སྙན་ངག་པ་གཉའ་གོང་ལྷ་བྷེས་མི་ཡུལ་ལ་ཤུལ་དུ་བཞག་པའི་སྙན་ངག་འགའ།
༄༅།།བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེའམ་ལྷ་མོ་དོན་གྲུབ་མཆོག་སྐུ་ཁོང་འཚོ་བཞུགས་གནང་སྐབས་སུ་འདི་ལྟར་དུ་རང་སེམས་མཚོན་པའི་སྐད་ཆ་ཞིག་བརྗོད་འདུག་སྟེ།སྙན་ངག་གིས་སེམས་ངལ་གསོས་མྱོང་ལ་སྙན་ངག་གིས་སྡུག་ལ་སྦྱར་མྱོང་།ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་གུས་པོའི་ཕ་དྲིན་ཆེན་ཆུང་དུས་ནས་ང་ལ་མ་དབང་བའི་རྐྱེན་གྱིས་ཡིན།ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་ང་རང་གི་མ་ལགས་ཀྱིས་གཞན་ལ་གཡོག་ལས་བྱས་པའི་ཚེ་སྡུག་གི་འོག་ཏུ།ངེད་མིང་སྲིང་དྲུག་པོ་སེམས་ཀྱིས་གསོས་མྱོང་བའི་དུངས་ཀ་དེའི་རྐྱེན་གྱིས་ཡིན།ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་ང་རང་ཕོ་བྲང་པོ་ཏཱ་ལའི་སྐས་ཐེམ་རེ་རེ་བརྒྱུད་མྱོང་བའི་རྐྱེན་གྱིས་ཡིན།ཞེས་པ་འདི་ནི་ཁོང་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡང་ཡིན་སྲིད་སྙམ།
འདིར་སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་གི་སྙན་ངག་དྲུག་བཀོད་ཡོད།སྙན་ངག་འདི་དག་ནི་དུས་དེབ་དང་ཚགས་པར་གང་དུའང་མ་སྤེལ་བའི་ཁོང་གི་ཁོང་གི་བརྩམས་ཆོས་དག་ལས་གང་དགར་ལག་པས་རེག་ཐོགས་བྱུང་བ་གློག་ཀླད་དུ་ཕབ་སྟེ་བཀོད་པ་ཡིན།
སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཀྱི་སྐུ་པར།
སེམས་འདུན།
བྱ་ཆེན་གྱི་གཤོག་པ་བརྐྱངས་འདྲའི་ནམ་མཁའ་དང
བཟོད་སྒོམ་གྱི་ཨམ་གཙིགས་བསྡམས་འདྲའི་ས་གཞིའི་བར་ནི
དོན་ངོ་མས ངའི་ཁྲ་ཆུང་གི་མིག་ཆུ་ལྷུང་ས
ངའི་ཉམ་ཆུང་གི་བདེན་དོན་འབུས་ས
ངའི་ཚེ་སྲོག་གི་བཞུད་ལམ་རིང་མོ
ང སྔོ་ལྗང་གི་རྩྭ་ཉག་གཅིག་ལྟར
རླུང་ཁ་ན རང་ཚུགས་མི་ཐུབ་པའི་ངང
ས་ཆེན་པོར་དུངས་སེམས་བཅིངས་ཤིང
གནམ་སྔོན་པོར་རེ་བཞག་བཅོལ
ཉི་འོད་དང་སྦྲང་ཆར་ནམ་མཁའ་ནས་བྱོན་ལ
དྲག་ཆར་དང་གནམ་ལྕགས་ཀྱང་ནམ་མཁའ་ནས་ལྷུང
ངའི་སྙིང་ཉེ་བའི་ལུག་ཁྱུ་དང་མེ་ཏོག་གི་ཚལ་ལ
