རྩོམ་པ་པོ་ཁྲི་སེམས་དཔའི་བརྩམས་སྒྲུང་བདམས་བཀོད།

IMG_1186.jpg

               ང་ནི་བོད་ཀྱི་རྩོམ་པ་པོ་ཞིག་ཡིན།

  ང་ནི་བོད་ཀྱི་རྩོམ་པ་པོ་ཞིག་ཡིན།ངས་རྩོམ་རིག་ལ་དད་གུས་བླ་ལྷག་ཏུ་བྱེད་བཞིན་ཡོད།
  ཕྱིར་དྲན་ཞིག་བྱས་ཚེ། ཕལ་ཆེར་ལོ་ངོ་ཉི་ཤུར་ཉེ་བའི་རིང་དུ། རྩོམ་རིག་ལ་བཅངས་པའི་དད་འདུན་རྣམ་དག་དེ་ཡིས། ང་ལ་འཚོ་བའི་དགའ་ཞེན་སྐྱེད་སྲིང་དང་། འཇིག་རྟེན་གྱི་མཐོང་ཐོས་རེག་ཡུལ་དུ་གྱུར་པའི་བྱ་དངོས་དག་ལ་གོ་བ་གསར་དུ་བསྩལ། གལ་ཏེ་ང་འདྲའི་དགའ་ཕྱོགས་མང་པོ་དབེན་པའི་མི་ཞིག་ལ་མཚོན་ན། རྩོམ་རིག་ཟེར་བའི་དགའ་མ་འདི་མེད་ཚེ། ངའི་གནས་བབ་ཇི་ལྟ་བུ་ཞིག་ཡིན་པ་ང་རང་གིས་ཀྱང་དཔོག་ཐབས་བྲལ།
  ང་ནི་ཨ་མདོའི་རོང་ཁུལ་ཞིག་ཏུ་འཚར་ལོངས་བྱུང་བ་ཡིན་མོད། དང་ཐོག་རྩོམ་ལ་འཇུག་དུས་ངས་བསམ་པར་རང་མི་རིགས་ཀྱི་གནས་བབ་མཚོན་པའི་རྩོམ་ཡིག་ཅིག་བྲི་དགོས་ཚེ། ངེས་པར་དུ་གངས་རི་དང་རྩྭ་ཐང་། ད་དུང་འབྲོག་པའི་འཚོ་བ་བྲི་དགོས་སྙམ། དེ་ནི་མི་རིགས་གཞན་གྱིས་བོད་ཅིག་ཡིན་ཚེ་རྩྭ་ཐང་དུ་རྫི་གླུ་ལེན་ཞོར་ཕྱུགས་ཟོག་སྐྱོང་བ་དང་། བཏུང་བ་འོ་ཇ་དང་ཟ་བ་སྐམས་ཤ་ཡིན་པར་འདོད་པ་དང་གཅིག་མཚུངས་རེད། དོན་དུ་བོད་ཁུལ་མང་ཆེ་ཤོས་སུ་ཞིང་ལས་གཙོ་བོར་འཛིན་པ་དང་། ཉི་ཤར་དང་འགྲོགས་ནས་ལས་ཀར་འགྲོ་ལ། ཉི་ནུབ་དང་ཆབས་ཅིག་ངལ་གསོ་བའི་འཚོ་བའི་མུ་རྒྱུན་སྐྱོང་བ་རེད། དེར་བརྟེན། ད་ལྟ་སེམས་ལ་དྲན་ཚེ། སྐབས་ཐོག་དེར་རང་ལ་ཆ་ཡོད་པའི་རྣང་མ་དང་ལོ་ཏོག་བསྐྱུར་ནས། རང་ལ་རྒྱུས་མེད་པའི་གངས་རི་དང་རྩྭ་ཐང་བྲིས་པ་ནི་ཅི་འདྲའི་ནར་མ་སོན་པའི་དྲན་ཚུལ་ཞིག་རེད་ཨང་།
  བོད་ཅིག་ཡིན་པའི་ཆ་ནས། མེས་པོ་དྲིན་ཆེན་པོ་རྣམས་ཀྱིས་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་ཡོད་པ་རེད། རྩོམ་འབྲི་མཁན་ཞིག་ལ་མཚོན་ན་གཞས་དང་གནའ་གཏམ་དང་ལྷ་སྒྲུང་སོགས་ནི་ལྷག་ཏུ་རྩོམ་རིག་གསར་རྩོམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཏུ་མཐོང་བས། ཁོ་བོས་དེ་དག་གི་ཚིག་སྦྱོར་དང་ནང་དོན་ལ་མྱོང་རོལ་བྱེད་དུས། ནམ་ཡང་སེམས་པ་འགུལ་ཞིང་ཚོར་བ་བྲུགས་པར་བྱེད། དཔེར་ན། འཛམ་གླིང་ཐོག་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་སྟེ། རྨ་འབྲིའི་རྒྱུན་ལ་འགྲན་པའི་གེ་སེར་སྒྲུང་ལྟ་བུ་ནི་དམངས་ཁྲོད་རྩོམ་རིག་གི་ཏོག་ཡིན་པས། དེའི་ནང་གི་གསོན་ཉམས་ལྡན་པའི་ཞིབ་འབྲི་དང་། མར་དྲི་རྩམ་དྲི་བྲོ་བའི་དཔེ་འཇོག རབ་རྟོག འུད་རྗོད་སོགས་གང་གི་ཐད་ནས་ཀྱང་དཔེ་ལྟར་རུང་བ་ཤིན་ཏུ་མང་བོ་ཡོད་པས། བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ཚེ། དམངས་ཁྲོད་རྩོམ་རིག་དེ་དག་ནི་རྩོམ་འབྲིའི་དགེ་རྒན་ཞིག་དང་ཁྱད་མེད་དོ།།
  ང་ཚོས་རྩོམ་མ་འཁྱོངས་པའི་གནད་ཅིག་འཚོལ་དགོས་ན། ང་རང་གིས་བསམས་ཚེ་དེ་ནི་ནམ་ཡང་རང་ལ་ཡོད་པ་དེ་སྣང་མེད་དུ་བསྐྱུར་ནས། གཞན་གང་ཞིག་ཧབ་ཐོབ་བྱེད་པའི་བློ་དེ་དང་འབྲེལ་བ་དམ་པོ་ཡོད་པར་སྙམ། དོན་དུ་དེ་ནི་རྒྱའི་གཏམ་དཔེ་ལྟར་ན། གསེར་གྱི་ཅ་ནེ་བཟུང་ནས་ལྟོ་སློང་བ་ཟེར་བ་དང་། བོད་ཀྱི་གཏམ་དཔེ་ལྟར་ན། ནོར་བུ་ལག་ཏུ་ཡོད་དུས་ནོར་བུའི་ནོར་ངོ་མ་ཆོད་ཟེར་བ་བཞིན་ནོ།། བློ་སྐྱེད་དེ་འདྲ་གང་གིས་སྟེར་ཟེར་ན། ལ་ཏིན་མེ་གླིང་དང་ཧྥེ་གླིང་གི་གི་རྩོམ་པ་པོ་དེ་དག་ནི་དཔེ་གསོན་པོ་ཞིག་སྟེ། མར་རྒེ་སི་དང་ཧྥུ་ཨིན་སི་ཐེ་སོགས་ཀྱིས་ནོར་བུའི་ནོར་ངོ་ཆོད་པའི་རྟགས་སུ《ལོ་བརྒྱའི་ཁེར་ཧྲེང》དང་དང《ཆེས་དྭངས་གཙང་གི་ས་ཁུལ》སོགས་དང་། ཨ་ཆེ་པེ་དང་སྦིན་ཨོ་ཁི་རོས་ཀྱི《ཐོར་ཞིག》དང《བཀྲེས་སྐོམ་གྱི་ལམ》སོགས་འཇིག་རྟེན་སྐྱེ་འགྲོའི་མིག་གི་དགའ་སྟོན་དུ་བསྟར་བ་རེད། དེ་ལྟ་ནའང་། ང་ཚོས་ནམ་ཡང་གཞན་སུ་ཞིག་གི་བློ་ཁར་བསྟུན་པ་དང་མགུ་ཨེ་གང་ལ་དམིགས་དྲགས་པས། ས་ཡི་རྡོ་བཏུས་པས་རུམ་གྱི་བྲོ་ལྷུང་བའི་དཔེ་ཟླར་གྱུར་པ་རེད། དེ་ལ་མར་རྒེ་སིས་བཤད་པ་ཤིན་ཏུ་དོན་ལ་གནས་ཏེ། ཇི་སྐད་དུ།གཞན་གྱི་ཚད་གཞི་ལྟར་རང་གི་དངོས་ཡོད་གནས་ཚུལ་ལ་འགྲེལ་བ་བརྒྱབ་ཚེ།རང་ཉིད་རང་ལ་ལྐོག་གྱུར་དང་།བཀག་རྒྱ་ཇེ་མང་ནས་ཇེ་མང་།ཁེར་རྐྱང་ནས་ཁེར་རྐྱང་དུ་འགྱུར་སྲིད་དོ།།
  རྩོམ་རིག་བརྗོད་བྱའི་ངོས་ནས་བཤད་ན།རྩོམ་རིག་གིས་མིའི་རིགས་ཀྱི་ལས་དབང་ལ་དོ་སྣང་བྱ་དགོས།བོད་མི་རིགས་ནི་ཐུབ་བསྟན་ལ་དད་མོས་བྱེད་མཁན་ཞིག་རེད།ཐུབ་བསྟན་གྱི་དགོངས་དོན་ནི་བྱམས་དང་སྙིང་རྗེ་སྟེ། མིའི་རིགས་སྡུག་བསྔལ་ལས་བསྒྲོལ་པ་མ་ཟད། འགྲོ་བ་རིགས་དྲུག་དང་མར་གྱུར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པའི་ལྟ་དགོངས་ཡངས་པོ་ནི་སྲིད་ན་དཀོན་ཞིང་། ཆེས་བླ་ན་མེད་པའི་ལྟ་དགོངས་ཤིག་ཡིན་པ་སྨོས་ཅི་དགོས། འདི་ལྟ་བུའི་རྨད་བྱུང་བསམ་བློ་རྩོམ་རིག་གི་ཞིང་དུ་འདྲེན་པ་ནི་ང་ཚོའི་འོས་འགན་དང་། རྩོམ་རིག་གི་རིན་ཐང་མངོན་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པ་རེད། གཞན་ཡང་བོད་མི་ནི་རྟེན་འབྲེལ་གྱི་བདག་པོ་ཟེར་བ་སྟེ། བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་སྒྲུབ་ཀྱང་རྟེན་འབྲེལ་བརྟག་པ་ནི་བོད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པས། རྩོམ་རིག་དེ་དྲོད་ཀྱིས་བརྟས་པ་ཞིག་དང་སྨོན་འདུན་གྱིས་ཁེངས་པ་ཞིག་འཁྱོངས་པར་འབད་པ་བྱ་དགོས། མདོར་ན་བོད་ཀྱི་རྩོམ་རིག་དེ་བོད་རང་གི་ཁྱད་ཆོས་མངའ་བ་དང་། བོད་རང་གི་འཇིག་རྟེན་ལྟ་ཚུལ་དང་འཕྲོད་པ་ཞིག་ཏུ་ཅིས་ཀྱང་བརྩོན་ཐབས་བྱ་དགོས་སོ།།
  བོད་ཡིག་གི་རྩོམ་འབྲི་མཁན་ཞིག་ལ་མཚོན་ན།ང་ཚོར་ཀློག་པ་པོ་མང་པོ་མེད།དེ་བཞིན་དུ་ཚོང་ར་རྒྱ་ཆེན་པོ་དང་དཔལ་འབྱོར་གྱི་ཡོང་འབབ་སོགས་ཀྱང་གླེང་ས་མེད་པས། ང་ཚོ་ནི་དོན་ངོ་མའི་སྟེང་གི་རྩོམ་དགའ་དང་རྩོམ་རིག་ཕུགས་བསམ་དུ་སྒོམ་མཁན་འབའ་ཞིག་ཡིན་ཞེས་བཤད་ཆོག རྩོམ་རིག་ནི་རྫུན་གཏམ་ས་མི་འགྲོ་བ་ཞིག་དང་། རྩོམ་རིག་ནི་བླ་སྲོག་དང་འབྲེལ་ཞིང་།རྩོམ་རིག་ནི་རྣམ་ཤེས་དང་ཉེ་བ་ཞིག་ཡིན་པས། རྩོམ་རིག་གི་ཁེ་ཕན་རང་བཞིན་དང་རིང་དུ་བྲལ་བའི་ཕ་སྐད་རྩོམ་རིག་འདི་རྩོམ་རིག་གི་རང་མདངས་དང་ཤིན་ཏུ་ཉེ་བས། ནམ་ཞིག་བོད་ཁུལ་དུ་ལ་ཏིན་མེ་གླིང་ནང་བཞིན་རྩོམ་རིག་གི་འགས་གཏོར་ཆེན་པོ་ཞིག་བྱུང་ཚེ། དེ་ནི་བོད་ཡིག་རྩོམ་རིག་ཡིན་པའི་ཡིད་ཆེས་ཁོ་བོར་ཡོད་ཅེས་སྨྲ་བར་འདོད་དོ།།

照片 415.jpg

               སྐྱེ་བ་གཉིས་ཀྱི་འདས་དོན།

   1978ལོ། དབྱར་ཁ།
  དེ་ནི་དུས་ཚོད་ཀྱིས་རིང་དུ་བསྐྱུར་པའི་འདས་སོང་གི་ལོ་ཟླ་ཞིག

