ཁ་བ་ལྷ་མོའི་ཉེ་དུས་ཀྱི་སྙན་ངག་བདམས་བཀོད།

E2A43B16@0BB60767.155B8C54.jpg

             མེ་ལོང་འདི་རྒྱ་མ་ཞིག་ཡིན།

མེ་ལོང་གི་ཕ་རོལ་ན་ནགས་ཚལ་ཡོད
ནགས་ཚལ་གྱི་དཀྱིལ་དབུས་ན
ཚེ་སྔོན་ལས་ཀྱིས་བཏབ་པའི་སྦྲ་ཁྱིམ་སྨུག་པོ་ཡོད
ད་དུང
སྲིད་པ་ཁོང་དུ་ཆུད་པའི་ཁྱོད་ཀྱི་དཀྱེལ་ཡངས་ཡོད

མེ་ལོང་གི་ཚུར་རོལ་ན་སྡོད་དུ་མེད་པའི་དུས་ཚོད་ཡོད
དུས་ཚོད་ཀྱི་རྨིག་སྣེ་ན་ཉིན་རེ་བཞིན་རྒས་ཀྱིན་པའི་བདག་གི་ངོ་གདོང་ཡོད
མོ་ལོ་སུམ་ཅུའི་སྒང་གི་བུད་མེད་ཅིག་གི་ཆེས་ཆེ་བའི་སེམས་ཚེགས་ཡོད

མེ་ལོང་འདི མཚོ་མོ་ཞིག་ཡིན
རླབས་རིས་ཀྱི་ཁུགས་སོ་ན
རྨ་བྱ་ལས་མཛེས་པའི་ལོ་ཟླ་ཆུ་ལ་བྲིས་ཚུལ་ཡོད

མེ་ལོང་འདི སྐྱེད་ཚལ་ཞིག་ཡིན
མེ་ཏོག་གི་འདབ་ལོ་ན
བྱ་སྒྲོ་ལས་ཡང་བའི་ལང་ཚོ་རླུང་ལ་བཏགས་ཚུལ་ཡོད

མེ་ལོང་འདི རྒྱ་མ་ཞིག་ཡིན
རྒྱ་མྱིག་གི་ལྕི་ཡང་ན
རྡེའུ་དཀར་ནག་ལས་གསལ་བའི་ལེགས་ཉེས་ལས་ལ་བརྐོས་ཚུལ་ཡོད

མི་རེ་རེ་ལ་རང་རང་གི་རྒྱ་མ་རེ་ཡོད
རྒྱ་མ་དེ་མེ་ལོང་ཡིན
མེ་ལོང་དེ་རང་གི་ཨམ་ཕྲག་ན་ཡོད
                  ༢༠༡༤/༡༢/༥

             རྩྭ་ཐང་གི་ལེའུ།

རྩྭ་ཐང་ན་ནམ་ཚོད་འཛིན་མཁན་གྱི་བྱ་ཕོ་མེད་པས
སྒོ་ཁྱིའི་ཟུག་སྐད་ལྷང་ལྷང་གིས
མཛའ་བོ་ལམ་ལ་བཅུག
འབྲི་མོའི་ངུར་སྐད་ཡང་མོས
སྦྲ་ནག་གི་དུད་སྤྲིན་བསླངས

གོམ་ཆུང་ཇི་ལྟར་ཡང་མོར་བླངས་ཀྱང
ལྷམ་ཆུང་གི་ཡུ་བར་ཆུ་ཐིགས་ཀྱི་ཚེ་སྲོག་ལྷུང
ཆུ་ཐིགས་ལ་ཞེ་ཐོགས་ཆེ་བའི
མེ་ཏོག་དང་རྩྭ་ལྗང་གི་ཆག་རོ་འབྱར
ཞག་གཅིག་གམ་དུ་མའི་རྐང་འགྲོས་ཀྱིས་ཐོན་པའི་སྨུག་པ་ཡུག་གཅིག
གཡས་ནས་ནུར་ཞིང་ཡུན་གྱིས་གཡོན་ལ་ཉུག
ལུང་འདབས་བརྒྱུད་ནས་རི་རྩེར་ལྷོད་ཀྱིས་འཁྱུད

