བཀྲ་བྷའི་བརྩམས་སྒྲུང་གསར་བ། ༼མེད༽
1
ཉི་འོད་ལམ་ལམ་འཕྲོ།
ལམ་ལམ་འཕྲོ་བའི་ཉི་འོད་འོག་ཏུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྒོ་བྱང་ངོས་ཀྱི་རྒྱ་ཡིག་སེར་པོ་རྣམས་ལ་གཟི་འོད་ལམ་ལམ་འཕྲོ་བཞིན་གདའ།
སྒོ་བྱང་ཡི་གེ་ཅན་གྱི་རྩིག་པ་དམར་པོའི་གཡས་གཡོན་ན་སྒོ་མོ་ཆེན་པོ་གཉིས་ཡོད་ལ། སྒོ་མོ་ལས་ཕྱི་ལ་འབུད་མཁན་རྣམས་ནི་ལམ་ལ་འགྲོ་ལུགས་ལ་བྱང་ཆ་ལྡན་ཞིང་། ལུས་ཀྱི་མགོ་མཇུག་ཀུན་ལ་ལྷོད་ཤ་ཆེན་པོ་ལྡན་པ་འབའ་ཞིག་ཡིན་མོད། ནང་ལ་འགྲོ་མཁན་ཕལ་མོ་ཆེས་མི་རེའི་རྗེས་ལ་འདྲུད་སྒམ་རེ་དྲུད་འདུག་པ་དང་། སུ་ཞིག་ཡིན་རུང་གདོང་ལ་དགའ་ཉམས་ཤིག་དང་ཞེད་སྣང་འདྲ་མིན་སྣ་ཚོགས་ཤིག་ཤར་འདུག
འོ། རེད་ལགས། དེ་རིང་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་གསར་བས་མིང་ཐོ་འགོད་པའི་ཉིན་མོ་དང་པོ་རེད། འདྲུད་སྒམ་དྲུད་འདུག་པ་དེ་དག་ནི་སློབ་མ་གསར་བ་ཡིན་དགོས་འདུག
ལྷ་མོ་གཡུ་མཚོ་སློབ་གྲྭའི་ཤར་སྒོ་ཆེན་མོའི་མདུན་རོལ་དུ་ལངས་ཏེ་ཅི་ཞིག་ལ་ངང་སྒུག་བྱེད་བཞིན་འདུག་ལ། ཁོ་མོས་སྐབས་རེར་ལག་ཁྱེར་ཁ་པར་ངོས་ཀྱི་དུས་ཚོད་ལ་ལྟ་བ་དང་། མཚམས་རེར་མདུན་གྱི་འཕྲེད་ལམ་ཡངས་མོའི་ངོས་ལ་གཡས་ལྟ་གཡོན་ལྟ་བྱེད་བཞིན་ཕར་འགྲོ་ཚུར་འགྲོ་བྱེད་པར་གཞིགས་ན། སེམས་ལ་འཚུབ་ཆ་ལྡང་བཞིན་འདུག་པ་རྟོགས་ཐུབ།
སྐབས་ཤིག་ལ། བྱང་ནས་ལྷོ་ལ་ཤར་གཏོང་བྱེད་བཞིན་ཡོད་པའི་གླ་གཏོང་རླངས་འཁོར་ཞིག་སློབ་གྲྭའི་ཤར་སྒོའི་མདུན་ནས་བཀན་གྱུག་གེར་བསྡད་པ་ན། གདོང་ལ་སྨུག་མདངས་འཛིན་པའི་བོད་རིགས་གཞོན་ནུ་ཞིག་རླངས་འཁོར་ལས་བབས་བྱུང་།
“བཀྲ་ཤིས།”ལྷ་མོ་གཡུ་མཚོས་གཡས་ལག་མཁའ་ནས་གཡུག་གཡུག་བྱེད་བཞིན་ཕར་བརྒྱུགས་སོང་།
“ཨ་ཅེ་གཡུ་མཚོ།”བཀྲ་ཤིས་ཀྱི་གདོང་ལ་སྤྲོ་སྣང་གློ་བུར་བ་ཞིག་རྒྱས་བྱུང་།
“ཁྱོད་རང་བདེ་བླག་ངང་ནས་སླེབས་བྱུང་བ་ཧ་ཅང་ལེགས། ངས་འདི་གར་ཁྱོད་ལ་དུས་ཡུན་རིང་པོར་བསྒུགས་ནས་བསྡད་པ་ཡིན།”
“ཨ་ཅེ་གཡུ་མཚོ། བཀའ་དྲིན་ཆེ།”བཀྲ་ཤིས་དགའ་སྟེ་ཅི་ཞིག་བྱ་དགོས་པའང་མི་ཤེས།
