འབུམ་ཕྲག་གི་སྙན་ངག་གཅེས་བཏུས།

                  ཡིད་འཕྲོག་ལྷ་མོ།
                         
སྒེག་ལྡན་ཁྱེད་ཀྱི་ལང་ཚོའི་སྡུག་པས་ཁོ་བོའི་ཡིད་སེམས་རྩ་ནས་བལ་སོང་། །
སྐད་ངག་སྙན་མོའི་སིལ་སྙན་སྒྲ་ཡིས་ཁོ་བོའི་བློ་ཁོག་ཧྲིལ་གྱིས་ཕྲོགས་སོང་། །
ལུས་ཀྱི་ཟུར་མོ་འཕྲད་པ་ཙམ་གྱིས་ཁོ་བོའི་དབང་བོ་བདེ་བས་བཟི་སོང་། །
བཅོས་ནས་མིན་པའི་འཛུམ་མདངས་དེ་ཡིས་ཁོ་བོའི་བླ་ཡང་སྦྲིད་བེར་བཏང་སོང་། །
བརླན་འཇམ་ལག་པས་རེག་པ་ཙམ་གྱིས་ཁོ་བའི་སྙིང་ཆུང་སྤྲོ་བས་བཏེགས་སོང་། །
ཐགས་བཟང་ཚེམས་སོས་འོད་མདའ་འཕངས་བས་ཁོ་བོའི་ཡིད་སེམས་རབ་ཏུ་མྱོས་སོང་། །

རྣམ་རྒྱལ་ལྷ་མོའི་མིག་ཟུང་རྣོ་ཡང་ཁྱེད་ཀྱི་དོ་ཟླ་ག་ལ་ཡོང་སྲིད། །
སེང་ལྕམ་འབྲུག་མོའི་བཞིན་རས་འཕྲོག་ཀྱང་ཁྱེད་ཀྱི་གུད་ནས་ག་ལ་བསྒྲུན་ཕོད། །
དབྱངས་ཅན་ལྷ་མོའི་ཤ་ལོ་དཀར་ཡང་ཁྱེད་ལྟར་དུང་བཞིན་ག་ལ་དཀར་སྲིད། །
རྗེ་བཙུན་སྒྲོལ་མའི་མྱོས་བུམ་ཆེ་ཡང་ཁྱེད་བཞིན་ལྟར་བཞིན་ག་ལ་ཟླུམ་སྲིད། །
རིག་བྱེད་དབང་མོའི་བརླ་ཤ་མཁྲང་ཡང་ཁྱེད་འདྲའི་རན་པོ་ཅི་ལ་ཡོད་སྲིད། །
རོལ་རྙེད་སི་ཏཱའི་ལུས་གཟུགས་དྲང་མོད་ཁྱེད་དང་བསྡུར་ན་གང་གིས་ཆོད་ཨང་། །

ཚུར་འོང་མདུན་གཟུགས་སེར་ཆེན་བཞད་འདྲ་ཕར་འགྲོ་རྒྱབ་གཟུགས་ཆུ་སྐྱེས་ཡོ་འདྲ། །
གནག་འཇམ་སྐྲ་ལོ་གསེར་ཙོར་ཡིན་རེད་ཡིད་འཕྲོག་ཞལ་རས་ཟླ་བ་ཡིན་རེད། །
མིག་གི་དཔལ་མོ་མུ་ཏིག་དམུལ་འདྲ་གཡོ་བའི་སྨིན་མ་ཟེ་བ་བཏབ་འདྲ། །
མཚལ་དམར་མཆུ་སྒྲོས་བྱུར་དམར་བཞིན་ལྟར་མཁུར་མགོའི་དམར་མདངས་བིམ་མདོག་བཞིན་ལྟར། །
ཕྱག་ཟུང་མཉེན་མོ་རྒྱ་ལྕབ་ཇི་བཞིན་ཞབས་པད་ཟུང་ནི་ལྷུག་པར་གྲོལ་བཞིན། །
ཕྲ་ལྡེམ་གཟུགས་ནི་ཚིགས་དྲུག་སྨྱུག་བཞིན་སྟངས་སྟབས་འགུལ་ནི་གར་ལ་ལྡིང་བཞིན། །

ནག་ཞད་དོད་པའི་ཚི་ལེན་དེ་ཡིས་སྐུ་སྟོད་ཡོངས་རྫོགས་ལེགས་པར་གཡོགས་འདུག །
གླང་རྫིའི་རྐང་སྣམ་སྔོ་སྐྱ་དེ་ཡིས་སྐུ་སྨད་མ་ལུས་མཛེས་པར་སྤྲས་འདུག །
ཆུང་ཞིང་བདེ་བོའི་ཀོ་ལྷམ་དེ་ཡིས་ཞབས་ཟུང་གཉིས་པོ་ལེགས་པར་གཅུད་འདུག །
ཁ་གཡོག་ནག་པོའི་དྲོད་འཛིན་དེ་ཡིས་ཞལ་ཆུང་དང་ནི་འཕྲེད་ཀྱིས་བཅིངས་འདུག །
སྐེ་བཀྲིས་དམར་པོའི་མེ་ཏོག་ཕྲེང་བ་ཕྲ་བའི་མཇིང་བར་ལྷོད་ཀྱིས་འཁྱུད་འདུག །
འོད་ཆུང་འཚེར་བའི་ཕྲ་རྒྱན་ཞིག་ནི་རྣ་ཤལ་གཉིས་ནས་འཛུམ་གྱིས་བཀྲ་འདུག །

