རླུང་བུའི་སྙན་རྩོམ་ཁ་ཤས།
མྱོས་པའི་སྙན་ངག
མིའི་ཁོག་པ་ནི་མཁའ་དབྱིངས
སྒལ་ཚིགས་ནི་དགུ་ཚིགས
རྒྱུ་སྐར་མཐའ་མེད་པར་ཤར
ཟུངས་ཁྲག་རྒྱུན་མ་ཆད་པར་བཞུར
ཁོག་པའི་ནང་གི་ཁྲག་ཐིགས་སྐམ
རྒྱུ་སྐར་གད་སྙིགས་སུ་ལྷུང
ཁྲག་ཐིགས་ཀྱི་གསེབ་ནས་འོ་མའི་མཚོ་མོ་འཛུམ
འོ་མའི་མཚོ་མོ་ལས་སྐད་ཆ་འགའ་བཙལ་ཕྱིར
གངས་རི་མང་པོ་བརྒལ
བརྒལ་བའི་ལམ་བར་དུ་ཟུངས་ཁྲག་སྐམ་ཞིང་རྒྱུ་སྐར་རྙིད
གད་སྙིགས་ཀྱི་དྲི་མའི་ནང་ནས་ལག་པ་ཕར་བསྲིངས་བས་རྒྱུ་སྐར་ལ་རེག་ཐུབ་སོང
ཉི་འོད་ཀྱི་འཁྲིག་སྤྱོད །
ཉི་འོད་ཀྱིས་འཁུན་སྒྲ་མེད་པར་ས་གཞིར་འཁྲུག་པ་སྤྱོད་ཚུལ་འདིའི
མི་ཡི་གྲིབ་གཟུགས་ནི་ཉི་འོད་ཀྱི་བུ་ཆུང་འཁྲུལ་བ་མེད་པ་དེ་ཡིན
མི་རེ་རེ་ནི་འདོད་སྲེད་ཀྱིས་བསླངས་པའི་ལོ་མ་རེ་རེ་ཡིན་ན
གོ་ལའི་གས་སྲུབས་རེ་རེ་ན་འབུས་པའི་ཡན་ལག་དག་ཀྱང་འདོད་པའི་སྤོས་ཆུ་ཡིན་ཤེས
མཁའ་རླུང་ཁྲོད་འཚོ་བའང་མི་ཡི་ལུས་སྟེང་གི་བ་སྤུ་ཁོ་ན་ཡིན
དེ་ལ་གཤོག་དྲུག་འཛོམས་ཡོད
གློག་བརྙན་སྙན་ངག
མི་གཅིག་གི་ཕྱིར་དུ
མི་བརྒྱ་འཆི་དགོས མི་སྟོང་འཆི་དགོས
མི་མང་པོ་འཆི་དགོས
ཐ་ན་རང་ཉིད་ཀྱང་འཆི་དགོས
ཁྲག་གི་དོང་ཞིག་བཟོས་ཤིང
སྐག་སྐག་ཏུ་རུས་པ་འཆའ་བའི་གཅན་གཟན་དང་ལྷན་དུ
ཕྱེ་མ་སྤར་མོ་གང་རང་གི་ངོ་གདོང་དུ་གདབ་ཞིང
པིར་མིག་ནག་འཚུབ་སེ་བཏང་བའི་རྗེས
མི་གཅིག་གི་ཕྱིར་དུ་ཡིན་པར་མི་འདོད་པར
འཆི་བ་ཡིས་འཚོ་བའི་ཡུལ་ལྗོངས་བློས་གཏོང་ཐུབ་དགོས
འཆི་བ་ཡིས་འཚོ་བ་ཡི་མི་བློས་གཏོང་ཐུབ་དགོས
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ།
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ
རྩྭ་ཕྲན་དག་གིས་རྒྱལ་རབས་ཤིག་བཙུགས་ནས་རང་གི་ཆུ་བོ་ལ་བསྟོད་གླུ་འབུལ་ཞིང
བསྟོད་གླུ་འབུད་བྱེད་ཀྱི་ཁ་བཏགས་ནི
རྒྱལ་རབས་ཤིག་དར་བར་འཕེལ་བའི་མཚོན་རྟགས་མ་ཡིན་པར
རྒྱལ་རབས་ཤིག་གི་སྣང་བརྙན་བཟུང་བའི་འཇའ་ཚོན་ཡིན་ངེས
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ
མིས་སྤྱོད་ཀྱིན་པའི་སྒོར་མོ་དག་སྒོར་མོ་མ་ཡིན་པར
འོང་ཤ་ཕྱི་བྱེད་ཀྱི་ཤོག་བུ་འཇམ་པོ་ཞིག་ལ་མི་དོ་བར
ཐ་མག་ཁོ་ན་རྔུབ་བྱེད་ཀྱི་ཤོག་བུ་ཞིག་ཡིན་ངེས
ཐ་མག་ཁོ་ན་ནི་མི་ཚོ་བདེ་སྐྱིད་གཏོང་བྱེད་ཀྱི་ཁ་ཟས་ཡིན་ངེས་ལ
ཆེས་ཐབས་རྡུགས་དུས་སུ་སྤྱོད་པའི་ཁ་ཟས་ཡིན་ངེས
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ
གནའ་ཤུལ་དང་གླེགས་བུམ་མཐའ་དག
མིའི་སེམས་ཁམས་འཛིན་བྱེད་ཀྱི་ཁབ་ཅིག་ཡིན་ངེས་ལ
ཁབ་དེ་ནི་སྙིང་ཁར་གཙག་ནས་ཕར་ལྡིང་ཚོད་འཛིན་བྱེད་ཀྱི་ལག་ཆ་ཆེས་ཕྲ་བུ་དེ་ཡིན་ངེས
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ
བསམ་གཟས་ནས་བརྒྱབ་པ་ཞིག་མིན་པར་མ་བརྒྱབ་ཐུབ་མེད་བྱས་ནས་བརྒྱབ་པ་ཞིག་ཡིན་ངེས
གོ་ལའི་ཐོག་གི་མིའི་རིགས་ཀྱི་བརྩེ་བ་དང་སྙིང་རྗེ་ཡོངས་རྫོགས
གོ་ལ་གཞན་ཞིག་གི་མི་ཚོས་ཧ་ཅང་འཇིགས་སྐྲག་ཅིག་ཏུ་ངོས་འཛིན་ངེས
གོ་ལ་གཞན་ཞིག་གིས་སའི་གོ་ལར་ཐུག་བརྒྱབ་ཚེ
... ...
སྲིད་པ་སྲིད་པ་ཡིན་སྲིད་ན །
----མ་རྒྱུ་མདའ་བཙན་པོའི་སྙན་ངག་ཅིག་ལས་སྐྱེས་པ་ཡིན །
སྲིད་པ་སྲིད་པ་ཡིན་སྲིད་ན
མཁའ་ལས་བབས་པའི་ཆར་བ་ཆར་བ་མ་ཡིན་པར་དུག་ཆུ་ཡིན་ངེས་ལ
སྐྱེ་དངོས་དང་སྲོག་ཆགས་རུལ་ཞིང་གྱུར་བའི་སེར་པོར་འཁུ་བའི་རྡོ་ནར་མོ་ཞིག་ཡིན་ངེས
མཁའ་ནས་ཤར་བའང་སྐར་ཚོགས་མ་ཡིན་པར་དངས་སྐྲག་སློང་བྱེད་ཀྱི་མེ་ལོང་ཆ་གཅིག་ཡིན་ངེས
བལྟ་བར་མི་བཟོད་པའི་ངོ་གདོང་འང་འབུ་ཕྲ་མོ་མང་པོ་ཞིག་གི་གྲུབ་ཡོད་ངེས
ནམ་མཁའ་འང་ཧ་ཅང་ཆུང་བའི་སྡོམ་རྒྱ་ཞིག་ཡིན་ངེས
ནམ་མཁར་འཕུར་བའི་འདབ་ཆགས་ལའང་ཚོད་འཛིན་ཐེབས་སུ་འཇུག་ངེས
རྩྭ་ཐང་དང་རྒྱ་མཚོ་འང་མིག་ལ་གཙེ་བའི་ཁ་དོག་མཚར་བོ་ཞིག་ཡིན་སྲིད
སྲིད་པ་སྲིད་པ་ཡིན་སྲིད་ན
ཞོགས་པའི་ནེམ་ལྗང་ལྗང་གི་རྩྭ་སྔོན་སྟེང་གི་ཟིལ་བ་ཐན་པའི་དུས་ཀྱི་ལོ་མ་སེར་པོ་འགའ་རུ་འཁྲུལ་ལ
ས་སྲོད་ཀྱི་གཤོག་པའང་ལྕེབ་ཐག་ཞིག་ལྟར་འཆི་བར་གདམས་པའི་ཨང་ཀི་དང་པོ་ཡིན་སྲིད
བཀྲག་མདངས མགོ་བོ་འཁོར་བྱེད་ཅིག་ཏུ་གཏན་ནས་མི་རློམ
སྲིད་པ་སྲིད་པ་ཡིན་སྲིད་ན
རྡོ་སོལ་ཏུན་དུ་མ་བཞུས་པའི་སོལ་རླངས་བྱེའུ་གཅིག་གི་རྔུབ་ཐུབ་ལ
བྱེའུ་དེའི་རང་ཁྱིམ་སྒོ་རུ་བྱེའུ་སྟིག་མི་གཏོང་བར་མཁའ་ནས་རླུང་ལ་བསེད་པར་འཇུག་ངེས
སྲིད་པ་སྲིད་པ་ཡིན་སྲིད་ན
རྟ་ཕོའི་འཚེར་སྐད་ལས་གནའ་སྔ་མོའི་རྐང་ལམ་དང་ཇག་པའི་ལོ་རྒྱུས་ཁྱེད་ཀྱི་བརྙན་མིག་ཏུ་བསྟར་ལ
ཞིམ་བུས་འཛེར་སྐད་ལས་མུན་ནག་གི་ལྐོག་ཇུས་ཐམས་ཅད་ཀྱི་ས་ཁྲ་རྙེད་ངེས
ཁྱེད་ལ་ཟ་འཁྲུག་སློང་བྱེད་འང་སྒོར་མོ་མ་ཡིན་པར
འདོད་པའི་སྒོ་མོར་ཡོང་བའི་རོལ་དབྱངས་ཀྱི་འགྱུར་ཁུགས་ཤིག་ཡིན་ངེས
འདོད་པའང་འཆི་བ་དང་མཉམ་དུ་ཐག་མི་ཆོད་པ་ཞིག་ཡིན་ངེས
སྲིད་པ་སྲིད་པ་ཡིན་སྲིད་ན
འདྲ་པར་དང་བརྙན་རོལ་ཙམ་ལས་བདེ་བའི་དཔག་བསམ་གྱི་ལྗོན་པ་སྐྱེ་ངེས་ལ
ལོ་འདབ་དག་ལས་སྡུག་པ་དང་མི་སྡུག་པའི་རླུང་རྟ་འཕུར་ངེས
སྲིད་པ་སྲིད་པ་ཡིན་སྲིད་ན
སྤྲིན་པའི་བསྒྱུར་བའི་རི་མོ་དང་སྨིག་རྒྱུའི་རི་མོ
ཤུལ་བཞག་དངོས་པོའི་རི་མོ་ཞ་སྨྱུག་གི་བྲིས་པའི་རི་མོ
དྲག་རླུང་གང་གིས་ཀྱང་ཟད་ཐབས་མེད་པའི་རླུང་ནང་གི་འོད་ཅིག་ཡིན་སྲིད
སྲིད་པ་སྲིད་པ་ཡིན་སྲིད་པས