ཁོ་གཉིས་ཀས་རླངས་འཁོར་གྱི་གཞུག་སྒམ་ལས་འདྲུད་སྒམ་ཆེན་པོ་ཞིག་རླངས་ཏེ་སློབ་གྲྭའི་སྒོ་ཆེན་ཕྱོགས་ལ་འགྲོ་བཞིན་པའི་སྐབས་སུ། ལྷ་མོ་གཡུ་མཚོས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར“བཀྲ་ཤིས། ཁྱོད་རང་འདི་གར་ལོངས་དང་། བདག་གིས་ཁྱོད་ལ་དྲན་རྟེན་གྱི་འདྲ་པར་ཞིག་རྒྱག་ཡ”ཟེར་ནས་ལག་གི་འདྲུད་སྒམ་གྱི་ཡུ་བ་བཀྲ་ཤིས་ཀྱི་ལག་ལ་བཞག་སྟེ། ཕྱི་ཕྱོགས་སུ་གོམ་པ་ཁ་ཤས་སྤོས་ཏེ་ལག་ཁྱེར་ཁ་པར་གྱི་ཤེལ་ཡོལ་མིག་སྒོར་གཏད་དེ་བལྟས་པ་ན། བཀྲ་ཤིས་ནི་འདྲུད་སྒམ་འགྲམ་ན་ཞེད་སྣང་དང་བཅས་ལངས་འདུག་པ་མཐོང་བས། ཁོ་མོའི་སེམས་ལ་རེ་ཐག་ཆད་པའི་སྡུག་སྣང་གློ་བུར་བ་ཞིག་འཕོས་བྱུང་མོད། གདོང་ལ་ཉམས་སྣང་ཅི་ཡང་མེད་པའི་འཛུམ་མདངས་བཅོས་མ་ཞིག་བསྡུས་ནས“བཀྲ་ཤིས། འཁུམས་ནས་འདུག་མི་དགོས། འདི་ལྟར་སྡོད་དང”ཞེས་བརྗོད་དེ་གོང་མཛུབ་དང་དཀྱིལ་མཛུབ་ཀེར་འདུག་པའི་གཡས་ལག་གྱེན་ལ་བསྲིངས་པ་ན། བཀྲ་ཤིས་ཀྱིས་ཀྱང་སྤྲེའུས་མི་ལ་ལད་མོ་བྱེད་པ་ནང་བཞིན་གཡས་ལག་གཡས་ལག་གྱེན་ལ་བསྲིངས་ཏེ་མཛུབ་མོ་གཉིས་ཀ་ཀེར་བྱུང་མོད། གདོང་ནི་ཅི་ཞིག་གཏིང་དོན་མ་དཔོག་པའི་རྨོངས་ཉམས་ཆེན་པོས་བཟུང་འདུག
“ཨ་ཅེ་གཡུ་མཚོ། ལག་པ་གྱེན་ལ་སློང་ལུགས་འདིས་ཅི་ཞིག་སྟོན་བཞིན་ཡོད་དམ།”བཀྲ་ཤིས་ཀྱིས་རྟབ་རྟབ་པོར་དེ་ལྟར་དྲིས།
“བཟོ་ལྟར་ཡིད་འཇོག་བྱོས། ལག་བརྡ་འདི་ཉིད་ཀྱིས་བདག་ཅག་གིས་ལྷ་རྒྱལ་ལོ་ཞེས་བརྗོད་པའི་སྐབས་ཀྱི་མཚོན་དོན་དེ་སྟོན་བཞིན་ཡོད།”ལྷ་མོ་གཡུ་མཚོས་ཉམས་སྣང་ཅི་ཡང་མེད་པར་དེ་ལྟར་བརྗོད།
བཀྲ་ཤིས་ཀྱི་སེམས་སུ་དོགས་གཞི་ཆེན་པོ་ཞིག་གིས་འཁྱུག་འགྲོས་བྱས་སོང་། ལག་པ་མཁའ་ལ་བསྲིངས། མཛུབ་མོ་གནམ་ལ་ཀེར་པ་ནི་རྣམ་པར་རྒྱལ་བའི་བརྡ་ཡིན་ནམ། དངོས་འབྲེལ་སློབ་གྲྭ་ཆེན་མོ་ཟེར་བ་འདི་ན་རང་གིས་མི་ཤེས་པའི་ཤེས་བྱ་མང་པོ་ཞིག་གསང་སྟབས་ཀྱིས་གནས་འདུག་པ་འདྲ། ཁོས་ཡིད་སེམས་ལ་རྣལ་ལ་ཕབ་སྟེ་དོགས་གཞི་དེ་ལ་བསམ་གཞིག་བྱས་པ་ན། ལྷ་མོ་གཡུ་མཚོས་ཁོ་རང་ལ་འདྲ་པར་ག་འདྲ་ཞིག་བརྒྱབ་སོང་བའང་མ་ཤེས།
སྟོན་གྱི་ཉིན་མོ་འདིར། པེ་ཅིང་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་སྤྲིན་པ་ལེབ་མོ་ཞིག་དལ་གྱིས་ལྡང་བཞིན་མཆིས་ལ། རྨ་རྒྱལ་སྦོམ་རའི་མཁའ་དབྱིངས་སུ་སྤྲིན་དཀར་ལེབ་མོ་སྣ་ཚོགས་གཅལ་དུ་བཀྲམ་འདུག་པ་དང་། སྤྲིན་གྱི་བར་མཚམས་སུ་བྱ་རྒྱལ་རྒོད་པོས་ལྡིང་སྐོར་བྱེད་བཞིན་གདའ།
