞག་སྟེ་ང་ལ་ཉོན། ལྕམ་སྐུ་ལེན་ཌི་དེ་རིང་ང་ཚོའི་ནང་ལ་མགྲོན་པོར་ཡོང་བ་རེད། ཁྱོད་ཀྱིས་ཅིའི་ཕྱིར་ཁོ་མོར་དེ་འདྲའི་ཚིག་གནག་པོ་རྐྱང་རྐྱང་ལབ་པ་ཡིན།'' ཞེས་གཤེ་གཤེ་བྱས།

ཨེན་གྱིས་ ""མོ་རང་སྡུག་ཅག་འདུག'' ཅེས་ལན་བཏབ་པར། མེ་རི་ལ་ཡིས་ ""གང་ལྟར་ཁྱོད་ཀྱིས་ལྕམ་སྐུ་ལེན་ཌི་ལ་དགོངས་དག་ཞུ་དགོས་'' ཞེས་བཤད་པ་ན། ཨེན་གྱིས་ ""དུས་ནམ་ཡང༌།! དུས་ནམ་ཡང་དགོངས་དག་ཞུ་མི་ཐུབ།'' ཅེས་བརྗོད་པས། མེ་རི་ལའི་སེམས་ལ་རང་ཉིད་ཆུང་བྱིས་པའི་དུས་སུ་རང་གི་སྲུ་མོས་ ""མེ་རི་ལ་ནི་བུ་མོ་སྙིང་རྗེ་མོ་ཞིག་མ་རེད་'' ཅེས་ཡང་ནས་ཡང་དུ་མོ་རང་གི་སྐོར་ལ་གླེང་མོལ་བྱས་མྱོང་བའི་གནས་ཚུལ་འགའ་ཤས་ལྷང་ངེར་དྲན་པར་གྱུར་ཏེ་ ""དངོས་གནས་གཅིག་བྱས་ན་ལྕམ་སྐུ་ལེན་ཌི་སྡུག་ཅག་ཅིག་ཡིན་རྒྱུ་རེད།'' ཅེས་སྐད་ངག་དམའ་མོའི་སྒོ་ནས་བཤད། ""གང་ལྟར་ཁྱེད་རང་མལ་ཁང་གི་ཕྱི་ལོགས་སུ་ཐོན་མི་ཆོག་ལ་ངེས་པར་དུ་ལྕམ་སྐུ་ལེན་ཌི་ལ་དགོངས་དག་ཞུ་དགོས།'' ཞེས་བཤད་ནས་ཕྱིན།

ཕྱི་ཉིན་ཞོགས་པ་ཨེན་འོག་ཁང་དུ་ཞོགས་ཟས་ཟ་རུ་མ་ཡོང་བར་མོ་རང་གི་མལ་ཁང་དུ་བསྡད། མེ་རི་ལ་ཡིས་ཁ་སང་གི་གནས་ཚུལ་དེའི་སྐོར་སྐུ་ཞབས་མ་ཐི་ཡུས་ལ་བཤད་དེ་ ""མོ་རང་གི་སྤྱོད་ལམ་ནི་ཧ་ཅང་གི་རྩུབ་པོ་འདུག་'' ཅེས་ལབ་པར་མ་ཐི་ཡུའི་ཀྱིས་ ""ཡིན་ན་ཡང་ལྕམ་སྐུ་ལེན་ཌི་ཡིས་མོ་རང་གིས་བཤད་པའི་སྐད་ཆ་སྔོན་མ་དེ་ཚོར་བསམ་བློ་འཁོར་ཡོད་རྒྱུ་མ་རེད། གང་ལྟར་ཁྱོད་ཀྱིས་བུ་མོ་ཨེན་ལ་རྣམ་འགྱུར་སྡུག་ཅག་དེ་འདྲ་མ་སྟོན་རོགས་'' ཞེས་བཤད།

ཨེན་ནི་ཉིན་གང་པོར་མོ་རང་གི་མལ་ཁང་ནས་ཕྱི་ལ་མ་བུད་པས། མེ་རི་ལ་ཡིས་ཟ་མ་ཁྱེར་ནས་ཐོག་ཁར་ཨེན་གྱི་མལ་ཁང་དུ་ཕྱིན་ནའང་མོ་རང་གིས་ཁ་ལག་ཏོག་ཙམ་ལས་མ་ཟོས། དེའི་དགོང་མོར་ ""མ་ཐི་ཡུས་ཨེན་གྱི་མལ་ཁང་དུ་ག་ལེར་ཕྱིན་ཏེ་བལྟས་དུས། ཨེན་ནི་སྒེའུ་ཁུང་འཁྲིས་ཀྱི་རྐུབ་སྟེགས་ཤིག་གི་ཐོག་བསྡད་འདུག་ལ། མོ་རང་ནི་ཆེས་ཆུང་ལ་སེམས་སྐྱོ་བཞིན་ཡོད་པའི་རྣམ་པར་མཐོང༌།

མ་ཐི་ཡུས་ཀྱིས་མོ་རང་ལ་སྙིང་བཞིན་པར་སྒོ་མར་བརྒྱབ་ནས་ནང་དུ་འཛུལ་ཏེ་འདི་ལྟར་བཤད་ ""ཨེན་ སྐུ་མཁྱེན་ ཁྱེད་རང་ལྕམ་སྐུ་ལེན་ཌིའི་སར་སོང་ནས་དགོངས་དག་ཞུ་རོགས་'' ཞེས་ལབ་པར། ""ཨེན་གྱིས་ ངས་ཁ་སང་མོ་རང་ལ་དགོངས་དག་ཞུ་རྩིས་མེད། འོན་ཀྱང་དེ་རིང་ཁྱོད་ཀྱིས་ང་ལ་དེ་ལྟར་བཤད་པར་བརྟེན་ངས་ལྕམ་སྐུ་ལེན་ཌི་ལགས་སུ་དགོངས་དག་ཞུས་ཆོག'' ཅེས་ལན་བཏབ།

དེ་ནས་མ་ཐི་ཡུས་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས་ ""ཨོ་ ཐུགས་རྗེ་ཆེ། ཁྱེད་རང་འོག་ཁང་དུ་ང་ཚོ་དང་ལྷན་དུ་མེད་ན་དུས་ཚོད་ཡང་འཁྱོལ་ཁག་པོ་འདུག'' ཅེས་བཤད་དེ་ཁོ་རང་སྒོའི་ཕྱི་ལ་ཐོན་ནས་སོང༌།

རྗེས་སུ་མེ་རི་ལ་དང་ཨེན་གཉིས་ལྕམ་སྐུ་ལེན་ཌིའི་སར་ཕྱིན་ནས་ཨེན་གྱིས་ ""ལྕམ་ལེན་ཌི་ལགས། ངས་དངོས་གནས་དྲང་གནས་ཁྱེད་ལ་དགོངས་དག་ཞུ། ངས་ཁྱེད་ལ་བཤད་པའི་སྐད་ཆ་དེ་ཅུང་ཙམ་ཐལ་དྲག་སོང༌། ཁྱེད་ཀྱིས་ངའི་སྐྲ་དམར་གྱི་སྐོར་ལ་བཤད་སོང་མོད། ང་རང་ཡང་མདོག་ཉེས་པོ་དང་ཤ་སྐམ་པོ་ཡོད།'' ཅེས་བཤད་པ་ན།

ལྕམ་སྐུ་ལེན་ཌི་ཡིས་འཛུམ་དམུལ་དམུལ་བྱེད་ཀྱིན། ""ངས་ཀྱང་ཁྱོད་ལ་ཚིག་རྩུབ་པོ་བཤད་རྒྱུ་ཧ་ཅང་ཐལ་དྲག་སོང༌། དེང་སྐབས་ཁྱེད་རང་གི་སྐྲ་དམར་པོ་ཡིན་མོད། འོན་ཀྱང་གཅིག་བྱས་ན་ཁྱེད་རང་ནར་སོན་སྐབས་ཚོན་མདོག་དེ་འགྱུར་འགྲོ་གི་རེད།'' ཅེས་བཤད་པར། ཨེན་གྱིས་ ""ཨོ་! དེ་ནི་ཅི་འདྲའི་གཏམ་བཟང་ཞིག་རེད། ད་ནས་བཟུང་ངའི་སྐྲ་དེ་སྙིང་རྗེ་མོ་ཆགས་རྒྱུའི་རེ་བ་ཡོད་སོང་ནི་རེད། ད་ང་རང་ཁང་པའི་ཕྱི་ལོགས་ནས་རྩེད་མོ་བརྩེས་ན་འགྲིག་གམ?'' ཞེས་དྲིས་པར། ལྕམ་སྐུ་ལེན་ཌི་ཡིས་ ""ཨོ་ ཡིན་དང་ཡིན། ཕྱི་ལོགས་ནས་མེ་ཏོག་ཁ་ཤས་བཀོག་ཤོག་ཨ།'' ཞེས་བཤད།

ཨེན་གྱིས་མོ་རང་གི་འཁྲིས་ཀྱི་སྒོ་དེ་མར་ཐེན་ནས་ཕྱི་ལོགས་སུ་རྩེད་མོ་རྩེ་བར་ཕྱིན། མེ་རི་ལའི་སེམས་ལ་ ""དངོས་གནས་ཨེན་གྱིས་ལྕམ་སྐུ་ལེན་ཌི་ལ་དགོངས་དག་ཡག་པོ་ཞུས་སོང༌། འོན་ཀྱང་མོ་རང་ནི་ཅི་འདྲའི་དགོད་བྲོ་པོ་ཞིག་རེད་ཨང་'' སྙམ།

སྐབས་དེར་ལྕམ་སྐུ་ལེན་ཌི་ཡིས་མེ་རི་ལ་ལ་བཤད་རྒྱུར་ ""བུ་མོ་ཨེན་ལ་མཚོན་ན། མོ་ནི་ང་ལ་ཆ་རྒྱུས་ཅི་ཡང་མེད་པའི་བུ་མོ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་མོ་རང་སྡུག་ཅག་དེ་འདྲ་རེད་མི་འདུག གང་ལྟར་ང་རང་ཡང་མོ་ལ་དགའ་པོ་ཡོད་'' ཅེས་བཤད།

དེ་ནས་མོ་རང་གཉིས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་ནས། གློ་བུར་དུ་ཨེན་གྱི་ཆུང་ལ་མཉེན་པའི་ལག་ཟུང་གིས་མེ་རི་ལ་ཡི་ལག་པར་འཇུས་ཏེ། གཅེས་སྐད་ཅིག་དང་འགྲོགས་ནས་འདི་ལྟར་ ""ང་རང་གྷི་རེན་གྷ་བྷོལ་ལ་ཧ་ཅང་གི་དགའ་པོ་ཡོད་ལ་དུས་ད་ནས་བཟུང་དེ་ནི་ངའི་ནང་རེད་'' ཅེས་ལབ།

ལེའུ་བཞི་པ།

སྤྲོ་ཚོགས་ཤིག

                                                        The Party

བུ་མོ་ཨེན་ལ་དེ་སྔོན་དྭ་ཕྲུག་ཁང་ནས་སྤྲད་པའི་གྱོན་གོས་མདོག་ངན་རྐང་གཅིག་ལས་མེད་པར་བརྟེན། མེ་རི་ལ་ཡིས་མོ་རང་ལ་གྱོན་གོས་ཆ་གསུམ་དང་ཞྭ་མོ་ཆུང་ཆུང་ཞིག་ཀྱང་ཉོས། འོན་ཀྱང་གྱོན་གོས་དེ་ཚོ་ཨེན་གྱི་བློ་ལ་འབབ་པོ་ཞིག་མ་བྱུང་བ་ན། མེ་རི་ལ་ཡིས་ ""ཨེན་! ཅིའི་ཕྱིར་གྱོན་ཆས་འདི་ཚོ་ཁྱོད་ཀྱི་བློར་མ་བབ་པ་ཡིན།?'' ཅེས་དྲིས་པར་ཨེན་གྱིས་ ""འདི་ཚོ་...འདི་ཚོ་སྙིང་རྗེ་མོ་མི་འདུག'' ཅེས་ལབ་པར་མེ་རི་ལ་ཡིས། ""ཡིན་ན་ཡང་གྱོན་གོས་འདི་ཚོ་ཧ་ཅང་གི་ཡག་པོ་ཡོད་པ་རེད་དཱ'' ཞེས་བཤད།

གཟའ་ཉི་མ་ནམ་ཡིན་ལ་མེ་རི་ལ་ཡིས་ཨེན་ཁྲིད་དེ་ཡེ་ཤུའི་ཆོས་ཁང་དུ་མཆོད་འབུལ་བྱེད་པར་འགྲོ་གི་ཡོད། ཡིན་ན་ཡང་གཟའ་ཉི་མ་རྗེས་མ་དེར་མེ་རི་ལ་ཅུང་ཙམ་གཟུགས་ཁམས་བདེ་མིན་ལ་བརྟེན་མོ་རང་གིས་ཨེན་ལ་བཤད་རྒྱུར་ ""ང་ཁྱེད་རང་དང་ལྷན་དུ་མེད་ན་ཁྱེད་གཅིག་པུར་ཆོས་ཁང་དུ་འགྲོ་ཐུབ་བམ།?'' ཞེས་དྲིས་པར་ཨེན་གྱིས་ "ཨོ་ ཡིན་དང་ཡིན། ང་གཅིག་པུར་འགྲོ་ཐུབ་'' ཞེས་ལན་བཏབ།

དེ་ནས་ཨེན་གྱིས་མོ་རང་གི་གྱོན་གོས་གསར་པ་རྣམས་ཀྱི་ནང་ནས་ཆ་གཅིག་དང་ཞྭ་མོ་དེ་གོན་ནས་ཆོས་ཁང་ལ་འགྲོ་སའི་ལམ་ལ་ཆས། སྤྱིར་ན་ཨེན་གྱིས་མོ་རང་གི་ཞྭ་མོ་འདི་སྙིང་རྗེ་མོ་མི་འདུག་སྙམ་སྟེ་ཞྭ་མོ་དེ་ལ་དགའ་པོ་ཁྱོན་ནས་མེད། འོན་ཀྱང་སྐབས་དེར་མོ་རང་གིས་ཐབས་ཤེས་ཤིག་རྙེད་པ་རེད། ལམ་ཁའི་གཡས་གཡོན་ཀུན་ཏུ་མཚར་སྡུག་དཔྱིད་དུ་འབར་བའི་མེ་ཏོག་འདྲ་མིན་སེར་ཆེམ་ཆེམ་དུ་བཞད་ཡོད་པར་བརྟེན། དེའི་ཁྲོད་ནས་མེ་ཏོག་རྐང་ཁ་ཤས་བཀོག་སྟེ་མོ་རང་གི་ཞྭ་མོའི་ཐོག་གཡོག་ནས་ཕྱིན།

མོ་རང་ཆོས་ཁང་དུ་སླེབས་སྐབས་ཕྲུ་གུ་གཞན་དག་རྣམས་ཀྱིས་མོ་ལ་བལྟ་བཞིན་ ""ཕ་གིའི་བུ་མོ་དེ་ནི་སྨྱོན་པ་ཞིག་རེད་'' ཅེས་ཁོང་ཚོས་ལབ། མཆོད་འབུལ་ཡོངས་སུ་གྲུབ་ན་ཨེན་ཕྱིར་གྷི་རེན་གྷ་བྷོལ་དུ་བརྒྱུགས་ཡོངབ་ན། མེ་རི་ལ་ཡིས་ ""སྐྱིད་པོ་བྱུང་སོང་ངམ་?'' ཞེས་དྲིས་པར་ཨེན་གྱིས་ ""སྐྱིད་པོ་ཞེ་དྲག་རང་བྱུང་མ་སོང༌། ཆོས་དཔོན་ཁོང་ནི་སྣང་བར་འགྲོ་པོ་ཞིག་ཀྱང་རེད་མི་འདུག་ལ་ཁོང་གིས་ལེགས་སྦྱར་ཡང་རྒྱུན་རིང་པོ་ཞིག་གི་བར་གསུངས་སོང༌། འོན་ཀྱང་གཟའ་འཁོར་རྗེས་མ་དེར་ཨ་ཝན་ལེས་ཀྱི་ཕྲུ་གུ་རྣམས་ཀྱིས་སྤྲོ་ཚོགས་ཤིག་གཏོང་གི་ཡིན་ཟེར། དེ་ནི་ཅི་འདྲའི་སྤྲོ་སྐྱིད་དང་ལྡན་པ་ཞིག་རེད་ཨང༌། ཐུགས་རྗེས་གཟིགས། ང་ཡང་སྤྲོ་ཚོགས་དེར་ཞུགས་ན་འགྲིག་གམ་?'' ཞེས་དྲིས་པར། མེ་རི་ལ་ཡིས། ""འགྲིག་དང་འགྲིག ཁྱེད་སྤྲོ་ཚོགས་དེར་ཞུགས་ན་འགྲིག་གི་རེད་'' ཅེས་ལན་བཏབ་པས། བུ་མོ་ཨེན་གྱིས་ལག་ཟུང་གིས་མེ་རི་ལ་ལ་འཐམ་ནས་གཅེས་ལོ་བྱེད་བཞིན་ ""ཨོ་ ཐུགས་རྗེ་ཆེ་ མེ་རི་ལ་'' ཞེས་བརྗོད་པས། མེ་རི་ལ་ཡི་སེམས་སུའང་དགའ་སྣང་གི་བདེ་ཉམས་ཤིག་སྐྱེས་ཏེ་ ""ད་ནས་བཟུང་ང་རང་ཡང་བུ་མོ་ཨེན་ལ་སེམས་ཐག་ཉེ་བའི་འགོ་བཙུགས་སོང་'' སྙམ།