  ཉི་འོད་ནི་ནམ་རྒྱུན་ལས་ཀྱང་ཚ་བེར་བེར་བྱེད་ཅིང་། མཁའ་དབུགས་ཁྲོད་དུ་ཅི་ཞིག་མེ་ཡིས་འཚིག་པ་ལྟར་གཞོབ་དྲི་ཞིག་གིས་ཀུན་ནས་ཁྱབ། དབྱར་ཟླ་དྲུག་པའི་ཕྱི་དྲོ་དེར། ཉི་འོད་ཀྱིས་གསེར་ཆུ་བྱུགས་པའི་རི་ལ་ཐང་ཀུན་མཐའ་མེད་གཏིང་མེད་ཀྱི་ལྷིང་འཇགས་ཤིག་གི་ཁྲོད་དུ་ཁུ་སིམ་མེར་གཉིད་འདུག མངོན་གསལ་གྱིས་ནུབ་ནས་ནུབ་ཏུ་གཟུར་བའི་ཉིན་བྱེད་ཁོ་ནས་ཅི་ཞིག་བློས་མི་ཐོངས་པ་བཞིན། མི་ཡུལ་གྱི་ཕྱི་དྲོ་དེར་ཡང་ཡང་ཕྱི་མིག་བསློགས་ཏེ་འབྲལ་མི་ཕོད་པའི་རྣམ་འགྱུར་སྟོན། སྤོ་བོས་སྔོན་ལ་ལག་པ་རྒྱབ་ལག་བྱས་ཏེ་ཞིང་ཚུགས་བར་ནས་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་ཤིང་། དེ་ནས་ལག་གཡས་དཔྲལ་ངོས་སུ་བཙུགས་ཏེ་ཉི་འོད་སྒྲིབ་ཀྱིན། མདུན་ཕྱོགས་ཀྱི་སོག་ལེའི་སོ་ཁ་ལྟ་བུའི་རི་བོའི་ཚོགས་ལ་མིག་ཞགས་ཤིག་འཕངས་པ་དང་། སླར་ཡང་མིག་དབང་བསྡུས་ཏེ་ལོགས་གཉིས་ཀྱི་ཞིང་ཐང་ལ་ལྟ་ཙམ་ལྟ་ཙམ་བྱེད། ཞིང་ནང་དུ་ཐར་ཐོར་དུ་སྐྱེས་པའི་གྲོ་མྱུག་ནི་གྲོ་མྱུག་ཟེར་བ་ལས། སེར་པོ་འགྱུར་མ་རན་གོང་ནས་སེར་པོར་གྱུར་པའི་རྩྭ་ལྡུམ་ཕོན་པ་ཞིག་རེད་ཅེས་བཤད་ཆོག ཁོང་གིས་ཅི་ཞིག་བཤད་འདོད་ཀྱི་ཁ་ཤ་འཕག་ཙམ་འཕག་ཙམ་བྱས་མོད། མཐའ་མར་ཅི་ཡང་མ་ཤོད་པར་མགོ་གཅུད་དམར་པོས་ཨ་ལོང་ཞིག་བཅོས་ཏེ་གདུང་མར་བཏགས་ཤིང་། རལ་བ་སྦོམ་པོ་དེ་མགོ་ལ་དམ་པོར་དཀྲིས་རྗེས་སྐེ་ནི་རང་དབང་མེད་པ་ལྟར་ཨ་ལོང་ནང་དུ་བསྲིངས……
  དེ་ལྟར་སྤོ་བོ་ནི་ལོ་དེའི་དབྱར་ཁའི་ཕྱི་དྲོ་དེར་སྡེ་འདབས་ཀྱི་མཚམས་ཁང་ཆུང་ཆུང་དེའི་ནང་དུ་རང་ཤི་བརྒྱབ་པ་རེད། སྤོ་བོས་འཇིག་རྟེན་ལ་མཐའ་མཇུག་གི་ཕྱི་མིག་སློག་པའི་སྣང་བརྙན་དེ་ནི་ཆུང་དུས་སུ་ཞིག་གིས་ང་ལ་ཞིབ་བརྗོད་གནང་བ་འཆད་རྒྱུ་མི་འདུག་མོད། དེ་ནི་བློ་བཟོ་འབའ་ཞིག་རེད་ཟེར་ན་ང་རང་གིས་རྩ་བ་ནས་ཁས་ལེན་བྱ་མི་འདོད། ངའི་བག་ཆགས་ཀྱི་གཏིང་རིམ་ཞིག་ཏུ་དྲན་པ་དེ་འདྲ་ཞིག་བྱེད་པོ་གང་ཞིག་གིས་སྦས་པ་བཞིན་རབ་རིབ་ཅིག་ཉར་འདུག ལོ་ཟླའི་ཆར་རླུང་གིས་ཡང་ཡང་བྲན་པའི་མཚམས་ཁང་དེ་ནི་སྡེ་དཔོན་བཀོད་པ་ཅན་ཞིག་གིས་ཆེད་དུ་སྤོ་བོར་སེར་བ་འགོག་སྤྱད་དུ་བརྩིགས་པ་ཡིན། མཚམས་ཁང་དེའི་སྒོ་དྲུང་ནས་ཆོས་སྐད་ལྷང་ལྷང་ངང་འུར་སྐྱའི་ཁུད་དུ་ཡུངས་དཀར་བཞག་ནས་མགོ་ལ་བསྐོར་ཞིང་། ནམ་མཁའི་དབྱིངས་ཀྱི་སྤྲིན་ནག་གི་འདུ་འགོད་ཕྱོགས་སོར་དཀྲུགས་ཐེངས་རེ་ལ། ཁོང་གི་གདོང་གི་རྣམ་ཀུན་མཐོང་དཀོན་པའི་གཟབ་ནན་གྱི་རྣམ་འགྱུར་གསེང་ལ་འབྱར་བའི་གཟི་ཉམས་དེ། ལོ་མང་པོའི་རྗེས་སུ་ད་དུང་གྲོ་ཞིང་ཁའི་ལོ་ལོན་ཚོས་གཅིག་ཁར་གཉིས་བཏགས་ནས་གླེང་བཞིན་འདུག
  དེ་དུས་ང་རང་ད་དུང་འཇིག་རྟེན་དཀར་ངོགས་སུ་བསླེབས་མེད་དེ། ང་སྐྱེས་དུས་ནི་ཕྱི་ལོའི་སྟོན་ཁ་སྟེ་སྤོ་བོ་འདས་ནས་ཏག་ཏག་ལོ་གཅིག་དང་ཟླ་གཅིག་འགོར་མ་འགོར་ཙམ་ཡིན། སྡེ་མི་རྒན་པ་ཚོས་ང་ལ་ཁྱོད་ཀྱི་སྤོ་བོ་ནི་སྔགས་རྒན་བརྗིད་པོ་ཟེར་བ་ཡིན་ཡ། མི་ལ་གུས་ཤིང་སྐྲག་པའི་སྣང་བ་དུས་གཅིག་ཏུ་སྦྱིན་པར་བྱེད་ཟེར། ཨ་ཕས་བཤད་ཀྱང་བདག་གི་སྤོ་བོ་ནི་གཟུགས་བོངས་ཆེ་ཞིང་ཕྲག་ཞེང་ཡངས་ལ། སྤྱན་དཀྱུས་རིང་ཞིང་སྣ་བོ་ཤིན་ཏུ་ཆེ་བ་དང་། ལྷག་ཏུ་མགོ་ཡི་རལ་བ་སྦོམ་པོ་དེ་ལ་བལྟས་མ་ཉིད་ནས་གདོད་མའི་གྱད་མི་ཞིག་དང་དབྱེར་མ་མཆིས་ཟེར། དེ་ནི་བདེན་པ་བདེན་རྐྱང་ཡིན་པ་གོར་མ་ཆག་སྟེ། ཕ་རྒན་གྱིས་ཞིབ་བརྗོད་བྱས་པའི་སྤོ་བོའི་སྣང་བརྙན་དེ་ལ་འུད་བརྗོད་དང་སྒྲོ་འདོགས་ཀྱི་ཆ་ཅི་ཡང་ཡོད་མི་སྲིད། རྒྱུ་མཚན་ནི་ངའི་ཕ་རྒན་ཀུན་བཟང་གིས་ཁོའི་ཕ་རྒན་མཐོ་རིས་པོ་སྟེ་ངའི་སྤོ་བོའི་གཟུགས་བྱད་རྒྱུན་འཛིན་བྱས་ཡོད་དེ། གཟུགས་བོངས་ཆེ་ཞིང་ཕྲག་ཞེང་ཡངས་ལ། སྤྱན་དཀྱུས་རིང་ཞིང་སྣ་བོ་ཤིན་ཏུ་ཆེ་བ་དང་། མགོ་ཡི་རལ་བ་སྦོམ་པོ་བཅས་ཀྱི་སྟེང་ནས་སྤོ་བོའི་སྣང་བརྙན་ཇི་བཞིན་དུ་རྟོག་བཟོ་བྱ་ཐུབ།