སྤྲིན་དཀར་གྱི་འོག་ཏུ། སྟོན་གྱི་རི་ལུང་དང་སྤང་ལྗོངས་ནི་རླབས་ཕྲེང་གཡོ་བའི་གསེར་གྱི་མཚོ་མོ་ཡོངས་སུ་དཀག་པ་དང་མཚུངས་ལ། རི་འདབས་རྣམས་སུ་གཅལ་དུ་བཀྲམ་འདུག་པའི་སྦྲ་ནག་ནི་མཚོ་མོའི་ཀློང་གི་གྲུ་ཡོར་དང་གཉིས་མེད།
ཉིན་གཅིག་གི་ཁྱིམ་ལས་ཡོངས་སུ་རྫོགས་རྗེས། བསམ་གཏན་སྒྲོལ་མ་སྦྲ་ནག་ནང་རོལ་གྱི་གྲིབ་བསིལ་འོག་ཏུ་བསྡད་དེ། ལུས་སེམས་གཉིས་ཀ་ལྷོད་ནས་ངལ་གསོའི་ལས་ལ་རོལ་བྱུང་། སྐབས་ཤིག་ལ། རྒྱང་རིང་གི་ཕྱོགས་ནས་སྦག་སྦག་གི་སྒྲ་ཞིག་གསལ་ལ་མི་གསལ་ངང་ནས་གྲགས་བྱུང་བ་དང་། སྒྲ་དེ་དུས་ཀྱི་འགྲོས་དང་བསྟུན་ཏེ་རིམ་བཞིན་ཇེ་གསལ་ནས་ཇེ་གསལ་ལ་སོང་བ་ན། བསམ་གཏན་སྒྲོལ་མས་རང་གི་ཁྱོ་ག་ཁྱིམ་གྱི་ཕྱོགས་ལ་ཡོང་གིན་ཡོད་པ་རྟོགས་པས། མྱུར་མོར་ལངས་ཏེ་བཟའ་བཏུང་གཡོ་སྦྱོར་གྱི་ལས་ལ་ཞུགས་སོང་།
“བསམ་གཏན་སྒྲོལ་མ། བཀྲ་ཤིས་ཀྱིས་འདྲ་པར་ཞིག་བསྐུར་འདུག”མགོན་པོ་སྦྲ་ནང་ལ་འཛུལ་མ་ཐག་དགའ་སྤྲོ་ཆེན་པོ་དང་བཅས་དེ་ལྟར་བརྗོད།
“བདེན་ནམ། ཁྱོད་ཀྱིས་རྫུན་བཤད་པ་མིན་ནམ།”བསམ་གཏན་སྒྲོལ་མ་ནི་རང་གི་རྣ་བར་ཡིད་མི་ཆེས་མོད། གདོང་ལ་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད་པའི་ཉམས་ཤིག་ཤར་འདུག
“བདེན་པ་ཡིན། ངས་ཁྱོད་ལ་རྫུན་བཤད་མྱོང་ངམ།”མགོན་པོས་མྱུར་མོར་རུམ་གྱི་འདྲ་པར་དེ་བླངས་ནས་ཆུང་མའི་ལག་ལ་བཞག
བསམ་གཏན་སྒྲོལ་མ་འདྲ་པར་ངོས་ལ་ཅེར་པ་ན། བཀྲ་ཤིས་ཀྱི་ངོ་གདོང་གསལ་པོར་མཐོང་མོད། འོན་ཏེ་ཞིབ་ཏུ་ཡང་ཡང་ལྟ་སྐབས་མིག་ཟུང་ལས་མཆི་མ་རང་དབང་མེད་པར་བཞུར་བས། བཀྲ་ཤིས་ཀྱི་གཟུགས་རིས་རིམ་བཞིན་མག་མོག་ཏུ་གྱུར་སོང་ལ། མོས་མྱུར་མོར་མིག་ཆུ་ཕྱིས་ཏེ་ཞིབ་ལྟ་བྱས་པ་ན། བུ་ཆུང་གི་བཞིན་རས་སླར་ཡང་མིག་ལམ་ལ་མངོན་བྱུང་། ཁོ་མོས་འདི་ལྟར་འདྲ་པར་ལ་ཡང་ནས་ཡང་དུ་བལྟས་པ་ན། བཀྲ་ཤིས་ཀྱིས་གཡས་ལག་གནམ་ལ་བསྲིངས་ཏེ་མཛུམ་མོ་ཀེར་འདུག་པ་མཐོང་བྱུང་བས། ཡིད་སེམས་ཀྱི་དགའ་སྣང་དེ་སྐད་ཅིག་ཉིད་ལ་བོར་སོང་།
“མགོན་པོ། ཁྱོད་ཀྱིས་ལྟོས་དང་། བཀྲ་ཤིས་ཀྱིས་འུ་གཉིས་ཀར་བརྡ་ཞིག་སྟོན་བཞིན་ཡོད་པ་འདྲ།”བསམ་གཏན་སྒྲོལ་མས་བྲེལ་འཚུབ་དང་བཅས་བཤད་ནས་འདྲ་པར་ཁྱོ་གའི་ལག་ལ་བཞག