ཚུར་ལབ་ཚིག་གི་སྒྲ་ནི་སྙན་པས་སྨྲ་ལྕེའི་བླ་ལ་ཚངས་སྲས་བཞུགས་འདྲ། །
ཕར་ཚུར་རྒྱུ་བའི་སྟངས་སྟབས་མཛེས་པས་ལུས་པོའི་སྲོག་ལ་གར་མཁན་བཞུགས་འདྲ། །
ཉེ་བར་བཅར་ཙང་དྲི་ཞིམ་རྒྱས་པས་ཙན་དན་སྡོང་བོར་འཕྲད་པ་སྙམ་འདྲ། །
འཛུམ་པའི་མདངས་ཉིད་དཔལ་གྱིས་སྨིན་པས་མཱོན་ན་ལི་ཧྲའི་རང་བཞིན་རྫོགས་འདྲ། །
གང་ནས་བལྟས་ཀྱང་མཆོར་ཞིང་སྒེག་པས་ལྷ་མོ་དངོས་ནི་མོ་ཡིན་ཡིན་འདྲ། །
ཇི་ལྟར་བསམས་ཀྱང་ཡིད་དབང་འཕྲོག་པས་ཝེ་ན་སི་རུ་སྤྲུལ་སྒྱུར་གནང་འདྲ། །

ལྷུན་གྲུབ་རང་བཞིན་བལ་ལས་འཇམ་འདི་སུ་དང་གང་ཡང་ཡིད་སྨོན་འཆོར་ས། །
བྱམས་དང་བརྩེ་བ་གངས་ལས་དཀར་འདི་འདྲེན་པ་མཆོག་ཀྱང་ཧང་ནི་སངས་ས། །
ཕན་དང་སྙིང་རྗེ་མཁའ་ལས་ཡངས་འདི་རིགས་མཐུན་ཀུན་ནི་ངོ་ནི་གནོང་ས། །
བློ་དང་ཤེས་རབ་མཚོ་ལས་ཟབ་འདི་དབྱངས་ཅན་མས་ཀྱང་བཤེས་གཉེན་བརྟེན་ས། །
དཔའ་དང་སྤོབས་པ་བྲག་ལས་མཁྲེགས་འདི་རང་དབང་ལྷ་མོ་ཇི་བཞིན་བཀུར་ས། །
མདོར་ན་ཡོད་ཚད་དྲི་མེད་ཡིན་འདི་ཁོ་བོས་སྙིང་ནས་རེ་སྒུག་བགྱི་ས། །

དྭངས་གསལ་ཆུ་མོའི་འཇམ་གོས་ཁུད་ལ་ཁྱེད་ཀྱི་དབང་རྟེན་གདོད་ནས་འཐིམ་ཡོད། །
སྤྲིན་པ་དཀར་པོའི་སྙི་ཤའི་གསེང་ལ་ཁྱེད་ཀྱི་ཚོགས་དྲུག་ལྷུན་ནས་བཙུད་ཡོད། །
མེ་ཏོང་སྡུག་པོའི་འདབ་མའི་མཐིལ་ལ་ཁྱེད་ཀྱི་དབང་ལྔ་ཡེ་ནས་སིམས་ཡོད། །
རྨི་ལམ་ཟ་ཟིའི་འཇིག་རྟེན་ཁྱོན་ལ་ཁྱེད་ཀྱི་འཛུམ་དགོད་ཀུན་ནས་མཆེད་ཡོད། །
རྟག་ཐུབ་གཞའ་ཚོན་འབྲི་མོའི་སྒལ་བར་ཁྱེད་རང་གཞར་ཡང་དམུལ་གྱིས་བཅིབས་ཡོད། །
ཁོ་བོའི་སེམས་ཀྱི་མཚོ་མོའི་ངོགས་ལ་ཁྱེད་རང་ནམ་ཡང་ཁམས་གསེང་ལྷགས་ཡོད། །

མཚན་མོའི་སྐར་ཚོགས་འཇིག་རྟེན་ཀློང་ལ་ཁོ་བོའི་མིག་གི་རེ་སྒུག་བཙུགས་བཞག །
ཉིན་མོའི་སྤྲིན་ཕུང་སྟོད་བཞུད་རེ་ལ་ཁོ་བའི་སྙིང་གི་འཕྲིན་པ་བཅོལ་བཞག །
གཉན་ཆེན་ལྷུན་པོའི་རྩེ་གསུམ་མགོ་ནས་ཁོ་བོའི་སྨོན་འདུན་བསང་མེར་བསྒྲོན་བཞག །
ལས་ཀྱི་ཉི་མ་མ་འཆར་སྔོན་ལ་ཁོ་བོའི་གཡར་དམ་བྲག་ལ་བརྡབས་བཞག །
ཚེ་ཡི་འཕེན་པ་མ་རྫོགས་བར་ལ་ཁོ་བོའི་སེམས་འདི་ཁྱེད་ལ་བསྟབས་བཞག །
དུངས་བའི་དུངས་བའི་བརྩེ་བའི་བརྩེ་བའི་ཟབ་ཟབ་ཡོད་རྒུ་ཁྱེད་ལ་སྐྱེས་བཞག །