བཞོན་མ་རྡང་རིང་གང་གི་དཀྱིལ་ནས
ལམ་འགྲོ་བ་མ་ཡིན་པའི
ཡུལ་སྐོར་བ་མ་ཡིན་པའི
རྩྭ་ཐང་གི་ཁོ་ན་ཉིད་ཀྱི་སྒྲོལ་མས
ནང་སེམས་ཀྱི་མངར་སྐྱུར་ཁ་བསྐ་འོ་མ་རུ་བཞོས
ཉིན་ཞག་གི་ཚྭ་སྒོག་གཡེར་མ་འོ་ཟོ་རུ་བཏབས

ཞག་བདུན་གྱི་ལས་སྐལ་བརྩོན་ལེན་བྱེད་ཀྱིན་པའི
རེག་བྱ་ཡང་མོར་གཏད་ནས
སྨུག་པའི་ཁྲེལ་གཞུང་ལ་བསམ་བློ་འཁོར

སྨུག་པ་སྲུང་འཁོར་དུ་བླངས་ཤིང
ཆུ་བོ་སྐ་རགས་ལ་བཅངས་པའི
རྫ་རི་སྣང་སྐྱིད་དེ་ལ་སྨོན་འདུན་གྱི་མིག་མདངས་ཤོར

ཁ་མི་གྲགས་པའི་འབྲི་མོའི་བྲང་འོག་ན
ཁ་མ་གྲགས་པའི་གསང་བ་གྲངས་མེད་ཤག་ཤག་འབབ
ཤག་ཤག་འབབ
                       2014/7/9
ཉིན་གནས་རི་ཀ་བཞིའི་འདབས་རོལ་ནས།
* མཆན། ཟླ་དྲུག་པ་ཚེས་ན་ཙད་ཆེན་ཉིན་བདུན་ལ་ཁོལ་ཞིང་དེ་ལ་འབྲོག་པ་ཚོས༼དྲུག་པའི་ཙད་ལེ་ཞག་བདུན༽ཟེར་ཞིང་། ཟླ་བདུན་པ་ཚེས་ན་ཉིན་བདུན་ལ་སྨུག་ཆེན་འཐིབ་པ་དེ་ལ༼བདུན་པའི་སྨུག་གུ་ཞག་བདུན༽ཟེར།

             དགུན་ཁ་དྲོ་མི་སྲིད།

བྱེའུ་དང་ཕྱེ་ལེབ་ཚང་སོང
བེའུ་དང་ཤེའུ་ཚང་སོང
ཕྱུར་བ་སྐོལ་བ་དང་འོ་མ་དཀྲོག་པའི་ལས་ཀ་ཡང་ཚང་སོང

བལྟས་ཚོད་ཀྱིས་ནམ་རྒྱུན་གྱི་དབྱར་ཁ་དང་གཉིས་སུ་མ་མཆིས་པའི་དབྱར་ཁ་འདིར
འོ་ཇ་ཚ་མོ་འདྲེན་ས་ཞིག་མ་ཚང
མལ་ཆས་དྲོན་མོ་གཡོག་ས་ཞིག་མ་ཚང
བྱམས་བརྩེའི་མདངས་ཀྱིས་བུ་ཕྲུག་ཚོའི་གདོང་ལ་གཏད་ཡོད་པའི་སྤྱན་མིག་ཆ་གཅིག་མ་ཚང
ཁྱིམ་ཚང་འདི་ལ་ཕུ་བོའི་མིང་གིས་འབོད་དགོས་བྱུང
མགོ་ཐོག་གི་ནམ་མཁའང་རྦད་དེ་འགྱུར་སོང