དེ་བས ང་ནམ་མཁའི་བང་རིམ་རེ་རེར་སྡང་སེམས་ལངས་ཤིང
དགུང་གི་ཐེམ་པ་རེ་རེར་ཡིད་སྨོན་ཡང་སྐྱེས
གང་ལྟར ཆོས་ཉིད་ཁ་ཤས་ཀྱི་ངོ་གདོང་རྡོག་པས་གནོན་བཞིན
གནམ་ས་གཉིས་ཀྱི་བར་མཚམས་ནས
ངས སྔ་ན་མེད་པའི་སེམས་འདུན་ཞིག་རླུང་རྟ་བཞིན་སྤུར་འདོད
ཁོང་གི་ཕྱག་བྲིས།
སོས་ཀ
སོས་ཀ ད་དུང་སྐྱ་ཐག་གེར
ང་ཡི་སེམས་པ་དང་འདྲ་བར
ཡང་ན་བུ་མོ་འབྱོར་ཞན་ཞིག་གི་བཞིན་རས་དང་མཚུངས་མོད
ཞིབ་ཏུ་བལྟས་ཚེ ངོ་གདོང་གི་ཟབ་ས་ན
ཡིད་སེམས་འཕྲོག་པར་བྱེད་པའི་འཛུམ་རིས་ཤིག
སོས་ཁའི་རླུང་བུ་འདི་གདོང་གིས་བསུས་ནས་སེམས་ཀྱིས་མྱངས་ཚེ
དགུན་འཁྱག་རིང་མོ་ཞིག་གི་ཉིན་དང་མཚན་ལ
ས་གཞི་ཙག་གིས་གད་པའི་རྨ་ཤུལ་ཟབ་མོ
དྲུག་རླུང་སྨྱོན་པས་བསླངས་པའི་ས་རྡུལ་རྩུབ་མོ
ལྗོན་ཤིང་འདྲེ་ཡིས་བཟུང་བའི་ངུ་དགོད་གཟན་པོ
ཆབ་རྒྱུན་སྒྲོག་ལ་ཐེབས་པའི་རྣམ་པ་སྐྱོ་བོ
ངའི་སེསམ་ཁོང་ནས་ག་ལེར་རྒྱང་ལ་གཤེར་གྱིན་མཆིས
སྐྱོ་སྡུག་སངས་བར་བྱེད་པའི་དབྱར་ལྗོངས་ཤིག་གི་བཀོད་པ་ཡང
རྒྱང་རིང་ནས་ལྷོད་ཀྱིས་ང་ཡི་ཉེ་སར་བཅར་གྱིན་གདའ
སོས་རླུང་འཇམ་པོ་དང་ཉི་འོད་དྲོན་མོའི་རླབས་རྒྱུན་གྱི་ཁྲོད་ནས
རང་གི་བུ་དཀར་མོས་ཀྱང་ང་ལ་རེ་བ་ཞིག་བསྩལ་བྱུང
ང་ཡི་སློབ་མ་ཚོས་ཀྱང་བདག་ལ་སྔར་མེད་ཀྱི་རྨི་ལམ་ཞིག་བསྐྲུན་སོང
ད་དུང རི་ལ་ཐང་མེད་པར གཡུ་ཞུན་གྱི་བརྩེ་འཛུམ་ཀློང
མེ་ཏོག་དག རློན་མདངས་ནེམ་མེར དྲི་བསུང་འཐུལ་ལེར
ཆུ་མོ་ཡིས་ལྡེམ་ལྡེམ་གཟུགས་ཀྱི་དྲི་ཟའི་བྲོ་གར་འཁྲབ་བཞིན
སོས་ཀ་འདིར བདག་གིས་ནི་ཞེ་བསམ་པས
དབྱར་གྱི་དཔལ་ཡོན་བསུ་བའི་རྨི་ལམ་ཞིག་རྨི་བཞིན་ཡོད
སོས་ཀ རོང་མ་འབྲོག་གི་ས་ཆ་འདི་ནས
ཡུལ་མི་ཚོས འབྲུ་རིགས་ཀྱི་ས་བོན་འདེབས་ཀྱིན་འདུག
ངས་ཀྱང གཞི་རིམ་གྱི་ཁུག་གྲོག་འཁྱོག་ཅིག་ན
རྨོ་ཞིང་ལག་མཐིལ་ཙམ་ལ་རྨི་ལམ་གྱི་ས་བོན་གཏོར་གྱིན་ཡོད
རྨི་ལམ་འདི སྲེག་མ་སོང་འཛམ་གླིང་ཉི་མ
ས་བོན་འདི སྐམ་མ་འགྲོ་སྦྲང་ཆར་བསིལ་མ
༢༠༡༢ལོའི་ཟླ་༣པར་ཀླུ་ཆུའི་དགོན་ཆགས་སློབ་ཆུང་དུ་བྲིས།
རང་གི་ངོས་ཟིན།