མགོན་པོས་འདྲ་པར་ལ་ཞིབ་ཏུ་བལྟས་པ་ན། ཐོག་མར་བཀྲ་ཤིས་ཀྱིས་ལག་པ་གནམ་ལ་བསྲིངས་འདུག་པ་མཐོང་བ་དང་། དེ་ནས་ཞིབ་ཏུ་བལྟས་པ་ན་མཛུབ་མོ་ཀེར་འདུག་པ་མཐོང་བྱུང་། ཁོ་རང་གིས་ཅི་ཞིག་སྟོན་བཞིན་ཡོད་དམ། གདོང་ལ་སྡུག་ཉམས་ཤིག་བསྡུས་འདུག་པར་གཞིགས་ན་སྡུག་བསྔལ་ཞིག་ལ་འཕྲད་པ་འདྲ། སྡུག་བསྔལ་ཅི་ཞིག་ལ་འཕྲད་པ་ཡིན་ནམ། ཁོ་རང་སྡུག་བསྔལ་ཅི་ཞིག་ལ་འཕྲད་སྲིད་དམ། གྲོན་དངུལ་རྫོགས་སོང་བ་ཡིན་ནམ།
མགོན་པོ་བསམ་གཞིག་གི་ལས་ལ་རོལ་ཏེ་ཁ་རོག་གེར་བསྡད། མཛུབ་མོ་གཉིས། གྲངས་ཀ་ཞིག་སྟོན་བཞིན་འདུག སྒོར་མོ་མཁོ་བ་ཡིན་ནམ། ……འོ་རེད། སྒོར་མོ་ཉིས་བརྒྱ་མཁོ་ཞེས་བརྗོད་བཞིན་ཡོད་པ་འདྲ། རེད། དེ་འདྲ་ཡིན་དགོས།
“བཀྲ་ཤིས་ཀྱིས་བརྡ་ཅི་ཞིག་སྟོན་བཞིན་འདུག”
“སྒོར་མོ་ཉིས་བརྒྱ་མཁོ་ཞེས་བརྗོད་བཞིན་གདའ།”མགོན་པོས་ཅི་ཞིག་གི་དོན་རྟོགས་པ་བཞིན་བདེན་ཅོག་ཅོག་གིས་དེ་ལྟར་བཤད།
“ཁ་པར་རྒྱག་སྐབས་ཅི་ཡང་མི་མཁོ་ཞེས་བཤད་པ་མ་ཡིན་ནམ།”
“བཤད་མ་ཕོད་པ་རེད།”
“ཕ་མ་གཉིས་ཀར་བཤད་མི་ཕོད་པའི་གཏམ་ཞིག་ཡོད་དམ།”བསམ་གཏན་སྒྲོལ་མ་ནི་ཁྱོ་གའི་གཏམ་ལ་ཡིད་མི་ཆེས།
“བཀྲ་ཤིས་ནི་གནས་ལུགས་རྟོགས་པའི་བྱིས་པ་ཡ་རབས་ཤིག་ཡིན་པས། ཕ་མ་གཉིས་ཀའི་སྒོར་མོ་མང་པོ་བརླགས་སོང་སྙམ་སྟེ། ཁ་པར་བརྒྱུད་ནས་དངོས་སུ་འཆད་མ་ཕོད་པ་རེད།”མགོན་པོས་ཁ་ཚོན་བཅད་ནས་དེ་ལྟར་བཤད།
བསམ་གཏན་སྒྲོལ་མས་ཁྱོ་གའི་ལག་གི་འདྲ་པར་བླངས་ཏེ་སླར་ཡང་ཞིབ་ལྟ་ལན་ཞིག་བྱས་རྗེས། མགོན་པོའི་གཏམ་ལ་འཐད་པའི་བརྡ་ལ་མགོ་བོ་ལྡེམ་ལྡེམ་བྱས།
2
རླུང་བུ་འཇམ་པོ་ནུབ་ནས་ཤར་ལ་ལྡང་བཞིན་གདའ།
རླུང་གི་རྒྱུ་བ་དང་བསྟུན་ནས། ཉི་འོད་རྒོད་པའི་གྲོང་ཁྱེར་ཆེན་པོ་འདི་ལ་བདེ་སྣང་ཟད་མི་ཤེས་པ་ཞིག་སྦྱིན་སོང་།
བཀྲ་ཤིས་དང་སློབ་གྲོགས་འགའ་གནམ་བདེ་སྒོ་མོ་ཆེའི་ཁྱམས་ཆེན་སྟེང་ལ་བསླེབས་བྱུང་ལ། ཁོ་ཚོ་ནི་སྔ་གཞུག་བྱས་ཏེ་སློབ་འབྲིང་གཅིག་ནས་མཐར་ཕྱིན་པ་རེད། དགེ་རྒན་གྱིས་འཛོམས་ལུགས་འདི་ནི་གུ་དོགས་པའི་ས་གནས་རིང་ལུགས་ཀྱི་སྤྱོད་ལམ་གྱི་གྲས་སུ་གཏོགས་པར་བརྗོད་མོད། ཁོ་ཚོར་སྣང་དོགས་ཅི་ཡང་མེད།