ད་ནི་དགུན་ཁ་རེ་རེ་སོ་སོ་ནས་དྲོ་མི་སྲིད
དབྱར་ཁ་ནས་བཟུང་གངས་འཁྱགས་ཀྱི་འགོ་བརྩམས་པས
མཚན་མོ་རེ་རེ་མུན་ནག་གི་ཡང་རྫོང་ཡིན་སྲིད
ཨ་མའི་དབུ་སྐྲ་གཅིག་པུ་ཉིན་རེ་ནས་ཉིན་རེར་ཇེ་དཀར་ནས་ཇེ་དཀར་ཡིན་པ་ལས

གང་ནའང་མེད་ཅིང་གང་ནའང་ཡོད་པའི
ངག་ནས་མི་ཕོད་པའི་ཅི་ཞིག
ལག་ནས་མི་ཕྲིས་པའི་ཅི་ཞིག
ཡང་ཡང་མིག་མཐའི་གཤེར་ཁུ་རུ་གྱུར་ཀྱང
མཁོ་མེད་ཀྱི་ཆུ་ཐིགས་དག་ལ་མིག་མཐའི་སྐྱི་པགས་སྐྲངས་སྦས་ཀྱི་ནུས་པ་ཙམ་ལས་ཅི་ཞིག་ཡོད

ངས་འདིའི་སྐོར་གྱི་སྡུག་ཡུས་སུ་ལའང་བརྗོད་མི་འདོད
ང་ཚོད་ཚོད་དུ་བྱ་རྒོད་པོ་ཞིག་གི་གཤོག་འགྱུ་ལ་འཁོར་ནས་དད་མོས་ཀྱི་མིག་ཟུང་བཙུམ
དེའི་སྒྲོ་མགོ་སྒྲོ་རྟིང་ན་ལུང་བ་ཕ་གིའི་སྐད་ཆ་ཡོད

ང་ཚོད་ཚོད་དུ་བྱེའུའི་ཚོགས་ཀྱི་འཕུར་ལུགས་ལ་ཅེར་ནས་མཆི་མ་འཁྲིགས
ཁོ་ཚོས་ལེན་གྱིན་པ་དག་ཞིང་གི་གླུ་གཞས་ཡིན

ང་ཚོད་ཚོད་དུ་སྐར་ཚོགས་ལ་ཅེར་ནས
ཉི་ཟླ་ལ་ཅེེར་ནས སྤྲིན་པ་ལ་ཅེར་ནས་་ ་་་
ང་བར་སྣང་གི་ཡོད་དོ་ཅོག་ལ་ཅེར་ནས
ལྷ་ཚོགས་ལ་གསོལ་བ་ཤུགས་ཀྱིས་བཏབ
ལྷ་སྒྲུང་ཡོད་ཚད་ལ་ཡིད་ཆེས་ཤུགས་ཀྱིས་བྱས
་་་ ་་་
                  ༢༠༡༤/༩/༡༡

              ཡང་ཆར་བ་འབབ་རྒྱུ་ཡིན་འདྲ།

ཡང་ཆར་བ་འབབ་རྒྱུ་ཡིན་འདྲ
སྲུབས་ཀས་སྲུབས་ཀ་མཐུད་པའི་གོས་ཆེན་དེ་སྤྲིན་པ་རེད
སྤྲིན་པས་སྤྲིན་པ་འཐབ་པའི་རི་མོ་དེ
ས་གཞིའི་ལུས་པོ་ཤ་སྦངས་སྐྱི་སྦངས་བྱས་ཚར་རྗེས
གར་སོང་རྗེས་མགོ་མི་ནོན་པའི་གསོལ་སྟོན་གཟབ་རྒྱས་ཤིག་གི་སྟ་གོན་རེད

ཡང་ཆར་བ་འབབ་རྒྱུ་ཡིན་འདྲ
བདེན་པ ཉི་ཐིག་སྐྲ་ཉག་ཙམ་པོ་དེས
འཁྱགས་ཐག་ཆོད་པའི་སྒལ་གཞུང་དྲོས་ལོང་མ་བྱུང