འོད་ནི་མུན་པ་རུ་འདོད་ལ་མུན་པ་ནི་འོད་དུ་འདོད
གྲིབ་མ་ནི་ས་གཞིའི་སྟེང་གི་ཆེས་ལྕི་བའི་དངོས་པོའི་གྲས་ཡིན་ཤེས
མེ་ཏོག་གི་ཁྱེའུ་བུ་མོ་རུ་འདོད་ལ་བུ་མོ་ནི་མེ་ཏོག་གི་ཁྱེའུ་རུ་འདོད
མིག་ཆུ་ནི་ས་གཞིའི་སྟེང་གི་དངོས་པོ་ཆེས་ལྕི་ཤོས་ཀྱི་གྲས་ཡིན་ཤེས
སྲིད་པ་སྲིད་པ་ཡིན་སྲིད་ན
སྲིད་པ་སྲིད་པ་ཡིན་སྲིད་པའང་དེ་ལྟར་ཡིན་པས
སྲིད་པ་སྲིད་པ་ཡིན་སྲིད
ང་ནི་ནད་ཅན་གྱི་མི་ཞིག་ཡིན།
དབྱར་ཁར་ཁ་བ་འབབ་པར་ངེས
དགུན་ཁར་ཉི་མ་དྲོ་བར་ངེས
སྟོན་ཁར་དྲག་ཆར་འབབ་པར་ངེས
དཔྱིད་ཀར་རླུང་དམར་གཡུགས་པར་ངེས
ཚེ་སྲོག་གི་རྣམ་ཤེས་དྲི་མའི་ནང་དུ་བསྡད་ཡོད་པར་ངེས
ཚེ་སྲོག་གི་རྣམ་ཤེས་ལྷིང་འཇགས་ཀྱི་ནང་དུ་བསྡད་ཡོད་པར་ངེས
ཚེ་སྲོག་གི་རྣམ་ཤེས་གཟུགས་ཀྱི་ནང་དུ་བསྡད་ཡོད་པར་ངེས
དུས་བཞིའི་ཡལ་གའི་སྟེང་དུ་མགྱོགས་པ་དག་མཐོང་བ་ན་སྙིང་རླུང་འཚུབ་འོང
དལ་བ་དག་མཐོང་བ་ན་བཟོད་བསྲན་གྱི་རྟ་ལྕག་བྲབས་འོང
ཀེང་རུས་ནང་གི་རླུང་།
ཀེང་རུས་རླུང་གིས་ཟོས་སོང
སྲང་ལམ་དང་རྐང་མཐིལ་རླུང་གིས་ཟོས་སོང
ལུས་སྟེང་གི་མེ་ལོང་དང་ལག་པའི་ཕྱི་ནང་རླུང་གིས་ཟོས་སོང
ཁ་ནང་གི་དབུགས་ངལ་དང་མཇུག་གི་གཏམ་རླུང་གིས་ཟོས་སོང
1/0
ནམ་མཁའ་ནི་ཀླད་གོར་ལྟར་སྒོ་མོ་ཕྱེས་ཡོད
སྡོང་རྒན་དེས ནམ་མཁའི་ངོས་ཀྱི་གཙང་བོ་དང་ཉ་མོ་བོས ནགས་ཚལ་དང་སེང་གེ་བོས
ལག་པ་མང་པོ་ནི
ཐལ་གྱིས་བཟོས་པ་ལྟར་མཁའ་ནས་བབས་པའི་ཁ་བ་ལ་འཕྲད་ཚེ
ཚང་མ་ཞུ་འགྲོ
བ་སྤུ།
ལུས་ཐོག་གི་བ་སྤུ
བསམ་བློའི་རལ་གྲི་འམ་ས་རྡུལ་གྱི་གླེགས་བམ་ལས་མ་སྐྱེས་པས
སྲོག་དབང་གི་བདག་པོ་ཁོ་རང་ཡིན་ཞིང
མིའི་ཧུར་སྒྲའི་རླབས་རྒྱུན་ཁོའི་གཙང་བོར་ཞུགས་ཤིང
ཉལ་ནས་ཁུ་སིམ་མེར་ཡོད་པའང་ཁོ་རང་ཡིན
ཁྱད་འཕགས་ཀྱི་རླུང་དང་བ་སྤུ
འབྲེལ་བ་ཆེས་ཆེ་བའི་ལུས་སྟེང་གི་དངོས་པོ་རྩ་ཆེན
ཟླ་བཞི་བ་དང་སྨྱུག་ཆུ་དམར་པོ།
ཟླ་བཞི་བར་སྤྲིན་པ་ལངས་མགོ་བརྩམས་པ་ནས
དམ་བུ་འདིའི་ནང་གི་སྨྱུག་ཆུ་དམར་པོ་འགུལ་མགོ་བརྩམས
ཟླ་བཞི་བར་མྱུ་གུ་འབུས་མགོ་བརྩམས་པ་ནས
སྨྱུག་ཆུ་དམར་པོ་གང་སར་འཐོར་མགོ་བརྩམས
སྨྱུག་ཆུ་དམར་པོ་རེའུ་མིག་ཡིན
ཁེར་རྐྱང་གི་རྡོ་བའི་གླུ་གཞས་ལ་ཟུག་ངུ་སྟེར་ཁོམ་མེད