  ཡིན་ནའང་། ངས་ཤེས་འདོད་ཀྱང་ཤེས་ཐབས་བྲལ་བ་ནི་སྤོ་བོས་ཅིའི་ཕྱིར་རང་ཤི་བརྒྱབ་པ་དེ་རེད།
  སྤོ་བོས་ཅིའི་ཕྱིར་རང་ཤི་བརྒྱབ་པ་ཡིན་ནམ།
  སྤོ་བོའི་རང་ཤི་བརྒྱབ་པར་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་དེ། སྤོ་བོ་དང་གྲུབ་མཐའི་ཕྱོགས་རིས་ཀྱི་དབང་གིས་ཞེ་འགྲས་སུ་སོང་ཡོད་པའི་དགེ་བོ་ལོ་ལོན་དེས་བཤད་ན། སྤོ་བོས་སེར་འགོག་གི་རིང་ལ་ལྷ་ཀླུ་གཉན་གསུམ་གྱི་ཐུགས་སེམས་མང་དུ་དཀྲུགས་པས། ལྷ་ཀླུ་གཉན་གསུམ་མ་རངས་པར་སྤོ་བོའི་སྲོག་ཕྲོགས་པ་རེད་ཟེར། ཡང་སྤོ་བོ་དང་ན་ཚོད་མཉམ་པའི་སྔགས་རྒན་རིག་འཛིན་གྱིས་བཤད་ན། སྤོ་བོས་སེར་འགོག་གི་རིང་ལ་ཕྱོགས་ལ་ལུང་གི་དཀོར་ཟས་དཀོར་ཆུ་འཐུང་དྲགས་པས་རྣམ་སྨིན་འཁོར་བ་རེད་ཟེར། སྔ་མ་ནི་གྲུབ་མཐའི་དབང་གིས་ཡིན་ཟེར་ན། ཕྱི་མ་ནི་ཕྲག་དོག་གི་སྐད་ཆ་ཁོ་ན་རེད་ཅེས་ཁ་ཚོན་བཅད་ཆོག་མོད། འོན་ཀྱང་། སྤོ་བོས་རང་ཤི་བརྒྱག་དགོས་པའི་རྒྱུ་མཚན་ནི་བདག་གི་ཕ་རྒན་ལ་ཡང་གསལ་བོ་ཞིག་འཆད་རྒྱུ་མི་འདུག
ཨ་ཕ་ནི་སེམས་ཀྱི་འགྱུ་བ་གདོང་ལ་མངོན་མཁས་པའི་མི་དེའི་རིགས་མིན་ནའང་། ཨ་ཕའི་གདོང་ལ་སྐྱོ་ཉམས་ཤིག་དོད་ཅིང་། སྔོན་ལ་དངན་པ་གཅིག་འཐེན་གཉིས་འཐེན་བྱེད་ཅིང་། དེ་ནས་གདོང་ལ་སྐྱོ་ཉམས་རབ་རིབ་ཅིག་འཁོར་ཞིང་། བདག་གི་མགོ་ལ་རེག་རེག་བྱེད་ཞོར། “མུན་ནག་གི་ལོ་ཟླ་དེའི་ནང་དུ་ཁྱོད་ཀྱི་སྤོ་བོས་མགོ་ལ་ཡོང་ཡོང་ཞིག་གཞན་གྱི་མགོ་ལ་ཡོང་མེད་ཟེར། སྤོ་བོར་ཤོག་བུའི་ཞྭ་མོ་བསྐོན་ཞིང་མི་ཚོགས་ཀྱི་སྔུན་ནས་ཡར་འདེད་མར་འདེད་བྱས་པ་མ་ཟད། སྤོ་བོར་བླ་མའི་ཚུལ་དུ་བཀུར་ཞིང་ཐོད་པ་གཏུག་མྱོང་བའི་ཧུར་ཐག་པ་མང་པོས་མཆིལ་ཞགས་འཕངས་ཤིང་རྡོག་ཐོས་གཞུས་པ་ཡང་བགྲངས་ཀྱིས་མི་ལངས”ཟེར།
  ང་རང་ནར་སོན་རྗེས། ཨ་ཕས་རྒྱུན་དུ་གླེང་བའི་མུན་ནག་གི་ལོ་ཟླ་ཟེར་བ་ནི། མི་རྣམས་ཀྱི་སེམས་ལ་འཇིགས་པ་དང་རྨ་ཁ་ཟབ་མོ་བརྐོས་མྱོང་བའི་རིག་གསར་ལ་སྟོན་པ་ཤེས། ཨ་ཕས་གསལ་བོར་མ་བཤད་ཀྱང་། ཁོང་གི་སྐད་ཆའི་ཤུགས་སུ་སྤོ་བོའི་ཤི་རྐྱེན་ནི་མུན་ནག་གི་ལོ་ཟླ་དེ་དང་འབྲེལ་བ་ཡོད་པའི་དོན་ཞིག་བསྐུངས་འདུག ངས་ཨ་ཕར་ཅི་ཡང་མ་བཤད་མོད། འོན་ཀྱང་བསམ་ཚུལ་དེ་ལ་ང་ཡང་མི་འཐད། སྤོ་བོའི་འདས་རྐྱེན་ནི་སྐྱི་གཡའ་བའི་དོན་རྐྱེན་དེ་དག་དང་འབྲེལ་བ་ཡོད་དམ། རླུང་བཞིན་ལྡང་ཞིང་མེ་བཞིན་འབར་བའི་ལོ་ཟླ་དེའི་ནང་དུའང་སྤོ་བོར་དྲན་ཚུལ་དེ་འདྲ་མ་སྐྱེས་པར། མགོ་ལ་ལྷུང་བ་ཡོད་ཚད་ཕྲག་ལ་བླངས་ཤིང་དཀའ་སྡུག་མཐའ་དག་གདོང་གིས་བསུས་པ་མ་ཟད། ཁོང་གིས་ད་དུང་མགོ་ལ་ཡོང་དགོས་པ་དག་ཅིས་ཀྱང་ཡོང་དགོས་པ་རེད། དེ་ལ་གཞའ་ས་སྦས་ས་མེད། ཡང་གཅིག་བཤད་ན་དེ་ནི་ལས་ཀྱི་བཀོད་སྒྲིག་ཡིན་པ་རེད་ཟེར། དེ་བས། སྤོ་བོའི་གབ་ཚིག་ལྟ་བུའི་འདས་རྐྱེན་ནི་དུས་ཡུན་རིང་བོ་ཞིག་ལ་གྲོ་ཞིང་ཁ་དང་ཐ་ན་ལུང་པ་དེའི་མི་རྣམས་ཀྱི་གླེང་གཞིར་གྱུར་མྱོང་།