ཡང་ཆར་བ་འབབ་རྒྱུ་ཡིན་འདྲ
ཁ་སང་ཁེ་ཉིན་གྱི་ཉི་མ་དེ་དྲན་སྣང་ཁྲོད
ཀུན་ནས་སྒོར་ཞིང་ཀུན་ནས་དྲོ་བ་འདྲ

ཡང་ན མི་སེམས་ནི་ནམ་ཡང་ཁ་དགང་ཐབས་མེད་པའི་ཁུག་མ་སྟོང་བ་ཞིག་ཡིན་ཤག
ཉི་དུས་སུ་ཆར་བ་དྲན་ཞིང
ཆར་དུས་སུ་ཉི་འོད་ཁོ་ན་བསམ་ཡོང་བ་འདི་ཡིས་ཀྱང
                         ༢༠༡༤/༧/༦

              རྨི་ལམ་ནས་ཡུལ་མགོ་ལོག་ལ་འཁྱམས་པ།

རྨི་ལམ་ནས་ང་གྲང་གི་མི་འདུག་མོད
དགུན་སླག་ཁ་ཆོན་མ་ཞིག་ཡོད་པ་ཁྱེར་མ་ཡོང་ཟེར་ནས་འགྱོད་ཀྱིན་འདུག
མགོ་ལོག་ན་རྡོ་སོལ་མེད་པས་དགུན་སླག་ཁ་ཆོན་མ་དེ་གྱོན་ན་ནག་པོ་བཟོས་མི་ཡོང
ཤུ་རེ ཕ་ཡུལ་རྒྱང་ཐག་རིང་དྲགས་པས
ད་ནི་འཕྲོད་ཐབས་ཤིག་མེད་ཟེར་ཞིང་སྔམ་པ་འཐེན་གྱིན་འདུག

རྨི་ལམ་ནས་ང་མགོ་ལོག་ན་འདུག
མགོ་ལོག་ནས་ང་ཡུལ་མི་རྒན་པོ་ཞིག་དང་འཕྲད་བྱུང
ཕན་ཚུན་ངོ་མི་ཤེས་ཀྱང་ཨ་ཙི་ཕ་ཡུལ་གཅིག་པ་རེད་ཟེར་ཞིང
ཞེ་དུངས་དུངས་བྱེད་ཀྱིན་འདུག
རྨི་ལམ་ནས་ཀྱང་ས་མཐའ་སྡེ་མཐར་བུད་ན་ཡུལ་མི་ཟེར་ནས་དུངས་རྒྱུ་ཞིག་ཡོད་འདུག

རྨི་ལམ་ནས་ད་དུང་མཚེར་ཤུལ་ན་བཏགས་ཡོད་པའི་ཁྱི་གུ་ནག་པོ་ཞིག་དང་འཕྲད་བྱུང
ཁ་ཨེ་སྐོམ་ཟེར་ནས་དྲིས་ན
ཆུ་གོར་ཞིག་གི་ཁ་ན་ཡོད་ཟེར
ལྟོ་ཨེ་འགྲང་ཟེར་ནས་དྲིས་ན
མིག་མཆི་མ་སྒོར་རེར་སྐད་ཆ་གང་ཡང་ལབ་མ་སོང

རྨི་ལམ་ནས་ང་མགོ་ལོག་ན་འདུག
མགོ་ལོག་ན་ཨ་མྱེས་རྨ་ཆེན་ཟེར་བའི་གངས་རི་ཞིག་ཡོད
གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཡབ་ཆེན་ཡིན
མགོ་ལོག་ན་བུ་མོ་གངས་ཅན་ཟེར་བའི་སློབ་མ་ཞིག་ཡོད
ཕ་ཡུལ་དང་གྱེས་ནས་བུད་སོང་བའི་མཛངས་མ་ན་རག་ཅིག་ཡིན
དེ་དག་ནི་ང་རྨི་ལམ་ནས་མགོ་ལོག་ལ་འཁྱམས་འགྲོ་བའི་རྒྱུ་རྐྱེན་ཞིག་ཡིན་ངེས