                                          ལུགས་རྙིང༢༠༡༤ལོའི་ལོ་སར་ཚེས་པ་བརྒྱད་ཉིན་འགྲུབ།

            ང་རང་སྙན་ངག་འབྲི་མཁན་དེ་མིན་སོང་།
                                      
དབྱངས་ཅན་མ་ཁོ་བོར་དབང་ཆོག་ལ
དབྱངས་ཅན་མ་སུ་ལའང་དབང་ཆོག

                       _སྔོན་འགྲོའི་གཏམ།

      (1)
ངས་མེ་ལོང་གི་རྒྱ་མཚོའི་གཏིང་མྱུལ་ནས
རང་གི་ནང་ཁྲོལ་དང་ཁྲག་དྲོན་དྭངས་མ
འབག་སྐུ་དང་སྐེག་རྫས་ཡོངས་རྫོགས་ཕྱིར་འདོན་མ་བཏུབ་ལ
རྒྱབ་རི་སྨུག་པོ་ནས་ཤ་སྦྲང་གིས་འཚང་ག་རྒྱག་བཞིན་པའི
ཟླུམ་པོའི་བྲང་ཁོག་དང་ས་རྡུལ་གྱི་ནག་ཉེས
གངས་རིའི་ནག་ཞད་དང་མེ་ཏོག་གི་ནག་ཐིག་སོགས
ཅི་ཡང་མཐོང་མ་སོང་བས
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (2)
ལག་ཟུང་ཉིད་ནམ་མཁའ་ལ་སྲིང་སྟེ
ཐར་ཐོར་དུ་བཀྲམ་པའི་རྒྱུ་སྐར་དག་སྦར་འཛིན་ལ་བྲེལ་ནས
དེ་དག་གི་ཆག་གྲུམ་ལས་ཐོབ་པའི་ཉལ་ཉིལ་གྱི་རྡོ་ཧྲུག་དེ་དག་དང
རྫ་འདབས་ཤིག་ནས་མཐའ་བཞིའི་འཇིག་རྟེན་ལ
རྒྱང་ལྟ་བྱས་པའི་རབ་རིབ་ཀྱི་སྨུག་སྤྲིན་ཟ་ཟི་གཉིས་གཅིག་ཏུ་སྡེབ་ཞིང་གཡོ་བཞིན
ཁྱེད་ཚོའི་མདུན་ལ་འདམ་བག་བཞིན་སྐྱིལ་ཡོང་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

       (3)
ཤར་ནས་འཆར་ལ་ནུབ་ནས་ནུབ་བོ་ཉི་མ་དེ
མང་ན་སྐྱིད་དོ་ཉུང་ན་སྡུག་གོ་ཤོག་དངུལ་ནར་མོ་དེ
དཀར་ན་མཛེས་ལ་ནག་ན་བཙོག་གོ་གྲོང་གི་བུ་མོ་དེ
སྦས་ན་མཆོག་གོ་བསྒྲགས་ན་ཐུའོ་མཚན་མ་དེ
ད་དུང་ཡིན་ཡིན་ཆོག་ཆོག་གིས་ཁྱེད་ཚོའི་རྣ་བར་བླུགས་པ་ཡིན་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

       (4)
མེས་པོས་ང་ལ་བཞག་པའི
དཀར་པོ་ནི་ངེས་པར་དུ་དཀར་པོ་ཡིན་དགོས་ལ
ནག་པོ་ནི་ངེས་པར་དུ་ནག་པོ་ཡིན་དགོས་པའི་ཁ་ཆེམས་ལྟར
ངས་ཤུན་སྐོགས་ཀྱི་གཏན་ཚིགས་དེ་བསྐྱངས་སོང་ནས
དགུ་ཚིགས་ཀྱི་བར་སྟོང་དེ་ནས
རང་ལ་དབང་བའི་གོ་ལ་ལས་སྤྱི་ལ་དབང་བའི་གོ་ལའི་ཚོགས་ལ་གོམ་གཅིག་ཀྱང་མ་སྤོས་པར
ཨ་ཤིང་གིས་སྒོ་གླེགས་གཏན་དུ་བཅད་དེ་ཁྱིམ་ཕུགས་ནས་སྒོང་བཞིན
སྐར་ཁུང་ནས་བསྲིངས་པའི་འོད་ཀྱི་ཀ་བ་གསེག་མར་ཁེན་ཏེ་ཡོད་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (5)
ན་ནིང་ནམ་མཁའ་སྔོན་མོ་དེའི་ནང་སྙིང་ལ་བལྟས་སྐབས
གྲི་ཆུང་དངུལ་ཤན་མ་ཞིག་གིས་བཤས་པ་ཡིན་ལ
མེ་ལྕེ་དམར་པོ་དེའི་འཕྱོ་སྟངས་བརྗོད་སྐབས
རླུང་ཁའི་དར་ལྕོག་ཅིག་ལ་དཔེར་བླངས་པ་ཡིན
ད་ལོ་ཡང་དེ་ལྟར་ཡིན་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (6)
རང་ཤོང་སྤྱིལ་བུར་འཛུལ་ནས
སྒོ་དང་སྒེའུ་ཁུང་ཐམས་ཅད་གཏན་ཞིང
ཐ་ན་ཉི་ཐིག་ཕྲ་མོ་ཙམ་ཡང་བརྟོལ་ནས་ཡོང་ས་མེད་པ་ཞིག་བྱེད་ནས
བར་སྣང་གི་མཁའ་དབུགས་ཉུང་ངུ་དེ་རྔུབ་སྟེ
དེ་རུ་ལྡིང་བའི་ཕྲ་རབ་ཀྱི་སྐྱོམ་སྟངས་འབའ་ཞིག་སྐྱ་རིས་སུ་ཕབ་ལ
རྡུལ་ཕྲན་དང་རྡུལ་ཕྲན་བར་གྱི་གདོང་ཐུག་གི་ཨག་སྐད་དང
བདའ་འདེད་ཀྱི་དགོད་སྒྲ་དེ་ཚོ་ཚོན་རྩི་རུ་བསྡེབས་ནས
སྣུམ་ཚོན་རི་མོ་ཞིག་བྲིས་པ་ཉིད
དུ་ཞགས་ཀྱི་སྣེ་ལ་བཏགས་ཏེ་ཁྱེད་ཚོའི་འཕྲིན་སྒམ་དུ་བསྐུར་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (7)
བྲག་སྐྱིབས་ནས་བཏུས་འོང་བའི་འཕྱི་རྟུག་དེ་དག
ཕ་ཡུལ་ལ་ལོག་རྗེས་བག་ལེབ་ཞིག་གི་ཁུགས་ལ་གཅུད་ནས་སྤོད་ཡའི་ཚབ་བྱས་ལ
སྡེར་གཞོང་གཙང་མ་ཞིག་གི་ནང་ལ་བཞག་ནས
ཁྱེད་ཚོར་མགྲོན་འབོད་བཏང་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (8)   
ཤིན་ཏུ་འདོད་པའི་སྐེ་རྒྱན་དེ་རང་ལ་ཉོ་ཐབས་ནི་གཏན་ནས་མ་བྱུང་བས
རྐུན་པོའི་སྐྱེ་བ་བླངས་ཏེ་ཡས་ནས་བྱུར་ཆུང་འགའ་བརྐུས་ལ
མས་ནས་བྱུར་རྫུན་འགའ་ཉོས་སྟེ
དེ་དག་ཡུན་རིང་ཆ་སྒམ་དུ་ཉར་བའི་ཐ་གུ་ཞིག་ལ་བརྒྱུས
མཐའ་མར་ཟ་མ་ཏོག་སྤུས་ལེགས་ཅན་ཞིག་ཏུ་བཅུག་ནས
ཐག་རིང་གི་མཛའ་མོའི་ཕྱོགས་སུ་སེམས་མཚོན་གྱི་ལེགས་སྐྱེས་འབའ་ཞིག་ཏུ་བསྐྱལ་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