  ཆུང་དུས་སུ། ཨ་ཕས་སྤོ་བོ་གླེང་ཡོང་དུས་ང་སྤོ་བོའི་སྟེང་དུ་སྦྱོར་ཅིང་། ང་གླེང་ཡོང་དུས་སྤོ་བོ་ངའི་སྟེང་དུ་སྦྱོར་བའི་བྱེད་སྟངས་དེར་གཏན་ནས་གོ་བ་ལེན་མ་ཐུབ། ཨ་ཕས་ངའི་གདོང་གི་མངལ་རྟགས་གོར་གོར་དེ་བསྟན་ནས“ཁྱོད་ཀྱི་གདོང་གི་རྨ་ཤུལ་འདི་ཚེ་འབུམ་ཁ་ཆེ་ཡིས་བཏོད་པ་རེད”ཟེར་དུས། ངས་ཅི་ཡིན་ཧ་མ་གོ་བར“ ཚེ་འབུམ་ཁ་ཆེ་ཟེར་བ་སུ་རེད། ཁོས་ཅིའི་ཕྱིར་ངའི་གདོང་དུ་རྨ་ཁ་བཏོད་པ་རེད”ཅེས་འདྲི་དུས། ཁོང་གིས་ད་གཟོད་ཅི་ཞིག་རྟོགས་སོང་བ་ལྟར“མ་རེད། ཁྱོད་ཟེར་བ་མིན། ཚེ་འབུམ་ཁ་ཆེ་ནི་དེ་དུས་ཀྱི་ཧུར་ཐག་པ་ཞིག་ཡིན། ཁོས་ཁྱོད་ཀྱི་སྤོ་བོའི་གདོང་ལ་རྟ་ལྕག་གིས་བྲབས་པ་རེད”ཟེར། ཨ་ཕའི་སྐད་ཆ་དེ་བཤད་དུས། གདོང་གི་ཆ་ཤས་གང་ཞིག་གློག་གིས་བརྒྱབ་པ་ལྟར་འདར་ཙམ་འདར་ཙམ་བྱེད་ལ། ལག་ཟུང་སྙིང་གར་སྦྱར་ནས་དཀོན་མཆོག་གསུམ་པོས་མཁྱེན་ཟེར་བཞིན་གསོལ་བ་དྲག་ཏུ་འདེབས་པར་བྱེད།
  ང་ནི་རྨི་ལམ་མང་བའི་མི་ཞིག་སྟེ། ནམ་རྒྱུན་མཚན་གྱི་སྨག་རུམ་གྱིས་འཇིག་རྟེན་གཡོགས་ཤིང་། གཉིད་ཀྱི་ལག་པས་ང་ལ་གཡབ་མོ་བྱེད་ཐེངས་རེར། མི་རྒན་རྟ་དཀར་པོར་བཅིབས་པ་ཞིག་རྩྭ་ཐང་ཡངས་པོའི་ཕང་བ་རུ་གློག་ཞགས་བཞིན་འཁྱུག་ཅིང་། དེ་ནས་ང་ལ་ཕྱོགས་ཏེ་ཀི་རིང་ཞིག་འདེབས་བཞིན་བང་གིས་བརྒྱུགས་འོངས། མི་རྒན་དེ་ཏག་ཏག་ངའི་དྲན་པར་རབ་རིབ་ཅིག་ཉར་ཡོད་པའི་སྤོ་བོའི་སྣང་བརྙན་དང་ཀུན་ནས་མཚུངས། མི་རྒན་དེས་རྟ་ཐོག་ནས་ཐང་ལ་བབས་ཤིང་། ང་ལ་ཕྱོགས་ནས་འཛུམ་ཙམ་བྱེད་པ་དང། དེ་ནས་ངའི་ལག་ཏུ་རྩམ་པ་འཆིང་བུ་ཞིག་བཞག་རྗེས་སླར་ཡང་གློག་ཞགས་བཞིན་སྐད་ཅིག་གི་རིང་ལ་ཡལ་འགྲོ། མི་ལོ་མང་པོ་ཞིག་ལ་ངས་རྨི་ལམ་དེ་བསྟུད་མུར་ཐེངས་མང་རྨིས་མྱོང་ཞིང་། མཚམས་རེར་ངས་རྨི་ལམ་དེ་རྨི་ལམ་ཞིག་ཡིན་པའང་བརྗེད་དེ་རྨི་ལམ་གྱི་ཁྲོད་ནས་དགའ་སྟེ་བགད་ནས་སད་འོངས། ཡི་མུག་པའི་ཚོར་བ་མཐའ་དག་ནི་རྨི་ལམ་ལས་སད་རྗེས་བྱུང་བ་འབའ་ཞིག་སྟེ། ང་རང་རྔ་མ་མེད་པའི་རྨི་ལམ་དེར་འཁྲེང་ནས་སེམས་པ་སྐྱོ་ངལ་གྱི་གཡང་དུ་ལྷུང་བ་ཐེངས་གཅིག་མིན། དེ་དུས་ངས་མུ་མཐུད་དུ་མིག་ཟུང་བཙན་གྱིས་བཙུམ་སྟེ་རྨི་ལམ་དེའི་མཇུག་སྐྱོང་འདོད་ཀྱི་འདོད་ཧམ་བཅངས་ནའང་། ནམ་ཡང་རྨི་ལམ་དེའི་མཇུག་ནི་ལྷ་འདྲེ་སུ་ཞིག་གིས་བསམ་གཟས་ནས་དུམ་སེ་བཅད་པ་ལྟར་ངའི་རྨི་ལམ་གྱི་ཞིང་དུ་མངོན་རྒྱུ་མ་བྱུང་།
  ཆུང་ངུའི་དུས་ཀྱི་དྲན་པ་དག་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་བསུབ་མེད་སྒྲིལ་བྲལ་དུ་ངའི་སྣང་ངོར་གསལ་ལེར་ཤར་འོངས། སྡེ་དཀྱིལ་གྱི་མ་ཎི་ཁང་དེ་ནི་ལྐོག་གྱུར་གྱི་གསང་གནས་ཞིག་དང་འདྲ་བར་འགུགས་ཤུགས་ཆེས་ཆེར་ལྡན་པ་ཞིག་ཡིན། རྨོ་མོས་ང་ཁོའི་རྗེས་ལ་ཁྲིད་དེ་ལྐོག་གྱུར་གྱི་གསང་གནས་གང་དེར་བགྲོད་དུས། ལྷ་ཚོགས་ཀྱི་ཞལ་བཞིན་དག་ནི་སྔོན་ནས་འདྲིས་པ་བཞིན་ང་ལ་རྒྱུས་མེད་ཀྱི་སྣང་བ་ཅི་ཡང་མ་བྱིན། ཐ་ན་ངས་མ་ཎི་ཁང་གི་རྩིགས་ལྡེབས་སུ་དཔྱངས་ཡོད་པའི་རྔ་ཀོར་ཏེ་པང་པང་དུ་རྡུང་དུས་ཀྱང་། རྨོ་མོས་མིག་ནས་མཆི་མ་ཉིལ་ལེར་སྐལ་བཟང་ཞེས་སྤོ་བོའི་མིང་ངམ་ཡང་ན་ངའི་མིང་ནས་ང་ལ་འབོད་པ་ལས་བཀག་འགོག་ཅི་ཡང་མི་བྱེད། རྡོ་རྗེ་གོ་ཁར་ལྷུང་ན་བུ་ཆུང་གི་རྩེ་སྤྱད་ཟེར་བ་ལྟར། སྤྱིར་ན་ཆོས་སྤྱོད་ཡོ་བྱད་དག་ནི་བྱིས་པས་རྩེད་ཆས་སུ་གཏན་ནས་མི་རུང་སྟེ། དེ་དག་ནུ་བོའམ་སྲིང་མོའི་ལག་ཏུ་ཤོར་ཚེ། རྨོ་མོས་འཕྲལ་དུ་ལག་ནས་ཕྲོགས་ཏེ་བཀག་འགོག་བྱེད་སྲིད་པ་ཁོ་ཐག་ཡིན། ཡིན་ནའང་ངས་དྲིལ་བུ་དང་སྦུབས་ཆ་ཡང་ན་རྡོ་རྗེ་གང་རུང་ལག་ཏུ་བཟུང་ནས་སིང་སིང་དུ་དཀྲོལ་བའམ་ཆ་ཆ་ཞེས་བརྡུངས་ནའང་། རྨོ་མོས་མིག་ཧྲིག་གེར་ང་ལ་ལྟ་བ་ལས་སྡང་སྡིགས་ཅི་ཡང་བསྟན་མ་མྱོང་། དེ་ལ་སྲིང་མོ་དང་ནུ་བོ་གཉིས་ཀས་རྨོ་མོར་དུས་ཡུན་རིང་བོ་ཞིག་ལ་བསམ་འཆར་བཤད་ཀྱིན་འདུག ཡང་གཅིག་བཤད་ན། སྲིང་མོ་དང་ནུ་བོ་གཉིས་ཀ་མཚམས་རེར་བ་རྫིའམ་ར་རྫིར་འགྲོ་དགོས་མོད། འོན་ཀྱང་ངའི་ཆུང་དུས་ཀྱི་ལོ་ཟླ་རྨོ་མོ་དང་འགྲོགས་ནས་མ་ཎི་ཁང་གི་ཁྱམས་རར་ཡོད་པའི་མ་ཎི་འཁོར་ཆེན་དེ་ཉིན་དང་ཉིན་བསྟུད་ནས་བསྐོར་བ་ཡིན།