རྒྱང་ཐག་རིང་བའི་རླབས་ཆེན་གྱི་ཐ་སྙད་དེ་ཚོར་རེག་ཐབས་བྲལ
སྟོང་བསམ་གྱིས་བཀླུབས་པའི་མཛེས་སྡུག་གི་རྨི་ལམ་དེ་ཚོ་རོལ་ཐབས་དབེན
སེམས་འགྱུ་སྣ་ཚོགས་ཀྱི་རླབས་རྩེར་འགོས་ནས
ང་ནི ས་ཆེན་གྱི་གྲུ་ག་ཞིག་ནས་ཁེར་རྐྱང་གིས
སེམས་ཀྱི་ཕ་མཐའ་རྐང་ཐང་གི་བརྒལ་ཚེ
རང་ཉིད་འཇིགས་ཡེར་རེར་གཏོང་མཁན་ནི
ས་འཛིན་གྱི་ཕྲེང་བ་ལྟ་བུའི་ནོར་འཁྲུལ་གྱི་བྱུང་རིམ་སྨུག་པོ
ཡང་བསྐྱར བསམ་གཞིགས་མགོ་ནས་གཏོང་དུས
རྟེན་འབྲེལ་བར་རྐེད་ནས་ལོག་པ་མཐོང
ཕྱིར་མིག་ནི་འདོགས་ཐག་ཅིག་ཡིན་པའི་ལམ་གྱི་རྙེད་པ་འདིས
ད་ནི་རང་ཉིད་གཞིས་རྙིང་དང་ཁ་གྱེས་ནས
ཕངས་སེམས་དང་ནོངས་འགྱོད་མེད་པར་བསྐྱར་ཆས་བྱེད་དགོས་སོང
༢༠༡༢ལོའི་ཟླ་༣པར་ཀླུ་ཆུའི་དགོན་ཆགས་སློབ་ཆུང་དུ་བྲིས།
རི་དེ།
རི་དེའི་མགོ་ན་ལབ་ཙེ་ཡོད
ལབ་ཙེ་ནི་དཔའ་མི་ཞུམ་པའི་གསར་རྒོད་ཅིག
དམ་ལ་བཏགས་པའི་དན་རྟགས་ཡིན
རི་དེའི་རྐེད་ན་རྨ་ཤུལ་ཡོད
རྨ་ཤུལ་ནི་ངོ་ཚ་མེད་པའི་མི་རྣམས་ཀྱིས
རང་བྱུང་ཁམས་ལ་བརྐུས་བྱས་པའི་རྐང་རྗེས་ཡིན
རི་དེའི་འདབས་ན་ལྕགས་དྲ་ཡོད
ལྕགས་དྲ་ནི་དབང་ཆེན་མི་ཡིས་ཟོག་ལུག་རྣམས
རང་དགར་གང་སར་འགྲོ་མི་ཆོག་པའི་བཀའ་རྒྱ་ཡིན
ཆང་གིས་བཟི་དུས།
ཁབ་དང་འབིག་བཞིན་དུ
ལྟག་རྒྱབ་ནས་འོངས་ཏེ ཁྱོད་རང་རྨས་པ་ན
ང་ནི་འཛེམ་བག་མེད་པར་ཆང་གིས་བཟི
ཆང་གིས་བཟི་དུས
སེམས་པའི་བྱེ་ཐང་ངོས་སུ་རླུང་བུ་ལྡང
འཇག་མའི་ཤུགས་གླུ་སྙན་ངག་ཡིན
འདང་རྒྱག་མེད་པར་ཆང་གིས་བཟི་དུས
འདུག་ས་“མགྲོན་ཁང”ཡིན་ཡང་ཆོག
སྙན་ངག་འདི༿་དུས་སྐབས་དེ་ཚོ༾ལས་བཏུས།
ངའི་རྩྭ་ཐང་། ངའི་རྟ་མཆོག
མིག་གིས་མཐོང་ཚད་དེ་གནམ་ས་འདྲེས་མཚམས་སུ་སྣང་བ་ནི
ངའི་རྩྭ་ཐང་ལ་ཕ་མཐའ་མེད་པའི་རྐྱེན་གྱིས་ཡིན
ངའི་རྟ་མཆོག་གིས་སྐྱེས་ལུས་འདི་རུ་བླངས་ནས
སུག་བཞིའི་རྐང་རྗེས་འདི་རུ་དཔར་གྱིན་ཡོད
སྒོ་དང་ལྕགས་རི ཀླད་ཁེབས་མེད་པའི་ངའི་རྩྭ་ཐང
ཉི་ཟེར་གྱིས་འོ་སྦྱོར་བྱེད་ས ཆར་འཇམ་གྱིས་འགྲམ་པ་བརླན་ས
སྨུག་པ་དང་འཇའ་ཚོན་རེས་མོས་ཀྱིས་འཁོར་ས