སྨྱུག་ཆུ་དམར་པོ་དྲ་རྒྱ་ཡིན་མྱུ་གུ་འབུས་སུ་བཅུག་མེད
སྨྱུག་ཆུ་དམར་པོ་བཞུར་དེ
སྲ་མཐས་ཀྱི་སྐད་ཆར་ཡུན་གྱིས་འཐིམ
མགོ་ཁུངས་མེད་པའི་གླུ་ལ་འཐིམ
ང་རང་ཡང་བསྐྱར་ཟླ་བཞི་བར་ལོག
ཟླ་བཞི་བའི་སྲང་ལམ་གྱི་འདབ་མར་ལོག
ཟླ་བཞི་བའི་ས་སྲོད་རེ་རེར ས་སྲོད་ཀྱི་རྨ་ཁ་རེ་རེར་རང་གི་རྨ་ཁ་བསྲེགས་པའི་དྲི་མའི་ཁྱབ
མཚམས་སྤྲིན་གྱི་ནུ་ཁེབས་ཐོག་ཏུ་མྱུ་གུ་འབུས
དུས་ཚིགས་དེར་ཡོད་པའི་སྒྲ་དབྱངས་ཀྱིས་མཚམས་སྤྲིན་དམར་པོར་བསྒྱུར
གོམ་སྒྲ་རིང་བོར་བརྐྱངས སྤྲིན་པ་ཡུན་གྱིས་བཞུད
གྲིབ་གཟུགས་ལྗིད་པོ་དང་དམ་བུ་གཉིས་ཀ་བརྡབས་པའི་སྒྲ་དབྱངས
དུས་ཚོད་ཀྱི་བརྡ་རྟགས་ཀྱིས་ཁྱེར་དེ་མཚན་མོར་ལོག
མཚན་མོ་ནི་ཁུ་སིམ་ཞིང་མཚོན་མདངས་བྲལ་བའི་མྱུ་གུའི་ལག་མཐིལ་གྱི་ཟླ་བཞི་བ་ཡིན
སྨྱུག་ཆུ་དམར་པོས་ཚེ་སྲོག་གི་འདབ་མ་བསྲེགས་པའི་མཚན་མོ་ཡིན
རྒྱང་རིང་གི་ང་།
ས་ནག་གི་གྱེར་བའི་ཁེར་རྐྱང་གི་རྡོ་བ
ཀྱག་ཀྱོག་གི་ལམ་ཕྲན་གྱི་སྟེང་དུ་རྡེའུ་དམར་པོ་ཞིག་ཏུ་གྱུར་དེ
ཉག་ག་དང་ལྷན་དུ་ཡང་མོར་བགྲོད་ཀྱིན་ཡོད
ཕྱི་མིག་ནི་རྩྭ་ཕྲན་རྐང་ཐུར་གཅིག་བཀུག་པའི་བར་སྟོང་འམ
དེའི་ཕབ་པའི་སྒྲ་མེད་པའི་རོལ་དབྱངས་ཀྱི་ལེ་ཚན་ཡིན
སྤྲིན་པ་དམར་པོའི་ལྡིང་སྐོར་བརྒྱབ་ཙམ་གྱིས
ང་ནི་ཧ་ཅང་ཐང་ཆད་དེ་རྒྱབ་རོལ་དུ་ཅི་ཡང་བསྐུང་མེད་པའི་ཚོར་ཤེས་རྙེད
མིག་ལམ་གྱི་ལག་པ་མང་པོས་ཁྲག་རྩ་རེ་རེ་གས་ཤིང་སེན་མགོ་ཁོ་ནས་སྡོད་གནས་ཤིག་ཕབ
སྡོད་གནས་ནས་སྤྲིན་པ་ལ་བལྟས ཡང་ན་དེའི་རྒྱབ་ཀྱི་སྐར་ཚོགས་ལ་བལྟས
ཡང་ན་ངས་རང་ཉིད་ལ་ཅི་ལྟར་བལྟས་ཀྱང་སྤྲིན་པའི་གསེབ་ཀྱི་འཕྲིན་ཡིག་ཅིག་ལས་ཅི་ཡང་མ་རེད་འདོད
རོ་ལངས།
རུས་པའི་ནང་དུ་འཁེགས་པའི་རྒྱུ་སྐར་གྱི་རྨ་ཁ
འོད་འཚེར་བའི་ཁྲག་རྩའི་རྒྱབ་ངོས་ཀྱི་འབུ་ཁྲ་དག་གིས་བལྡགས
ཕ་གིར་འཐེན་པའི་མིག་ཀོང་གི་འོད་ཐིགས་ཀྱིས
ང་ནི་ལྕགས་རི་འཁྱག་པོའི་ནང་ལོག་ཏུ་བསྡད་ཡོད་མོད
དོན་དམ་དུ་ངའི་བྱིས་པའི་མིག་ཆུ་ལ་འོད་སྣང་བསྩོལ་གྱིན་ཡོད
ཉིན་ཐོ་མི་འབྲི་དོན།
རླུང་སེར་པོ་ཉི་འོད་ཀྱི་རོལ་དབྱངས་ལ་ཞུགས་ཚད་ཀྱིས
ཁྱེད་ཀྱི་མིང་ཡིག་ཁོ་ནའི་ཤོག་སྟོང་བཀང་འགྲོ་བ་དང་དེ་ཡི་ལྗིད་ཚད་ཀྱིས