    (9)
ལམ་ལ་ཆས་བསམ་དུས
རྟ་རྒན་གྱིས་འདོད་ཐོག་ལ་གཏན་ནས་བཞག་མ་སོང
འཕྲུལ་རྟའི་བཤེར་སྣུམ་ཡང་འཛག་འདུག་ལ
རླངས་འཁོར་ཡང་དེ་བཞིན་འདུག་པས
ལྕག་ཚན་གྱིས་བྲབས་བྲབས་པའི་མཐར་ད་གཟོད་འགྲོ་ཙམ་བྱས་མོད
དེ་དུས་ཁྱེད་ཀྱིས་སྒུག་པའི་ང་རང་དུས་ཆད་ལས་ཡུན་རིང་འདའ་སོང་ལ
བཙན་གྱིས་ཞོན་ནས་ཡོང་བའི་རྟ་རྒན་ནི་རྔུལ་ཆུས་སྦངས་འདུག་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

     (10)
ལུག་བཞིན་གང་འགྲོ་དེ་ག་ནས་རིལ་སྐྱག་གཏོང་བ་བཞིན
ངས་ཀྱང་གང་འགྲོ་དེ་ག་ནས་སྣང་བ་ཟ་ཟི་དེ་གཅིན་སྐྱག་བཞིན་ལྟར་འཕངས་ལ
འོན་ཏེ་གསེར་སྐྱག་དང་གསེར་གཅིན་གང་རུང་ཞིག་ལ
བཙོ་སྦྱངས་བྱེད་ཨེ་ཐུབ་པར་མནོ་བསམ་ཅིི་ཡང་མ་བཏང་བར
བག་ཡོད་དང་བྲལ་ནས་ཁྱེད་ཚོའི་སྣ་སྒོར་གཏུགས་པ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།

      (11)
ཤོག་དངུལ་བཞིན་དུ
ཇི་ལྟར་མང་ན་དེ་ལྟར་སྤམ་པའི་བློ་དེ་འཆང་ནས
ཐབས་སྣ་ཚོགས་དང་གཡོ་ཇི་སྙེད་བཀོལ་ནས
ཚོང་ལས་བཞིན   ཐོན་སྐྱེད་བཞིན   ཐོན་རྫས་བཞིན
གྲངས་ཚད་ཁོ་ནར་ཡིད་དམིགས་ནས་བསྡད་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་སྲིད་དམ།

འདི་ལྟར
དབྱངས་ཅན་མ་ཁོ་བོར་དབང་སྲིད་དམ
ཁྱོད་ལའང་དབང་སྲིད་དམ།

                    _མཇུག་གི་གཏམ།
                      ༢༠༡༤ལོའི་ཟླ༡པོའི་ཚེས༢༠ཉིན་ཀླུ་ཆུ་ནས།

           ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ།
                                      
         (1)
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་སྨྲ་ལྕེ་འདི་འཁྱགས་པས་བསྡམས་སོང་བས་ཡིན་ནམ
སྐད་ཆ་མང་པོ་ཞིག་ད་དུང་ངས་ཁྱེད་ལ་གསང་ཡོད་དེ
གསང་བའི་སྒམ་འདིའི་ལྡེ་མིག
ད་ལྟ་གང་ཞིག་ལ་སྦས་ཡོད་པའང་ཤེས་མ་སོང

སེམས་གཏམ་དྭངས་མ་དེ
ངས་ཁྱེད་ལ་འོ་ཇ་དཀར་པོ་ཞིག་གི་ཚུལ་གྱིས་སྔོན་ནས་ཕུལ་ཟིན
ཁྱེད་ཀྱིས་བཞེས་ཀྱང་ཆོག་ལ་མ་བཞེས་ཀྱང་ཆོག
ཡིན་ཡང་ང་ནི་ཁྱེད་ལ་སྔར་བཞིན་དུངས་ཏེ
འཇིག་རྟེན་འདི་ལ་ཆེས་མཇུག་མཐའི་གྱེས་བརྡ་གཏོང་སྐབས་ཀྱང
ཁྱེད་ཀྱི་སྙིང་རྗེ་བའི་ཞལ་རས་དེ་གཏན་ནས་བརྗེད་མི་སྲིད

ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་དངོས་གནས་ཡོད་ཚད་མཇུག་གྲིལ་སོང་བས་ཡིན་ནམ
སེམས་པ་འདི་སྟོང་ལྷང་ངེར་སྐྱོ་གདུང་གིས་གཟིར་ཏེ
བཅོས་པའི་ཐབས་ཤིག
ད་ལྟ་སུ་ཞིག་ལ་འདྲི་དགོས་པའང་ཤེས་མ་སོང་།
                      ༢༠༡༤ལོའི་ཟླ༤པའི་ཚེས༡༨ཉིན།
            
          (2)
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་ཕྱི་རོལ་གྱི་ཆར་བའི་ཤག་སྒྲས་ངའི་སྐྱོ་བ་རིང་དུ་བསྲིངས་སོང་བས་ཡིན་ནམ
སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་སྐྱུར་བོ་ཞིག་གིས
ངའི་ཡོད་ཚད་བཟུང་ཚར་འདུག་ལ
ངའི་ཡོད་ཚད་གཞིབས་ཡང་ཚར་འདུག