ང་རྨི་ལམ་ནས་པེ་ཅིན་ལ་ལོག་མི་འགྲོ་བ
ཧྲང་ཧེ་ལ་ལོག་མི་འགྲོ་བ
སྔོན་ཆད་ནང་བཞིན་ལྷ་ས་ལའང་ལོག་མི་འགྲོ་བ
ཏག་ཏག་མགོ་ལོག་ལ་ལོག་འགྲོ་བ
མགོ་ལོག་ན་ད་དུང་ཕུ་རུང་རིང་བོའི་ཁུད་ལ་གཅུད་པའི་རྩུབ་རེག་ཉུང་ཙམ་ལུས་ཡོད་པས་ཡིན་སྲིད
མགོ་ལོག་ནས་རྩིད་པའི་འུར་ཆ་དང་ལྕགས་ཀྱི་དབྱུག་པ
སྒམ་ལ་བཅུག་མེད་པར་སྐེད་པར་གསེབ་ཡོད་པས་ཡིན་སྲིད
                          ༢༠༡༤/༦/༢༠ཞོགས་པར།

              ངས་ཁྱོད་ལ།

ངས་ཁྱོད་ལ
ཆར་བ་ཟམ་ཟིམ་གྱིས་བསླེས་པའི་ཞོགས་པ་ཞིག་སྟེར
ཉི་ཐིག་སྒོར་སྒོར་དུ་འཁྱིལ་བའི་ཉིན་གུང་ཞིག་སྟེེར
ཆུ་ཕྲན་ཤག་ཤག་གི་མཚན་ལྗོངས་ཤིག་སྟེར
མཚན་ལྗོངས་ཀྱི་རྩྭ་ལྗང་གི་མིག་ཟུང་སྟེར
མེ་ཏོག་གི་མཆུ་སྒྲོས་ན་འཚེར་བའི
དུས་རླུང་གིས་མ་འཐོར་བའི་ཆུ་ཐིགས་ཀྱི་བསིལ་ཤ་སྟེར

ངས་ཁྱོད་ལ
ཚེར་མས་གཤེགས་པའི་ལམ་བུ་ཞིག་སྟེར
སོལ་བས་བྲིས་པའི་མིང་ཡིག་ཅིག་སྟེར
རྔུལ་ཆུས་བཞེངས་པའི་ཕོ་བྲང་དང་རྒྱ་ཕིབས་སྟེར
                  ༢༠༡༤/༦/༡༣

              མིག་ཟུང་བཙུམ་པ་ནི་འཇིག་རྟེན་གཞན་ཞིག

མིག་མདུན་ན་མེད་པ་དེ་དག
ནང་སེམས་ན་ཡོད་དེ
ནང་སེམས་ཁོ་ན་ལས་མྱོང་རྒྱུ་དེ་དག
མིག་ཟུང་བཙུམ་ན་ད་གཟོད་མཐོང་ཐུབ

མིག་ཟུང་བཙུམ་ན་ད་གཟོད་མཐོང་ཐུབ་པས
ཁེར་རྐྱང་གི་མཚན་མོ་རེ་རེ་ནི
སྨྲ་ལྕེ་འགུལ་མི་དགོས་པའི
རང་ཉིད་ཁོ་ན་ལ་ཁ་གྲགས་ཡོང་བའི་དུས་ཚིགས་
རེ་རེ་རེད

རང་ཉིད་ཁོ་ན་ལ་ཁ་གྲགས་ཡོང་བས
མིག་ཟུང་བཙུམ་པ་ནི
བསམ་བློ་ཁོ་ནས་ཆོད་པའི་ལམ་ཐག་འབའ་ཞིག་གོ
                ༢༠༡༤/༡༡/༦