ཤོག་བུ་ཟགས་དེ་ས་གཞི་ལ་འཐིམ་འགྲོ
ཤོག་བུ་དཀར་པོའི་ངོས་སུ
མགོ་བོ་ནེམ་པོ་དཀྲུག་དཀྲུག་པའི་མཐའ་མར
ང་ལ་སྔར་བཞིན་སྔོན་ཆད་ཀྱི་ཁོར་ཡུག་སྲ་མོ་ཞིག་ལ་འཕྲད་ནའང
གནས་དེར་ལོག་ཐུབ་པ་ནི་དཔེ་མི་སྲིད་པ་ཞིག་ཡིན་པས
ཡར་སྔོན་གྱི་རླུང་སེར་པོ་ཉི་འོད་ལ་ཞུགས་ཚད་དེའི
ང་ནི་རང་ལ་གོམས་ཞིང་འདྲེས་པའི་མི་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ
ཕྱེ་མ་ལེབ་དང་མེ་འཁོར།
ནམ་རྒྱུན་མི་ཞིག་ལ་རེ་སྒུག་བྱེད་དུས
མེ་འཁོར་དང་ཕྱེ་མ་ལེབ་དྲན་འོང
ཕྱེ་མ་ལེབ་འཁོར་སའི་མེ་ཏོག་དྲན་འོང
མེ་འཁོར་ནང་གི་མི་ཡང་དྲན་འོང
ཉི་འོད་འཁྱག་པོ་འམ་ཚ་བོའི་འོག་ཏུ
ཁ་གྲགས་ཤེས་པའི་མེ་འཁོར་ལ་བསྒུག་པར་སྡོད་དུས
ཉི་འོད་དང་སྤྲིན་པ་ལ་སྡུག་དམེ་གང་ཡང་མི་འདོན་པར
ཡོང་བར་འོང་བའི་མི་ལ་རེ་སྒུག་བྱེད
ཉི་འོད་ལ་བརྩེ་དུང་གི་ཟེའུ་འབྲུའི་ལྷན་པ་བརྒྱབ་ཞིང
ལག་མཐིལ་གྱི་སྤྲིན་པའི་ཁ་དོགའང་སེམས་པར་བསྒྱུར་བར་མོས
ནམ་ཞིག་ལ
བསྒུག་པར་སྡོད་པའི་ཕྱེ་མལེབ་དང་བསྒུག་དེ་འོང་བའི་མེ་འཁོར་གཉིས་གདུང་ག་གཞུས་སོང་ན
ཤེལ་གྱི་རྡོ་རིང་ཞིག་བཞེངས་ཤིང་ཕྱེ་ལེབ་གཤོག་ཟུང་ལྟ་བུའི་མིང་ཡིག་བརྐོ་སྲིད
དེའི་རྗེས་སུ
སེམས་ཀྱི་ལྕགས་རིའི་རྒྱ་ཕིབས་སུ་ཕྱེ་མ་ལེབ་ཀྱི་ཁྱུ་ཚོགས་འཕུར་འོང་བར་བསྒུག
ཁྲག་དང་དུ་སྨུག་གི་བཏུམ་པའི་མེ་འཁོར་དེའང་གཞི་ནས་ལམ་ལ་ཆས་པའི་གོ་རིམ་ལ་བལྟ་ངེས
འཆི་བ་མཚོན་བྱེད་ཀྱི་ཐ་སྙད་སྒྲུག་དུས།
རྨ་ཆུའི་ལྷོ་ཕྱོགས་སུ་འཇའ་ཚོན་བསླུ་བར་སོང
ལམ་བར་དུ་མཆོད་རྟེན་གྱི་མགོར་སྐྱག་པ་བཏང་ན་འཇའ་ཚོན་འཛིན་ཨེ་ཐུབ་པར་སྙམ
རྨ་ཆུའི་བྱང་ཕྱོགས་ཀྱི་གྲུ་བ་ཚོས་གྲུ་དང་གྲུ་ཁེམ་ད་དུང་རྙིང་མི་འདུག་ཟེར
དེད་དཔོན་ཁོ་ཚོ་ཡིན་ཟེར
བརླ་རྐང་བཅད་པའི་མི་འགའ་མཐོང་མོད
རྒྱང་ལ་བསྐྱོད་པའི་གྲུ་གཟིངས་འགའ་མཐོང་བས
གྲུ་གཟིངས་ནང་དུ་བསྡད་དེ་རྒྱང་ལ་ལོག་ཐུབ་པ་ཤེས
དེ་དུས་ཀྱི་སྤྲིན་པ་ནི་མནར་གཅོད་སེལ་བྱེད་དུ་དམའ་མོ་བྱས་ནས་བགྲོད
ཆུང་དུས་ཀྱི་ངོ་གདོང་དག་ནི་རྨ་ཆུའི་འགྲམ་གྱི་འདམ་བག་གི་བཟོས་ཤིང
སྲིད་པའི་མཐར་ཐུག་གི་ཅོང་སྒྲ་ལ་ཉན་གྱིན་ཡོད
ཁ་ཕྱོགས་གཅིག་ཏུ་བགྲོད་པའི་འཚོ་བ་ནི