  གྲོ་ཞིང་ཁ་སྡེ་བའི་རྩིབས་ལོགས་སུ་སྡོང་ར་ཆེན་པོ་ཞིག་ཡོད། སྡོང་ར་ནི་རྗེས་ཀྱི་འབོད་སྟངས་རེད། ཨ་ཕས་བཤད་པའི་མུན་ནག་གི་ལོ་ཟླ་དེའི་ནང་སྡོང་ར་དེ་ད་དུང་སྡོང་ར་ཞིག་མིན། དེ་ནི་གཞི་ཁྱོན་ཅུང་ཆེ་བའི་ཕག་གསོ་ར་བ་ཞིག་ཡིན། རྗེས་སུ་ས་ཞིང་སྒེར་ལ་བགོས་རྗེས་སྡོང་ཕྲུག་མང་པོ་བཙུགས་ཤིང་ཁྱིམ་ཚང་རེ་རེར་བགོས་ཏེ་ད་ལྟའི་སྡོང་ར་དེར་བསྒྱུར་པ་རེད། སྤོ་བོ་དེ་སྔ་ཕག་ར་དེའི་ཕག་གསོ་མཁན་བྱས་མྱོང་བས། སྡེ་མི་ཚོས་སྤོ་བོར་ཕག་དཔོན་ཞེས་པའི་ཟུར་ཟའི་མིང་ཞིག་ཀྱང་བཏགས་མྱོང་བ་རེད། དེ་ནི་རྨོ་མོས་ང་ལ་བཤད་པའི་གཏམ་རྒྱུད་ཅིག་སྟེ། ཟ་མ་དཀའ་ཞིང་མུ་གེ་རྒྱུན་ཆད་མེད་པའི་ལོ་དེ་དག་གི་རིང་ལ། ཟ་མའི་ཡན་ན་རིན་པོ་ཆེ་ཞིག་ཡོད་མི་སྲིད། ཕག་ཤ་འགྲངས་ཐག་ཆོད་པ་ཞིག་ཟོས་པའི་གཏམ་རྒྱུད་དེ་ནི་ད་དུང་ཡང་སེམས་ཀྱི་གཏིང་ཞིག་ཏུ་ཀྲིག་ཀྲིག་ཏུ་འགུལ་བཞིན་འདུག་ཟེར། སྤོ་བོ་ནི་བལྟས་ན་གྱད་མི་ཞིག་དང་མཚུངས་ཀྱང་། སྲོག་གཅོད་པའི་ཐད་དུ་བྱིའུ་ཞིག་གསོད་པར་ཡང་སྙིང་རྩ་འདར་བའི་མི་ཞིག་ཡིན། ལོ་རབས་དེའི་ནང་དུ་བྱིའུ་བསད་དེ་བསྲེགས་ནས་ཟ་མཁན་ཡང་མང་པོ་ཡོད། ཡིན་ནའང་ཁྱེད་ཀྱི་སྤོ་བོས་དེ་ཙམ་ཡང་མི་ནུས། མཚན་མོ་དེར་སྤོ་བོ་འཇབ་ཀྱིན་འཇབ་ཀྱིན་ཁྱིམ་ལ་བསླེབས་དུས། ནམ་གུང་སྔར་ནས་ཡོལ་འདུག་ཅིང་ནམ་ལངས་པར་དུས་ཡུན་རིང་བོ་མེད། ཁོའི་ལག་ཏུ་དཀར་རྡོག་སེ་འདུག་པའི་དངོས་པོ་ཞིག་བཟུང་འདུག་ཅིང་། ཟླ་འོད་ཤིན་ཏུ་གསལ་བས་དཀར་རྡོག་སེ་འདུག་པའི་དངོས་པོ་དེ་ནི་མིག་ལམ་དུ་འོད་ཀྲིག་ཀྲིག་བྱེད་ཟེར། རྨོ་མོས་དེ་ལྟར་བཤད་དུས། གདོང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་པ་ཞིག་ཀུན་ནས་ཤར་འདུག རྨོ་མོས་སྤོ་བོར་ཁྱེད་ཀྱི་ལག་གི་དེ་ཅི་ཡིན་ཞེས་འདྲི་དུས། སྤོ་བོས་སྐད་མགོ་ཧ་ཅང་དམའ་མོས་ངང“འདི་ཕག་ཤ་ཡིན། ངས་ཕག་ཕྲུག་ཅིག་བསད་པ་ཡིན”ཟེར། སྤོ་བོས་སྐད་ཆ་དེ་བཤད་དུས་ཁོང་གི་སྐད་མངོན་གསལ་གྱིས་འདར་གྱིན་འདུག་ཟེར། གཏམ་དེ་ནི་འགད་རྫས་ཤིག་དང་འདྲ་བར་ཟླ་འོད་ཀྱི་བཀྲགས་མདངས་བརྒྱུད་དེ་རྨོ་མོའི་རྣ་ལམ་དུ་ལྷུང་དུས། མོ་ནི་སྐྲག་ཅིང་དངངས་ཏེ་ཏབ་ཅིག་ལ་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱེད་པ་ལས་ཁ་ནས་ཚིག་གཅིག་ཀྱང་སྒོར་འབྱིན་མ་ཐུབ་ཟེར། རྨོ་མོས་རང་ཁྱིམ་གྱི་གྲུ་ག་སོ་སོར་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མིག་ཉུལ་ཞིག་བྱས་རྗེས“མྱུར་དུ་ཁྱིམ་ལ་འཛུལ་རོགས”ཞེས་སྤོ་བོར་བསྐུལ་བ་ན་ཐོ་ཡོར་བཞིན་འགྲེངས་པའི་སྤོ་བོའང་གློ་བུར་སད་པ་བཞིན་ཡང་ཡང་རང་གི་རྗེས་ལ་ཕྱི་མིག་སློག་བཞིན་ཁྱིམ་དུ་འཛུལ། མཚན་མོ་དེའི་ཟླ་འོད་ནི་དུས་རྒྱུན་ལས་ཀྱང་གསལ་གྱི་ལེར་འཕྲོས་ཡོད་པས། སྤོ་བོ་དང་རྨོ་མོ་གཉིས་ཀྱིས་མཚན་མོ་དེའི་ནམ་མཁའ་ནས་སྤྲིན་ནག་གིས་གར་སྟབས་ལང་ལོང་བསྒྱུར་པར་རེ་སྒུག་གི་མིག་ཟུང་ཆེས་ཆེར་བགྲད་ཀྱང་། ནམ་མཁའི་མདངས་ནི་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ་མཐའ་མར་ནམ་ལངས་སོང་ཟེར། སྤོ་བོར་སྤྲིན་ནག་གི་འདུ་འགོད་དཀྲུགས་པའི་འཇོན་ཐང་ལྡན་ནའང་། སྤོ་བོར་སྤྲིན་ནག་གི་འདུ་འགོད་མཁའ་ལ་བསུ་བའི་ནུས་པ་རྩ་ནས་མི་འདུག་ཅེས་རྨོ་མོས་འཁང་ར་ལྟ་བུ་ཞིག་བྱས་སོང་། རྨོ་མོས“ཟླ་འོད་གསལ་བའི་མཚན་མོར་ཐབ་ཁུང་དུ་མེ་བུས་ཚེ། དུ་ཁུང་ལས་དུ་བ་རྨུ་ཐག་བཞིན་མཁའ་ལ་འཐེན་སྲིད་ཅིང། མཚན་མོའི་གྲུ་ག་སོ་སོར་འུག་པ་བཞིན་མིག་ཟུང་ཧྲིག་གེར་སྡོད་པའི་ཧུར་ཐག་པ་མང་པོ་ཡོད། མཚན་མོར་མེ་འབུད་པ་ནི་དགྲ་བོར་གཡབ་མོ་བྱེད་པ་དང་འདྲ”ཟེར། མཐའ་མར་ཐབས་ཟད་དེ་སྤོ་བོས་  