            ཚེར་མའི་ལམ། ཚེར་མའི་གོས།

ཡུལ་ལྷ་ལྡན་ནི་རྨི་ལམ་ནས་བརྗེ་རྒྱུ་མེད་པའི་
རྒྱབ་ལྗོངས་དཀར་པོ་ཞིག
ལམ་སྐྱ་མོ་འདི་ལས་སླ་མོར་མི་གཤོག་པའི་ས་སྒང་གི་སྐ་རགས་དགུ་དཀྲིས་ཤིག
གཙང་བཞེས་གནངས་རོགས
མཆོད་ཆང་ནི་ཉིན་ཞག་གི་སྐུད་པས་བསླེས་པའི
ངའི་པང་གདན་ཁྲ་བོ་ཡིན

དཔེ་དེབ་ཀློག་ཞོར་གཉིད་ལྕོག་མ་རྒྱག་རོགས
བར་ཐག་གིས་བཙས་པའི་རི་ཆུ་འབུམ་ཕྲག་ལ་
མིག་ཟུང་གཡོར་རོགས
ཚེར་མའི་མེ་ཏོག་ཁུར་བའི་ཞལ་རས་ཆུང་ཆུང་དེ་ལ་ཡང་ཡང་གཟིགས་རོགས
མིག་མདངས་ཁོ་ན་རྫུན་མི་ལབ་པའི་སྨྲ་ལྕེ་དམར་པོ་ཡིན་ངེས
མིད་པ་མ་བརྣངས་པའི་སྔ་རོལ་ན
ཁེར་རྐྱང་གི་སེམས་པས་མི་ཐེག་པའི་སྡུག་ཡུས་ག་ཙམ་བཏེགས་ཡོད

ཚེར་མའི་མེ་ཏོག་ཁུར་བའི་ཞལ་རས་ཆུང་ཆུང་
དེའི་མིག་ཟུང་ལ་གཏད་ནས་ཡང་ཡང་འདྲི་རོགས
                     2014/4/15

             གཞིས་རྩེའི་མཚན་གཞས།

རང་སྣང་ཤེད་ཀྱིས་དཔྱངས་ནས། །
དབུས་ལམ་སེམས་ཀྱིས་བཅད་ཡོད། །
དྲིན་ཆེན་ཕ་ལོ་མ་ལོ། །
སྐུ་ཁམས་བདེ་མོ་ཨེ་ཡིན། །

ཁྱིམ་ལ་ཡོད་དུས་ཕྱོགས་དྲན། །
ཕྱོགས་ལ་ཐོན་ན་ཁྱིམ་དྲན། །
སྨན་ཆུང་ཁོག་རྒྱ་ཆུང་ན། །
ས་རྒྱ་གཅད་རྒྱུ་དཀའ་བ། །

གནས་མཆོག་བཀྲ་ཤིས་ལྷུན་པོ། །
ཡབ་རྗེ་བླ་མའི་གདན་ས། །
པཎ་ཆེན་སྣང་བ་མཐའ་ཡས། །
གཙུག་གི་ནོར་བུ་ཁྱེད་ཡིན། །

སྐྱིད་ཀྱི་གདུང་མ་ཕ་ཡིན། །
གཡང་གི་རུ་མ་མ་ཡིན། །
དྲིན་ཆེན་ཉི་ཟླ་ཆ་ཡིན། །
འཕེལ་འགྲིབ་མེད་པ་གནང་རོགས། །

སྐྱིད་ལ་བར་སྐོར་འཁོར་མེད། །
གྲགས་ལ་དགའ་ལྡན་མཇལ་མེད། །
དགའ་སྐྱོའི་ཡུལ་སྐོར་རྫོགས་མེད། །
མིག་ཆུའི་ཟིན་ཐོ་ཚར་མེད། །

འཕྱོངས་རྒྱས་གཡང་གི་གཞོང་བ། །
བང་སོ་མུ་ཏིག་ཕྲེང་བ། །
ཕྲེང་བའི་ཕྲེང་ཐག་ཆད་ནས། །
གཞོང་བ་འཇག་སྐྱ་འཕྱུར་འདུག །