སློབ་གྲོགས་རྣམས་ཁྱམས་ཆེན་སྟེང་དུ་ལངས་ཏེ། རང་རང་གི་འདོད་བློ་ལྟར་གནམ་བདེ་སྒོ་མོ་ཆེའི་ཕྱོགས་མཚམས་ཀུན་ལ་ཞིབ་ལྟ་བྱེད་བཞིན་འདུག
སློབ་གྲྭ་ཆེན་མོར་སླེབས་པ་ནས་བཟུང་། བཀྲ་ཤིས་ཀྱིས་རང་གི་ཚིག་གི་འཆད་ལུགས། གོས་ཀྱི་གོན་ལུགས། ལམ་ལ་འགྲོ་ལུགས་སོགས་ཏན་ཏན་ཏིག་ཏིག་གིས་གཞན་དང་བསྟུན་པ་ན། ད་སྐབས་འདྲུད་སྒམ་དྲུད་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤར་སྒོར་བསླེབས་པའི་འབྲོག་ཕྲུག་དེའི་ཐོག་མའི་ཁྱད་ཆོས་ཡོངས་སུ་བོར་སོང་། ཁོ་རང་ཞེད་སྣང་ཅི་ཡང་མེད་པར་ཀྲོང་ངེར་ལངས་ཏེ། དལ་ལྷོད་ལྷོད་ཀྱིས་ཆུ་རྒྱུན་ལྟར་བཞུར་བཞིན་ཡོད་པའི་རླངས་འཁོར་ལ་སེམས་པ་གཡེང་ནས་སྡོད་སྐབས། མགོ་ཁྲིད་མང་པོ་དེ་གར་ལངས་ནས་མང་ཚོགས་ལ་ཕྱག་བརྡ་གནང་བཞིན་ཡོད་པའི་རྣམ་པ་དེ་སེམས་ལ་གློ་བུར་དུ་འཕོས་བྱུང་།
“ཨ་ཅེ་གཡུ་མཚོ། ང་ལ་པར་ཞིག་རྒྱོབས་དང་། འདི་ལ་ཡང་ནས་ཡང་དུ་ཡོང་བའི་གོ་སྐབས་མེད།”བཀྲ་ཤིས་ཀྱིས་མི་ཆེན་གྱི་ཕྱག་བརྡ་གནང་ལུགས་ལྟར་ལག་པ་དལ་གྱིས་གཡུག་བཞིན་དེ་ལྟར་བརྗོད།
ཚུལ་དེ་མཐོང་བ་ན། ལྷ་མོ་གཡུ་མཚོས་གདོང་ལ་ཧ་ལས་པའི་འཛུམ་མདངས་ཤིག་བསྡུས་ཏེ“ཨ་ལ། འདི་ནི་མགོ་ཁྲིད་ཆེན་པོ་རྣམས་ཀྱི་ཕྱག་བརྡ་གཏོང་ལུགས་རེད། རྨ་ཆེན་གངས་འདབས་ཀྱི་འབྲོག་ཕྲུག་ཅིག་གིས་འདི་ལྟ་བྱ་རུང་ངམ”ཞེས་བརྗོད་མོད། བཀྲ་ཤིས་ལ་ཉམས་སྣང་ཅི་ཡང་མེད།
“ཨ་ཅེ་གཡུ་མཚོ། མྱུར་མོར་པར་རྒྱོབས་ཡ། མི་མང་པོ་བསླེབས་ན་གོ་སྐབས་འདི་འདྲ་མེད།”
“ལགས་སོ།། རང་གི་བཟོ་ལྟར་ཡིད་འཇོག་བྱོས།”ལྷ་མོ་གཡུ་མཚོས་སློབ་གླིང་གི་པར་ཆས་དེའི་ཁག་ཅིག་རང་གི་མིག་སྒོར་གཏད་བྱུང་།
སྐབས་ཤིག་ལ། སྔར་གྱི་རླུང་བུ་འཇམ་པོ་དེ་ཤུགས་ཀྱིས་ལྡང་བ་ན། ས་གཞིའི་ལྷན་པ་དང་མཚུངས་པའི་སྦྲ་ནག་དེ་ལྷབ་ལྷུབ་ཏུ་འདར་མོད། མགོན་པོ་བཟའ་ཟླ་གཉིས་ཀ་བཀྲ་ཤིས་ཀྱིས་བསྐུར་པའི་འདྲ་པར་ལ་ཅེར་འདུག་པས། སྦྲ་ནག་རླུང་གིས་གཡོས་པ་གཏན་ནས་མ་རྟོགས།