མེ་རི་ལ་ལ་གོས་ཟུངས་སྙིང་རྗེ་མོ་ཞིག་ཡོད་པ་དེ་སྤྲོ་ཚོགས་ཀྱི་སྔ་ཉིན་དེར་མོ་རང་གིས་ཅི་ལྟར་བཙལ་ཡང་མ་རྙེད་པས་མོའི་བསམ་པར། ""གོས་ཟུངས་དེ་ནི་ངའི་མལ་ཁང་གི་མདུན་ཅོག་སྟེང་བཞག་ཡོད་ཀྱང་ད་ལྟ་མཐོང་རྒྱུ་མེད་པ་འདི་ཅི་ཞིག་ཡིན་ནམ། ད་གང་ཏུ་བཞག་པ་ཡིན་ནམ་'' བསམ་ཞོར་དུ་མོ་རང་གིས་ཨེན་ལ་ ""ཁྱོད་ཀྱིས་ངའི་གོས་ཟུངས་སྙིང་རྗེ་མོ་དེ་མལ་ཁང་ནས་ཕྱི་ལ་ཁྱེར་བ་མིན་ནམ་?'' ཞེས་དྲིས་པར། ཨེན་གྱིས་ ""ཁྱེར་མེད། ང་བདུན་ཕྲག་སྔོན་མ་དེར་ཁྱེད་ཀྱི་མལ་ཁང་དུ་ཕྱིན་སྐབས་གོས་ཟུངས་ཁྱེད་ཀྱི་མདུན་ཅོག་སྟེང་ངའི་གྱོན་གོས་ཐོག་ཏུ་བཞག་འདུག དེ་ནས་ངས་གོས་ཟུངས་དེ་མདུན་ཅོག་སྟེང་ཕར་རང་འཇགས་བཞག་ཡོད་མ་གཏོགས་ཁྱེད་ཀྱི་མལ་ཁང་གི་ཕྱི་ལ་ཁྱེར་མེད་'' ཅེས་ལན་བཏབ།

མེ་རི་ལ་ཡིས་ཡང་བསྐྱལ་གོས་ཟུངས་དེ་གང་སར་བཙལ་ཡང་མ་རྙེད། དེ་ནས་མེ་རི་ལ་ཅུང་ཙམ་ཁྲོ་བའི་ཉམས་དང་བཅས་ཏེ་ ""ཨེན་! ངས་ཁྱོད་ལ་ཡང་བསྐྱལ་སྐད་ཆ་ཞིག་འདྲི། ཁྱེད་ཀྱིས་ངའི་གོས་ཟུངས་དེ་མལ་ཁང་ཕྱི་ལ་ཁྱེར་ནས་བརླག་སོང་བ་མིན་ནམ།?'' ཞེས་སྐད་གསང་མཐོན་པོའི་སྒོ་ནས་དྲིས་པར། ཨེན་གྱིས་ ""མིན་ དངོས་གནས་ངས་ཁྱེར་མ་མྱོང་'' ཞེས་ག་ལེར་བཤད་ནའང་མེ་རི་ལ་ཡིས་ཨེན་ལ་ ""རང་གི་མལ་ཁང་དུ་སོང་ལ་དེ་ནས་སྒུགས་སྡོད་'' ཅེས་ཁོང་ཁྲོ་བའི་ངང་དེ་ལྟར་བཤད་པས་མོ་རང་ཡང་རང་ཉིད་ཀྱི་མལ་ཁང་དུ་ཕྱིན།

ཏོག་ཙམ་གྱི་རྗེས་སུ། མེ་རི་ལ་ཨེན་གྱི་མལ་ཁང་དུ་ཡོང་བ་ན། ཨེན་གྱིས་ ""མེ་རི་ལ། སྤྲོ་ཚོགས་དེ་སང་ཉིན་རེད། སྐུ་མཁྱེན་! ང་སྤྲོ་ཚོགས་ལ་གཏོང་རོགས་གནང༌།'' ཅེས་ལབ་པར། མེ་རི་ལ་ཡིས་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཏེ། ""གཏོང་གི་མིན།! ཐོག་དང་པོར་ཁྱོད་ཀྱིས་ང་ལ་གོས་ཟུངས་ཀྱི་སྐོར་བཤད་དགོས།'' ཅེས་བཤད་པར་ཨེན་གྱིས། ""གང་ལྟར་གོས་ཟུངས་ཀྱི་སྐོར་ ངས་ཁྱོད་ལ་ཞུས་ཚར་ཡིན་པ་'' ཞེས་ངུ་ངག་དང་བཅས་ལབ།

ཕྱི་ཉིན་ཞོགས་པ། མེ་རི་ལ་ཡིས་ཨེན་ལ་ཞོགས་ཟས་ཁྱེར་ནས་ཐོག་ཁར་མོ་རང་གི་མལ་ཁང་དུ་ཕྱིན་དུས། སྐྱ་ཐག་གེར་ཡོད་པའི་ཨེན་གྱི་བཞིན་རས་ན་ཆེ་ལ་ཐལ་མདོག་དུ་ཡོད་པའི་མིག་ཟུང་གཉིས་ཀྱང་མཆི་མས་བཀང་སྟེ་འོད་ཆེམ་ཆེམ་བྱེད་བཞིན་མོ་རང་གི་མལ་ཁྲིའི་སྟེང་བསྡད་འདུག

སྐབས་དེར་ཨེན་གྱིས་ཁུ་སིམ་སིམ་ངང་ ""དེས་ན་ད་ངས་ཁྱོད་ལ་གོས་ཟུངས་ཀྱི་སྐོར་ཞུས་ཆོག ངས་གོས་ཟུངས་དེ་བླངས་ནས་ང་རང་གི་སྟོད་ཐུང་ངོར་བཏགས་ཏེ་ཕྱི་ལོགས་སུ་བརྒྱུགས་ནས་ལམ་ཁ་བརྒྱུད་ཟམ་པའི་ཐོག་ཏུ་སླེབས་སྐབས། ཡང་བསྐྱལ་སྙིང་རྗེ་མོའི་གོས་ཟུངས་དེ་ལ་ལྟ་འདོད་སྐྱེས། དེར་བརྟེན་ངས་གོས་ཟུངས་དེ་སྟོད་ཐུང་ལས་མར་བླངས་ཏེ་བལྟས་དུས། དེ་ནི་ཉི་འོད་འོག་ཏུ་ཇི་འདྲའི་མཛེས་ཤིང་ཡིད་དུ་འོང༌། སྟབས་མ་ལེགས་པར་གོས་ཟུངས་དེ་ངའི་ལག་པའི་ནང་ནས་ཤོར་ཏེ་ཆུའི་ནང་དུ་ཟགས་སོང༌།'' ཅེས་ལབ་པར། མེ་རི་ལ་ཁོང་ཁྲོ་དང་བཅས་ཏེ་སྐད་ཤུགས་ཆེན་པོའི་སྒོ་ནས། ""ཨེན།! ཁྱོད་ནི་ཇི་འདྲའི་བུ་མོ་སྡུག་ཅག་ཅིག་རེད་ཨང༌།" ཟེར་བ་ལ། ཨེན་གྱིས་ "གནས་ཚུལ་དེ་ལ་དགོངས་དག་ཞུ་གི་ཡིན། དེས་ན་ཐུགས་རྗེས་གཟིགས། ད་ང་རང་སྤྲོ་ཚོགས་ལ་ཕྱིན་ན་འགྲིག་གམ་'' ཞེས་དྲིས་སྐབས། མེ་རི་ལ་ཡིས་སྐད་ཤུགས་ཆེན་པོས་ ""སྤྲོ་ཚོགས་ཨེ།! ཁྱོད་ཀྱི་སྐྱིད་སྣང་ལ། གཏད་ནས་གཏོང་གི་མིན་'' ཅེས་བཤད་པར་ཨེན་་གྱིས་ངུ་ངག་དང་བཅས་ཏེ་ "ཁྱོད་ཀྱིས་གོས་ཟུངས་ཀྱི་སྐོར་ཤེས་འདོད་ཡོད་པ་མ་ཡིན་ནམ། སོང་ཙང༌། ངས་དེའི་སྐོར་ནི་ཁྱོད་ལ་ཞུས་ཟིན། དེས་ན་ཐུགས་རྗེས་གཟིགས་ ད་ང་སྤྲོ་ཚོགས་ལ་གཏོང་རོགས་གནང་" ཞེས་ཞུ་བ་ཐེན་པ་ལ། མེ་རི་ལ་ཡིས། ""མི་ཆོག'' ཟེར་བཞིན་ཕྱི་ལོགས་སུ་ཕྱིན། དེ་ནས་ཨེན་མོ་རང་གི་མལ་ཁྲིའི་ཐོག་ཏུ་ཉལ་ནས་ངུ་འགོ་བཙུགས་སོང༌།

མེ་རི་ལ་ནི་སེམས་ཧ་ཅང་སྐྱོ་བཞིན་འོག་ཁང་དུ་མར་བབས་ཏེ་མོའི་བསམ་པར་ ""ཕལ་ཆེར་སྕམ་སྐུ་ལེན་ཌི་ཡིས་བུ་མོ་ཨེན་་གྱི་སྐོར་བཤད་པ་དེ་དངོས་གནས་བདེན་པ་ཡིན་སྲིད་'' སྙམ། དེ་ནས་ཉིན་གོང་གི་ཞལ་ལག་གྲུབ་རྗེས་མེ་རི་ལ་འཆམ་འཆམ་ལ་འགྲོ་དགོས་སྙམ་སྟེ་ལས་སྒོའི་ནང་ནས་གྱོན་གོས་ཤིག་ལེན་སྐབས། མོ་རང་གི་གྱོན་གོས་ཤིག་གི་ཐོག་ནས་ཅ་ལག་གང་ཡང་རུང་བ་ཞིག་མཐོང་བས་དེ་ལ་གསལ་པོར་བལྟ་སྐབས་དེ་ནི་མོ་རང་གི་ཡིད་དུ་འོང་བའི་གོས་ཟུངས་དེ་ཡིན་པ་ཤེས། དེ་ནས་མོ་རང་ཧང་སངས་ཏེ་བསམ་པར་ ""འདི་ཅི་ཞིག་རེད། ཨོ་! ད་ངས་དྲན་སོང༌། གོས་ཟུངས་དེ་ངས་གྱོན་གོས་འདིའི་ཐོག་ཏུ་བཏགས་པ་ཡིན།'' ཅེས་ཁེར་ལབ་ཅིག་བྱས།

དེ་རྗེས་མོ་རང་ཨེན་གྱི་མལ་ཁང་དུ་ཕྱིན་ནས་ཧང་སངས་མདོག་གིས་ ""ཨེན་! ད་ནང་ཞོགས་པ་ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་དེ་འདྲའི་སྒྲོམ་ཞིག་བཟོས་པ་ཡིན། གོས་ཟུངས་ནི་ངའི་གྱོན་གོས་འདིའི་ཐོག་ཏུ་བཏགས་འདུག'' ཅེས་བཤད་པར། ཨེན་སེམས་སྐྱོ་བཞིན་པའི་ངང་ནས་ ""ཁྱོད་ཀྱིས་ང་ལ་ཐོག་དང་པོར་གོས་ཟུངས་ཀྱི་སྐོར་ཤོད་གསུངས་བྱུང༌། ང་ནི་སྤྲོ་ཚོགས་ལ་འགྲོ་འདོད་ཀྱིས་སྒྲོམ་དེ་འདྲ་ཞིག་ལ་བསམ་བློ་བཏང་བ་ཡིན་'' ཅེས་ལན་བཏབ།

མེ་རི་ལ་བགད་མོ་དགོད་བཞིན་དུ་ ""དགོངས་དག དེ་ངའི་ནོར་འཁྲུལ་རེད། ད་སྤྲོ་ཚོགས་ལ་འགྲོ་རྒྱུའི་གྲ་སྒྲིག་བྱོས།'' ཞེས་ལབ་པར་ཨེན་གྱིས། ""ཨོ! ད་རྗེས་ལུས་ཐེབས་སོང་བ་མིན་ནམ།?'' ཞེས་དྲིས་པར་མེ་རི་ལ་ཡིས་ ""ད་དུང་རྗེས་ལུས་ཐེབས་མེད། སྤྲོ་ཚོགས་དེ་ཆུ་ཚོད་གཉིས་པའི་ཐོག་ཏག་ཏག་འགོ་རྩོམ་གྱི་རེད། ཁྱོད་ཀྱིས་གདོང་པ་ཁྲུས་ལ་གྱོན་གོས་གསར་པ་གསུམ་གྱི་ནང་ནས་ཆ་གཅིག་གོན་དང༌། ངས་ཁྱོད་ལ་སྤྲོ་ཚོགས་སར་འཁྱེར་རྒྱུའི་ཞལ་ལག་ཅིག་གྲ་སྒྲིག་བྱེད'' ཅེས་ལབ།

དེའི་དགོང་མོ་དེར་ཨེན་སྤྲོ་ཚོགས་ནས་ཕྱིར་རང་ཁྱིམ་དུ་སླེབས་ཏེ། སྤྲོ་སེམས་འཁོལ་བའི་ངང་མེ་རི་ལ་ལ་འདི་ལྟར་ ""ཨོ་! མེ་རི་ལ་ དེ་རིང་གི་སྤྲོ་ཚོགས་དེ་ནི་ཅི་འདྲའི་སྤྲོ་སྣང་དང་ལྡན་པ་ཞིག་བྱུང་སོང་" ཞེས་བཤད།

ལེའུ་ལྔ་པ།

བརྩེ་དུང་དང་སྡང་ཟུག

                                                     Love and hate

ཉིན་གཅིག་བུ་མོ་ཨེན་གྱིས་མེ་རི་ལ་ལ་འདི་ལྟར་ ""གྷི་རེན་གྷ་བྷོལ་གྱི་ཉེ་འཁྲིས་སུ་བུ་མོ་ཆུང་ཆུང་དེ་འདྲ་ཡོད་དམ།? ངས་ང་རང་ལ་གྲོགས་མོ་ཡག་ཤོས་ཤིག་འཚོལ་འདོད་འདུག'' ཅེས་དྲིས་པར། མེ་རི་ལས་ ""ཨོ་ ཡོད་པ་རེད། ཌ་ཡ་ན་ ཟེར་བའི་བུ་མོ་དེ་ནི་ལོ་ཚོད་ཀྱང་ཁྱོད་དང་མཉམ་པ་ཡོད་ལ། སྡོད་ས་ནི་གཙང་པོ་འདིའི་ཕར་འགྲམ་གྱི་ཨོར་ཆར་ཌི་སི་ལོབ་ཟེར་བ་དེ་རེད། དེ་རིང་ཉིན་རྒྱབ་ང་མོ་རང་གི་ཨ་མ་ལྕམ་བྷེ་རིས་ལ་ཐུག་འཕྲད་ཅིག་ཏུ་འགྲོ་དགོས་ཡོད། ཁྱེད་རང་ང་དང་ལྷན་དུ་ཕྱིན་ན་འགྲིག་གི་རེད་'' ཅེས་བཤད།

 ལྕམ་བྷེ་རིས་ནི་སྐུ་གཟུགས་རིད་ལ་རིང་བ་ཞིག་ཡིན་ནའང༌། བུ་མོ་ཌ་ཡ་ན་ནི་ཧ་ཅང་གི་སྙིང་རྗེ་མོ་ཞིག་ཡིན་པ་མ་ཟད། སྐྲ་ལོ་ཡང་ནག་ཤིག་ཤིག་ཏུ་ཡོད་ཅིང་མིག་གཉིས་ཀྱང་ནག་ཀྲོང་ངེར་ཡོད་པ་ཞིག་གོ། ད་དུང་མོ་རང་ལ་ལོ་ངོ་གསུམ་ཙམ་ལ་སོན་པའི་སྲིང་མོ་ཆུང་ཆུང་ཞིག་ཡོད་ཅིང་དེའི་མིང་ལ་མེ་ནེའི་མེ་ཟེར།

ལྕམ་བྷེ་རིས་ཀྱིས་ ""ཌ་ཡ་ན་! ཁྱོད་ཀྱིས་བུ་མོ་ཨེན་ཁྲིད་ནས་ཕྱི་ལོགས་སུ་སོང་'' ཞེས་བཤད། དེ་ནས་ཨེན་དང་ཌ་ཡ་ན་གཉིས་ཕྱི་ལོགས་སུ་སོང་སྟེ་ཁ་ཁུ་སིམ་པའི་ངང་མེ་ཏོག་ལྡུམ་རའི་འཁྲིས་སུ་ལངས་ནས་གླེང་མོལ་བྱེད་འགོ་བཙུགས་ཏེ་གང་ལྟར་དགོང་མོ་ས་མ་རུབ་བར་དུ་སྐད་ཆ་འདྲ་མིན་སྣ་ཚོགས་བཤད།

དེ་རྗེས་མེ་རི་ལ་ཡིས་ཨེན་ལ་ ""ཁྱེད་རང་བུ་མོ་ཌ་ཡ་ན་ལ་དགའ་པོ་འདུག་གམ་?'' ཞེས་དྲིས་དུས། ཨེན་གྱིས་དགའ་ཞིང་སྤྲོ་བའི་ངང་ནས་ ""ཨོ་! ཡོད་དང་ཡོད། ཌ་ཡ་ན་ནི་ཇི་འདྲའི་བུ་མོ་ཡག་པོ་ཞིག་རེད་ཨང་'' ཞེས་ལན་བཏབ།

དེ་ནས་བཟུང་ཌ་ཡ་ན་དང་ཨེན་གཉིས་རྒྱུན་པར་མཉམ་འགྲོ་མཉམ་འདུག་བྱས་ཏེ་མཚམས་རེར་ཤིང་ནགས་དཀྱིལ་ནས་རྩེད་མོ་བརྩེས། སྐབས་རེར་དེབ་ཀློག་པ་དང༌། ཡང་སྐབས་རེར་སྒྲུང་བཤད་པ་སོགས་གང་ལྟར་རིམ་བཞིན་དབྱར་གྱི་དུས་ཚིགས་རྫོགས་ནས་སྤྱི་ཟླ་བརྒྱད་པ་ཡང་ཤར་སོང༌།

དེ་ནས་བུ་མོ་ཨེན་ས་གནས་དེའི་སློབ་གྲྭ་རུ་ཕྱིན་ཏེ་རང་ཉིད་ཀྱི་གྲོགས་མོ་ཚོ་དང་ཧ་ཅང་གི་མཐུན་ལམ་བཟང་བ་མ་ཟད་མོ་རང་གི་སློབ་ཚན་ལ་ཡང་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང༌། འོན་ཀྱང་མོ་རང་སློབ་དགེ་ཕེ་ལེབ་སི་ལ་གཏན་ནས་དགའ་པོ་མེད།

ཉིན་གཅིག་ཁོང་ཚོའི་སློབ་གྲྭར་སློབ་ཕྲུག་གསར་པ་ཞིག་འབྱོར། ཁོང་ནི་བུ་ཞིག་ཡིན་ཞིང་གཟུགས་པོ་རིང་ལ་སྐྲ་ཡང་སྨུག་ལོག་གེར་ཡོད་མཁན་ཞིག་རེད། སློབ་ཕྲུག་བུ་མོ་གཞན་དག་རྣམས་ཁོང་ལ་ཡིད་འཐད་ཅིང་བརྩེ་བར་འདུག སྐབས་དེར་ཌ་ཡ་ན་ཡིས་ཨེན་ལ་ ""བུ་འདིའི་མིང་ལ་གྷེ་བྷོར་ཌི་ཟེར། ཁོང་ཚོའི་ཁྱིམ་ཚང་ད་ལོའི་དབྱར་ཁ་ས་ཕྱོགས་གཞན་ཞིག་ཏུ་གནས་སྤོར་བྱས་སོང་ཡང་གཟའ་སྤེན་པའི་ཉིན་ཚུར་རང་འཇགས་སླེབས་འདུག'' ཅེས་བཤད།

འཛིན་ཁང་དུ་གྷེ་བྷོར་ཌི་ཡི་མདུན་ཀྱོག་ནི་ཨེན་གྱི་མདུན་ཀྱོག་འཁྲིས་ཏག་ཏག་དེར་འཁེལ་ཡོད་པས། ཁོས་ཡང་ནས་ཡང་དུ་ཨེན་ལ་བལྟས་ཏེ་ཨེན་གྱིས་ཁོ་རང་ལ་བལྟ་རྒྱུར་སེམས་མཁྲེངས། འོན་ཀྱང་ཨེན་ནི་ཨེ་ཝན་ལེས་ཀྱི་བུ་མོ་གཞན་དག་རྣམས་དང་མི་འདྲ་བར་གྷེ་བྷོར་ཌི་ལ་གཏན་ནས་དགའ་པོ་མ་བྱས། དེའི་ཙ་ན་གྷེ་བྷོར་ཌི་ཡིས་ཨེན་གྱི་སྐྲ་ལ་ལག་པས་འཇུས་ཏེ་སྐད་ཤུགས་ཆེན་པོས་ ""ལ་ཕུག་དམར་པོ།! ལ་ཕུག་དམར་པོ།!'' ཞེས་ལབ་མ་ཐག བུ་མོ་ཨེན་ལ་ཁོང་ཁྲོའི་མེ་ལྕེ་འབར་ཏེ་མཆོང་ཐེངས་གཅིག་གིས་གྷེ་བྷོར་ཌི་ཡི་འཁྲིས་སུ་ཕྱིན་ནས། ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཏེ་སྐད་ཤུགས་ཆེན་པོས་ ""ང་ཁྱོད་ལ་འཚིག་པ་ཟ་གི་! ང་ཁྱོད་ལ་འཚིག་པ་ཟ་གི་!'' ཟེར་བཞིན་མོ་རང་གི་ཐིག་ཤིང་གིས་གྷེ་བྷོར་ཌི་ཡི་མགོ་ལ་གཞུས་ཐེངས་གཅིག་གིས་ཐིག་ཤིང་དེ་ཡང་དུམ་བུར་ཆག་པ་ན།  སློབ་ཕྲུག་ཚང་མས་མོ་རང་ལ་བལྟས་འདུག་གོ།

སྐབས་དེར་སློབ་དགེ་ཕེ་ལེབ་སི་འཛིན་ཁང་དུ་རྒྱུག་ཡོང་ནས་ཅུང་ཟད་ཁྲོ་བའི་སྐད་གདངས་ཀྱིས་ ""ཨེན་! ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་'' ཅེས་དྲིས་པ་ན། གྷེ་བྷོར་ཌི་ཡིས་མགྱོགས་མྱུར་ངང་ ""ཨེན་གྱིས་མི་འགྲིག་པའི་བྱ་བ་གང་ཡང་བྱས་མ་སོང༌། ངས་མོ་རང་གི་སྐྲའི་སྐོར་ལ་ཚིག་ངན་འགའ་བཤད་པ་ཡིན་'' ཞེས་ལན་བཏབ།

སློབ་དགེ་ཕེ་ལེབ་སི་ཡིས་ ""ཨེན་! ཁྱོད་རང་འཛིན་གྲྭའི་མདུན་དེར་སོང་ནས་ཡར་ལོངས་ཤོག'' ཅེས་བཤད། དེ་ནས་ཨེན་ཉིན་རྒྱབ་ཀྱི་འཛིན་གྲྭ་མ་གྲོལ་བར་དུ་འཛིན་གྲོགས་ཚོའི་མདུན་ནས་ཡར་ལངས་ཏེ་བསྡད། དེ་དུས་སློབ་གྲོགས་ཚང་མས་ཨེན་ལ་མིག་གིས་ཅེར་ནས་འདུག་མོད། འོན་ཀྱང་ཨེན་གྱིས་ཁོང་ཚོར་མིག་ཟུར་ཙམ་ཡང་མ་བལྟས་པར་བསྡད། འོན་ཀྱང་མོ་རང་གི་སེམས་ལ་ ""ཉི་མ་དེ་རིང་ནས་བཟུང་ངས་དུས་ནམ་ཡང་གྷེ་བྷོར་ཌི་ལ་ཁ་གྲག་རྒྱུ་མིན་'' སྙམ།

འཛིན་གྲྭ་གྲོལ་རྗེས་གྷེ་བྷོར་ཌི་ཡིས་བུ་མོ་ཨེན་ལ་སྐད་ཆ་བཤད་རྒྱུའི་ཐབས་ཤེས་སྣ་མང་བྱས་ཀྱང་ཨེན་ཁོ་རང་ལ་གཡོལ་གང་ཐུབ་བྱས་ཏེ་སོང༌། ཌ་ཡ་ན་ཡིས་ཨེན་ལ་ ""ཁྱེད་ཀྱིས་གྷེ་བྷོར་ཌི་ལ་ཁོང་ཁྲོ་ཟ་དགོས་དོན་མེད། ངའི་སྐྲ་ཡང་ཧ་ཅང་གི་ནག་པོ་ཡོད་པས། ཁོས་ངའི་སྐྲ་ལ་ཡང་འཕྱྭ་ལད་རྒྱག་གི་འདུག་'' ཅེས་བཤད་པ་ན། ཨེན་གྱིས་ ""གྷེ་བྷོར་ཌི་ནི་ཇི་འདྲའི་སྣང་བར་མི་འགྲོ་བ་ཞིག་རེད།'' ཅེས་ལན་བཏབ།

སློབ་ཕྲུག་ཚོ་དུས་རྒྱུན་དུ་ནས་ཉིན་གུང་ཞལ་ལག་གྲུབ་རྗེས་འཛིན་ཁང་ཕྱི་རོལ་ནས་རྩེད་མོ་བརྩེས་ཏེ་སྐབས་རེར་ཉིན་གུང་གི་སློབ་ཚན་ལ་ཡང་རྗེས་ལུས་ཐེབས་ཀྱིན་ཡོད།

དེའི་ཕྱི་ཉིན། སློབ་དགེ་ཕེ་ལེབ་སི་འཛིན་ཁང་དུ་སླེབས་རྗེས་བུ་མོ་ཨེན་གྱིས་ཀྱང་མོ་རང་གི་ཞྭ་མོའི་སྒང་ལ་མེ་ཏོག་ཅིག་བཏགས་ནས་སླེབས་སོང་བར། ལྕམ་ཕེ་ལེབ་སི་ཡིས་ ""ཨེན་! ཁྱེད་རང་རྗེས་ལུས་ཐེབས་སོང༌། ཁྱོད་ཀྱི་ཞྭ་མོའི་ཐོག་གི་མེ་ཏོག་མར་བླངས་ཏེ་གྷེ་བྷོར་ཌིའི་འཁྲིས་སུ་སྡོད་!" ཅེས་བཀའ་བཏང༌།

འོན་ཀྱང་མོ་རང་གི་སེམས་ལ་ ""གྷེ་བྷོར་ཌི་ནི་ཇི་འདྲའི་མི་སུན་པོ་ཞིག ང་ཁོ་རང་གི་འཁྲིས་སུ་འདུག་གི་མིན།'' བསམ་ཞོར་དུ། མོ་རང་ག་ལེར་རང་ཉིད་ཀྱི་རྐུབ་སྟེགས་ལས་ཡར་ལངས་ཏེ་གྷེ་བྷོར་ཌི་ཡི་འཁྲིས་སུ་བསྡད། འོན་ཀྱང་མོ་རང་གི་མགོ་བོ་རང་ཉིད་ཀྱི་ལག་པའི་ཁུག་ཏུ་བཞག་ནས་གྷེ་བྷོར་ཌི་ལ་མིག་ཟུར་ཙམ་ཡང་མ་བལྟས།

ཏོག་ཙམ་གྱི་རྗེས་སུ་གྷེ་བྷོར་ཌི་ཡིས་རྡོ་ཀ་ར་ཁ་ཤས་ཨེན་གྱི་དཔུང་པའི་འོག་ནས་དེད་ནའང་མོ་རང་གིས་རྡོ་ཀ་ར་དེ་ཚོ་མར་ཐང་ལ་གཡུག ཉིན་དེའི་འཛིན་གྲྭ་གྲོལ་རྗེས་ཨེན་གྱིས་མོ་རང་གི་ཐིག་ཤིང་དང་དེབ་སོགས་བསྡུ་གསོག་བརྒྱབ་པ་ན། ཌ་ཡ་ན་ཧང་སང་སྟེ་སྨྲས་པ་ "ཨེན་! ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད།?'' ཅེས་དྲིས་པ་ན། ཨེན་གྱིས་ ""ངས་ང་རང་གི་ཅ་ལག་དེ་ཚོ་ནང་ལ་ཁྱེར་ཏེ་རང་ཁྱིམ་ནས་སློབ་སྦྱོང་བྱེད་ཀྱི་ཡིན། ད་ང་རང་ཕྱིར་སློབ་གྲྭ་ལ་ཡོང་གི་མིན་'' ཞེས་བཤད།

རྗེས་སུ་ཨེན་གྱིས་མེ་རི་ལ་ལ་སློབ་དགེ་ཕེ་ལེབ་སི་ཡི་སྐོར་བཤད་དེ་ ""ད་ནས་བཟུང་ངས་རང་ཁྱིམ་ནས་སློབ་སྦྱོང་བྱེད་ཀྱི་ཡིན་ལ། ལས་ཀ་ཡང་ཧུར་ཐག་བྱས་ཏེ་བུ་མོ་ཡག་པོ་ཞིག་བྱེད་ཀྱི་ཡིན། གང་ལྟར་སློབ་དགེ་ཕེ་ལེབ་སིའི་རྩར་འགྲོ་གི་མིན་'' ཞེས་བཤད།

 མེ་རི་ལ་ལྕམ་སྐུ་ལེན་ཌི་ཡི་རྩར་ཕྱིན་ནས་ ""ད་ངས་ཅི་ཞིག་བྱས་ན་བཟང་?'' ཞེས་སློབ་སྟོན་ཞུས་པ་ན་ལྕམ་ཀླུ་ལེན་ཌི་ཡིས་ ""ཨེན་ ནང་ལ་སྡོད་དུ་ཆུག་དང༌། གང་མཚམ་ཞིག་ནས་མོ་རང་སྦུབ་སུག་དོག་པོ་ཆག་སྟེ། ཕྱིར་སློབ་གྲྭ་རུ་འགྲོ་འདོད་བྱེད་ཀྱི་རེད་'' ཅེས་བཤད།

དེ་ནས་བཟུང་ཨེན་གྱིས་མོ་རང་གི་སློབ་ཚན་ཚང་མ་རང་ཁྱིམ་ནས་སྦྱངས་ཤིང་དགོང་མོའི་སྐབས་གྲོགས་མོ་ཌ་ཡ་ན་དང་ལྷན་དུ་རྩེད་མོ་རང་བརྩེས་ནས་བསྡད། གང་ལྟར་མོ་རང་ནི་ཌ་ཡ་ན་ལ་ཧ་ཅང་གི་འཆམ་པོ་དང་བརྩེ་པོ་ཡོད་ཀྱང༌། གྷེ་བྷོར་ཌི་ལ་འཚིག་པ་གཏིང་ནས་ཟ་གི་ཡོད།

ལེའུ་དྲུག་པ།

ཌ་ཡ་ན་ཇ་འཐུང་བར་ཡོང་བ།

                                                   Dina comes to tea

གཟའ་སྤེན་པ་ཞིག་གི་ཉིན་མེ་རི་ལ་ཡིས་ ""ཨེན་! དེ་རིང་ཉིན་གུང་ང་ཕྱི་ལོགས་ཤིག་ལ་འགྲོ་དགོས་ཡོད། དེས་ན་ཁྱེད་ཀྱིས་ཌ་ཡ་ན་ནང་དུ་ཇ་འཐུང་བར་ཁྲིད་ན་འགྲི་གི་རེད། ཁེག་འདིར་ཡོད་ལ་ཤིང་ཏོག་ཁུ་བའི་ཤེལ་དམ་དེ་ཡང་ཐབ་ཚང་ལག་སྣོད་ཀྱི་ཆ་སྒམ་ཐོག་ཏུ་བཞག་ཡོད།'' ཅེས་བཤད་དེ་མོ་རང་ཕྱིན་པ་རེད། 

དེ་ནས་ཌ་ཡ་ན་ཨེན་གྱི་སར་སླེབས་ནས་མོ་རང་གཉིས་ཀྱིས་ཕྱི་ལོགས་སུ་རྩེད་མོ་རྩེད་བཞིན་བསྡད། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཌ་ཡ་ན་ཡིས་ ""ང་ཁ་ཞེད་པོ་ཞིག་སྐོམ་གྱིན་འདུག'' ཅེས་བཤད་པར་ཨེན་གྱིས་ ""ཁྱེད་ཀྱིས་ཤིང་ཏོག་ཁུ་བ་འཐུང་གི་ཡིན་ནམ་?'' ཟེར་བཞིན་མོ་རང་ཐབ་ཚང་ལག་སྣོད་དུ་སོང་ནས་ཚོན་མདོག་དམར་ནག་ཅན་གྱི་ཤིང་ཏོག་ཁུ་བའི་ཤེལ་དམ་དེ་བླངས་ནས་ཡོང༌།

དེ་ནས་ཌ་ཡ་ན་ཡིས་ཤིང་ཏོག་ཁུ་བ་ཤེལ་ཕོར་ཆེན་པོ་ཞིག་གི་གང་འཐུང༌། འོན་ཀྱང་བུ་མོ་ཨེན་ནི་ཁ་སྐོམས་ཀྱི་མེད་པས་འཐུང་མེད། ཌ་ཡ་ན་ཡིས་ ""ཨོ་! ཤིང་ཏོག་ཁུ་བ་འདི་ནི་ཅི་འདྲའི་ཞིམ་པོ་ཞིག་རེད། ཡང་བསྐྱར་ཤེལ་ཕོར་གང་བླུགས་རོགས་'' ཞེས་ཤིང་ཏོག་ཁུ་བ་ཤེལ་ཕོར་གསུམ་འཐུང་རྗེས་ལག་ཟུང་གིས་མགོ་བོར་སྐྱོར་བཞིན་དུ་ ""ཨོ་ ང་ཅུང་ཙམ་བདེ་པོ་མི་འདུག ད་ང་རང་ནང་ལ་ལོག་འགྲོ་གི་ཡིན་'' ཟེར་བ་ལ་ཨེན་གྱིས་སེམས་སྐྱོ་བའི་ངང་ནས་ ""ཌ་ཡ་ན།! ཁྱོད་ཀྱིས་ཁེག་ཟ་རྒྱུ་མིན་ནམ།?'' ཞེས་དྲིས་པར། ཌ་ཡ་ན་ཡིས་སྐད་ངག་ཆུང་ངུའི་སྒོ་ནས་ ""མིན། ད་ང་རང་ནང་ལ་ལོག་འགྲོ་གི་ཡིན་'' ཞེས་བཤད་དེ་མོ་རང་ནང་དུ་ཕྱིན།

དེའི་ཕྱི་ཉིན་གཟའ་ཉི་མ་ཡིན་ཞིང་ཉིན་གང་པོར་ཆར་པ་བབས་པར་བརྟེན། ཨེན་ཡང་རང་ཁྱིམ་ནས་མི་སྡོད་ག་མེད་བྱུང༌། གཟའ་ཟླ་བའི་ཉིན་མེ་རི་ལ་ཡིས་ཨེན་ལྕམ་སྐུ་ལེན་ཌི་ཡི་རྩར་བཏང༌། འོན་ཀྱང་ཨེན་ནི་ཕར་སླེབས་ལོང་མེད་པར་མྱུར་སྟབས་ཀྱིས་ཚུར་བརྒྱུགས་ཡོང་ནས་ཐབ་ཚང་ནང་དུ་འཛུལ། མེ་རི་ལ་ཡིས་ ""དོན་དག་ཅི་ཞིག་བྱུང་སོང༌། ཅིའི་ཕྱིར་ངུ་གི་ཡོད་?'' ཅེས་དྲིས་པར་ཨེན་ངུ་བཞིན་དུ་ ""ལྕམ་བྷེ་རིས་ད་ལྟ་ལེན་ཌི་ཡི་ནང་དུ་བསྡད་འདུག མོ་རང་གིས་ང་ལ་སྐད་ཆ་སྡུག་རུ་ངན་ཚད་བཤད་སོང༌། ཁ་ཉིན་གཟའ་སྤེན་པའི་ཉིན་ཌ་ཡ་ན་འདིར་ཇ་འཐུང་བར་ཡོང་སྟེ་ཕྱིར་རང་ཁྱིམ་དུ་སླེབས་དུས་མོ་རང་ར་བཟི་འདུག་ཟེར།'' ཅེས་ལན་བཏབ་པས་མེ་རི་ལ་ཧང་སང་སྟེ་ན་རེ་ ""ར་བཟི་འདུག་ཨེ།! ཁྱོད་ཀྱིས་མོ་རང་ལ་ཅི་ཞིག་བླུད་པ་ཡིན།?'' ཞེས་དྲིས་དུས། ཨེན་སེམས་སྐྱོ་བཞིན་དུ་ ""ཤིང་ཏོག་ཁུ་བ་མ་གཏོགས་གང་ཡང་སྤྲད་མེད་'' ཅེས་ལབ།