སྐར་ཅུང་སྐར་མའི་གཞི་ཁྱོན། །
རྡོ་རིང་སྐར་མའི་སྒོ་སྲུང་། །
རྡོ་བ་རྨང་ནས་འགྱེལ་ཞིང་། །
རྭ་བ་ཉི་མས་གཞོབ་འདུག །

ལྷ་ལ་མཆོད་པ་ཕུལ་ཡོད། །
མི་ལ་ཐང་ག་བཞེངས་ཡོད། །
ལྷ་ཡོད་ལྷ་མེད་གཉི་ག །
འདུ་ཁང་གཅིག་ལ་འདུས་ཡོད། །

བསམ་ཡས་བསམ་པ་མཐའ་ཡས། །
ཆོས་རྒྱལ་སྐུ་ཚེགས་བརྒྱབ་ཡོད། །
ལྷ་འདྲེའི་འཚུབ་མ་ཨེ་བཙན། །
འདུ་ཁང་རྩིབ་མ་ཨེ་བརྟན། །

སྣར་ཐང་གྱང་ཆག་ཁ་རལ། །
མཆོད་རྟེན་གསར་རྙིང་མགོ་སྦྲེལ། །
སྣུམ་གྱི་པར་ཤིང་ངོས་ལ། །
རྡུལ་གྱི་རི་མོ་འགོས་སོང་། །

ཁྱི་གུ་རྩམ་ཟན་མ་མཐོང་། །
སྤྲང་པོའི་གཞས་མོ་མ་ཐོས། །
སྐོར་ལམ་སྟོང་བ་ཆགས་དོན། །
མི་ཁྱི་གཉི་གས་ཨེ་ཡིན། །

རས་ཆུང་སྒྲུབ་པའི་ཕུག་ལ། །
མི་ལའི་ཕྱག་འཁར་མཇལ་ཡོད། །
གངས་ལ་ཉི་མ་ཤར་འདྲའི། །
སྐྱེས་བུ་གང་དེ་དྲན་ཡོང་། །

ཆོས་བརྩིགས་བྲག་རི་རང་འགྱིག །
པོ་ཏི་ལྕགས་ལུང་དགུ་འཁྱིལ། །
མཇལ་ཁ་ལན་གཅིག་ཞུས་ན། །
སྐྱེས་ཆེན་གང་གང་དྲན་ཡོང་། །

ཨ་ཅེ་རྒྱ་བཟའི་གསོལ་ཐབ། །
ཁང་བ་སྦུག་མར་བཅུག་ཡོད། །
གཡོས་སྦྱོར་ལས་ལ་མཁས་པའི། །
བཙུན་མོ་ཇ་མ་མཚར་བ། །

ཨ་ཅེ་རྒྱ་བཟས་གཙགས་པའི། །
ཐང་ག་ཐོག་ཁར་བཞུགས་ཡོད། །
བཟོ་དང་འཚེམ་བུར་བྱང་བའི། །
རྒྱལ་མོ་ལྷ་བཟོ་མཚར་བ། །

ལྷ་ཁང་ཀླུ་ཁང་མཇལ་ཡོད། །
མི་ཁང་ཡང་ནི་འཛུལ་ན། །
ལྷ་ལ་གསོལ་འདེབས་བགྱིས་ཡོད། །
མི་ཡང་ལབ་རེས་བྱུང་ན། །

ཨ་མ་ལགས་ཀྱི་ཞལ་རས། །
རྫ་རི་ལས་ཀྱང་སྨུག་པ། །
ཨ་མདོ་ཨ་མདོ་ཟེར་ཞིང་། །
ཤ་བཀར་རྐྱ་བཀར་བརྒྱབ་བྱུང་། །

སྒྲ་སྙན་རྒྱུད་སྐུད་བར་ལ། །
དབྱངས་ལྡན་ལྷ་མོ་ཞུགས་ན། །
གཞས་འདི་བཙན་པོའི་འཁོར་ལ། །
རེ་རེ་བཞིན་དུ་འཕྲོད་ན། །
           ༢༠༡༤/༢/༡༣ནམ་གུང་ཆུ་ཚོད་གསུམ་པ་ལ་གཙང་བཀྲ་ཤིས་ལྷུན་པོའི་འདབས་རོལ་ནས།