ཕག་ཕྲུག་ཆུང་ཆུང་དེའི་ཤ་ལབ་དོང་གི་གཏིང་དུ་མི་སྦས་ཀ་མེད་བྱུང་།
  ཕྱི་ཉིན་གྱི་དོན་དག་ནི་བདག་གི་གདོང་ལ་བབས་པའི་མངལ་རྟགས་གོར་གོར་དེ་དང་འབྲེལ་བ་ཡོད་པ་རེད། ཧུར་ཐག་པ་ཚེ་འབུམ་ཁ་ཆེ་ཡིས་རྟ་ལྕག་གིས་སྤོ་བོའི་གདོང་ལ་འབྲབ་བཞིན། ཕག་ཕྲུག་ཅིག་གློ་བུར་བོར་སོང་ཟེར་ན་སུ་རྣར་འགྲོ། གཤོག་པ་ཡོད་ན་མཁའ་ལ་འཕུར་སོང་ཟེར། སྡེར་མོ་ཡོད་ན་ས་ལ་འཛུལ་སོང་ཟེར་ཞེས་ཁ་རྒྱ་སྒོ་ལྟ་བུའི་ནང་ནས་ཚིག་མདའ་མོ་བཞིན་འཕེན་གྱིན། རྟ་ལྕག་གིས་ཡང་བསྐྱར་སྤོ་བོའི་གདོང་ལ་ཤུགས་ཀྱིས་འབྲབ་དུས། སྤོ་བོས་ན་ཟུག་བཟོད་ཅི་ཐུབ་ཀྱིས་མི་ངན་ཚེ་འབུམ་ལ་ཞུ་འབོད་ཀྱི་ཚིག་གཅིག་ཀྱང་མ་བཤད། སྤོ་བོའི་ཨམ་གཙིགས་བསྡམས་ཏེ་ཁ་ནས་ཡང་ཡང་བསྐྱར་ཟློས་ཀྱིས་ཚིག་གཉིས་བཤད་པ་ནི། “ངས་མི་ཤེས། ” “ ངས་ངོ་མ་མི་ཤེས”ཞེས་པ་གཉིས་ཡིན་ཟེར།
  “ཁྱོད་ཀྱིས་མི་ཤེས་སམ།”
  “མི་ཤེས།”
  “ཁྱོད་ཀྱིས་ངོ་མ་མི་ཤེས་སམ།”
  “ངས་ངོ་མ་མི་ཤེས།”
  ཚེ་འབུམ་ཁ་ཆེ་ཡིས་སྤོ་བོའི་གདོང་ལ་རྟ་ལྕག་གིས་ཚ་བེར་བེར་ཞིག་བྲབས་པ་དེས། སྤོ་བོའི་གདོང་གི་ཤ་སྐྱི་གཉིས་ཀ་འདར་ཙམ་བྱས་ཤིང་། དེ་ནས་གདོང་དུ་ཁྲག་གི་ལྟེང་ཀ་ཆུང་ཆུང་ཞིག་དལ་བུར་འཛུམ་བྱུང་། སྤོ་བོའི་ན་ཟུག་གིས་གཙེས་པའི་གདོང་ནི་རྩ་འཐེན་བྱུང་བ་ལྟར་འགུལ་ཙམ་འགུལ་ཙམ་བྱས་བྱུང་། ཚེ་འབུམ་ཁ་ཆེ་མི་མང་གི་སྔུན་ནས་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་རྗེས་སླར་ཡང་སྤོ་བོའི་མདུན་དུ་ཡོང་སྟེ། སྤོ་བོའི་ཁྲག་གིས་སྦགས་པའི་གདོང་ལ་མཛུབ་མོ་ཀེར་ཏེ“ངས་ཁྱོད་ལ་མཐའ་མཇུག་གི་དྲི་བ་ཞིག་འདྲི”ཟེར་མོད། དོན་དུ་དྲི་བ་ལྷག་མ་ཅི་ཡང་མ་བཏོན། ཡང་བསྐྱར་གོང་གི་དྲི་བ་དེ་གཉིས་བསྐྱར་ཟློས་ཤིག་བྱས།
  “ཁྱོད་ཀྱིས་མི་ཤེས་སམ།”
  “མི་ཤེས།”
  ཁྱོད་ཀྱིས་ངོ་མ་མི་ཤེས་སམ།
  “ངས་ངོ་མ་མི་ཤེས།”
  སྤོ་བོའི་ཚིག་དེ་གཉིས་ཀྱིས་ཚེ་འབུམ་ཁ་ཆེའི་ཐབས་བཀོད་བརྒྱ་དང་བརྒྱད་པོ་གཡང་དུ་བརྫངས་ཞིང་། སྤོ་བོའི་ཚིག་དེ་གཉིས་ཀྱིས་ངེད་ཚང་གི་བཟའ་མི་གང་བོས་ཕག་ཤ་རྒྱགས་ཆད་པ་ཞིག་ཟོས་པ་དང་། སྣུམ་གྱིས་བཏང་བའི་ཕོ་བ་དང་རྒྱུ་མ་རྣམས་ཡང་བསྐྱར་སྣུམ་ཤིག་གེར་བཏང་བ་རེད། ཚེ་འབུམ་ཁ་ཆེ་མཇུག་མཐར་ཅི་བྱ་གཏོལ་མེད་དུ་གྱུར་ཏེ“ ད་ནས་བཟུང་ཁྱོད་ཕག་གསོ་ར་བར་གཏན་ནས་སོང་མི་ཆོག”ཟེར། བྱ་བ་དེ་ཡང་རྗེས་སུ་དེ་ལྟར་མཚམས་བསྐྱུར་སོང་།
  ཆུང་དུས་སུ། ང་རང་སྡེ་བའི་རྩིབས་ལོགས་ཀྱི་སྡོང་ར་དེར་སོང་བ་རྨོ་མོས་ཤེས་རྗེས།“ སྐལ་བཟང་། སྡོང་རའི་ནང་དུ་འགྲོ་མི་ཉན། ས་དེ་ནི་གཏན་ནས་མི་གཙང། དེ་རུ་དོན་དག་ཡ་མཚན་ཅི་འདྲ་མང་པོ་ཞིག་བྱུང་ཡོད་པ་ཁྱོད་ཀྱིས་ག་ལ་ཤེས”ཟེར། རྨོ་མོས་དེ་ལྟར་བཤད་པ་དེས་ང་རང་ལྷག་ཏུ་སྡོང་རའི་ནང་འགྲོ་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་སུ་བཅུག
དེ་ནི་རྨི་ལམ་ཞིག་ཅིས་ཀྱང་ཡིན་མི་སྲིད།