ད་ཐེངས་བཀྲ་ཤིས་ཀྱིས་འདྲ་པར་མང་པོ་ཞིག་བསྐུར་འདུག་ལ། ཕ་མ་གཉིས་ཀྱིས་ཁོ་རང་གི་ངོ་གདོང་དཀར་པོར་གྱུར་འདུག་པ་དང་ལུས་པོ་རྒྱགས་པོར་གྱུར་འདུག་པ་མཐོང་བ་ན། སེམས་ལ་དགའ་སྣང་ཟད་མི་ཤེས་པ་ཞིག་སྐྱེས་བྱུང་བ་དང་། ལྷག་པར་ཁོ་རང་གི་པར་རྒྱག་སྐབས་ཀྱི་བཟོ་ལྟ་འདྲ་མིན་སྣ་ཚོགས་དེ་དག་མཐོང་བ་ན། ཡང་ཡང་ལྟ་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་མོད། འོན་ཏེ་གནམ་བདེ་སྒོ་མོ་ཆེའི་ཁྱམས་ཆེན་སྟེང་ནས་བརྒྱབ་པའི་འདྲ་པར་དེ་མཐོང་བ་ན། བསམ་གཏན་སྒྲོལ་མས་རང་གི་གཅེས་ཕྲུག་གི་སྤྱོད་ལམ་འགྱུར་འདུག་སྙམ་སྟེ། སེམས་པ་གཏན་ནས་མི་བདེ་བར་གྱུར།
“མགོན་པོ། བཀྲ་ཤིས་ཀྱིས་སྒོར་མོ་ལྔ་བསྐུར་དགོས་ཟེར་བཞིན་ཡོད་དམ།”བསམ་གཏན་སྒྲོལ་མས་གནད་དམ་པ་རྟོགས་པ་དེ་ལྟར་བཤད།
“རེད། དེ་ལྟར་བརྗོད་བཞིན་འདུག”
“ཁྱོད་ཀྱིས་སྒོར་མོ་སྐུར་གྲབས་ཡོད་དམ།”
“ཡོད། ཅི་རེད།”
“འདི་ལྟར་རྒྱ་ཡན་དུ་བཏང་ན། ཁོ་རང་སྒོར་མོས་བརླགས་སྲིད་པ་མ་ཡིན་ནམ།”བསམ་གཏན་སྒྲོལ་མས་ཁྱོ་གའི་བློ་ཁ་སྒྱུར་ཆེད་དེ་ལྟར་བརྗོད།
“གྲོང་ཁྱེར་ཆེན་མོར་ཅི་ཞིག་བྱེད་ཀྱང་དངུལ་ལ་བརྟེན་དགོས། སློབ་སྦྱོང་ལ་འབད་པ་བྱེད་བཞིན་ཡོད་ན། སྒོར་མོ་ཅུང་ཙམ་བརླགས་རུང་ཆོག་པ་ཡིན།”
བསམ་གཏན་སྒྲོལ་མས་ཁྱོ་གའི་བློ་ཁ་སྒྱུར་མི་ཐུབ་པ་ཤེས་པས། དངན་པ་རིང་པོ་ཞིག་ཤུགས་ཀྱིས་འཐེན་རྗེས། པར་ལ་ལྟ་མཚམས་བཞག་སྟེ་ཁ་རོག་གེར་སྡོད་དགོས་བྱུང་།
3
པེ་ཅིང་ལ་ཁ་བ་བབས་བྱུང་།
ཁ་བ་བབས་ཁ་དང་བསྟུན་ནས། ཡུལ་གྲུ་ཐམས་ཅད་ནི་འཁྱག་པས་བསྡམས་བྱུང་།
ཁ་བ་དང་གྲང་ངར་ཁྲོད་དུ། བཀྲ་ཤིས་ཀྱིས་རང་གི་མཛའ་ན་མོ་ཁྲིད་དེ་རྒྱ་ནག་ལྕགས་རི་རིང་མོར་བསླེབས་བྱུང་།
བཀྲ་ཤིས་ཀྱི་མཛའ་མོའི་མིང་ལ་ཝང་ཅའེ་ཟེར་ཞིང་། ཁོ་རང་གིས་མཛེས་སྡུག་ཡིད་དུ་འོང་བའི་གཞོན་ནུ་མ་དེ་མཐོང་མ་ཐག ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སོང་བས། ཐོག་མར་ཁོ་མོ་དགེ་རྒན་དུ་བསྟེན་ནས་རྒྱ་སྐད་དང་རྒྱ་ཡིག་སྦྱང་དགོས་ཟེར་ནས་འབྲེལ་འདྲིས་བྱས་པ་དང་། དེ་ནས་དགེ་རྒན་ལ་བཀའ་དྲིན་ཞུ་དགོས་ཟེར་ནས་གསོལ་ཁང་ཆེ་ཆུང་སྣ་ཚོགས་ལ་སོང་སྟེ་ཟས་མགྲོན་དང་ཆང་མགྲོན་བྱས། ཁོ་གཉིས་ཤིན་ཏུ་འདྲིས་པའི་སྐབས་ཤིག་ལ། བཀྲ་ཤིས་ཀྱིས་གཉིས་ཀ་ཆང་གིས་ཅུང་ཟད་བཟི་འདུག་པའི་སྐབས་དང་བསྟུན་ཏེ། རང་གི་ཚོར་བ་ངོ་མ་དེ་སྒྲོ་འདོགས་སྣ་ཚོགས་བྱས་ཏེ་ལྷུག་ལྷུག་ཏུ་བརྗོད་པ་ན། མཛེས་མའི་ཡིད་སེམས་བློང་བློང་བོར་བསྒྱུར་པ་མ་ཟད། དུས་ཀྱི་འགྱངས་འགོར་དང་བསྟུན་ནས་ཁོ་རང་གི་རེ་བ་དང་ལེན་བྱས་སོང་། དུས་དེ་ནས་བཟུང་། བཀྲ་ཤིས་གང་ལ་འགྲོ་ན་ལྷ་མོ་གཡུ་མཚོ་གཏན་ནས་འབོད་མི་སྲིད་ལ། ད་སྐབས་ཁོ་མོ་གཏན་ནས་བརྗེད་འདུག་ཅེས་ཀྱང་བརྗོད་ཆོག་པ་འདྲ།