རྒན་མོ་གཉིས་ཀྱིས་ཅོ་འཛིང་བའི་མེ་ལྕ་ཅི་ལྟར་རྒོལ་ཅིང
རང་ནི་རྨ་ཆུའི་རླབས་ཕྲེང་ལས་བརྒལ་དེ
རླུང་གཡོར་ཀྱི་འབོད་པའི་འཆི་བའི་ཕྱོགས་སུ་སོང
མི་ཆ་མེད་ཅིག་ལ་འཁྱུད་པ།
ཧྲག་ཧྲག་གི་སྐད་སྒྲའི་ནང་དུ་ཁོད་ཡངས་པའི་རླངས་པ་འཁྱིལ
མཆི་ནས་བཞུར་བའི་ངད་དྲི་བྱིས་པའི་ཞོ་ཤ་བཞིན
བར་སྟོང་ལ་མཉེས་གཤིན་བསྩལ་རྗེས
ཕྱིར་ལོག་པའི་ལམ་བུ་ཧ་ཅང་ལྷིང་འཇགས་ཡིན
མིག་ཆུ་ཉི་འོད་ལ་ལྡེ་ཞིང
ཁྱེད་ཀྱི་ལུས་དྲི་དང་མཆི་ལྗིད་ཏིག་གེར་བསྡད་དེ
རྒྱང་རིང་གི་མཁའ་མཐར་བགྲོད
ས་ཆེན་ལ་དེ་འདྲའི་དགའ་བོ་མེད་ཅིང
ང་རང་ཧ་ཅང་ཡང་བའམ་ཆུང་བའི་རླུང་དང་མཉམ་དུ་བསྡད་ཆོག་པས
ང་ཁྱེད་དང་འཁྱུད་དེ་རྒྱང་རིང་དུ་ལོག་ཆོག
ཟློས་གར།
མར་མེའི་མགོ་ནས་གཤེར་ཁུ་ནག་པོ་མཚམས་མེད་དུ་བཞུར
སྐད་ཅིག་མའི་ལྷིང་འཇགས་ཀྱིས་འཆི་བ་བརྩི་ཀྱིན
མཁའ་དབྱིངས་ཀྱི་དྲ་རྒྱ་སྟོང་ཕྲག་བསྲེགས
ཐག་པ་དྲུད་པའི་མིག་ཆུའི་ཐིགས་པ་འཁྱར་འཁྱོར་དུ་ཆང་ཁང་སྟོང་བ་རུ་ལོག་རྗེས
ངོ་གདོང་ནས་ཞུ་མ་ཐུབ་པའི་ཨག་སྐད་དང་འོད་ཀྱི་ནད་རོ
སྨུག་ཀླུང་སྟུག་པོ་དེར་གཡུགས་ཤིང
རྩིག་ལྡེབ་དུ་བཀྲ་བ
མྱོས་པའི་མཆི་དང་ལག་པ་ཐོག་ཁང་གི་ཁྲག་རྩའི་སྲང་ལམ་གྱི་གཡས་གཡོན་ན་འདར
རུལ་དྲི་ནི་འབུ་སྦྲང་བཞིན་ཁ་ཟས་དག་ཏུ་འཐིམས་རྗེས
ནམ་མཁའ་རུ་སྨན་ཁབ་ཀྱི་རྒྱུ་མ་འཐེན་ཞིང
མཚན་མོའི་སྤྲིན་པ་ནད་རོ་མ་དག
ཐག་པ་གཅིག་གིས་ཕྱོགས་གཅིག་ཏུ་བསྡམས་དེ་དབོར
ང་ཡིས་གང་གི་མཚོན་བྱེད་བྱེད་ཆོག་པའི་དྲི་མ་འཚོལ་ཨང
གློ་བུར་གློ་བུར་དུ།
གློ་བུར་གློ་བུར་དུ
ངའི་མིག་ཆུ་ཕྲག་མགོའི་སྐྱེད་ཚད་དུ་ལྷུང་དེ
དྲི་བསུང་དང་མཉམ་དུ་ལུས་སྟེང་གི་གཤེར་ཁུ་ཞིག་ཏུ་གྱུར
མུན་པ་གྱོན་པའི་གཤེར་ཁུ་དེ
ཕྱེ་ལེབ་ལ་འཕྲད་པའི་སྐབས་ཀྱི་གྲགས་འགུལ་དང་མིག་གི་སྒོ་མོ་རུ་གྱུར
གློ་བུར་གློ་བུར་དུ
ང་མིག་ཆུ་ཞིག་ཏུ་གྱུར་དེ་ཁ་པར་གྱི་སྐུད་ལམ་ལ་ཁེན་པའི་ཡལ་ག་ཞིག་ཏུ་གྱུར
རྣ་བ་ཡོད་པའི་གཞུང་རྟ་ཅན་གྱི་ཡལ་ག་ཕྲ་མོ་ཞིག་ཏུ་གྱུར
རྔུབ་གྱིན་པ་ནི བརྡ་རྟགས་ཀྱི་ལུད་རོ་དང་འོང་ཕྱི་དང་གཅིན་དང་སྐྱག་པ་ཡིན
གློ་བུར་གློ་བུར་དུ
ང་སྒུར་སྒུར་དུ་འགྲོ་གིན་ཡོད ཡལ་ག་དེ་དང་འདྲ་བོ་ཡོད
ཧྲག་ཧྲག་ཏུ་བབས་པའི་གསེར་ཆུ་བྱུགས་པའི་ལོ་མས