མེ་རི་ལ་ཐབ་ཚང་གི་ལག་སྣོད་དུ་ཕྱིན་ཏེ་ཤིང་ཏོག་ཁུ་བའི་ཤེལ་དམ་དེ་བཙལ་ནས་བལྟས་དུས་ ""འདི་ནི་ཤིང་ཏོག་ཁུ་བ་རེད་མི་འདུག ཨ་རག་དམར་པོ་ཞིག་རེད།'' ཅེས་ཁེར་ལབ་རྒྱག་བཞིན་བསམ་བློ་ཞིག་བཏང་སྟེ་ ""ཨོ་ མ་རེད།! ངས་ད་གཞི་ནས་དྲན་སོང༌། ཤིང་ཏོག་ཁུ་བ་ཆ་སྒམ་གཞན་པ་ཞིག་གི་ནང་བཞག་ཡོད།'' ཅེས་ལབ།

དེ་ནས་མེ་རི་ལ་ལྕམ་སྐུ་ལེན་ཌི་ཡི་རྩར་ཕྱིན་ནས་ནོར་འཁྲུལ་དེའི་སྐོར་ལ་འགྲེལ་བཤད་ཅིག་རྒྱག་རྒྱུའི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་ལྕམ་སྐུ་བྷེ་རིས་ཀྱིས་ཨ་མཆོག་ཉན་ཁ་མི་ཉན་པར། ""ཨེན་ནི་ཅི་འདྲའི་བུ་མོ་སྡུག་ཅག་ཅིག་རེད། དུས་ད་ནས་བཟུང་ངས་ཌ་ཡ་ན་མོ་རང་དང་ལྷན་དུ་རྩེད་མོ་རྩེད་སར་གཏོང་གི་མིན་'' ཞེས་བཤད། ཨེན་ནི་ཌ་ཡ་ན་ལ་ཆེས་ཤིན་ཏུ་ནས་དགའ་པོ་ཡོད་པས་མོ་རང་གི་སེམས་པ་སྐྱོ་ལྷང་ངེར་གྱུར།

གང་ལྟར་མོ་རང་ཉིན་ཁ་ཤས་ཀྱི་རྗེས་ནས་ཕྱིར་སློབ་གྲྭར་ཕྱིན་ཏེ་མོས་མེ་རི་ལ་ལ་བཤད་རྒྱུར་ ""ད་ལྟའི་སྐབས་ངས་ཌ་ཡ་ན་ལ་གྲོགས་མོ་སྒྲིག་ཆོག་གི་མེད་ན་ཡང༌། ངས་མོ་རང་སློབ་གྲྭ་ནས་མཐོང་ཐུབ་ཀྱི་འདུག'' ཅེས་བཤད།

དེ་ནས་ཨེན་གྱིས་ལས་ལ་བརྩོན་ཞིང་འབད་འབུངས་བྱས་པས་སློབ་གྲོགས་བུ་མོ་གཞན་དག་རྣམས་མོ་རང་ལ་དགའ་པོ་ཡོད་པས། མོ་རང་ལ་གྲོགས་མོ་ཡང་མང་པོ་ཡོད། འོན་ཀྱང་ཌ་ཡ་ན་ཡི་གནས་ཚུལ་དེས་རྐྱེན་པས་མོ་རང་ལ་སེམས་སྐྱིད་པོ་མེད།

བདུན་ཕྲག་ཁ་ཤས་འདས་རྗེས་ཀྱི་དགོང་མོ་ཞིག་ལ། མེ་རི་ལ་ ཆོར་ལི་ཁྲོན་ཞེས་པའི་ས་གནས་དེར་ཚོགས་འདུ་ཞིག་ལ་ཕྱིན། གྲོང་རྡལ་དེ་ནི་ ཨེ་ཌི་ཝར་ཌི་ཨེ་ལན་ཌི་ཡི་གལ་འགང་ཆེ་ཤོས་ཀྱི་གྲོང་རྡལ་ཞིག་ཡིན། ལྕམ་སྐུ་ལེན་ཌི་དང་ཌ་ཡ་ན་ཡི་ཕ་མ་གཉིས་ཀྱང་ཚོགས་འདུ་དེར་ཞུགས་ཡོད་པས། དེའི་དགོང་མོ་དེར་ཁོང་ཚོ་ཚང་མ་གྲོང་རྡལ་དེ་ནས་ཉལ་དགོས་བྱུང༌།

ཨེན་དང་མ་ཐི་ཡུས་གཉིས་རང་ཁྱིམ་དུ་བསྡད་ཡོད་པས། ཁོང་གཉིས་ཐབ་ཚང་དུ་བསྡད་དེ་ཨེན་གྱིས་མོ་རང་གི་སློབ་ཚན་སྦྱོང་བཞིན་ཡོད་པའི་སྐབས། གློ་བུར་དུ་ཌ་ཡ་ན་ཡི་གདོང་ཡང་སྐྱ་ཐག་གེར་གྱུར་ནས་ཁོང་གཉིས་ཀྱི་སར་བརྒྱུགས་ཡོང་སྟེ་ ""ཨོ་! ཨེན། ཐུགས་རྗེས་གཟིགས། མགྱོགས་པོར་ཤོག་དཱ། མེ་ནེས་མེ་ཧ་ལས་པ་ཞིག་ན་གི་འདུག མོ་རང་ལ་ཕྲུ་གུའི་ཆམ་ནད་ཡོད། ཕལ་ཆེར་མོ་རང་ཤི་འགྲོ་ས་རེད།'' ཅེས་ལབ་པ་ན། མ་ཐི་ཡུས་མྱུར་སྟབས་ངང་ཡར་ལངས་ཏེ་ཁོ་རང་གི་སྟོད་ཐུང་གོན་ནས། ""ང་སྨན་པ་ཞིག་འཚོལ་དུ་འགྲོ་" ཞེས་ལབ་ཞོར་དུ་ཕྱིན་སོང༌།

དེ་ནས་ཨེན་གྱིས་ ""ཌ་ཡ་ན་ ཁྱོད་ཀྱིས་ཞེད་སྣང་བྱེད་མི་དགོས། ངས་ཕྲུ་གུའི་ཆམ་ནད་སྐོར་ལ་ཏོག་ཙམ་ཤེས་ཀྱི་ཡོད། ལྕམ་སྐུ་ཧ་མན་ཌི་ལ་ཕྲུ་གུ་བརྒྱད་ཡོད་ཅིང་ཁོང་ཚོ་ཚང་མར་ཆམ་ནད་ཡོད། སྒུགས་དང༌། མེ་རི་ལ་ལ་གསོལ་སྨན་ཁ་ཤས་ཤིག་འདུག ངེད་གཉིས་ཀྱིས་དེ་ཁྱེར་ནས་མཉམ་དུ་འགྲོ།'' ཞེས་བཤད་བཞིན་མོ་རང་གཉིས་ལྕམ་བྷེ་རིས་ཀྱི་ཁྱིམ་དུ་ཕྱིན། དེ་དུས་གཡས་གཡོན་གྱི་ས་གཞི་ཚང་མ་ཁ་བས་གཡོགས་ཏེ་དཀར་ཆེམ་མེར་འདུག

ཁོང་གཉིས་ལྕམ་བྷེ་རིས་ཀྱི་གཟིམས་ཁང་དུ་སླེབས་ཏེ་ཨེན་མེ་ནེས་མེ་ལ་བལྟ་རུ་ཕྱིན་དུས་མོ་རང་ལ་ཧ་ཅང་གི་ན་ཟུག་གཏོང་བཞིན་མཆིས། དེ་ནས་ཨེན་གྱིས་ ""ཌ་ཡ་ན་! ང་ལ་ཆུ་ཚ་པོ་ཞིག་ཁྱེར་ཤོག'' ཅེས་ཟེར་བཞིན་མེ་ནེས་མེ་ཡི་གྱོན་གོས་ཕུད་དེ་མལ་ཁྲིའི་སྒང་དུ་བསྐྱལ་ནས། མོ་རང་གིས་མེ་ནེས་མེ་ལ་གསོལ་སྨན་ཁ་ཤས་ཤིག་བླུད། དེའི་མཚན་གང་པོར་མེ་ནེས་མེ་ལ་ན་ཟུག་ཤུགས་ཆེན་བཏང་ན་ཡང་ཞོགས་པ་ནམ་མ་ལངས་ཙམ་གྱི་སྔོན་དུ་ལྷོད་ལ་བབ་སྟེ་གཉིད་ཁུག་སོང༌།

མ་ཐི་ཡུས་ཀྱིས་སྨན་པ་ཁྲིད་ནས་སླེབས་ཏེ་ན་རེ་ ""དགོངས་དག ངེད་གཉིས་རྗེས་ལུས་ཐེབས་སོང༌། ཨེམ་ཆི་ཁོང་ནང་དུ་བཞུགས་མི་འདུག་པས་ངས་ཆུ་ཚོད་མང་པོའི་རིང་སྒུག་དགོས་བྱུང༌།'' ཞེས་ལབ། ཨེམ་ཆི་ལགས་ཀྱིས་མེ་ནེས་མེ་ཡི་ན་ཚ་ལ་གཟིགས་ཏེ་ན་རེ། ""ཨེན་ ཁྱོད་ཀྱིས་ཡག་པོ་ཞེ་དྲག་བྱས་འདུག'' ཅེས་ལབ། དེ་ནས་ཨེན་དང་མ་ཐི་ཡུས་གཉིས་རབ་དཀར་ཁ་བས་གཡོག་པའི་ལམ་བུའི་ཁྲོད་ཕྱིར་རང་ཁྱིམ་དུ་ལོག་སྟེ་ཨེན་མོ་རང་གི་མལ་ཁང་དུ་ཉལ་བར་ཕྱིན།

ཉིན་གུང་ཞིག་ལ་མེ་རི་ལ་འོག་ཁང་གི་ཐབ་ཚང་དུ་ཡོད་སྐབས་ཨེན་གྱིས་ ""མེ་རི་ལ་ ཚོགས་འདུ་གང་འདྲ་བྱུང་སོང༌།?'' ཞེས་དྲིས་པར་མེ་རི་ལ་ཡིས་ ""ཡག་པོ་བྱུང་སོང༌། ཨོ་རེད་! ཁྱོད་ཀྱིས་ཉོན་དང༌། ལྕམ་བྷེ་རིས་ད་ནང་ཞོགས་པ་འདིར་ཡོང་ནས་མེ་ནེས་མེ་ཡི་ཆམ་ནད་སྐོར་བཤད་སོང་ལ། ཁྱོད་ལ་ཡང་ཐུགས་རྗེ་ཆེ་ལབ་རོགས་གྱིས་ཟེར་གྱིན་འདུག་པར་མ་ཟད། ཤིང་ཏོག་ཁུ་བའི་སྐོར་དེ་ཡང་ཁྱོད་ལ་དགོངས་དག་ཞུ་གིན་འདུག ད་དུང་ཌ་ཡ་ན་དང་ཁྱེད་གཉིས་ཡང་བསྐྱར་གྲོགས་མོ་བསྒྲིག་ན་འགྲིག་གི་རེད་ཅེས་བཤད་སོང་'' ཟེར་བ་ལ། ཨེན་གྱིས་ ""ཨོ་! དེ་ནི་ཅི་འདྲའི་སྐྱིད་པ་ལ། དེས་ན་ང་ད་ལྟ་རང་ཌ་ཡ་ན་ལ་ཐུག་སར་ཕྱིན་ན་འགྲིག་གམ་?'' ཅེས་དྲིས་པར་མེ་རི་ལ་ཡིས་འཛུམ་དམུལ་དམུལ་བྱེད་བཞིན་ ""འགྲིག་དང་འགྲིག'' ཅེས་ལབ།

དེ་ནས་ཨེན་མྱུར་སྟབས་ངང་ཌ་ཡ་ནའི་ནང་དུ་སོང༌། སྤྱིར་ན་སྐབས་དེ་དུས་མོ་རང་གིས་སྟོད་ཐུང་དང་ཞྭ་མོ་ཡང་གོན་མེད་ཅིང༌། གནམ་གཤིས་ཀྱང་ཧ་ཅང་གི་གྲང་ངར་ཆེ་ན་འང་མོ་རང་ནི་ཨ་ཝན་ལེས་སུ་ཆེས་དྲོད་ཁོལ་དང་སྤྲོ་སྣང་གིས་ཁེངས་པའི་བུ་མོ་ཞིག་རེད།

ལེའུ་བདུན་པ།

                   ལྕམ་སྐུ་ཨེ་ལན་ལ་ཁེག་ཀི་བཟོས་པ།

སྤྱི་ཟླ་དྲུག་པའི་ཟླ་མཇུག་གི་ཆེས་རིང་བའི་དབྱར་ཁའི་གུང་སེང་གྲུབ་འགོ་ཚུགས་པ་དང་མཉམ་དུ་ལྕམ་སྐུ་ཕེ་ལེབ་སི་ཨ་ཝན་ལེས་ཀྱི་སློབ་གྲྭ་ནས་བརྗེ་སྤོར་བྱས། ཡེ་ཤུའི་ཆོས་ཁང་གི་ཆོས་དཔོན་རྙིང་པ་དེ་ཡང་བརྗེ་སྤོར་བྱས་ཏེ་ཆོས་དཔོན་གསར་པ་ཞིག་ཀྱང་ཕེབས་འདུག ཁོང་གི་མཚན་ལ་སྐུ་ཞབས་ཨེ་ལེན་ཟེར་ཞིང་ཁོས་ལྕམ་སྐུ་ཞོགས་ལོ་ན་ཆུང་ཞིང་སྙིང་རྗེ་མོ་ཞིག་ཀྱང་ཁྲིད་འདུག

མེ་རི་ལ་ཡིས་ ""ངས་ད་རེས་ཀྱི་གཟའ་ཕུར་བུའི་ཉིན་སྐུ་ཞབས་ཨེ་ལེན་དང་ཁོང་གི་ལྕམ་སྐུ་ཞོགས་གཉིས་གསོལ་ཚིགས་ཤིག་ཏུ་འབོད་རྩིས་ཡིན་'' ཞེས་ལབ་པར་ཨེན་དགའ་ཞིང་སྤྲོ་བའི་ངང་ནས་ ""ཨོ་! ངས་ཁོང་རྣམ་གཉིས་ལ་ཁེག་ཀི་ཞིག་བཟོས་ན་འགྲིག་གམ་?'' ཞེས་དྲིས་པ་ལ་མེ་རི་ལ་ཡིས་ ""འགྲིག་དང་འགྲིག'' ཅེས་ལབ།

ཨེན་གཟའ་ཕུར་བུའི་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་ཁེག་ཀི་ཞིག་བཟོས་ཤིང་དེ་ནི་ཕར་བལྟས་ཚོད་ལ་ཧ་ཅང་གི་སྙིང་རྗེ་མོ་ཞིག་ཆགས་འདུག དེའི་ཉིན་གུང་དེར་ཨེན་གྱིས་མེ་ཏོག་ཁ་ཤས་བཀོག་ནས་ཀྱོག་ཙེའི་མཐའ་བསྐོར་ཏེ་བསྒྲིགས། དེ་ནས་སྐུ་ཞབས་ཨེ་ལེན་དང་ཁོང་གི་ལྕམ་སྐུ་ཞོགས་གཉིས་འབྱོར་ཏེ། ཁོང་ཚོས་ ""ཨོ་ ཀྱོག་ཙེ་འདི་ནི་ཅི་འདྲའི་སྙིང་རྗེ་མོ་ཞིག་བཟོས་འདུག'' ཅེས་ལབ་པས་ཨེན་ཡང་སྐྱིད་སྣང་གིས་ཁེངས་ཤིང་མ་ཐི་ཡུས་དང་མེ་རི་ལ་སོགས་དང་ལྷན་དུ་ཀྱོག་ཙེའི་འཁྲིས་སུ་བསྡད། མ་ཐི་ཡུས་ཀྱིས་ཀྱིང་ཁོ་རང་གི་གྱོན་གོས་ཡག་ཤོས་དེ་གོན་འདུག 

དེ་ནས་བུ་མོ་ཨཻན་གྱིས་ལྕམ་སྐུ་ཨེ་ལེན་ལ་ ""ཁྱེད་རང་ཁེག་ཀི་འདི་ལ་དགའ་པོ་ཡོད་དམ།? འདི་ངས་ཆེད་མངགས་ཁྱེད་རང་ལ་བཟོས་པ་ཡིན་'' ཞེས་ཞུས་པར་ལྕམ་སྐུ་ཨེ་ལེན་གྱིས་འཛུམ་ཆུང་ཞིག་དང་བཅས་ཏེ་ ""དགའ་པོ་ཡོད་དང་ཡོད། ཐུགས་རྗེ་ཆེ་'' ཞེས་ལབ། དེ་ནས་ཨེན་གྱིས་ཁེག་ཀིའི་ངོས་ནས་ཅུང་ཙམ་བཅད་དེ་ལྕམ་སྐུ་ཨེ་ལེན་ལ་ཕུལ། ལྕམ་སྐུ་ཨེ་ལེན་གྱིས་ཁེག་ཀི་དེ་ཡར་བླངས་ནས་ཟོས་ནའང༌། ཕར་བལྟས་ཚོད་དུ་མོ་རང་ལ་དེ་ཙམ་གྱི་ཞིམ་པོ་བྱུང་བའི་རྣམ་པ་ཞིག་མ་ཐོན།