ཆར་བ་འདིའི་རྐྱེན་གྱིས
ངས་ཆར་བའི་ཁྲོད་ལུས་པའི་རྫི་མོ་ཞིག་རྟོག་བཟོ་བྱས་སོང
རྫི་མོ་དེའི་ལུས་ཡོངས་རྫོགས་ཆུ་ཡིས་བརླན་ཞིང
ཐུ་བ་ཡར་ལ་རྫེ་སྟེ་ཟོག་རྗེས་ན་འདུར་བཞིན་པ་མཐོང་བྱུང
ཆར་བ་འདིའི་རྐྱེན་གྱིས
ངས་ཆར་བའི་ཁྲོད་ལུས་པའི་གཞོན་ནུ་མ་ཞིག་རྟོག་བཏགས་བྱས་སོང
གཞོན་ནུ་མ་དེ་ཡང་ལུས་ཡོངས་རྫོགས་ཆུ་ཡིས་སྦངས་ཤིང
སྐྲ་རྩེ་དང་མཁུར་མགོ་ནས་ལྷུང་བའི་ཆུ་ཐིགས་དག་ཆུ་ལ་འཐིམ་པའི་ངང་ཚུལ་ཡང་མཐོང་བྱུང
ཆར་བ་འདིའི་རྐྱེན་གྱིས
ངས་དགོད་འཛུམ་གྱིས་ཕྱུག་པའི་བུ་མོ་ཞིག་དྲན་བྱུང
མིག་ཟུང་གིས་སྐད་ཆ་བཤད་ཤེས་པའི་བུ་མོ་ཞིག་དྲན་བྱུང

ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་ཆར་བ་འདི་འབབ་མཚམས་མ་བཞག་པས་ཡིན་ནམ
སུ་ཞིག་གིས་ངའི་བྲང་ཁོག་ལ་ཆུ་འཁྱག་བྱོ་ཟིན་པ་བཞིན
སུ་ཞིག་གིས་ངའི་སྙིང་ནོར་དེ་གཡོ་འཕྲོག་བྱས་སོང་བ་བཞིན
འཁྱག་སིབ་སིབ   སྐྱུར་བྲེང་བྲེང་།
            ༢༠༡༤ལོའི་ཟླ༤པའི་ཚེས༡༩ཉིན་གྱི་དགོང་དྲོར།
               
          (3)
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་སེམས་པ་འདི་སྙི་དྲགས་པས་ཡིན་ནམ
སྤྲིན་དཀར་གྱི་ཁོང་ནས་བསྙིལ་བའི་ཁ་བའི་འདབ་མ་རེ་རེ་ཁྱེད་ཀྱི་སེམས་པར་གླན་ཐེངས་རེ་རེར
མེ་ཏོག་ཅིག་ཁྱེད་ཀྱི་མདུན་ལ་བསྲིངས་ཐེངས་རེ་རེར
ཁྱེད་ཀྱི་དབང་ཚོར་དངོས་གནས་ཉམས་སོང་བས་ཡིན་ནམ
ཡང་ན་སྤྲིན་པ་དེ་སྤྲིན་པ་དཀར་པོ་ཞིག་ཏུ་ད་དུང་ཡང་ངོས་མ་ཟིན་པས་ཡིན་ནམ

ངས་འདི་ལྟར་རྨི་ལམ་ཞིག་རྨི་བཞིན་ཡོད་དེ
ནམ་མཁའ་གཡའ་དག་ཅིང་ས་གཞི་ལྗང་མདོག་གིས་སྤུད་པའི་སྤང་ཁུད་ཅིག་ཏུ
མིག་ཟུང་ལ་བརྩེ་བ་འཁོལ་ཞིང་མགོ་སྐྲ་རླུང་གིས་ཁུར་བའི་བུ་མོ་གཞོན་ནུ་ཞིག
བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་ཙམ་རྒྱུགས་ཤིང
གློར་གྱིས་རྒྱབ་ཕྱོགས་སུ་འཁོར་ནས་མིག་ཟུར་ཅིག་འཕངས་ཏེ
ཡང་ཕར་ཙམ་རྒྱུགས་ཤིང
ཁྲ་ཆིལ་ལེར་བཞད་པའི་མེ་ཏོག་གི་དཀྱིལ་ལ་སོང་སྟེ
སེར་ཞིང་ཆེ་བའི་མེ་ཏོག་ཅིག་རང་གི་གཡས་ཕྱོགས་ཀྱི་སྐྲ་གསེང་དུ་འཕྲེད་ཀྱིས་བཙུགས
གཞན་པ་ཞིག་ལག་ཏུ་འཆང་སྟེ་མྱུར་བར་ཕྱིར་ཐོན་ནས
སྤྲོ་འཛུམ་གྱིས་ཁེངས་བཞིན་ངའི་ལག་ལ་གཏད་བྱུང

ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
འོལ་ཚོད་ཀྱིས་བསྒྲིགས་པའི་ཚིག་ཕྲེང་མིན་ལ
ཚོད་ཚོད་ཀྱིས་གློད་པའི་སྐད་ཆ་ཡང་མིན་ལ
བཙན་ཐབས་ཀྱིས་ཕྱུང་བའི་ཚོར་བ་ཡང་མིན་པའི
ང་ཡི་སྙན་ངག  ངས་འབྲི་བཞིན་པ་འདི་དག
སུ་ཞིག་གི་ཆེད་དུ   གང་ཞིག་གི་དོན་དུ།
          ༢༠༡༤ལོའི་ཟླ༤པའི་ཚེས༢༠ཉིན་གྱི་དགོང་དྲོར།

        (4)
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་གློག་འོད་ཟ་ཟིའི་ཁྲོད་ནས
གླུ་སྐད་ལྡབ་ལྡིབ་ཀྱི་ཁྲོད་ནས
ཁྱེད་ཀྱི་འཛུམ་མདངས་འཇམ་པོ་དེ་ཡལ་སོང་བས་ཡིན་ནམ
ཆང་དམར་དང་སྦི་རག   སྦི་རག་དང་བསིལ་ཁུ
དོ་ནུབ་ཀྱི་ང་ཡི་སྐྱོ་རོགས་འབའ་ཞིག་སྟེ
ཁྱེད་མེད་པའི་མཚན་མོ་འདི་ཇི་འདྲའི་བསྐྱལ་དཀའ་ཨང