ཁོ་གཉིས་ཀ་གླ་གཏོང་རླངས་འཁོར་ལས་བབས་མ་ཐག ཝང་ཅའེ་ཡིས་རྒྱ་སྐད་ཀྱི་ལམ་ནས“ཁ་བ་ལགས། ང་རང་ཁྱོད་ལ་དུངས་སོ”ཞེས་བརྗོད་བཞིན་ཁ་བའི་ཁྲོད་དུ་མཆོང་ལྡིང་བྱས་པ་ན། བཀྲ་ཤིས་ནི་ཝང་ཅའེ་ལ་ཅེར་ཏེ་ཀྲོང་ངེར་ལངས་ནས་བསྡད། སྐབས་ཤིག་ལ། ཁོ་མོས་ཅི་ཞིག་དྲན་པ་ལྟར“བཀྲ་ཤིས། ང་རང་ཁྱོད་ཀྱི་ཆུང་མ་བྱེད་ངེས་ཡིན་ནོ”ཞེས་བརྗོད་བཞིན་རྒྱུགས་ཡོང་སྟེ་བཀྲ་ཤིས་ཀྱི་མགྲིན་པར་འཁྱུད་པ་ན། བཀྲ་ཤིས་ནི་ཁོ་མོའི་སྐེད་པར་འཁྱུད་དེ་མཛའ་མོ་ཤུགས་ཀྱིས་སྐོར་བྱུང་།
ལྕགས་རི་རིང་མོའི་རྩིག་པའི་སྟེང་ལ་བསླེབས་རྗེས། མཐོང་ལམ་གྱི་དཀར་བང་བང་གི་རི་ལུང་ལ་ཡུན་གྱིས་བལྟས་པ་ན། ཅི་ཡིན་འདི་ཡིན་མི་ཤེས་མོད། ལུས་ལ་སྔ་ན་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་རྒྱས་བྱུང་བས། ལག་ཟུང་གནམ་ལ་བསྲིངས། མཛུབ་མོ་མཁའ་ལ་ཀེར། ངག་ནས“ལྕགས་རིང་མོ། ང་རང་ཁྱོད་ཀྱི་མགྲོན་ལ་བསླེབས་བྱུང”ཞེས་ཡང་ཡང་བརྗོད་བཞིན་མཆོང་ལྡིང་བྱས་པ་ན། ཝང་ཅའེ་ཡིས་ལག་ཁྱེར་ཁ་པར་བླངས་ཏེ་འདྲ་པར་ཡང་ཡང་བརྒྱབ་སོང་།
སྐབས་ཤིག་ལ། གཞོན་ནུ་ཕོ་མོ་གཉིས་ཀས་རྒྱ་སྐད་ཀྱི་ལམ་ནས་མགྲིན་གཅིག་ཏུ“ལྕགས་རི་རིང་མོ། ངེད་གཉིས་ཁྱོད་ཀྱི་མགྲོན་ལ་བསླེབས་བྱུང”ཞེས་བརྗོད་པ་ན། རི་ལུང་ཀུན་གྱིས་ཁོ་གཉིས་ཀའི་སྐད་ཆ་རྒྱང་རིང་ནས་རྒྱང་རིང་ལ་བསྒྲགས་སོང་།
པེ་ཅིང་གི་ལྷགས་རླུང་དེ་རྨ་ཆེན་གངས་འདབས་སུའང་ལྡང་བཞིན་གདའ།
ལྷགས་རླུང་རྒོད་པོའི་ཁྲོད་དུ། མགོན་པོས་རྫོང་མཁར་གྱི་པར་ལེན་ཁང་གྲགས་ཅན་དེ་དམིགས་ནས་མདུན་ལ་འགྲོ་བཞིན་གདའ།
སྐབས་འདིར། མགོན་པོའི་ཁོང་ཁྲོ་ཆེན་པོ་དེ་ད་དུང་ཞི་མེད་པས། ལམ་ལ་འགྲོ་དུས་ལྷགས་རླུང་ལ་གདུག་རྩུབ་ག་འདྲ་ཆེ་བ་མ་རྟོགས་ལ། སྲང་ལམ་གྱི་མི་རྣམས་ཁོ་རང་གི་གོམ་པ་སྤོ་ལུགས་ལ་ཧད་འདུག་པའང་ཚོར་མ་བྱུང་། མགོན་པོ་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་ཅིང་། བུ་