དེ་དུས་མེ་རི་ལ་ཡི་སེམས་སུ་འདི་ལ་གནད་དོན་ཞིག་འདུག་སྙམ་སྟེ་མོ་རང་གིས་ཁེག་ཀི་ཏོག་ཙམ་བཅད་དེ་བྲོ་བར་བལྟས་པས། མོས་སྐད་ཤུགས་ཆེན་པོས་ "ཨེན་! ཁྱོད་ཀྱིས་འདིའི་ནང་དུ་ཅི་ཞིག་བླུགས་པ་ཡིན།?'' ཞེས་དྲིས་པར་ཨེན་ཡིད་གདུང་ཞིང་སྐད་གཉོམ་པོའི་སྒོ་ནས་ ""སོབ། སོབ་མ་གཏོགས་གང་ཡང་བླུགས་མེད་'' ཅེས་ལན་བཏབ་སྟེ་མོ་རང་ཐབ་ཚང་ནང་དུ་བརྒྱུགས་ནས་ཤེལ་དམ་ཆུང་ཆུང་དེ་ཚུར་ཁྱེར་ཡོང་ནས་མེ་རི་ལའི་ལག་ཏུ་བཞག

ཤེལ་དམ་དེའི་མདུན་ངོས་སུ་ ""སོབ་ཡག་ཤོས།'' ཞེས་བྲིས་འདུག མེ་རི་ལ་ཡིས་ཤེལ་དམ་ཁ་ཕྱེ་ནས་བལྟས་རྗེས་ ""འདི་སོབ་རེད་མི་འདུག སྨན་ཞིག་རེད། བདུན་ཕྲག་སྔོན་མར་སྨན་འདིའི་ཤེལ་དམ་ཆག་སོང༌། དེ་ནས་ངས་སྨན་དེ་ཚོ་སོབ་ཀྱི་ཤེལ་དམ་རྙིང་པ་འདིའི་ནང་དུ་བླུགས་པ་ཡིན།'' ཞེས་བཤད་པ་ན། ཨེན་གྱིས་ཧང་སང་བའི་སྐད་གདངས་ཤིག་དང་བཅས་ཏེ། ""ཨོ་! སྨན་ཨེ།'' ཞེས་ལབ་སྟེ་ཐོག་ཁར་མོ་རང་གི་མལ་ཁང་དུ་ཕྱིན་ནས་ངུ་བཞིན་བསྡད།

ཏོག་ཙམ་སོང་རྗེས་མི་གང་ཡང་རུང་བ་ཞིག་སྐེས་འཛེག་ཐོག་ཡར་ཡོང་སྟེ་མོ་རང་གི་འཁྲིས་སུ་སླེབས་པ་ཐོས། འོན་ཀྱང་མོ་རང་གིས་མགོ་པོ་ཡར་མ་བཀྱག་པར་འདི་ལྟར་བཤད་ ""ཨོ་ མེ་རི་ལ་ ད་ང་སྐྱིད་པོ་ཁྱོན་ནས་མི་འདུག ངའི་ཁེག་ཀི་འདི་འདྲ་ཞིག་བཟོས་པའི་སྐོར་ཨ་ཝན་ལེས་ཀྱི་ཡུལ་མི་ཚང་མས་གོ་འགྲོ་གི་རེད་ལ་ཁོང་ཚོས་ང་ལ་འཕྱྭ་ལད་ཡང་རྒྱག་གི་རེད། དེས་ན་ང་རང་འོག་ཤོད་དུ་འབབ་མི་ནུས་ལ་ལྕམ་སྐུ་ཨེ་ལེན་ལ་ངའི་གདོང་ཇི་ལྟར་སྟོན། དངོས་གནས་དྲང་གནས་དགོངས་དག་ཞུ་རྒྱུ་ཡིན། མེ་རི་ལ། ཁྱོད་ཀྱིས་ལྕམ་སྐུ་ཨེ་ལེན་ལ་ཅིག་བཤད་རོགས་གྱིས།'' ཞེས་ངུ་ངག་དང་བཅས་བཤད་པར། ལྕམ་སྐུ་ཨེ་ལེན་གྱིས་སྐད་ངག་ལྷོད་ལ་འཇམ་པའི་ཐོག་ནས་ ""ཁྱེད་རང་གིས་མོ་ལ་ཤོད།'' ཅེས་སྨྲས་པ་ན་ཨེན་ཧང་སང་སྟེ་མགོ་བོ་ཡར་བཀྱག་ནས། ""ལྕམ་སྐུ་ཨེ་ལེན།! ཁྱེད་རང་ཡིན་པས།?'' ཞེས་ལབ་པར། ལྕམ་སྐུ་ཨེ་ལེན་བགད་མོ་ཤོར་བཞིན་དུ་ ""ཡིན། ཡིན། ང་ཡིན། ད་མ་ངུ༌། ཁེག་ཀི་ཡི་ནང་ལ་སྨན་བླུགས་པ་འདི་དངོས་གནས་དགོད་བྲོ་བའི་ནོར་འཁྲུལ་ཞིག་རེད་པ།'' ཞེས་བཤད་པར། ཨེན་གྱིས་ ""དགོངས་དག ཡང་བསྐྱར་ངས་ཁྱེད་ལ་ཁེག་ཀི་ཡག་པོ་ཞིག་བཟོ་གི་ཡིན།'' ཞེས་སྨྲས་པར་ལྕམ་སྐུ་ཨེ་ལེན་གྱིས་ ""ད་ངས་ཤེས་སོང༌། གང་ཡང་བྱེད་ཀྱི་མ་རེད། དེས་ན་ངེད་གཉིས་འོག་ཁང་དུ་སོང་ནས་མེ་ཏོག་དེ་ཚོ་ཁྱོད་ཀྱིས་ང་ལ་སྟོན་རོགས་གྱིས་'' ཞེས་བཤད་པས་སླར་ཡང་ཨེན་གྱི་སེམས་པ་སྤྲོ་སྣང་གིས་ཁེངས་ཏེ་ལྕམ་སྐུ་ཨེ་ལེན་དང་ལྷན་འོག་ཁང་དུ་ཕྱིན།

ཕྱིས་སུ་ཨ་ཝན་ལེས་ནས་མོ་རང་གིས་བཟོས་པའི་ཁེག་ཀི་དེའི་སྐོར་ལ་ཉན་མི་བྲོ་བའི་ལབ་གླེང་བྱེད་མཁན་གཅིག་ཀྱང་མ་བྱུང་བ་རེད། བདུན་ཕྲག་གཅིག་གི་རྗེས་སུ། ཨེན་ཐབ་ཚང་ནང་དུ་རྒྱུག་ཡོང་སྐབས་མོ་རང་གི་ལག་ཏུ་ཡིག་བསྐུར་ཅིག་རག་པས་ཧ་ཅང་གི་སྤྲོ་སྣང་དང་བཅས་ཏེ་ ""ལྕམ་སྐུ་ཨེ་ལེན་གྱིས་ང་རང་སང་ཉིན་ཉིན་གུང་གི་གསོལ་ཚིགས་ལ་མགྲོན་འབོད་བྱས་འདུག'' ཅེས་ཁེར་ལབ་བརྒྱབ། དེ་ནས་མོ་རང་གིས་མེ་རི་ལ་ལ་ཧང་སང་བའི་རྣམ་འགྱུར་དང་བཅས་ཏེ་བཤད་རྒྱུར། ""ཡི་བསྐུར་འདི་ལ་ཅིག་གཟིགས་དང༌། འདིའི་ནང་དུ་ <གྷི་རེན་གྷ་བྷོལ་གྱི་མཛངས་མ་ཨེན་ལགས་སུ་> ཞེས་བྲིས་འདུག དེ་སྔོན་ང་ལ་མཛམས་མ་ཟེར་མཁན་གཅིག་ཀྱང་བྱུང་མ་སོང༌།'' ཞེས་སྨྲས།

ཕྱི་ཉིན་གྱི་ཉིན་གུང་བུ་མོ་ཨེན་ལྕམ་སྐུ་ཨེ་ལེན་དང་ལྷན་ཁོང་ཚོའི་ཁྱིམ་དུ་ཕྱིན། ཚུར་རང་ཁྱིམ་དུ་སླེབས་རྗེས་ཨེན་གྱིས་མེ་རི་ལ་ལ་འདི་ལྟར་ ""དེ་རིང་ལྕམ་སྐུ་ཨེ་ལེན་དང་ལྷན་དུ་ཧ་ཅང་གི་གོ་སྐབས་སྐྱིད་པོ་ཞིག་ཐོབ་སོང༌། མོ་རང་ནི་ཆེས་སེམས་བཟང་ཞིག་རེད་ལ་ད་དུང་སྙིང་རྗེ་མོའི་གྱོན་གོས་ཤིག་ཀྱང་གོན་འདུག གང་ལྟར་ངེད་གཉིས་ཀྱིས་དུས་ཡུན་རིང་པོའི་བར་དུ་ལབ་གླེང་བྱས་ཏེ། ངས་ལྕམ་ཐོ་མ་སི་ཁྱོ་ཤུག་གཉིས་དང་ལྕམ་ཧ་མིན་ཌི་ཁྱོ་ཤུག་གཉིས་སོགས་ཀྱི་སྐོར་ཁོང་ལ་ཞུས་པ་མ་ཟད། ད་དུང་གྷི་རེན་གྷེ་བྷོལ་དང་ང་རང་གི་སློབ་གྲྭའི་སྐོར་སོགས་ཆད་ལུས་མེད་པར་ཞུས་པ་ཡིན། ཁོང་གིས་ཀྱང་ང་ལ་ཆེས་ཡིད་དུ་འཐད་པའི་གནས་ཚུལ་ཁ་ཤས་བཤད་སོང༌། འདིའི་གུང་སེང་གྲུབ་རྗེས་ཨ་ཝན་ལེས་སུ། མིང་ལ་མུརིལ་སི་ཊེ་སེས་ཟེར་བའི་སློབ་དགེ་གསར་པ་ཞིག་ཡོང་གི་ཡོད་ཟེར། མིང་འདི་ཇི་འདྲའི་སྙིང་རྗེ་བ་ལ། དེས་ན་ང་རང་ཁོང་ལ་ཧ་ཅང་གི་མཇལ་འདོད་འདུག'' ཅེས་མེ་རི་ལ་ལ་བཤད།

ལེའུ་བརྒྱད་པ།

      ཆག་སྒོ་དང་གྱོན་གོས་གསར་པ།

བདུན་ཕྲག་ཁ་ཤས་འདས་རྗེས། བུ་མོ་ཌ་ཡ་ན་ཡིས་ཐུགས་སྤྲོ་ཞིག་བཏང་སྟེ་ཨེན་དང་མོ་རང་གི་འཛིན་གྲྭ་གཅིག་པའི་བུ་མོ་རྣམས་མགྲོན་འབོད་བྱས་པས་ཁོང་རྣམས་ཀྱིས་ཧ་ཅང་སྐྱིད་པའི་གོ་སྐབས་དེ་སྤྲོ་སྣང་གིས་ལོངས་སུ་སྤྱད། ཟ་མ་ཟོས་རྗེས་བུ་མོ་དེ་ཚོས་ཕྱི་ལོགས་ནས་རྩེད་མོ་རྩེད་ཀྱིན་བསྡད། སྐབས་དེར་ཁོང་ཚོའི་ཁྲོད་ནས་བུ་མོ་གཅིག་གིས་ ""ང་ཚོས་ཡ་མཚར་བའི་རྩེད་མོ་གསར་པ་ཞིག་རྩེད་རྒྱུ་ཡིན། དེས་ན་ཌ་ཡ་ན་ཡི་ཁང་མདུན་གྱི་ཤིང་སྡོང་ཆེན་པོ་དེར་སུ་ཞིག་འཛེགས་ཐུབ་ཀྱི་ཡོད་?'' ཅེས་དྲིས་པར་ཁོང་ཚོའི་ཁྲོད་ཀྱི་བུ་མོ་གཅིག་ཤིང་སྡོང་དེའི་ཁར་འཛེགས།

དེ་ནས་ཡང་བསྐྱར་བུ་མོ་གཅིག་གིས་དེ་ལས་ཀྱང་ཆེས་ཡ་མཚར་བའི་རྩེད་མོ་ཞིག་ལ་བསམ་བློ་བཏང་རྗེས་ན་རེ་ ""ཌ་ཡ་ན་ཡི་ཁང་པའི་ཐོག་ཁར་སུ་ཞིག་འཛེགས་ཐུབ་ཀྱི་ཡོད་?'' ཅེས་དྲིས་པར་ཨེན་གྱིས་ ""ང་ཐུབ་ཀྱི་ཡོད་'' ཅེས་ལབ་སྟེ་ཁང་པའི་འཁྲིས་སུ་ཕྱིན་པ་ན། ཌ་ཡ་ན་ཡིས་ ""ཨེན་! ད་གཡུག་ཤོག དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད་'' ཅེས་བཤད་ཀྱང་མ་ཉན་པར་ཁང་པའི་ཐོག་ཁར་འཛེགས་འགོ་བཙུགས། འོན་ཀྱང་དེ་ནི་ཆེས་དཀའ་ལས་ཁག་པོ་ཞིག གློ་བུར་དུ་མོ་རང་ཁང་ངོས་ནས་མར་ཟགས་ཏེ་ས་ལ་ལྷུང༌།

ཌ་ཡ་ན་རྔམ་སྐྲག་ལངས་ཏེ་ཚུར་རྒྱུག་ཡོང་ནས་ ""ཨོ་! ཨེན་! ཁྱོད་ཤི་སོང་ངམ་?'' ཞེས་ལབ་པ་ན། སྤྱི་ན་ཨེན་གྱི་གདོང་ནི་སྐྱ་ཐག་གེར་གྱུར་འདུག་མོད། འོན་ཀྱང་མོ་རང་གི་མིག་གཉིས་ཧར་གྱིས་ཕྱེས་ཏེ་ན་རེ་ ""མེད་མེད། ང་ཤི་མེད། འོན་ཀྱང་ངའི་རྐང་པ་ལ་རྨས་སྐྱོན་ཕོག་པས་ངས་གོམ་པ་རྒྱག་ཐུབ་ཀྱི་མི་འདུག'' ཅེས་ལབ།

དེ་ནས་ལྕམ་བྷེ་རིས་ཀྱིས་ཨེན་ཁུར་ནས་གྷི་རེན་གྷ་བྷོལ་དུ་སྐྱེལ་བར་ཕྱིན་པ་ན། མེ་རི་ལ་ཡིས་ལྕམ་བྷེ་རིས་ཀྱིས་ཨེན་པང་ཁར་བཟུང་ནས་ཡོང་བ་མཐོང་བས། མོ་རང་ཞེད་སྣང་དང་བཅས་ཏེ་ ""ཨེན་ཤི་བ་མིན་ནམ།? ང་རང་ཨེན་ལ་ཧ་ཅང་གི་བརྩེ་བོ་ཡོད་'' སྙམ་སྟེ་ལྕམ་བྷེ་རིས་ཀྱི་རྩར་རྒྱུག་ནས་ ""ད་ངས་ཧ་གོ་སོང༌། གནད་དོན་ཅི་ཞིག་བྱུང་སོང་?'' ཞེས་འཚབ་འཚུབ་ངང་དྲིས་པར་ཨེན་གྱིས་ ""ཁྱོད་ཀྱིས་ཞེད་སྣང་བྱེད་མི་དགོས། ང་ཌ་ཡ་ནའི་ཁང་ཐོག་ནས་མར་ཟགས་སོང༌།'' ཞེས་བཤད།

དེ་ནས་མོ་རང་སློབ་གྲྭ་ལ་འགྲོ་མ་ཐུབ་པར་བདུན་ཕྲག་བདུན་ཙམ་ལ་རང་ཁྱིམ་ནས་སྡོད་དགོས་བྱུང་རིང༌། མོ་རང་གི་གྲོགས་མོ་ཚོས་མེ་ཏོག་དང་དེབ་སོགས་ཁྱེར་ནས་ཉིན་ལྟར་མོ་ལ་འཚམས་འདྲི་བྱེད་དུ་ཡོང༌། དེ་མིན་གྱི་འཚམས་འདྲི་བ་གཞན་པ་ཡང་མང་དག་ཅིག་ཡོང༌། ལྕམ་ཨེ་ལེན་དང་ལྕམ་ལེན་ཌི་གཉིས་ནི་ཡང་ནས་ཡང་དུ་མོ་རང་ལ་འཚམས་འདྲི་བྱེད་པར་ཡོང༌།

མོ་རང་གི་རྐང་པ་དྲག་སྐྱེད་བྱུང་རྗེས་སློབ་གྲྭ་རུ་ཕྱིན་ཅིང་སློབ་དགེ་སི་ཊེ་སེས་ལ་ཡངཧ་ཅང་གི་ཡིད་འཐད་ཅིང་དགའ་མོས་སྐྱེས༌། གང་ལྟར་ཀྱང་མཛངས་མ་སི་ཊེ་སེས་ནི་སློབ་དགེ་ཡག་ཤོས་ཤིག་ཡིན་ལ་ཨེན་གྱིས་ཀྱང་རང་ཉིད་ཀྱི་སློབ་ཚན་ལ་ཧུར་ཐག་འབད་ཐག་བྱས།

ཉིན་ཞིག་གི་དགོང་དྲོར་ཨེན་གྱིས་ ""ང་རང་སློབ་དགེ་སི་ཊེ་སེས་ལ་དཔེ་མི་སྲིད་པའི་དགའ་པོ་ཡོད་ལ། ད་དུང་མོ་རང་གིས་ང་ཚོར་ཡེ་ཤུའི་འཁྲུངས་སྐར་ཉིན་གླུ་གཞས་སྤྲོ་ཚོགས་ཤིག་འཚོགས་རྒྱུ་ཡིན་ཟེར། དངོས་གནས་དེ་ནི་དགའ་འོས་པ་ཞིག་མ་ཡིན་ནམ།? དེ་དུས་ཌ་ཡ་ན་ཡིས་གླུ་གཞས་གཏོང་རྒྱུ་དང༌། ངས་སྙན་ངག་ཚན་པ་གཉིས་གྱེར་འདོན་བྱེད་དགོས་ཀྱི་ཡོད།" ཞེས་ལབ།