དམར་སྨུག་གི་གློག་འོད་ཁྲོད་ནས
ངས་ཁྱེད་ཀྱི་བཞིན་རས་མཛེས་པོ་ཉིད་དྲན་བཞིན་ཞབས་དག་གང་མང་བརྒྱབ་སོང
མགུར་དབྱངས་ཀྱི་ཉ་ཉོག་ཁྲོད་ནས
ཁྱེད་ཀྱི་གསུང་སྐད་སྙན་མོ་ཉིད་དྲན་བཞིན་ཁེར་ལབ་ཡང་ལན་མང་བྱས་སོང
ཆང་ཕོར་དང་ཆང་ཕོར་གཏུགས་པའི
དེམ་བུ་དང་དེམ་བུ་འཕྲད་པའི
རྙོག་གཏམ་གྱི་འུར་སྒྲ་དང་ཚ་རྨུགས་ཀྱིས་ཀུན་ནས་བཏུམས་པའི་སྤྲོ་ཁང་འདིར
ངས་ཁྱེད་ཉིད་འབའ་ཞིག་འཆང་སྟེ
དུས་ཚོད་ཀྱི་སུན་སྣང་བཙན་གྱིས་བསྲན་དགོས་བྱུང
དྲན་གདུང་གི་མིག་ཆུ་ཁ་རོག་གེར་བཏང་དགོས་སོང
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་སྦི་རག་དང་མཉམ་དུ་ཕྱུང་བའི
སྦི་རག་དང་མཉམ་དུ་བརྡོལ་བའི་སེམས་གཏམ་གསོན་པོ་དག
དོ་ནུབ་སུ་ཞིག་ལ་དམར་རྗེན་དུ་བཤད་དགོས་པའི་ཡུལ་ཡང་བོར་སོང་བས་ཡིན་ནམ
ད་ནི་རྨི་ལམ་གྱི་ཐག་པར་འཇུས་ཏེ
ཡང་ན་སྟོང་འདང་གི་རི་མོ་ཞིག་འབྲི་བཞིན
སྦི་རག་དང་མཉམ་དུ  དྲན་མགུར་ཐན་ཐུན་དང་ལྷན་དུ
ཁྱེད་མེད་པའི་མཚན་མོ་འདི་བཙན་གྱིས་རོལ་འགྲོ་བ་ལས་འོས་མེད་དོ། །
            ༢༠༡༤ལོའི་ཟླ༤པའི་ཚེས༢༦ཉིན་གྱི་ནམ་གུང་ཆུ་ཚོད་གཉིས་པ་ཙམ་དུ།

         (5)
ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་བརྩེ་དུང་གིས་གཏན་ནས་བསླད་མ་མྱོང་བའི་སེམས་པ་འདི་ཡང
ད་ནི་བསླད་མགོ་བརྩམས་སོང་བས་ཡིན་ནམ
རས་ཡུག་ནག་པོ་ཞིག་བརྒྱངས་པ་འདྲ་བའི་དོ་དགོང་གི་ནམ་མཁའ་འདི
སུ་ཞིག་གི་བྲང་ཁོང་ནས་བཞུར་བའི་མིག་ཆུའི་རྒྱ་མཚོ་ཞིག་དང་འདྲ་སྟེ
དེ་ནི་ངས་ཁྱེད་རང་དྲན་དྲགས་པས་མིན་ན
ཁྱེད་ལ་དགའ་དྲགས་པས་ཅི་ལ་མིན་སྲིད