རླུང་དམར་གྱི་རྩྭ་སྐྱའི་ཚོགས་ལ་བསེར་བུའི གཤོག་པ་སྤྲོད་ས
ངའི་རྟ་མཆོག་གི་ཕ་ས་ཕ་ཡུལ
སྐར་མ་ལྟ་བུའི་ཨུ་ཁུང་ཁྲི་ཕྲག་གི་མཚན་མོའི་མཁའ་དབྱིངས
ངའི་རྩྭ་ཐང་གི་དགོང་མོའི་སྤྲིན་པ་དཀར་ནག་གི་ཉིན་མོའི་ནམ་མཁའ
ངའི་རྩྭ་ཐང་ཆེན་པོ་འདིའི་ཉིན་དཀར་གྱི་ཤོམ་ལྭ་ཡིན་དགོས་ཨང
ལོ་འདི་འགར ངའི་རྟ་མཆོག་ཆང་གིས་བཟི་བཞིན
རྩྭ་ཐང་གི་རྒྱ་ཁྱོན རྩྭ་ཐང་གི་ཕྱི་ནང
རླུང་གི་གཤོག་པ་ལ་བསྟེན་ནས་སེམས་ཀྱིས་གཞལ་དགོས་ཟེར
དགའ་སྐྱོ་ཟུང་འབྲེལ་གྱི་རྨིག་རྗེས་རྩྭ་ཐང་གི་ག་ས་གང་དུ་བཞག
ངའི་རྩྭ་ཐང་ན ངས་མིང་མི་ཤེས་ལ་ངོའང་མི་ཟིན་པའི
མི་མང་བོས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་དུ་རོལ་གྱིན་མཆིས
ངས་བརྗོད་ཟིན་པ་ལྟར ངའི་རྩྭ་ཐང་ལ་སྒོ་དང་ལྕགས་རི་མེད
ངའི་རྩྭ་ཐང་ན་རང་བྱུང་གི་སྤྱང་ཀི་ཡོད
ད་དུང་གང་ནས་ཡོང་བ་མི་ཤེས་པའི་ཁྱི་ལྡོམ་གྱི་ཚང་ཡོད
ངའི་རྩྭ་ཐང་གཞན་དགོ་བ་ཡོད འཕྱི་བ་ཡོད
རི་བོང་ཡོད རི་དྭགས་གྲངས་མེད་ཅིག་ཡོད
འདབ་ཆགས་ཀྱང་རྫོགས་མཐའ་མེད་པ་ཞིག་ཡོད
ངའི་རྩྭ་ཐང་དུ་རང་དབང་གི་ཁྲག་དྲི་ཡོད
ཁྲག་དྲི་ལ་འཁོར་བའི་ཞི་བདེའང་ཡོད
ངའི་རྟ་མཆོག ངའི་རྟ་མཆོག་ལ་མཆེ་བ་མེད སྡེར་མོ་མེད
ངའི་རྟ་མཆོག་དམར་ཟས་ལ་ཞེན་པ་ལོག་གི་ཡོད
ངའི་རྟ་མཆོག དེ་ལྟ་བུའི་ཕྱི་གཙང་ནང་གཙང་ཡིན
ངའི་རྩྭ་ཐང དེ་བཞིན་དུ་ཕྱི་གསལ་ནང་གསལ་ཡིན
ངའི་རྩྭ་ཐང་ལ་མི་ཡིས་གཅར་བརྡུངས་བྱས་པའི་ཤུལ་རྗེས་ཡོད
ངའི་རྟ་མཆོག་ལ་ཁྱི་ཚོགས་ཀྱིས་རུབ་རྨུགས་བྱས་པའི་རྨ་ཤུལ་ཡོད
ངའི་རྩྭ་ཐང་དུ སྲོག་ཆགས་མང་བོས་རྒྱུད་སྤེལ་གྱིན་ཡོད
ཐ་ན་ཁྱི་སྤྱང་མཉམ་འདྲེས་ཀྱི་རྒྱུད་ཀྱང་སྤེལ་གྱིན་ཡོད
དེའི་ཁྲོད་དུ ངའི་རྟ་མཆོག་གིས་ཀྱང
ཕོ་རྟེའུ་ནག་པོ་ཞིག་དང་མོ་རྟེའུ་དཀར་པོ་ཞིག
ངའི་རྩྭ་ཐང གནམ་གོ་ལ་ལས་ཆུང་ཙམ་དང
སའི་གོ་ལ་ལས་ཆེ་ཙམ་ཡོད
ངའི་རྟ་མཆོག རྩྭ་ཐང་གི་འགྲིམ་འགྲུལ་ཡོ་བྱད་ཅིག་མིན
ད་དུང་ངའི་ཕོ་རྟེའུ་ནག་པོ་དང་མོ་རྟེའུ་དཀར་པོ ……
༼བཏུ་སྒྲིག་པ་ཅོར་རིགས་འཇམ་དཔལ་སྐྱབས་ཡིན།༽
རྩོམ་ཁུངས། ངེད་དྲ་བ།