ཉིན་ཞིག་གི་དགོང་མོར་མ་ཐི་ཡུས་ཐབ་ཚང་ནང་དུ་ཕྱིན་སྐབས། ཨེན་དང་མོ་རང་གི་གྲོགས་མོ་ཚོ་དེར་འཛོམས་འདུག་ཅིང༌། མོ་རང་ཚོས་གླུ་གཞས་སྤྲོ་ཚོགས་ཀྱི་སྐོར་ལ་གླེང་མོལ་བྱེད་ཅིང་གད་མོ་ལྷང་ལྷང་དུ་དགོད་བཞིན་འདུག་པར། མ་ཐི་ཡུས་ཀྱིས་ཁོང་ཚོར་བལྟ་བཞིན་ ""ཁོང་ཚོ་ནི་ཇི་འདྲའི་ཡ་མཚར་ཆེ་བ་ལ། འོན་ཀྱང་ཕར་བལྟས་ཚོད་ལ་ཨེན་ནི་བུ་མོ་གཞན་དག་རྣམས་དང་གཏན་ནས་མི་འདྲ་བས། དེ་ཅི་ཞིག་གིས་ཡིན་ནམ་?'' སྙམ་སྟེ་རང་གིས་རང་ལ་དྲི་བ་ཞིག་བཏང༌།

ཁོས་དགོང་མོ་དེར་བསམ་བློ་བཏང་བཏང་བའི་མཐར་ལན་ཞིག་རྙེད་པ་ནི་ ""ཨོ་! ཨེན་གྱི་གྱོན་གོས་དེས་འགྲིག་མི་འདུག བུ་མོ་གཞན་པ་དེ་ཚོས་གྱོན་གོས་སྙིང་རྗེ་མོ་རེ་གོན་འདུག སྤྱིར་ན་མེ་རི་ལ་ཡིས་བུ་མོ་ཨེན་ལ་གྱོན་གོས་ཡག་པོ་དེ་འདྲ་ཉོས་སོང་ཡང༌། དེ་ཚོ་དེ་ཙམ་གྱི་སྙིང་རྗེ་མོ་ཞིག་རེད་མི་འདུག་'' བསམ་སྟེ་ཁོང་གིས་ཐབས་ཤེས་ཤིག་ལ་བསམ་བློ་བཏང༌། 

དེ་ནས་ཁོས་ཡེ་ཤུའི་འཁྲུངས་སྐར་ཉིན་ཨེན་ལ་གྱོན་གོས་གསར་པ་སྙིང་རྗེ་མོ་ཞིག་སྤྲོད་དགོས་བསམ་སྟེ། ཁོ་རང་གྲོང་རྡལ་གྱི་ཚོང་ཁང་ཁག་ཏུ་ཕྱིན་ནས་གྱོན་གོས་ཤིག་ཉོ་རྩིས་བྱས་ཀྱང༌། ཁོང་བུ་མོའི་གྱོན་ཆས་སྐོར་ཆ་རྒྱུས་མེད་སྟབས་གང་འདྲ་ཞིག་ཉོ་དགོས་མིན་མ་ཤེས། དེ་ནས་ཁོས་བསམ་བློ་ཞིག་བཏང་སྟེ་ ""གཅིག་བྱས་ན་མི་སུ་རུང་ཞིག་གིས་ཨེན་ལ་གྱོན་གོས་སྙིང་རྗེ་མོ་ཞིག་ཉོ་རོགས་བྱེད་ཐུབ་ལས་ཆེ། འོན་ཀྱང་སུ་ཞིག་གིས་རོགས་པ་བྱེད་ཐུབ་བམ་? གང་ལྟར་མེ་རི་ལ་ལ་དྲིས་ན་འགྲིག་རྒྱུ་མ་རེད། དེ་མིན་ཨ་ཝན་ལེས་ཀྱི་བུད་མེད་མང་པོ་ཞིག་ངས་ངོ་ཤེས་ཀྱི་མེད།'' སྙམ་ནས་ཡིད་ཙམ་ལུས། དེ་ནས་གློ་བུར་དུ་ ""ཨོ་རེད།! ད་ངས་ཧ་གོ་སོང༌། ལྕམ་སྐུ་ལེན་ཌི་ལ་བཤད་ན་མོས་རོགས་པ་བྱེད་ངེས་རེད་'' སྙམ་ནས་ལེན་ཌི་ལ་དེ་ལྟར་བཤད་པ་ན། མོས་ ""ཨོ་ ཡིན་དང་ཡིན། དེ་ངས་ཁྱོད་ལ་རོགས་པ་བྱེད་ཆོག འོན་ཀྱང་མེ་རི་ལ་ལ་བཤད་མི་ཉན། གནས་ཚུལ་དེས་མོ་ཧང་སང་བ་ཞིག་བཟོ་རྒྱུ་ཡིན་'' ཞེས་བཤད།

ཡེ་ཤུའི་འཁྲུངས་སྐར་ཉིན་ཨེན་སྤྲོ་སེམས་འཁོལ་བའི་ངང་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་ སྒེའུ་ཁུང་ནས་ཕྱི་ལ་བལྟས་པས། དེ་དུས་སུ་ཕྱི་ལོགས་ཀྱི་ཤིང་སྡོང་དེ་དག་ཁ་བས་གཡོགས་ཏེ་དཀར་ཕུང་ཕུང་དུ་འདུག

དེ་ནས་མོ་རང་འོག་ཁང་གི་ཐབ་ཚང་དུ་རྒྱུག་ཡོང་དུས་མ་ཐི་ཡིས་ཀྱིས་མོ་ལ་གྱོན་གོས་གསར་པ་དེ་སྤྲད་པས་མོ་རང་གི་མིག་ནས་མཆི་མ་ཤོར། མ་ཐི་ཡུས་ཧང་སང་སྟེ་ན་རེ་ ""དོན་དག་ཅི་ཞིག་བྱུང་སོང༌།! ཁྱེད་རང་གྱོན་གོས་འདི་ལ་དགའ་པོ་མེད་པ་ཡིན་ནམ།?'' ཞེས་དྲིས་པར། ཨེན་གྱིས་ ""ག་པ་ག་པར་ ཐུགས་རྗེ་ཆེ། ང་གྱོན་གོས་འདི་ལ་ཧ་ཅང་གི་དགའ་པོ་ཡོད། འདི་ནི་ཇི་འདྲའི་སྙིང་རྗེ་བ་ལ། ང་རང་དགའ་རྒྱུ་མང་དྲག་པས་མིག་ནས་མཆི་མ་ཤོར་བ་རེད།'' ཅེས་བཤད།

དེའི་དགོང་མོར་ཨེན་གྱིས་མོ་རང་གི་གྱོན་གོས་གསར་པ་དེ་གོན་ནས་གླུ་གཞས་སྤྲོ་ཚོགས་སུ་ཞུགས། མ་ཟད་སྙན་ངག་ཚན་པ་གཉིས་པོ་དེ་ཡང་སྙན་ཞིང་འཇེབས་པར་གྱེར་འདོན་བྱས། མ་ཐི་ཡུས་དང་མེ་རི་ལ་གཉིས་ཀྱང་སྤྲོ་ཚོགས་དེར་ཞུགས།

དེ་རྗེས་ཁོང་ཚོ་ཐབ་ཁའི་འཁྲིས་སུ་བསྡད་ནས་གླེང་མོལ་བྱས། སྐབས་དེར་མ་ཐི་ཡུས་ཀྱིས་ ""དེ་རིང་དགོང་མོ་ཨེན་གྱིས་དཔེ་མི་སྲིད་པའི་ཡག་པོ་བྱས་སོང་'' ཞེས་ལབ་པར་མེ་རི་ལ་ཡིས་ཀྱང་ ""རེད། དངོས་གནས་རེད། མོ་རང་ནི་ཇི་འདྲའི་རིག་ཡག་ཅིག་རེད། མ་ཟད་མོ་རང་གིས་གྱོན་གོས་གསར་པ་དེ་གོན་པས་ཧ་ཅང་གི་སྙིང་རྗེ་མོར་ཆགས་སོང༌།'' ཅེས་སྨྲས་པར་མ་ཐི་ཡུས་ཀྱིས་ ""མོ་རང་ལོ་ན་བཅུ་གསུམ་ལ་ཏག་ཏག་སླེབས་པ་ཡིན་པས། ཉིན་གཅིག་མོས་ཨ་ཝན་ལེས་ཀྱི་སློབ་གྲྭ་ཐོན་འགྲོ་གི་རེད། དེས་ན་ངེད་གཉིས་ཀྱིས་མོ་རང་གི་མ་འོངས་པའི་སྐོར་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག'' ཅེས་བཤད།

ལེའུ་དགུ་པ།

      མགོ་རྙོག་པའི་ནོར་འཁྲུལ་འགའ།

དཔྱིད་དུས་ཀྱི་ཉིན་གུང་ཞིག་ལ་མེ་རི་ལ་ཡི་སེམས་སུ་ ""ཁོར་ཡུག་འདི་ནི་ཅི་འདྲའི་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད་ཨང༌། གང་ལྟར་ཨེན་ནང་ལ་བསྡད་ཡོད་པས། ཕར་ཕྱིན་ནས་མོ་རང་ལ་མེ་ཚ་པོ་ཞིག་བཏང་བཅུག་སྟེ་ཇ་ཞིམ་པོ་ཞིག་འཐུང་དགོས་'' སྙམ་བཞིན་བདེ་ཉམས་ཤིག་དང་བཅས་རང་ཁྱིམ་དུ་ལོག

འོན་ཀྱང་ཨེན་ནི་གྷི་རེན་གྷེ་བྷོལ་ལ་མཐོང་རྒྱུ་མེད་པ་མ་ཟད། མེ་ཡང་བཏང་མི་འདུག་ཅིང་ཇ་བཟོ་རྒྱུའི་གྲ་སྒྲིག་ཙམ་ཡང་བྱས་མེད། མེ་རི་ལ་ཁོང་ཁྲོ་ལངས་ཏེ་ ""མོ་རང་གང་དུ་ཕྱིན་པ་ཡིན་ནམ། ཡང་ཌ་ཡ་ན་དང་མཉམ་དུ་རྩེད་མོ་རྩེད་སར་ཕྱིན་པ་མིན་ནམ།? གང་ལྟར་མོ་རང་གིས་སྔོན་ལ་ནང་ལས་དེ་ཚོ་བྱེད་དགོས་པ་རེད་'' སྙམ་བཞིན་བསྡད།

དེ་ནས་མ་ཐི་ཡུས་ཞིང་ཁ་ནས་ཚུར་རང་ཁྱིམ་དུ་ལོག་སྟེ་ཁོང་གཉིས་ཀྱིས་ཇ་འཐུང༌། འོན་ཀྱང་ཨེན་ནི་ཡོང་རྒྱུ་མེད་ལ་ས་ཡང་རུབ་པར་བརྟེན། མེ་རི་ལ་ཐོག་ཁར་ཨེན་གྱི་མལ་ཁང་དུ་བལྟ་བར་ཕྱིན་དུས་བུ་མོ་ཨེན་ནི་མོ་རང་གི་མལ་ཁྲིའི་སྒང་དུ་བསྡད་ཡོད་པ་མཐོང་བས། མེ་རི་ལ་ཧང་སང་སྟེ་ན་རེ་ ""དོན་དག་ཅི་ཞིག་བྱུང་སོང༌། ཁྱོད་ན་བ་མ་ཡིན་ནམ།?'' ཞེས་དྲིས་པར་ཨེན་གྱིས་སེམས་མི་སྐྱིད་པའི་ངང་ནས་ ""མ་རེད། འོན་ཀྱང་ཁྱོད་ཀྱིས་ངའི་སྐྲ་ལ་ཅིག་ལྟོས་དང༌།'' ཟེར་བར་མེ་རི་ལ་ཡིས་ཨེན་གྱི་སྐྲ་ལ་བལྟས་དུས་དེ་ནི་ལྗང་གུར་གྱུར་འདུག་པས་ ""ཨེན་! ཁྱོད་ཀྱིས་ཅིའི་ཕྱིར་དུ་སྐྲ་ལྗང་གུར་བསྒྱུར་བ་ཡིན།?'' ཞེས་གཤེ་གཤེ་བཏང་བར། ཨེན་གྱིས་ ""ངས་ཚོན་བཏང་བ་ཡིན། ང་རང་ངའི་སྐྲ་དམར་དེ་ལ་འཚིག་པ་ཟ་གི དེ་རིང་མི་ཞིག་གྷི་རེན་གྷེ་བྷོལ་དུ་ཡོང་ནས་ང་ཚོར་ཅ་ལག་རེ་བཙོང་དགོས་ཟེར། དེ་ནས་ངས་ཁོང་གི་སྒམ་ནང་ནས་སྐྲ་ནག་པོ་བཟོ་སྤྱད་ཀྱི་ཤེལ་དམ་ཞིག་མཐོང་སོང༌། དེ་བརྟེན་ངས་དེ་ཉོས་པ་ཡིན། འོན་ཀྱང་ཚོན་རྩི་དེས་ངའི་སྐྲ་ལྗང་གུར་བསྒྱུར་སོང༌།'' ཞེས་ངུ་ངག་དང་བཅས་དེ་ལྟར་བཤད་པར་མེ་རི་ལ་ཡིས། ""རྒྱུགས་ རྒྱུགས་! སྐྲ་འཁྲུད་པར་རྒྱུགས་!'' ཞེས་ལབ།

དེ་ནས་ཨེན་གྱིས་མོ་རང་གི་སྐྲ་ཅི་ལྟར་ཁྲུས་ཀྱང་ཚོན་མདོག་ལྗང་གུ་དེ་འདག་མ་ཐུབ་པ་ན་འདི་ལྟར་ ""ཨོ་! མེ་རི་ལ་ ད་ངས་ཅི་ཞིག་བྱས་ན་བཟང༌། བུ་མོ་གཞན་པ་རྣམས་ཀྱིས་ང་ལ་འཕྱྭ་ལད་རྒྱག་གི་རེད། དེས་ན་ང་སློབ་གྲྭར་ཡང་འགྲོ་ནུས་ས་མ་རེད་'' ཅེས་བཤད།

དེ་ནས་ཨེན་བདུན་ཕྲག་གཅིག་ཙམ་རིང་རང་ཁྱིམ་ནས་བསྡད་དེ། མོ་རང་གིས་ཉིན་ལྟར་རང་གི་སྐྲ་ཁྲུས་ནའང་ཚོན་མདོག་ལྗང་གུ་དེ་འདག་མ་ཐུབ་པས། མེ་རི་ལ་ཡིས་ ""ད་ཁྱོད་ཀྱི་སྐྲ་གཏུབ་ན་མ་གཏོགས་ཡོང་ས་མ་རེད།'' ལབ་སྟེ་ཨེན་གྱི་སྐྲ་གཏུབ་ནས་ཐུང་ཐུང་བཟོས། སྐབས་དེར་ཨེན་གྱིས་ ""ད་ནས་བཟུང་དུས་ནམ་ཡང་ངས་རང་ཉིད་ཀྱི་སྐྲ་དམར་དེ་ལ་འཚིག་པ་ཟ་གི་མིན་'' ཞེས་ལབ།

རྗེས་སུ་མོ་རང་ཕྱིར་སློབ་གྲྭ་ལ་ཕྱིན་པ་ན་མོའི་གྲོགས་མོ་རྣམས་ཀྱིས་མོ་རང་གི་སྐྲ་ཐུང་ཐུང་དེ་མཐོང་བས་ཁོང་ཚོ་ཧང་སང་བར་གྱུར། འོན་ཀྱང་མོ་རང་གིས་སྐྲ་ལ་ཚོན་བཏང་བའི་སྐོར་སོགས་གཏན་ནས་བཤད་མེད། དེ་ནས་བདུན་ཕྲག་ཁ་ཤས་ཕྱིན་པ་ན། ཨེན་གྱི་སྐྲ་ནི་དེ་སྔོན་ལ་ལྟོས་ཏེ་ཅུང་ཙམ་ཡག་ཏུ་ཕྱིན་ནས་ཚོན་མདོག་དམར་པོ་དེ་ཡང་མི་སྣང་བར་གྱུར།

དབྱར་གཞུང་གི་ཉིན་མོ་ཞིག་ལ། བུ་མོ་ཨེན་མོ་རང་གི་གྲོགས་མོ་ཚོ་དང་ལྷན་དུ་ཌ་ཡ་ནའི་སྡོད་ཁང་ཉེ་འཁྲིས་ཀྱི་གཙང་པོའི་ཁར་ཕྱིན་པ་ན། དེར་ཤིང་གྲུ་རྙིང་ཟད་ཅིག་ཡོད་པ་མཐོང་བས་ཨེན་ན་རེ་ ""གྲོགས་མོ་ཚོ། འདིར་ཤོག་དང༌། ང་ཚོས་རྩེད་མོ་ཞིག་རྩེད། དེ་སྔོན་སློབ་གྲྭའི་ནང་ནས་བུ་མོ་ ཨེ་ལེ་ནེའི་ སྐོར་གྱི་སྙན་ངག་དེ་ཁྱོད་ཚོས་དྲན་གྱི་འདུག་གམ། མོ་རང་བརྩེ་དུངས་ཀྱི་རྙི་ལ་ཐོགས་ཏེ་སེམས་མ་སྐྱིད་པར་གྱུར་ནས། ཤིང་གྲུ་ཞིག་ཏུ་བསྡད་དེ་གཙང་པོར་བསྐྱུར་བས་མོ་རང་ཤི་བ་རེད། དེ་ནས་ཤིང་གྲུ་དེ་ཆུས་ཁྱེར་ནས་གྲོང་ཁྱེར་འཁྲིས་སུ་སླེབས་སྐབས་ཡུལ་མི་ཀུན་དེ་ལ་བལྟ་རུ་ཡོང༌། དེས་ན་ངས་བུ་མོ་ ཨེ་ལེ་ནེ་ ཡིན་ཁུལ་གྱིས་ཤིང་གྲུ་དེའི་ནང་བསྡད་དེ་གཙང་པོར་བསྐྱུར་ན་ཆུས་ཁྱེར་ནས་ཟམ་འོག་ཏུ་འགྲོ། ཁྱེད་རྣམས་དེར་རྒྱུགས་ལ་ང་ཟམ་ཁ་ནས་སྒུག་སྡོད།'' ཅེས་ལབ།