ཟ་འགྲམ་ནས་རྡེའུ་དཀར་ནག་གཉིས་སུ་གྱེས་དེ
གཅིན་དང་སྐྱག་པ་ཉི་འོད་དུ་བསྒྱུར
གློ་བུར་གློ་བུར་དུ་ང་རང་འགྱེལ་སོང སྐྱེད་ཚད་ཀྱང་འཇིགས་སོང
རྨི་ལམ་ཆག་རོ།
རི་བོ་རེ་རེའི་མདུན་དུ་བཙོག་པར་སྡོད་དུས
ལོ་ངོ་སྟོང་ལ་གཉོར་བའི་གསེར་གྱི་མཛོ་མོ་དེའི་རྭ་གཡུག་གཡུག་བྱེད་ཀྱང
རི་བོར་འབྱར་ནས་རྩད་པའི་ཡན་ལག་དག་རྒྱ་མཚོ་ལ་ཐུགས་རེག་བར
གཉིད་གུང་དུ་ཡན་པའི་ཆོམ་སྒྲ་སྣ་ཚོགས་ཀྱིས
མཛོ་མོ་དེའི་སྐེ་ཡི་དྲིལ་བུ་ཆུང་ཆུང་དཀྲོལ་དཀྲོལ་གནང་སོང་བས
མཚལ་ལ་གྱོན་ཞིང་ཞུ་བཞིན་པའི་ཉི་འོད་དེས
ཉིན་མོ་ཡི་སྐར་མའི་མིག་ཆུ་མཐོང་དུ་འཇུག་མི་སྲིད
རྐང་ལམ་ཁྲ་ཁྲ་དེའི་མདུན་དུ
མགྱོགས་དྲག་པའི་གྲིབ་མ་རིང་བོ་དེའི་གཡབ་མོ་བྱེད་ཀྱིན་པ
མར་ལྷུང་གིན་པའི་ཁྲག་ཐིགས་ཀྱིས་གྲུབ་པའི་རྫ་བུམ་ཞིག་སྟེ
སྲ་མཁྲེགས་ཀྱི་དངོས་པོར་བརྡབས་ཚེ
རང་ཉིད་གཅེར་བུར་སོང་རུང
གས་ཆགས་རེ་རེ་འཛིན་ཐབས་བྲལ་ཞིང་སིལ་བུ་སིལ་བུར་འཐོར་དེ
རླུང་གི་ཁ་ནང་དང་དངོས་པོ་རེ་རེའི་ངོ་གདོང་དུ་འབབ་སྲིད
ལྗང་མྱུག་གིས་ཡར་བཀྱགས་པའི་གནམ་སའི་ཁ་འབྱེད་སྟངས་དེའི
མཛོ་མོའི་རྭ་རྩེར་བསླི་བྲིད་ཀྱིས་འཇོ་བ་ཆུ་ཐིགས་གཞན་ཞིག་གི་ནམ་མཁའ་ཡིན་དེ
ནམ་ཞིག་ཡང་སྐམ་ཞིང་ཆག་པར་འགྱུར་ངེས
རང་ཉིད་དེ་རུ་བཙོག་པར་སྡོད་པའང་གཏམ་རྒྱུད་ཀྱི་ཟད་གྲུབ་ཙམ་ཡིན
སེར་གའི་ཕྲ་ཕུང་།
མུན་ནག་གོས་སུ་གྱོན་ནས་སྟོང་ཁམས་ཀྱི་སྒྲ་དབྱངས་བཙལ
མར་ལྷུང་གིན་པའི་ཀུ་ཤུ་ཞིག་ལ་འཕྲད་པས
བུ་མོ་དེའི་ངོ་གདོང་ནངས་བཞིན་ཟ་བར་མ་སྤོབས
མདུན་རྒྱབ་ནས་བྱ་ཁྱུ་དེ་འཕུར་མ་ཐུབ་པར
རྡོ་ལོག་རེ་རེ་བཞིན་མར་ལྷུང་ནས་སྙིང་ཁོང་གི་རུས་པ་བཅག
གནམ་དང་ས་ཡི་དྲང་ཐིགས་དེ་རྒྱང་རིང་ལ་འཐེན་ཡོད་ཀྱང
འཁྱག་འཁྱོག་གི་གཞིས་གདངས་གིས་ང་རང་ཁྲག་ཅེས་པའི་ཐ་སྙད་ཅིག་ལ་ཐུགས
འོད་ཀྱི་ཆགས་འཇིགས་ལ་སེམས་ཁུར་བྱེད་ཤེས་དུས
གོས་ལྗང་གྱོན་པའི་མྱུ་གུ་ནི་རླབས་ཆེ་བའི་བརྩེ་དུང་གི་མཚོན་བྱེད་ཡིན་ལ
ཟུག་གཟེར་གྱི་སྦུབས་སུ་འཚང་བ་འང་ལོག་མལ་གྱི་བ་སྤུ་ཡིན
དུ་སྤྲིན་དང་རྨི་ལམ་ཡུགས་གཅིག་ཏུ་བསྲེས་དེ་རྒྱུད་སྐུད་དུ་དཀྲོལ་བ
ཉི་མའི་སྐྲ་ལོ ལག་མཐིལ་གྱི་ལམ་ཕྲན རྨི་ལམ་གྱི་རལ་བ