             འབྱེད་སྡུད་དྲི་བ་ལ་འཇུག་པ།

        ༡
ཕར་བལྟས་རི་བོ་བྲག་དཀར་མཐོང་ངམ། །
ཚུར་ཉན་ཁམ་པ་སྔོ་རིང་གསན་ནམ། །
ཟླ་དཀར་ལྷ་མོའི་ཞལ་རས་གཤམ་ན། །
དུ་སྤྲིན་གྱ་གྱུར་རྒྱུ་བ་གཟིགས་སམ། །

གློག་འོད་གསལ་ལེ་བ་ཞིག་སྣང་ངམ། །
ཁང་ཁྱིམ་གྲུ་བཞི་མ་ཞིག་རིག་གམ། །
དར་གོས་ཟབ་བུའི་དྲ་ཡོལ་ངོས་ནས། །
མིག་ཟུང་སྐྱོ་ལེ་བ་ཞིག་ཟིན་ནམ། །

ཆིབས་ཁ་བསུ་ལ་འཚང་ཁ་རྒོད་དམ། །
སྐྱེམས་ཆང་འགྱོག་ལ་འཚུབ་ལོང་ཆེ་འམ། །
ཁྲུང་དཀར་གང་ཞིག་གཙང་བཞེས་གནང་ངམ། །
ད་རུང་སུམ་སྒྲོན་མཉེས་དག་བྱེད་དམ། །

གསེར་སྒ་དངུལ་སྲབ་མར་ཁྱིམ་ལེན་ནམ། །
ཆིབས་རྟ་གཡུ་ཆུང་སུམ་སྒྲོག་བྱེད་དམ། །
རྩིས་ཆེན་གང་ཞིག་ཞེ་ལ་སྦྲུམ་མམ། །
སྦྲ་ཆེན་ཚང་ནས་ད་རུང་བཞུགས་སམ། །

             ༢
གཉིད་གུང་བྱེའུ་ཆུང་གྱུར་གྱུར་གྲགས་སམ།།
སྔས་གོང་ཉི་འོད་ཟེགས་མ་ཐོར་རམ། །
ཞག་གཅིག་རྨི་ལམ་གཏོང་མཚམས་འཇོག་གམ། །
ཞལ་འཛུམ་དང་བཅས་རྐང་ལག་རྐྱོང་ངམ། །

སྒེའུ་འགྲམ་རྐང་བ་དལ་མོས་བསྐྱོད་དམ། །
འབྲོག་ས་འདི་ལ་ཡང་གཅིག་བལྟ་འམ། །
ཞོགས་པ་དང་པོར་ཁམས་འདྲི་གཏོང་ངམ། །
ཉི་ཤར་ཐོག་མར་བདེ་ལེགས་ཟེར་རམ། །

ཕྲག་གོང་དབུ་ལོ་རླུང་བུས་སྒུལ་ལམ། །
གཡུ་ཡི་རྣ་ཆ་ལྡེམ་ལྡེམ་གཡོ་འམ། །
གཟབ་འཕྱོར་སྤྲས་ཤིང་གསོལ་སྟོན་ཆས་སམ། །
ཕྱི་མིག་མང་པོས་མི་བདེར་གཏོད་དམ། །

ངག་གི་གཞས་ཆུང་ལྷོད་ཀྱིས་འགུག་གམ། །
གཟི་ཡི་སྤྱན་ཆུང་ངང་གིས་ཟུམ་མམ། །
འདབ་བརྒྱའི་ཚལ་ལ་གཡོ་འཁྱོམ་ཆེ་འམ། །
ཁྲུང་ཞུ་མ་ལགས་ཡང་གཅིག་འདྲེན་ནམ། །

                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་ལྷ་མོའི་ཉེ་དུས་ཀྱི་སྙན་ངག་བདམས་བཀོད།

2014-12-14 ཁ་བ་ལྷ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།