དེ་ནས་ཨེན་ཤིང་གྲུ་དེའི་མཐིལ་དུ་འཛུལ་བ་ན། བུ་མོ་ཚོས་མོ་རང་གི་ལག་པར་མེ་ཏོག་གང་མང་བཞག་རྗེས། མོ་རང་གིས་མིག་གཉིས་བཙུམས་ཏེ་ཤིང་གྲུ་དེའི་ནང་གན་རྐྱལ་དུ་ཉལ། དེའི་ཙ་ན་བུ་མོ་གཞན་དག་ཚོས་  ""ཨོ་ ཨེན་ནི་དངོས་གནས་དྲང་གནས་ཤི་བ་དང་གཅིག་པ་གཅིག་རྐྱང་རེད།'' ཅེས་ལབ་སྟེ་ཁོང་ཚོས་ཤིང་གྲུ་དེ་གཙང་པོའི་དཀྱིལ་དུ་དེད་ནས་མོ་རང་ཚོ་ཟམ་པ་ཡོད་སར་རྒྱུག་ནས་སོང༌།

གཙང་པོ་དེ་ནི་ཧ་ཅང་མགྱོགས་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་ལ། ཤིང་གྲུ་དེ་ཡང་རྙིང་ཟད་དུ་སོང་སྟེ་མཁྲེགས་པོ་མེད་པར་བརྟེན། གློ་བུར་དུ་ཤིང་གྲུ་དེའི་ནང་ཆུ་ཕོན་ཆེ་འཕྱུར་འོང་བས་ཨེན་ཞེད་སྣང་ཤུགས་དྲགས་དང་བཅས་ཏེ་ཡར་ལངས། དེ་ནས་ཤིང་གྲུ་དེ་སྡོང་པོ་ཞིག་བརྒྱུད་ནས་འགྲོ་སྐབས་མོ་རང་གིས་ལག་པ་གཉིས་ཀྱིས་ཤིང་སྡོང་དེ་ལ་དམ་པོར་འཐམ། འོན་ཀྱང་ཤིང་གྲུ་དེ་གཙང་པོས་ཁྱེར་བས་གང་འཚམ་ཞིག་ནས་གཙང་པོའི་འོག་ཏུ་ཉུག

ཌ་ཡ་ན་དང་བུ་མོ་གཞན་པ་ཚོས་ཟམ་ཁ་ནས་བསྒུག་བསྡད་པ་ན་ཤིང་གྲུ་དེ་ཆུས་ཁྱེར་འོང་བ་མཐོང་ཡང་ཨེན་ནི་མཐོང་ས་ན་མེད། དེ་ནས་བུ་མོ་ཚོ་རྔམ་སྐྲག་སྐྱེས་ཏེ་མྱུར་སྟབས་ཀྱིས་ཌ་ཡ་ནའི་སྡོད་ཁང་དུ་བརྒྱུགས་ཡོང་ནས་སྐད་ཤུགས་ཆེན་པོས་ ""ཨེན་ཆུས་ཁྱེར་སོང༌།! མོ་ལ་རོགས་པ་བྱེད་དུ་ཤོག!'' ཅེས་སྐད་བཏང༌།

ཨེན་ནི་རློན་པར་གྱུར་ཏེ་ཧ་ཅང་འཁྱགས། འོན་ཀྱང་མོ་རང་གི་ལག་པར་རྨས་སྐྱོན་ཕོགས་པའི་རྐྱེན་གྱིས། ཤིང་སྡོང་དེ་ལ་འཇུ་ཐུབ་ཙམ་ལས་འགུལ་ཀྱོག་གང་ཡང་བྱེད་མ་ཐུབ་པར་ཐང་ཆད་དེ་ལུས་ཙ་ན། མོ་རང་གིས་སྐད་ཤུགས་ཡོད་ཚད་ཀྱིས་ ""རོགས་པ་གྱིས་དང༌།! རོགས་པ་གྱིས་དང༌།! འདིར་མི་གཅིག་ཀྱང་ཡོང་མཁན་མེད་པ་ཅི་ཡིན།'' ཞེས་སྐད་བཏང༌།

གློ་བུར་དུ་ཤིང་གྲུ་ཆུང་ངུ་ཞིག་གི་ནང་བུ་ཞིག་བསྡད་དེ་གཙང་པོའི་ནང་མར་སླེབས་ཡོང་བ་དེ་ནི་གྷེ་བྷོར་ཌི་རེད། ཁོས་ཨེན་མཐོང་བས་ཧང་སང་སྟེ་སྨྲས་པ་ ""ཨེན་! ཁྱོད་ཀྱིས་འདིར་ཅི་ཞིག་བྱེད་ཀྱིན་ཡོད་?'' ཅེས་དྲིས་པར་ཨེན་གྱིས་ཀྱང་ཇི་བཞིན་དུ་བཤད། དེ་ནས་གྷེ་བྷོར་ཌི་ཡིས་གྲུ་ཆུང་ཤིང་སྡོང་འཁྲིས་སུ་ཁ་ལོ་བསྒྱུར་ནས། ཁོའི་ལག་པ་ཕར་བརྐྱངས་ཏེ་བུ་མོ་ཨེན་ཁོ་རང་གི་གྲུ་ཆུང་ནང་དུ་ཚུར་འཐེན། འོན་ཀྱང་ཨེན་གྱིས་ཁོའི་གདོང་ལ་ལྟ་ཙམ་ཞིག་ཀྱང་མ་བྱས་པར་སྐད་གདངས་ཆུང་ངུའི་སྒོ་ནས་ ""ཐུགས་རྗེ་ཆེ་'' ཞེས་སྨྲས།

དེ་ནས་གྷེ་བྷོར་ཌི་ཡིས་ ""སྐུ་མཁྱེན་ ད་ནས་བཟུང་ངེད་གཉིས་ཀྱིས་གྲོགས་པོ་བསྒྲིག དེ་སྔོན་ངས་སློབ་གྲྭའི་ནང་ནས་ཁྱོད་ཀྱི་སྐྲ་ལ་དམའ་འབེབ་བྱས་པར་དགོངས་དག་ཞུ། དེང་སྐབས་ཁྱོད་ཀྱི་སྐྲ་ནི་ཧ་ཅང་གི་སྙིང་རྗེ་མོར་གྱུར་འདུག'' ཅེས་ལབ་ན་ཡང་ཨེན་གྱིས། ""མིན། ངས་དུས་ནམ་ཡང་ཁྱོད་དང་ལྷན་དུ་གྲོགས་པོ་བསྒྲིག་གི་མ་རེད།'' ཅེས་ལན་བཏབ་པ་ན། གྷེ་བྷོར་ཌི་ཁོང་ཁྲོ་ལངས་ཏེ་ ""ཨོ་ འགྲིག་གི་རེད། ད་ནས་བཟུང་ངས་ཀྱང་ཁྱོད་ལ་དུས་ནམ་ཡང་སྐད་ཆ་བཤད་ཀྱི་མིན།'' ཅེས་བཤད།

ལེའུ་བཅུ་པ།

རྒྱལ་མོའི་མཐོ་སློབ་ཀྱི་འཛིན་གྲྭ།

སྤྱི་ཟླ་བཅུ་གཅིག་པའི་ནང་ཞིག་ཏུ། མེ་རི་ལ་དང་ཨེན་གཉིས་ཁོང་ཚོའི་ཐབ་ཚང་ནང་བསྡད་ཡོད། སྐབས་དེར་མེ་རི་ལའི་མིག་གཉིས་ལ་ན་ཟུག་གཏོང་ཞིང་གསོན་ཉམས་ཡང་ཤོར་འདུག ན་ཟུག་དེས་དུས་ནམ་ཡིན་ཡང་མོ་རང་ལ་དཀའ་ལས་ཁག་པོ་བཟོས། གང་ལྟར་མེ་རི་ལའི་སེམས་སུ་ ""ང་རང་སང་ཉིན་གྲོང་ཁྱེར་དུ་ཕྱིན་ནས་མིག་ཤེལ་ཞིག་བཟོ་དགོས་'' སྙམ། བུ་མོ་ཨེན་ཐབ་ཁའི་འཁྲིས་སུ་བསྡད་ནས་དཔེ་དེབ་ཅིག་ལ་བལྟས་འདུག་པར། མེ་རི་ལ་ཡིས་མོ་ལ་བལྟས་འདུག་གོ།

མེ་རེས་ལ་ནི་ཨེན་ལ་ཧ་ཅང་གི་བརྩེ་བོ་ཡོད་ཅིང་ཡང་ནས་ཡང་དུ་ཨེན་ལ་གྱོན་གོས་སྙིང་རྗེ་མོ་དེ་འདྲ་བཟོས། དེ་ནས་མེ་རི་ལ་ཡིས་ ""ཨེན་ དེ་རིང་ལྕམ་སྐུ་སི་ཊེ་སིས་འདིར་ཕེབས་ནས་ཁྱོད་ཀྱི་མ་འོངས་པའི་མདུན་ལམ་སྐོར་གླེང་མོལ་བྱས་སོང༌། ཁྱེད་རང་ཆར་ལི་ཁྲོན་གྱི་རྒྱལ་མོའི་མཐོ་སློབ་ཏུ་འགྲོ་འདོད་ཡོད་དམ།? ཁྱོས་ཀྱིས་མ་འོངས་པར་སློབ་དགེ་བྱེད་འདོད་ཡོད་དམ།?'' ཞེས་དྲིས་པར། ཨེན་གྱིས་མིག་ཟུང་ལས་འོད་ཆེམས་ཆེམས་བྱེད་བཞིན་ ""ཨོ་! ཡོད་དང་ཡོད། འོན་ཀྱང་རྒྱལ་མོའི་མཐོ་སློབ་ལ་ཧ་ཅང་གི་སློབ་ཡོན་ཆེན་པོ་སྤྲོད་དགོས་པ་མ་ཡིན་ནམ།?'' ཞེས་ལབ་དུས་མེ་རི་ལ་ཡིས་ ""རེད་རེད། སློབ་ཡོན་ཆེན་པོ་རེད། འོན་ཀྱང་མ་ཐི་ཡུས་དང་ངེད་གཉིས་ཀྱིས་ཁྱོད་ལ་འགྲོ་སོང་གཏོང་ཆོག'' ཅེས་བཤད།

ཨ་ཝན་ལེས་ནས་རྒྱལ་མོའི་མཐོ་སློབ་ཏུ་ཞུགས་པའི་སློབ་ཕྲུག་དྲུག་བྱུང་ཞིང༌། ཁོང་ཚོས་སློབ་གྲྭ་ཐོན་ཏེ་རྒྱལ་མོའི་མཐོ་སློབ་ཏུ་ཞུགས་ནས་སློབ་ཚན་དང་པོ་དེ་ཡང་ཚུགས་འགོ་ཤར། འཛིན་གྲྭའི་ནང་ནས་རིག་པ་ཡག་ཤོས་དང་སློབ་སྦྱོང་ལ་བརྩོན་ཤོས་ནི་ཨེན་དང་གྷེ་བྷོར་ཌི་གཉིས་ཡིན་པས། ཡིག་ཚད་སྐབས་ལན་རེར་ཨེན་གྱིས་ཨང་དང་པོ་ལེན་གྱིན་ཡོད་ཅིང༌། སྐབས་རེར་བྷེ་བྷོར་ཌི་ཡིས་ཨང་དང་པོ་ལེན་གྱིན་ཡོད། གྷེ་བྷོར་ཌི་ནི་ཁོང་ཚོའི་འཛིན་གྲྭའི་ནང་གི་བུ་མོ་གཞན་དག་རྣམས་ལ་ཧ་ཅང་གི་འཆམ་པོ་དང་བརྩེ་བོ་ཡོད་ན་འང༌། ཁོས་དུས་ནམ་ཡང་ཨེན་ལ་སྐད་ཆ་བཤད་ཀི་མེད། བུ་མོ་ཨེན་གྱིས་གྷེ་བྷོར་ཌི་ཡི་སྐོར་ལ་བསམ་བློ་ཞིག་བཏང་སྟེ་མོ་རང་གི་སེམས་གཏིང་ནས་དགོངས་དག་སྙམ་བཞིན་ད་ནས་བཟུང་ངས་དུས་ནམ་ཡང་གྷེ་བྷོར་ཌི་ལ་ཁོང་ཁྲོ་མི་བྱེད་བསམ།

རྒྱལ་མོའི་མཐོ་སློབ་ནི་ཧ་ཅང་གི་སྤྲོ་སྐྱིད་ལྡན་ཞིང་ཡིད་དུ་འཐད་པ་ཞིག་ཡིན་སྟབས་དུས་ཚོད་དེ་ཡང་ཅི་འདྲའི་འགྲོ་མགྱོགས་པ་ལ། དགུན་གྱི་དུས་ཚིགས་ཕྱིན་ཏེ་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང༌། རིམ་བཞིན་དབྱར་གཞུང་གི་དུས་ཚིགས་ཀྱང་སླེབས། དུས་ཡུན་རིང་བའི་དབྱར་ཁའི་གུང་སེང་ལ་སླེབས་པ་ན། ཨེན་གྱིས་རང་གི་དཔེ་དེབ་སོགས་སྒམ་ནང་དུ་བསྡུ་གསོག་བརྒྱབ་སྟེ་རང་ཁྱིམ་དུ་ལོག

དེ་ནས་བུ་མོ་ཨེན་གྱིས་མེ་རི་ལ་ལ་ ""ངས་ད་རེས་གུང་སེང་སྐབས་སྐྱིད་པོ་གཏོང་བ་ལས་སློབ་སྦྱོང་བྱེད་ཀྱི་མིན།'' ཞེས་བཤད་དེ་གུང་སེང་སྐབས་གླིང་ཁ་གཏོང་སར་ཕྱིན་ཅཔ་མ་ཟད། གླུ་གཞས་སྤྲོ་ཚོགས་སོགས་སུའང་ཞུགས། དེ་ནས་དགོང་མོ་ཞིག་ལ་ལྕམ་བྷེ་རིས་ཀྱིས་ཁོང་ཚོ་བྱེ་དཀར་གྱི་མགྲོན་ཁང་ཞིག་ཏུ་དགོང་དྲོའི་ཞལ་ལག་ལ་སྐད་བཏང༌།

སྐབས་ཤིག་ལྕམ་སྐུ་ལེན་ཌི་ མེ་རི་ལའི་ནང་དུ་གསོལ་ཇ་འཐུང་བར་ཡོང་དུས་མོས་མེ་རི་ལ་ལ་བཤད་རྒྱུར་ ""དེང་སང་མ་ཐི་ཡུས་ཀྱི་ཞལ་མདངས་ཡག་པོ་རང་མི་འདུག'' ཅེས་བཤད་པར་མེ་རི་ལ་ཡིས་ ""རེད་རེད། ཁོང་གི་ལས་ཀ་ནི་ཤུགས་ལས་རེད། དེས་མི་ཚད་བདུན་ཕྲག་སྔོན་མའི་ནང་ནས་ཁོང་གི་སྙིང་ལ་ན་ཚ་ཞིག་སླེབས་བྱུང༌། འོན་ཀྱང་ཁོང་གིས་གཟབ་གཟབ་གནང་གི་ཡོད།'' ཅེས་བཤད། ཡང་ལྕམ་སྐུ་ལེན་ཌི་ཡིས་ ""ཨེན་གྷི་རེན་གྷེ་བྷོལ་ལ་སླེབས་པ་ནས་བཟུང་ངས་མོ་རང་གི་སྐོར་ལ་སྐད་ཆ་སྡུག་ཀྱག་དེ་འདྲ་ལབ་པ་ཡིན། གང་ལྟར་དེ་ཚོ་ངས་ནོར་འཁྲུལ་བཟོས་པ་ཞིག་རེད། འོན་ཀྱང་དེང་སྐབས་མོ་རང་སྙིང་རྗེ་མོ་འདུག་ལ་མོས་ཁྱེད་གཉིས་ལ་རོགས་པ་ཡང་གང་ལེགས་བྱེད་ཀྱི་འདུག'' ཅེས་བཤད།

ཨེན་ནི་དབྱར་ཁའི་གུང་སེང་སྐབས་ཧ་ཅང་གི་སྐྱིད་པོ་བྱུང༌། དེ་ནས་གུང་སེང་གྲུབ་རྗེས་མོ་རང་ཕྱིར་སློབ་གྲྭ་རུ་ཕྱིན། རྒྱལ་མོའི་མཐོ་སློབ་ཀྱི་སློབ་ཚན་རྣམས་ཡང་བསྐྱར་འགོ་བཙུགས་སོང་བས། མོ་རང་གིས་ལོ་གཅིག་གི་སློབ་ཚན་དེ་ལ་སྦྱངས་བརྩོན་བྱས་པ་མ་ཟད། ཐུགས་སྤྲོ་གཏོང་ས་དང་གླུ་གཞས་སྤྲོ་ཚོགས་སོགས་སུའང་ཕྱིན།

མེ་རི་ལ་ཡིས་ཨེན་ལ་བལྟས་ཏེ་སེམས་ཅུང་ཙམ་མི་སྐྱིད་པའི་པའི་ངང་ནས་ ""མོ་རང་ནི་ད་ལོ་ནས་ལོ་བཅོ་ལྔར་སོན་པ་རེད། ད་མོ་རང་བུ་མོ་སྨད་བྱང་ཆགས་འདུག'' སྙམ། སྤྱི་ཟླ་དྲུག་པ་ཤར་བ་ན་ཨེན་དང་མོ་རང་གི་གྲོགས་མོ་ཚོ་ཆར་ལི་ཁྲོན་དུ་ཕྱིན་ནས་བདུན་ཕྲག་གཅིག་གི་རིང་རྒྱལ་མོའི་མཐོ་སློབ་ཀྱི་ཡིག་ཚད་ལ་གྲ་སྒྲིག་བྱས།

དེ་ནས་ཨེན་རང་ཁྱིམ་དུ་ལོག་སྐབས་ཌ་ཡ་ན་ཡང་གྷི་རེན་གྷེ་བྷོལ་ལ་བསྡད་ཡོད་པས་མོ་རང་གིས་ ""ཨེན་! ཡིག་ཚད་གང་འདྲ་བྱུང་སོང་?'' ཞེས་དྲིས་པར་ཨེན་གྱིས་ ""ཡིག་ཚད་དེ་ཚོ་ཧ་ཅང་གི་དཀའ་ལས་ཁག་པོ་འདུག ད་ཡིན་ན་ང་རང་ཐང་ཆད་སོང་'' ཞེས་ལན་བཏབ།