མོས་རྫོང་མི་རིགས་སློབ་འབྲིང་ན་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ནོར་ལུག་རྣམས་ལ་རྫི་བོ་བློས་ཐུབ་ཅིག་གླས་ཡོད་པ་མ་ཟད། སྒོ་ཕྱུགས་ཀྱི་འཕེལ་ཀའང་ཧ་ཅང་ལེགས་པ་ན། ངལ་རྩོལ་དང་དཔལ་འབྱོར་ཕྱོགས་ན་དཀའ་ངལ་ཅི་ཡང་མེད་པས། བཀྲ་ཤིས་ལ་སྒོར་མོ་ག་ཙམ་མཁོ་ན་དེ་ཙམ་སྐུར་ཆོག འོན་ཏེ་ལྷག་པར་སློབ་གྲྭར་འགྲོ་དུས་སློབ་སྐབས་གཅིག་གི་གྲོན་དངུལ་ནི་འགྲོ་གྲོན་དངོས་ལས་རིང་དུ་བརྒལ་བ་ཞིག་བཟུང་ཡོད་པ་ན། སྒོར་མོ་ནི་འདི་ལྟར་འཛད་པར་གྱུར་ན་ག་ལ་འགྲིག ཁོས་བཀྲ་ཤིས་ཀྱི་མཛུབ་མོ་ལྔ་ཟུང་གནམ་ལ་ཀེར་བའི་འདྲ་པར་དེ་མཐོང་མ་ཐག ཕས་སྒོར་མོ་བསྐུར་ཏེ་བུ་ཆུང་རླག་བཞིན་གདའ་སྙམ་པ་ན་ཞེ་འགྱོད་བྱུང་བ་དང་། བུས་སྒོར་མོ་བཀོལ་ནས་རང་ཉིད་རླག་བཞིན་འདུག་བསམས་པ་ན་ཁོང་ཁྲོ་ཆེན་པོ་ལྡང་བས། བུ་ལའང་བསམ་དོན་བརྡ་ཡིས་སྟོན་པའི་འདྲ་པར་ཞིག་བསྐུར་དགོས་སྙམ་བྱུང་།
མགོན་པོ་པར་ལེན་ཁང་ལ་འཛུལ་བྱུང་།
“པར་བརྒྱབ་དགོས་སམ།”
“པར་བརྒྱབ་དགོས།”མགོན་པོས་གཏམ་མང་པོ་བརྗོད་མི་འདོད།
པར་རྒྱག་མཁན་གྱི་གྲ་སྒྲིག་གི་བྱ་བ་ཡོངས་སུ་རྫོགས་པ་ན། མགོན་པོ་ནི་ཡོལ་བའི་མདུན་རོལ་དུ་ལངས་ཏེ། ཉྭ་ཀུམ་ཀུམ་དང་ལུས་སྒོང་སྒོང་བྱས་པ་དང་། གྲུ་མོ་རྒྱབ་ལ་འཐེན་ཞོར་དུ་ལག་ངར་མདུན་ལ་བསྲིངས། ལག་མཐིལ་གནམ་ལ་བསྐོར་ཏེ། གནད་དམ་པ་ཞིག་ལ་ཉམས་དམས་ཆེན་པོ་བྱུང་བའི་ཉམས་ཤིག་སྟོན་བཞིན་ལངས་ནས་བསྡད་བྱུང་།
“ཁྱོད་ཀྱིས་ཅི་ཞིག་བྱེད་གྲབས་ཡོད་དམ།”པར་རྒྱག་མཁན་གྱི་གདོང་ལ་ཧ་མི་གོ་བའི་ཉམས་ཤིག་ཤར་འདུག
“ངས་པར་རྒྱག་གྲབས་ཡོད།”མགོན་པོས་ཁོང་ཁྲོ་བཅས་བདེན་ཅོག་ཅོག་གིས་དེ་ལྟར་བརྗོད།
“འདྲ་པར་འདི་འདྲ་ཞིག་བརྒྱབ་ནས་ཅི་ཞིག་བྱེད་དམ།”
“ངས་ང་ལ་སྒོར་མོ་མེད་ཅེས་འཆད་འདོད་པ་ཡིན། མི་ཆོག་གམ།”མགོན་པོའི་ཁོང་ཁྲོ་སྔར་ལས་ཇེ་ཆེར་ཕྱིན།
“……”
“པར་རྒྱོབས་ཡ། ཅི་རེད། ཁྱོད་ཀྱི་བླ་འཁྱམས་སོང་བ་ཡིན་ནམ།”
པར་རྒྱག་མཁན་གྱི་སྐྱེས་པ་དེ་མགོན་པོའི་གདོང་ལ་ཧྲིག་གེར་ཅེར་ཏེ། ཡུན་རིང་ལ་ཅི་བྱེད་འདི་བྱེད་མེད་པར་ཧད་ནས་སྡོད་དགོས་བྱུང་།
2013ལོའི་ཟླ5བའི་ཚེས31ཉིན་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།