དུས་ཚོད་ཀྱི་རྡུལ་གྱི་ཐག་པའི་སྣེ་ནས
བཞུར་སོང་བའི་དྲན་གདུང་དང་མིག་ཆུ
རྒས་སོང་བའི་སྙིང་གཏམ་དང་རེ་བཞག་དེ་དག
ད་ལྟ་བསམ་ན་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང
ཁྱེད་ཀྱི་རྐྱེན་པས་ངས་ཁེར་རྐྱང་གི་ཉིན་ཞག་མང་པོ་ཞིག་བཙན་གྱིས་བསྐྱལ་ལ
ཁེར་སྡུག་གི་ཁེར་ལབ་མང་པོ་ཞིག་ཀྱང་ཁོལ་དུ་ཕྱུང་ནས་སྙན་ངག་ཡིན་ཁུལ་གྱིས་ཁྱེད་ཀྱི་མིག་ལམ་དུ་འབུལ་མྱོང
ད་དུང་ཅི་ཞིག་གི་ཆེད་དུའང་ཡིན་མིན་མི་ཤེས་པའི
རྙོག་གཏམ་གང་མང་ཞིག་ཀྱང་ཁྱེད་ཀྱི་རྣ་ལམ་དུ་བླུགས་མྱོང
ཡིན་ནའང་ང་ནི་ཁྱེད་ལ་སྔར་བཞིན་དུངས་ཏེ
མཚམས་ལན་རེར་ལྷིང་འཇགས་དང་ཁུ་སིམ་གྱིས་འུ་གཉིས་ཀྱི་འཇིག་རྟེན་བཅད་དུས
ཁྱེད་ཀྱིས་ངས་ཁྱེད་རང་བརྗེད་ཀྱི་འདུག་པར་བསམ་སྲིད་ནའང
དེ་ནི་གཏན་ནས་མ་ཡིན་ཏེ་ངས་ནི་སྐབས་དེ་དག་ལ་ཁྱེད་ཉིད་འབའ་ཞིག་སེམས་སུ་ཉར་ནས་བསྡད་ཡོད་པ་ལས
སྔོན་ཆད་བཤད་མྱོང་བའི་སྐད་ཆ་དེ་དག་རྒྱབ་ནས་ལྷུང་སྟེ
སེམས་པ་འདི་དབྱར་ཁའི་གནམ་གཤིས་ཇི་བཞིན་འགྱུར་བག་གིས་འདེད་བཞིན་ག་ལ་ཡོད་སྲིད་ཡོད་མི་སྲིད་དོ
ཡང་མཚམས་ལན་རེར་བརྗོད་འདོད་པའི་སྐད་ཆ་དག
དབུགས་སྣ་གཅིག་གིས་བཤད་འདོད་པའི་འདོད་པ་ཞིག་གིས་ཀུན་ནས་འཚངས་ཡོང་ནའང
ཅི་ཞིག་གི་རྐྱེན་པས་རིམ་གྱིས་ཉམས་འགྲོ་ལ
དེ་ཡིས་རྐྱེན་གྱིས་མནར་གཅོད་རིགས་ཤིག་གིས་ནམ་ཡང་ཁོ་བོ་མི་གཏོང་བས
རང་ཉིད་ནི་ཅི་འདྲའི་ནུས་མེད་ཅིག་རེད་ཨང་བསམ་ལ
རང་ཉིད་ནི་ཅི་འདྲའི་རང་ལ་ཡིད་ཆེས་མེད་མཁན་ཞིག་ཀྱང་རེད་ཨང་བསམས
འོན་ཏེ་འགྱུར་མི་སྲིད་པ་ཁོ་བོའི་སེམས་ཡིན་ལ
ཉམས་མི་སྲིད་པ་བྱིས་སྒྲུང་ལྟ་བུའི་རྨི་ལམ་དེ་ཡིན་པས
ཁྱེད་རང་མ་སླེབས་གོང་ལ་ངས་རེ་སྒུག་ཁྲི་སྟོང་གི་རི་རྩེ་ནས་ཞོགས་པའི་གྲང་ངར་དང་ཉིན་གུང་གི་ཚ་གདུག
དགོང་དྲོའི་ལྟོགས་སྐོམ་དང་མཚན་མོའི་སྨག་ནག་སོགས་ཡོད་ཚད་ཅི་ལའང་མི་བརྩི་བར་སྲོང་ངེར་ལངས་ནས
རེ་བའི་མིག་གིས་ཅེ་རེར་བལྟས་ཏེ་འདུག་སྲིད་ལ
ཁྱེད་རང་མ་ལོག་གོང་ལ་ངའི་ཡོད་ཚད་ཁྱེད་ཡིན་ཞེས
སེམས་པ་དཀར་པོ་འདི་དང་དུངས་བ་བསླད་མེད་པ་འདི་ཁྱེད་ལ་མ་གཏོགས་སུ་ལའང་སྟོན་མི་སྲིད
ཡིན་ཡང་ལས་དབང་ཟེར་བའི་ལྕགས་སྒྲོག་དེ་ལས་སུ་ཡང་ཐར་ཐབས་བྲལ་བས
ཡོད་ཚད་ལས་དབང་ལ་བཅོལ་དགོས་ཟེར་བ་ལོས་ཡིན

ང་ནི་ཁྱེད་ལ་དགའ་དྲགས་པས་ཡིན་ནམ
ཡང་ན་ངས་ནི་ཁྱེད་རང་དྲན་དྲགས་པས་ཡིན་ནམ
གཏམ་རྒྱུད་ཅིག་གི་དབུ་ཁྱུད་ནི་སྔར་ནས་བྲིས་ཚར་ཟིན་པས
ད་ནི་བཞི་ཤད་མི་འཇོག་པའི་སྨོན་ལམ་ཡང་ཡང་འདེབས་དགོས་པ་མ་ཡིན་ནམ
ཡིན་ཡང་ཞེ་རྩ་ན་ལྷོག་ལྷོག་གདུ་བཞིན་པའི་གཏམ་གྱི་བདུད་རྩི་འདི
ཐབས་གང་ཞིག་གིས་ཁྱེད་ལ་སྣོད་གང་འདྲ་ཞིག་གི་ནང་བླུགས་ནས་འབུལ་རྒྱུ་དེ
ང་ལ་མཚོན་ན་ཡང་སྙིང་མ་ཡིན་ནམ
ཡིན་ཡང    ཡིན་ཡང
            ༢༠༡༤ལོའི་ཟླ༥བའི་ཚེས༧ཉིན།

           ཚོར་བའི་བཞུར་རྒྱུན།
 
༈ ཡིད་འཕྲོག་ལྷ་མོ།
དྭངས་བསིལ་ཆུ་མོའི་བག་ཡོད་ཅན། །

༈ སྙན་ངག
བཤད་ཚད་སྙན་པོ་མི་འདུག་ན། །
བྲིས་ཚད་སྙན་ངག་ག་ལ་ཡོང་། །

༈ དུས་ཚོད།
དུས་ནི་མེ་ལྕེ་ནག་པོ་ཞིག །
ཡང་ན་རྡུལ་གྱི་ཐག་པ་ཞིག །
བསམ་ན་ཅི་ཡང་ཤོང་པ་ཅན། །

༈ ཆེས་རིང་བའི་བར་ཐག
གཞན་དེས་ང་རང་རྟོགས་ན་ཡང་། །
ང་ཡིས་གཞན་དེ་མི་རྟོགས་པ། །
ཡང་ན་གཞན་དེ་རྟོགས་ན་ཡང་། །
གཞན་དེས་ང་རང་མི་རྟོགས་པའོ། །

༈ བདག་སྒྲ།
འཇིག་རྟེན་དེ་ན་བདག་སྒྲ་མང་། །
འཇིག་རྟེན་འདི་ན་རིགས་མཐུན་མང་། །
སྙན་ངག་པ་དང་སྨད་འཚོང་མ། །
སྙན་ངག་པ་དང་ཚན་རིག་པ། །
སྙན་ངག་པ་དང་སངས་རྒྱས་པའོ། །

༈ རྒྱབ་གཟུགས།
ང་ཚོས་གང་ཞིག་བརྟོལ་བ་དེ། །
དོན་གྱིས་རྒྱབ་གཟུགས་རྙེད་པ་ཙམ། །
ཇི་སྙེད་ཁོང་དུ་བརྩེགས་པ་ཡང་། །
ཡང་སྙིང་རྒྱབ་གཟུགས་རྒྱབ་གཟུགས་ཙམ། །
ཅི་ཡང་མཁྱེན་མདོག་ཁ་པོ་ཡང་། །
ཡང་ཏིག་རྒྱབ་གཟུགས་བསྟན་པ་ཙམ། །

