ལྷམ་ཀོག་གི་སྙན་ངག་གསར་བའི་ཚོམས།
ཡིད་བརྙན།
སྐར་ཆ་ལྔའི་ཡུན་ལ
རང་གི་ཕ་ཡུལ་གྱི་ངོ་གདོང
རྩྭ་ཐང་གི་ལུག་མིག་མེ་ཏོག
རི་རྩེ་ན་གཡོ་བའི་རྫི་བོའི་ལ་གཞས
རི་འདབས་སུ་ཕུབ་པའི་སྦྲ་ནག་གི་ཆོན་ཐག
འདོགས་ཐག་ཤུགས་ཀྱིས་འཐེན་པའི་ཁྱི་རྒན་རྒྱ་བོ
འཕྲུལ་རྟ་རིག་ན་འདྲོགས་འོང་བའི་ཨ་ཕྱི་རྒན་མོ
སྒྱེ་སྣོད་དུ་བཅུག་པའི་དབྱར་ལྭ་དང་དགུན་ལྭ
ལོ་གསར་དང་དུས་སྟོན་ལ་ཉར་བའི་གྱོན་གོས
འདི་དག་ཚང་མ་རྡང་མགོར་བབས་པའི་བྱིའུ་རེད
འདོགས་ཐག
དོར་མའི་ཁ་སྡོམ་བྱེད་ཀྱི་བལ་ཐུག་དེ
ངོ་ཚ་སྲུང་བྱེད་ཅིག་ཏུ་བརྩིས་པ་ནས
རབ་ཏུ་མ་བྱུང་བའི་ཡར་སྔོན་དུ
རྩི་ཏོག་ཅིག་གི་རྩེ་རུ་ཡོམ་པའི་ཟིལ་བ
ཝུ་ཆང་ཡིན་ཁུལ་གྱི་འཇིབས་ཤིང
ཅུང་ཟད་བཟི་སྣང་གིས
སྣང་བ་ཐམས་ཅད་སྤྲིན་དཀར་ཡིན་ན་བསམས་མྱོང
འདང་རེ་རེ་བརྒྱབ་འོང་ན
སིལ་སྡོང་གི་ཡལ་གའི་སྟེང་ན་ཅག་ཅག་བྱེད་པའི་བྱིའུས
ང་རྒྱལ་དང་བཅས་ཏེ
འབུ་སྦྲང་རེ་རེ་མཆུ་རུ་བཟུང་ནས་མགོ་བོ་ཀྲོག་ཀྲོག་བྱེད་ཚུལ
ལོ་འགའི་ཡར་སྔོན་གྱི་བེའུ་རྫི་སྣབས་ལུག་དེ་དང་འང་ཨེ་མི་འདྲ
ལག་མཐིལ་གྱི་རི་མོའི་གསེབ་ནའང
དྲན་རིག་རྒོད་པའི་རི་མོ་ཅན་གྱི་ང
ཆོས་སྒོར་ཞུགས་ཤིང་ལམ་རིམ་གྱི་གཞུང་ཅི་ཙམ་བསླབས་ཀྱང
གཟན་སྣེ་ལ་མདུད་པ་བཏབ་ནས
འཁོར་བའི་བྱ་བ་ཝུ་ཆང་ལྟར་མཆོད་པའི་སྟངས་ཀ་དེར
ཉི་ནུབ་ཀྱི་སྡིག་སྒྲིབ་ཧྲིལ་བོར་དཔྱངས་འདུག
དབུགས་དབྱུང་།
ཁྱེད་ཀྱི་རྨི་ལམ་ལ་འཁྱིལ་བའི་རླུང་བུ་དེ
དོ་ནུབ་ཆར་སིམ་ཞིག་གི་ཚུལ་དུ
ཤག་ཤག་གིས་འཇོ་བར་བྱེད་དུས
སིལ་སྡོང་གི་ཡལ་ག་དག་གི་འདར་ཤུགས་ཀྱིས
ང་རང་གཉིད་ལས་དཀྲོགས
དབུགས་དབྱུང་ཞིག་དང་འདྲ་བའི་ཆར་བ
ཕྱེད་ཀ་རྨི་ལམ་གྱི་ངོགས་སུ་འདྲེས་ཤིང
རུས་པའི་སྟེང་གི་མེ་ཏོག་ཏུ་སྦྲུམ་པས
ངས་ནམ་མཁའ་འདི་གསེར་གྱི་ཀ་ཏོ་ར་ཞིག་ཡིན་ན་བསམ
ལོ་གཅིག་གི་ཉི་མ་གསུམ་པ།
ཉི་འོད་ཁྱམས་རར་འཕྲོས་པ་ནི
ལག་དམར་ཞིག་གིས་དགྲ་ཤ་ལེན་པ་བཞིན
བྱིའུ་དེ་ལ་དངངས་སྐྲག་སློང་བ་བཞིན
ཏག་ཏག་ངའི་སྒེའུ་ཁུང་ནས་མར་ཟགས་པའི་དཔྱིད་ཀ
ཐ་གུ་ཞིག་སྦྲུལ་དུ་བརྫུས་པར་མཚུངས་ཤིང
པང་དུ་འཁྱུད་ཐེངས་རེར་ང་ཤིན་ཏུ་འདར་བས
མགོ་ཡི་སྐྲ་ལོ་བྱིལ་གྱིན་འདུག་པའི་སྣང་བ་འཁོར་འོང་
སྐབས་ལ་ལར་དུས་ཚོད་ནི་འདི་འདྲ་ཞིག་ཡིན་ནམ
མགོ་ཡི་སྐྲ་ལོ་བྱིལ་གྱིན་པའི་སྣང་བ་འཁོར་འོང་
མཚན་གུང་གི་དཀྱིལ་དུ།
ཐ་གུའི་སྤོ་ལོ་ལྟར་འགུལ་བའི་ཁང་བ་འདི
གནམ་ནས་ལྷུང་བ་ཡིན་ཚེ
སུ་ཞིག་གི་རྐང་བའི་བར་ན་འགྲིལ་བཞིན་ཡོད
ཚེ་སྲོག འདོད་ཆགས སྡིག་སྒྲིབ
ཡང་ན་རོལ་དབྱངས་ཀྱི་འཕར་འགྲོས
མིག་གི་འབྱེད་འཛུམ
སྐར་མ་རེ་རེ་དངངས་སྐྲག་གིས་འདེད་པའི་དུས་ཚོད
ཡོད་ཚད་རྟ་ཁྱུ་བཞིན་ཞོག་གྱིན་པའི་གྲོང་ཁྱེར
དེའི་ཁྲོད་ན་གུ་གཡེང་སོས་དལ་གྱིས་འཚོ་བའི་འབྲོག་པའང་ཡོད་སྲིད
ནམ་གུང་གི་དུས་ལའང་ཚང་མ་གཉིད་དུ་ཡེར་མི་འདུག
ཁྱེད།
ཆུ་ཡི་ཐིགས་པ་གཅིག
ཤིན་ཏུ་ངར་བའི་དུས་སུ་མཁོ་ཞིང
ཧ་ཅང་སྐོམ་པའི་དུས་སུ་འང་མཁོ
བདག་གིས་སྣོད་ཅ་སྟོང་བར་བཟུང་ནས
སྤྲིན་པ་བྱིའི་མགོ་ཙམ་ལངས་ནའང
ལྕེ་ལ་མཆི་མ་བསྐྱིལ་ནས
གྲེ་བ་ནས་དབུགས་ཀྱི་དབྱུང་རྔུབ་བསྟན་མྱོང
རྩོམ་ཁུངས། ངེད་དྲ་བ།