བདུན་ཕྲག་གསུམ་འདས་པའི་དགོང་མོ་ཞིག་ལ་ཨེན་མོ་རང་གི་སྒེའུ་ཁུང་འཁྲིས་སུ་བསྡད་ཡོད། དབྱར་གཞུང་གི་དགོང་མོ་དེ་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག ཀུན་གསལ་སྒེག་མོའི་ནུབ་མཐའ་ན་དམར་ལམ་མེར་མཚམས་སྤྲིན་གྱི་ཕུང་པོ་ནི་ག་ལེར་གཡོ་ཞིང་མཆིས།

གློ་བུར་དུ་ཌ་ཡ་ནའི་ལག་པར་ཚགས་ཤོག་ཅིག་ཁྱེར་ནས་དགའ་སྤྲོའི་འཛུམ་མདངས་དང་བཅས་ཏེ་ཨེན་གྱི་རྩར་རྒྱུག་ཡོང་ནས་ ""ཨེན་! ཁྱེད་རང་རྒྱལ་མོའི་མཐོ་སློབ་ཀྱི་ཡིག་ཚད་ཨང་དང་པོ་རེད་ཅེས་བྲིས་འདུག ཁྱེད་རང་དང་གྷེ་བྷོར་ཌི་གཉིས་རེད། ཁྱེད་རང་ཨེ་ལེན་ཌི་ཡི་སློབ་ཕྲུག་ཡོངས་ནས་ཆེས་ཕུལ་དུ་བྱུང་བ་དེ་རེད་འདུག'' ཅེས་བཤད།

ཨེན་གྱིས་ཚགས་ཤོག་དེ་ལ་ཅིག་བལྟས་དུས། དེར་སློབ་ཕྲུག་ཉིས་བརྒྱའི་མིང་ཐོ་བྲིས་ཡོད་ཀྱང༌། མོ་རང་དང་གྷེ་བྷོར་ཌི་གཉིས་མིང་གཞུང་གི་ཨང་དང་ཤོས་དེར་ཡོད་པ་མཐོང་བས། དགའ་ཞིང་སྤྲོ་བའི་ངང་ནས་ ""ཨོ་! ཇི་འདྲའི་དགའ་བ་ལ་'' ཞེས་བཤད།

དེ་ནས་མོ་རང་མེ་རི་ལ་དང་མ་ཐི་ཡུས་གཉིས་ཀྱི་རྩར་བརྒྱུགས་ཏེ་གནས་ཚུལ་ཞུས་ཤིང༌། ལྕམ་སྐུ་ལེན་ཌི་དང་ལྕམ་ཨེ་ལེན་སོགས་ལ་ཞུས་རྗེས་ཁོང་ཚོ་ཚང་མས་ ""ཨེན་! ཁྱོད་ཀྱིས་དཔེ་མི་སྲིད་པའི་ཡག་པོ་བྱས་འདུག'' ཅེས་ལབ།

ལེའུ་བཅུ་གཅིག་པ།

གསར་དུ་འགོ་བཙུགས་པ།

བུ་མོ་ཨེན་རྒྱལ་མོའི་མཐོ་སློབ་ཏུ་ཕྱིན་ཏེ་སློབ་སྦྱོང་གི་གོ་སྐབས་ལོངས་སུ་སྤྱད། མོ་རང་གྷེ་བྷོར་ཌི་དང་འཛིན་གྲྭ་གཅིག་པ་ཡིན་ཀྱང་ཁོང་གཉིས་ལ་སྐད་ཆ་བཤད་རེས་མེད། དེའི་ལོ་མཇུག་དེར་ཁོང་ཚོར་ཡིག་ཚད་ཧ་ཅང་གི་མང་ནའང༌། མོ་རང་གི་རྒྱུགས་འབྲས་གཟིངས་སུ་ཐོན་སྟབས་སློབ་གྲྭ་གཞན་པ་ཞིག་སྟེ་རེ་ཌི་མོན་ཌི་མཐོ་སློབ་ཏུ་དམིགས་བསལ་གྱི་ས་མིག་ཐོབ། གྷེ་བྷོར་ཌི་ཡིས་ཀྱང་མོ་དང་གཅིག་མཚུངས་ཀྱི་ས་མིག་དེ་ཐོབ།

དེ་ནས་ཨེན་རང་ཁྱིམ་དུ་ལོག་པ་ན་ཌ་ཡ་ན་ཡང་མོ་ལ་འཚམས་འདྲི་བྱེད་དུ་འོང་བས། ཨེན་གྱིས་མོ་ལ་ ""ད་རེས་ང་ལ་གྷི་རེན་གྷེ་བྷོལ་དུ་ཆེས་སྤྲོ་སེམས་འཁོལ་བའི་ཟླ་གསུམ་གྱི་གུང་སེང་ཡོད། དེ་གྲུབ་རྗེ་རེ་ཌི་མོན་ཌི་མཐོ་སློབ་ཏུ་འགྲོ་དགོས་'' ཞེས་བཤད་པར་ཌ་ཡ་ན་ཡིས་ ""གྷེ་བྷོར་ཌི་ཡི་ཨ་ཕ་ལ་སློབ་ཡོན་སྤྲོད་རྒྱུ་མེད་པ་ཡིན་ནམ། གང་ལྟར་ཁོང་རེ་ཌི་མོན་ཌི་མཐོ་སློབ་ཏུ་འགྲོ་གི་མི་འདུག དེ་འདྲ་སོང་ཙང་གྷེ་བྷོར་ཌི་ཡིས་ཨ་ཝན་ལེས་ཀྱི་སློབ་གྲྭར་སློབ་དགེ་བྱས་ནས་སྡོད་རྒྱུ་རེད་འདུག'' ཅེས་སྨྲས་པ་ན་ཨེན་གྱིས་སེམས་ཅུང་ཙམ་མི་སྐྱིད་པའི་ངང་ནས་ ""ཨོ་!'' ཞེས་དབུགས་རིང་ནར་ནར་མོ་ཞིག་འཐེན།

ཕྱི་ཉིན་ཞོགས་པ་ཞོགས་ཟས་ཀྱི་སྐབས་སུ་ཨེན་གྱིས་སྐུ་ཞབས་མ་ཐི་ཡུས་ཀྱི་ཞལ་མདངས་འགྱུར་ནས་ཐལ་མདོག་ཏུ་གྱུར་འདུག་པ་མཐོང༌། ཏོག་ཙམ་གྱི་རྗེས་སུ་ཨེན་གྱིས་མེ་རི་ལ་ལ་ ""མ་ཐི་ཡུས་ན་གི་ཡོད་དམ།?'' ཞེས་སྐད་ཆ་དྲིས་པར། མོ་རང་གིས་ ""རེད་ ཁོང་གི་སྙིང་ཡག་པོ་མེད་ཁར། ཡང་བསྐྱར་སྙིང་ལ་ན་ཚ་གསར་པ་ཞིག་སླེབས་འདུག ད་དུང་ལས་ཀ་ཡང་ཤུགས་ལས་བྱེད་ཀྱི་འདུག'' ཅེས་བཤད།

ཉིན་ཁ་ཤས་སོང་རྗེས། མ་ཐི་ཡུས་ཐབ་ཚང་དུ་འགྲོ་སྐབས་ཐང་ལ་འགྱེལ་བ་ན། མེ་རི་ལ་དང་ཨེན་གཉིས་མགྱོགས་མྱུར་ངང་ཁོང་གི་རྩར་བརྒྱུགས་སྐབས་ཁོང་གྲོངས་ཚར་འདུག དེ་ནས་ཨེན་གྱི་ཡིད་སེམས་ཧ་ཅང་གི་གདུང་བར་གྱུར་ཏེ་བསམ་པར་ ""མ་ཐི་ཡུས་ནི་ངའི་གྲོགས་པོ་ཡག་ཤོས་དེ་ཡིན། ཁོང་གིས་ང་གྷི་རེན་གྷེ་བྷོལ་དུ་ཁྲིད་ཡོང་བ་མ་ཟད། ད་དུང་ཁོང་གིས་དུས་ནམ་ཡིན་ཡང་ང་ལ་བྱམས་སྐྱོང་ཚད་མེད་གནང་གི་ཡོད། ང་ཡང་ཁོང་ལ་ཧ་ཅང་གི་དགའ་པོ་ཡོད་'' བསམ་བཞིན་མཚན་མོར་གཉིད་ཀྱང་མ་ཁུག་པར་མོ་རང་གི་མལ་ཁང་དུ་ངུས་ནས་བསྡད་པ་ན། མེ་རི་ལ་མོ་རང་གི་རྩར་ཡོང་ནས་ ""ཨེན་ ད་མ་ངུ༌། མ་ཐི་ཡུས་ནི་ངའི་སྙིང་ནས་བརྩེ་བའི་གཅུང་པོ་དེ་ཡིན་པ་མ་ཟད། ཆེས་ཡ་རབས་ཚུལ་མཐུན་གྱི་མི་ཞིག་ཀྱང་རེད། འོན་ཀྱང་ད་དུང་ང་ལ་ཁྱེད་རང་ཡོད་པ་རེད་ལ། ཁྱོད་ལ་ཡང་ང་ཡོད། མ་ཟད་ང་རང་ཁྱེད་ལ་ཧ་ཅང་གིས་བརྩེ་བོ་ཡོད་'' ཅེས་བཤད།

སྐབས་ཤིག་མེ་རི་ལ་ནི་ཕར་བལྟས་ཚོད་ལ་ཧ་ཅང་ཐང་ཆད་ཅིང་སྐྱོ་ཉམས་ཤིག་དང་བཅས་ཐབ་ཚང་གི་ཀྱོག་ཙེའི་འཁྲིས་སུ་བསྡད་འདུག་པར། ཨེན་གྱིས་ལག་ཟུང་གིས་མེ་རི་ལ་ལ་འཐམ་ནས་ ""མེ་རི་ལ་! དོན་དག་ཅི་ཞིག་བྱུང་སོང་?'' ཞེས་དྲིས། མེ་རི་ལ་ཡིས་ ""ངའི་མིག་ལ་ཡང་བསྐྱར་ན་ཚ་གཏོང་གི་འདུག་ལ་ཡག་པོ་ཞིག་མཐོང་གི་ཡང་མི་འདུག་པས་ལས་ཀ་ནི་བྱེད་མི་ཐུབ།'' ཅེས་ངུ་བཞིན་དུ་ད་དུང་བཤད་རྒྱུར་ ""ང་ཧ་ཅང་གི་སེམས་སྡུག་གི མ་ཐི་ཡུས་དང་ངེད་གཉིས་ལ་དངུལ་གང་ཡོད་ཨ་བྷེས་དངུལ་ཁང་དུ་བཅོལ་བ་ཡིན། འོན་ཀྱང་དངུལ་ཁང་དེ་ལམ་ལྷུང་མ་བྱུང་བས་ད་ང་ལ་དངུལ་མེད། དེར་བརྟེན་གྷི་རེན་གྷེ་བྷོལ་ཡང་བཙོང་གི་ཡིན་'' ཅེས་བཤད་པ་ན་ཨེན་གྱིས་ ""ད་མ་ངུ་ མེ་རི་ལ། གྷི་རེན་གྷེ་བྷོལ་བཙོང་ན་ག་ལ་འགྲིག དེ་སྔོན་མ་ཐི་ཡུས་དང་ཁྱེད་གཉིས་ཀྱིས་ཡོད་ཚད་ངའི་ཐོག་ཏུ་བློས་བཏབ་བ་རེད། དེས་ན་ང་རེ་ཌི་མོན་ཌི་མཐོ་སློབ་ཏུ་ཡང་འགོ་གི་མིན་ལ། ད་ནས་བཟུང་ངས་ཁྱེད་ལ་ཕྱག་རོགས་ཧུར་ཐག་ཞུས་ཆོག གང་ལྟར་ངས་ཨེ་ལེན་ཌི་ཡི་ ཨ་ཌི་ཝན་ཌིའི་སློབ་གྲྭར་དགེ་རྒན་བྱས་ཏེ། དེའི་ཞོར་དུ་ཁྱེད་ལ་ཕྱག་གཡོག་ཞུས་ཤིང་གྷི་རེན་གྷེ་བྷོལ་ཡང་བདག་ཉར་བྱེད། དེ་ལྟར་བྱས་ཚེ་ངེད་གཉིས་སྐྱིད་པོ་ཡོང་གི་རེད།'' ཅེས་ལབ།

དེ་རྗེས་ལྕམ་སྐུ་ལེན་ཌི་ གྷི་རེན་གྷེ་བྷོལ་ལ་ཡོང་ནས་ ""ཨེན་ ཁྱོད་ཀྱིས་མེ་རི་ལ་ལ་ལས་ཀ་ཡག་པོ་བྱས་འདུག'' ཅེས་ལབ་པས་མོ་རང་ལ་ཡང་ཧ་ཅང་གི་དགའ་སྤྲོ་སྐྱེས། ""ད་ཁྱོད་ཀྱིས་ཨ་ཝན་ལེས་ཀྱི་སློབ་གྲྭར་སློབ་ཁྲིད་བྱས་ན་འགྲིག་གི་རེད་'' ཅེས་བཤད་པ་ན་ཨེན་གྱིས་ ""དེ་ཡོང་གི་མ་རེད། དེ་ལ་གྷེ་བྷོར་ཌི་ཡིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ང་རང་གྷི་རེན་གྷེ་བྷོལ་ལ་བསྡད་ནས་སློབ་ཁྲིད་བྱེད་སའི་སློབ་གྲྭ་གཞན་པ་ཞིག་འཚོལ་ཆོག་" ཅེས་བཤད་པར། ལྕམ་སྐུ་ལེན་ཌི་ཡིས་ ""དེ་འདྲ་དགོས་དོན་མེད། གྷེ་བྷོར་ཌི་ཡིས་མེ་རི་ལའི་གནས་ཚུལ་ཚང་མ་ཤེས་ཡོད་པ་མ་ཟད། ཁྱོད་ཀྱང་གྷི་རེན་གྷེ་བྷོལ་ནས་མེ་རི་ལ་དང་ལྷན་དུ་་མི་སྡོད་ཀ་མེད་ཡིན་པ་སོགས་ཤེས་པར་བརྟེན། ཁོང་བྱེ་དཀར་གྱི་སློབ་གྲྭ་རུ་སློབ་ཁྲིད་བྱེད་པར་འགྲོ་རྒྱུ་བྱས་འདུག དེས་ན་ཨ་ཝན་ལེས་ཀྱི་སློབ་གྲྭ་ལ་ཁྱེད་རང་མ་གཏོགས་བདག་པོ་མེད།'' ཅེས་བཤད་པས། ཨེན་ཧང་སང་སྟེ་བསམ་པར་ ""དེ་ནི་གྷེ་བྷོར་ཌི་ཡིས་ང་ལ་ཇི་འདྲའི་ལས་བཟང་ཞིག་བྱས་པ་རེད་'' སྙམ།

ཉིན་གཉིས་ཀྱི་རྗེས་སུ་ཨེན་ལམ་ཁ་ཞིག་ནས་གྷེ་བྷོར་ཌི་ལ་ཐུག་པ་ན། ཨེན་གྱིས་ཁོང་གི་སྔུན་བཀག་སྟེ་ལག་པ་བརྐྱང་ནས་ ""གྷེ་བྷོར་ཌི། ཁྱོད་ཀྱིས་ཨ་ཝན་ལེས་ཀྱི་སློབ་གྲྭའི་སྐོར་གྱི་ལས་བཟང་དེ་ལྟར་བྱས་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དེ་སྔོན་གྱི་གནས་ཚུལ་རྣམས་ལ་ངས་དགོངས་དག་ཞུ་གི་ཡིན། དེས་ན་ཐུགས་རྗེས་གཟིགས། ད་ནས་བཟུང་ངེད་གཉིས་ཀྱིས་གྲོགས་པོ་སྒྲིག་ཏོ།'' ཞེས་ལབ་པ་ན། གྷེ་བྷོར་ཌི་ཡིས་ཀྱང་ཨེན་གྱི་ལག་པར་འཇུས་ཏེ་ ""འགྲིག་གི་རེད། ང་རང་ཡང་དེ་ལྟར་བྱེད་རྒྱུར་དགའ་པོ་ཡོད།'' ཅེས་ལབ།

དེ་ནས་ཁོང་གཉིས་ཨེན་གྱི་ནང་ལ་སོང་སྟེ་སྡོད་ཁང་ཕྱི་ལོགས་སུ་བསྡད་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་གླེང་མོལ་བྱས། དེའི་རྗེས་སུ། ཨེན་སྒེའུ་ཁུང་འཁྲིས་སུ་བསྡད་ནས་ཕྱི་ལོགས་ལ་བལྟ་བཞིན་ ""དོ་དགོང་ནི་ཇི་འདྲའི་ཡིད་དུ་འོང་བའི་མཚན་ལྗོངས་ཤིག་རེད་ཨང༌། མ་ཟད་ང་ལ་ལས་གནས་ཀྱང་ཡག་པོ་ཞིག་ཐོབ་སོང་ལ། མཛའ་གཅུགས་ཡིད་དུ་འོང་བའི་གྲོགས་པོ་ཡང་ཡག་ཤོས་ཤིག་ལ་ཐུག གང་ལྟར་ཕྱོགས་ཐམས་ཅད་ནས་འགྲིག་ཐག་ཆོད་ཡོད་པས། མ་འོངས་པར་ང་རང་སྐྱིད་པོ་ཡོང་རྒྱུ་ཡིན་པ་ངས་ཤེས་ཀྱི་འདུག'' སྙམ་མོ།།   །།

                                                ༼ཧོར་ནག་པས་བོད་ཡིག་ཏུ་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་བསྒྱུར་བརྩམས་སྒྲུང་། གྷི་རེན་གྷ་བྷོལ་གྱི་བུ་མོ་ཨན།

2009-07-02 Montgomery, L. M. (Lucy Maud) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།