༈ ཀློག་པ་པོ།
ཚིག་གི་ཤེལ་ལེབ་ནག་པོ་དག །
ཚོར་བའི་འབུ་ཕྲ་བརྩིགས་པས་ཡིན། །
དེ་ཡི་གསེང་གི་རྒྱུ་སྐར་ཚོགས། །
རྟོག་པ་རྒོད་པོས་གཏོར་བས་ཡིན། །
དེ་ན་རས་སྣོད་ཆེན་པོ་ཞིག །
བཟུང་བའི་སྤྲང་བོའི་འདུ་ཤེས་ཅན། །
འཛེད་དེ་རེ་རེ་འཐུ་ཤེས་ཅན། །

༈ གཏིང་།
བརྗོད་འདོད་ཤིན་ཏུ་དྲག་ན་ཡང་། །
ལྷུག་པོར་ཕྱུང་ཐབས་མི་འདུག་ལ། །
ཡང་ན་རགས་ཙམ་ཡོང་ན་ཡང་། །
དེ་ཡིས་རང་གི་སྐོམ་མི་གསོད་པ། །
གཏོལ་མེད་གྱུར་བའི་སྐབས་དེ་དག །
སུས་ཀྱང་བཟོད་བསྲན་མི་བཏུབ་ན། །
དེ་ནི་གཏིང་གི་ཡང་གཏིང་ན། །
གཏིང་གི་མཛེས་པ་བཞུགས་པ་མཚོན། །

༈ བརྒྱ་ལ།
ཉི་མ་ནུབ་ནས་མི་འཆར་ལ། །
ཟླ་བ་ཤར་ནས་མི་ནུབ་མོད། །
བརྒྱ་ལ་དེ་འདྲ་བྱུང་གྱུར་ན། །
ངས་ཀྱང་འདི་ལྟར་སྨོན་སྲིད་དེ། །
དུས་ནི་གཏན་དུ་ཁེགས་པར་ཤོག །
ང་ལ་སུན་སྣང་མི་བཟོ་རོགས། །
སེམས་ནི་གཞར་ཡང་འཇགས་པར་སྨོན། །
ང་ལ་འཕྱོ་ལྡིང་མི་དགོས་ཏེ། །
ཅི་ཡང་བསམ་བྱ་མེད་པར་ཤོག །

༈ མན་ངག་ཅིག
སེམས་འདི་འགལ་བའི་སྣོད་གྱུར་ན། །
གང་ལ་འཇུས་ཡང་དེ་མིན་པའི། །
སོ་སོ་ཆད་པའི་ཡིད་རེ་འབྱུང་། །
དེ་ཚེ་མྱུར་བར་ཞིག་འདོད་ཀྱང་། །
གཟས་ནས་ཞི་བར་མི་འགྱུར་ལ། །
ལྷག་ཏུ་འཁྲུག་ནས་གཟེངས་པར་གྱུར། །
འོན་ཏེ་ཚོར་ཞིང་སྣང་བ་དག །
ཡི་གེའི་རིས་སུ་དབབ་དང་ན། །
བྲང་གའི་ཚ་རླབས་སྨུག་པོ་འདི། །
རེ་ཞིག་འཇགས་པའི་བདེ་ཞིག་འབྱུང་། །

༈ ངའི་འཚོ་བ།
རྐང་ལམ་སྐྱ་མོའི་ཐལ་རྡུལ་དག །
མིག་གིས་ཟོས་ནས་མིད་པ་ཡིན། །
ཉི་མའི་འོད་ཟེར་ཕྲ་མོ་དག །
ནུས་ཚོས་འགའ་ཙམ་བཏུས་པ་ཡིན། །
མཁའ་ལ་རླུང་གིས་ཁུར་བ་དག །
རེ་ཙམ་ཞགས་པས་བཟུང་བ་ཡིན། །
གཞན་གྱི་གད་སྙིགས་གྱུར་བ་ཡང་། །
ལ་ཤས་གཅེས་ནོར་བསགས་པ་ཡིན། །
ཁྱོད་ཀྱིས་བཤད་པའི་གཏམ་རྒྱུད་ལས། །
རང་གི་ལེ་ཚན་བཙལ་བ་ཡིན། །
མེ་ལོང་ཆག་པོ་བསྒྲིགས་པ་ཡིན། །

༈ རྨི་ལམ་གཞན་ཞིག
ནམ་མཁའི་ཉི་མ་སེར་པོ་དེ། །
གློ་བུར་བྲུལ་ཞིང་ས་རུ་འཐོར། །
ཁུད་ཀྱི་སྤྲིན་པ་དཀར་པོ་ཡང་། །
ཐང་དུ་ལྷུང་སྟེ་རྡུལ་ལ་འཐིམ། །
རི་རྒྱལ་ལྷུན་པོ་རྒོད་པོ་དག །
འགྱིག་ལྒང་བཞིན་ཏུ་རླུང་གིས་ཁུར། །
ཀླུང་གི་གཙང་བོ་རིང་མོ་ཡང་། །
ཐག་པ་ཆད་པོ་བཞིན་ཏུ་གྱུར། །
དེ་དུས་ཆར་བ་འཇམ་པོ་ཞིག །
གདོང་ལ་བྲན་ན་བསམ་ན་ཡང་། །
རང་ལུས་སྡོང་སྐམ་འདྲ་བ་འདི། །
ཚག་སྒྲ་དང་བཅས་འབར་སོང་ངོ་། །
        ༢༠༡༤ལོའི་ཟླ༥པའི་ཚེས༦ཉིན་འགྲུབ།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབུམ་ཕྲག་གི་སྙན་ངག་གཅེས་བཏུས།

2014-08-29 འབུམ་ཕྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།