འདོད་ཁམས་ཀྱི་མཚན་མོ སང་ཉིན་གྱི་སྐྱ་རེངས
སྐྱ་རེངས་ནས་ས་སྲོད་བར་འཚོལ་དགོས་ཀྱང
རྙེད་མི་ཐུབ་པའི་བུ་མོ
འགྲོ་ཞོར་དུ་ང་ལ་ཁྲག་རྣག་བཞུར རུས་པ་ལ་སེར་ག་གས
ཁྲི་ཙི་ཟུར་གསུམ་ལས་རྨི་ལམ་དེའི་བཞུད་ལམ་ལས་ཕྱིར་ཕུད
ཕྱིར་ཕུད་པ་ནི་མུན་ནག་ཅིག་སྟེ མུན་ནག་དེ་ནི་རང་ལ་ཡོད་པའི་མུན་ནག་ཁོ་ན་ཅིག་ཡིན
བདུད་རྩི་དང་ཇ་ཁུ་དང་ཁྲག་དང་འདྲ་བར
གཏན་དུ་གྱེས་ཐུབ་མེད་པའི་བཟའ་བཏུང་ཁོ་ན་ཅིག་སྟེ
གཏིང་རིང་བའི་ཁྲོན་པ་དེ་ལས་ཐར་ཐབས་མེད་སོང
ཕྱི་དྲོ། རེའུ་མིག་ནང་དུ་བྱིངས།
ཕྱི་དྲོ་ལ དུས་ཚོད་ཀྱི་མདའ་རྩེས་མེ་ལོང་མཐའ་དག་སྲ་ཆགས་སུ་བཏང་སྟེ
མི་གཅིག་ལའང་གྲིབ་གཟུགས་མེད་པར་བཟོས
སུ་ལའང་བདག་པོ་མེད་པར་བཟོས
ལག་པས རྡོ་བ་དག་གཙང་ཤོག་ཁུག་ཏུ་གཅུད་དེ་ནམ་མཁར་འཕངས
མགོ་བོ་དག་ཁྲག་དམར་དུ་བརྫུས
སྐྱེ་བཞིན་པའི་རྩད་པ་དག་སྦྲིད་སྨན་ཞིག་ལྟར་རི་བོའི་ཕར་རྒྱབ་ན་སྨུག་པོར་ཆགས་པར་བཟོས
དེ་དག་ལ་ཁྲག་དྲི་འཐུལ་ཡོད
ལག་པ་གཞན་ཞིག་གིས མི་རེ་རེ་ལ་བརྒྱུས་པའི་ཐག་པ་རེ་རེ་འཐེན་ཞོར
བོས་པའི་སྐད་འབོད་ཡང་མེ་ལྕེ་ཞིག་གི་ཟོལ་གྱིས་ཡང་ཡང་སྦར་བར་བྱེད
ཐལ་སྨུག་ཞིག་གི་རྗེས་སུ
ལྕེབ་ཐག་དྲུད་པའི་ཕྱི་དྲོ རེའུ་མིག་ནང་འཛུལ་དེ་མི་རྣམས་ལ་གཡབ་མོ་བྱེད
གཞི་ནས་ཕྱི་དྲོ་རྒས འབུས་ཀྱིན་པས་མྱུ་གུ་བཙན་རྫོང་དུ་རྒས
རེའུ་མིག་ནི་སྒོ་མོ ཁྱོད་ཀྱིས་མ་མཐོང་བ་དེ་རུ་ནུབས
ཁ་ཕྱོགས་ཡང་མེད་པར་བཟོས
གྱང་། ཆར་བ་རྣ་བ །
གྱང་ནང་ནས་ཆར་བ་བབས
རྣ་བ་བླགས་ཚེ་གྱང་ནང་ནས་ཆར་བ་བབས
གྱང་གི་སྒེའུ་ཁུང་དུ་ཆར་བ་བབས་པའི་སྒྲ་ཐོས
གྱང་ནང་ནས་ཐོས
གྱང་གི་རྩེ་དང་ཁ་རུ
ནོར་བུའི་གཙིག་ཏུ་རླབས་ཕྲེང་གཡོ་ཞིང་སྐྱོམས་ཀྱིན་ཡོད
མེ་ལོང་གི་གྱང་དུ་ཆར་བའི་འབུ་ཚོགས
གྱང་གི་ཁོག་པ་ནས་རྣ་བའི་རྒྱབ་རོལ་ཏུ་བསྐུངས་ཀྱིན་པ་མགོ་རུས་ཀྱིས་ཐོས་ཐུབ
གྱང་གི་མཁའ་དབུགས་སུ
གྱང་དང་ནམ་མཁའི་དབྱེ་མཚམས་ཐིག་ཕྲ་མོའི་སྟེང་དུ
རྒས་པའི་དུས་ཚོད་ཀྱི་གཉེར་རིས་སུ
འཕྲེད་དུ་ཉལ་བའི་གྱང་དང་ཆར་བའི་རྣ་གཤོག་དྲང་འཕྱང་བྱས་དེ་སྐྱུགས་པ་ནི
རྣ་བའི་དུས་རྟག་ཏུ་ལྡོག་གཟུགས་བྱས་པའི་འཕྲིན་གྱི་ཕོ་ཉ་ཞིག་ལ་སྒུག་གིན་ཡོད
རྩོམ་ཁུངས། ངེད་དྲ་བ།