  ཀུན་ལ་བཤད་ཚེ་རྣར་མི་འགྲོ་བ་ལྟ་བུ་ཞིག་ཡིན་མོད། ཐེངས་ཤིག་ང་རང་དངོས་སུ་དོན་དག་ཡ་མཚན་ཞིག་ལ་འཕྲད་བྱུང་། ངའི་སྣང་ངོར་མི་ཆེན་རྟ་རྒན་འདྲ་བ་ཞིག་གིས་ཕག་ཕྲུག་འགའ་དེད་ནས་སྡོང་རའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་པའི་སྣང་བརྙན་ཞིག་འཁོར་ཡོང་། ངས་ཀྱང་རྟོག་བཟོའི་ཚུལ་དུ་ཕག་པ་འགའ་མིག་ལམ་དུ་མངོན་པར་བྱས་པ་ན། སྡོང་རའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་པའི་མི་ཆེན་དེ་དང་ངེད་གཉིས་ངོ་བོ་གཅིག་ཏུ་འདྲེས་ཤིང་། རྟོག་བཟོ་ནི་དེ་མ་ཉིད་དུ་མངོན་སུམ་དུ་གྱུར་ཅིང་། མངོན་སུམ་གྱི་བྱུང་བ་མཐའ་དག་ངའི་མིག་ལམ་དུ་ཤར་བྱུང་།
……
  ཟླ་འོད་རབ་ཏུ་འཚེར་བའི་མཚན་མོ་དེར་ཕག་ཕྲུག་དེ་བསད་པའི་རྣམ་པ་དག་ཀྱང་ཁ་སང་བྱུང་བ་བཞིན་ཡིད་ངོགས་ནས་མིག་ལམ་དུ་འཕོས་འོངས་ཏེ། ཕག་རའི་ནང་གི་མི་རྣམས་རང་ཡུལ་དུ་ལོག་ཤུལ་དུ། ཕག་ར་ནི་སྟོང་ཞིང་འཇགས་པས་ངས་སྒྲོལ་མ་ཚར་འགའ་ཁོག་འདོན་བྱེད་ཀྱིན་ཕག་རའི་ནང་དུ་ཡར་ལྟ་མར་ལྟ་བྱས་ནས་སྡོད་དུས། གློ་བུར་ཕག་ཕྲུག་ཅིག་གིས་ཙིར་སྒྲ་བར་མེད་དུ་བསྒྲགས་བྱུང་། ཕག་ཕྲུག་གིས་ཙིར་སྒྲ་བསྒྲགས་པ་དེས་ང་ལ་འཚབ་སྣང་འགོག་མེད་ཅིག་སྦྱིན་པར་བྱེད། ངས་ཅི་ཡིན་འདི་ཡིན་སྙམ་ནས་མདུན་དུ་ཕྱིན་དུས། ཕག་ཕྲུག་དེས་ཡང་བསྐྱར་ང་ལ་བལྟས་ནས་ཙིར་སྒྲ་བསྒྲགས་བྱུང་། འཚབ་སྣང་ནི་སྐད་ཅིག་ཉིད་ལ་སྡང་སེམས་དུ་གྱུར་དུས། ངས་ཐང་ནས་རྡོ་ཞིག་བླངས་ཏེ་ལག་ཏུ་བཅངས་འདུག སྐབས་དེར་ང་ལ་དྲན་ཚུལ་དེ་འདྲ་ཞིག་ཇི་ལྟར་སྐྱེས་པ་བཤད་རྒྱུ་མེད་ཀྱང་། གང་ལྟར་ཕག་ཕྲུག་དེའི་མགོ་ལ་ལག་ཏུ་བཅངས་པའི་རྡོ་དེས་སྐག་སེ་བརྒྱབ་པ་ན། ང་ལ་འགྲན་སློང་བ་ལྟ་བུའི་ཕག་ཕྲུག་གི་ཙིར་སྒྲ་ནི་སའི་གོ་ལ་རིལ་མོའི་སྒང་ནས་ཤུལ་མེད་རྗེས་མེད་དུ་གྱུར་སོང་། དེའི་ཚབ་ཏུ་རང་ཚུགས་མེད་པར་ཐང་ལ་འགྱེལ་བའི་ཕག་ཕྲུག་དེའི་བེམ་རོ་དང་། ངའི་ལྟིག་ལྟིག་ཏུ་ལྡིང་བར་བྱེད་པའི་སྙིང་གི་འཕར་ལྡིང་གཉིས་རེད།
  ལྷིང་འཇགས་ཀྱི་མཚན་མོ་དེར། ལྷིང་འཇགས་ཀྱི་ཁོང་ནས་སྨིན་པའི་འགྱོད་སྣང་དང་སྐྲག་སྣང་གཉིས། ངའི་སེམས་ཁོང་དུ་བང་གིས་རྒྱུག་པའི་རྟ་ཕོ་ཆ་ཞིག་དང་འདྲ་བར་སུ་མགྱོགས་འགྲན་པར་བྱེད་པས། ང་ནི་ཡུན་རིང་བོ་ཞིག་ལ་གྲག་མེད་དུ་འཇིམ་སྐུ་བཞིན་འགུལ་བ་མེད་པར་ལུས། ང་རང་རང་ཉིད་ལས་ཐར་དུས་དུས་ཚོད་ཅི་ཙམ་འགོར་བ་སུས་ཤེས། གློ་བུར་གློ་བུར་བྱུང་བའི་དྲན་ཚུལ་དག་ནི་མཚམས་རེར་དེ་འདྲའི་བློ་གྲོས་དང་ལྡན་པ་ཞིག་སྟེ། ངས་ཕག་ཕྲུག་དེ་ཕག་ལྟོ་བཟོ་བར་གྲ་སྒྲིག་བྱས་པའི་ཆུ་རྒོད་སླ་ང་ཆེན་པོ་གང་ཡོད་པ་དེའི་ནང་དུ་སྦངས་ཤིང་། བདར་རྡོས་སྤུ་རྣམས་བདར་ཅིང་དྲད་དེ་གཙང་དག་ཏུ་བཀྲུས་ཚར་དུས་ནམ་ཕྱེད་ཡོལ་ཟིན……
  རྗེས་ཀྱི་བྱ་བ་རྣམས་ནི་ང་ལ་དྲན་རྒྱུ་ཅི་ཡང་མི་འདུག དེ་ནི་ཉིན་གསུམ་འགོར་རྗེས་ཀྱི་མཚན་མོ་ཞིག་ཡིན་ཟེར། རྨོ་མོས་བཤད་པའི་ཕག་ཤ་ཟ་སྐབས་ཀྱི་དགའ་སྣང་དང་སྐྲག་སྣང་དག་ང་ལ་དྲན་རྒྱུ་མི་འདུག རྨོ་མོས་བཤད་ན“ངས་བཟའ་མི་གང་བོར་ཕག་ཤ་བགོ་བཤའ་བརྒྱབ་རྗེས། ང་རང་ཁང་ཐོག་ཏུ་ཡིབས་ནས་སོ་ལྟ་བྱས་པ་རེད”ཟེར། རྨོ་མོས་ད་དུང“ལས་ལེགས་པ་ཞིག་ལ་མཚན་མོ་དེར་ཟླ་ནག་ཆུ་ནག་ཅིག་ཡིན་པས། དུ་ཁུང་ནས་འཕྱུར་བའི་དུ་བ་དང་མཚན་སྨག་གཉིས་གཞིག་གཅིག་ཏུ་འདྲེས་ཏེ་སོ་སོའི་དབྱེ་བ་གཏན་ནས་འབྱེད་དཀའ”ཟེར། གལ་ཏེ་དེ་ལྟར་མིན་ཚེ། རྗེས་ཀྱི་ཕག་ཤ་ཟོས་པའི་དོན་དག་ཀྱང་གླེང་ཐབས་ཡོད་མི་སྲིད། རྨོ་མོས་མུ་མཐུད་དུ་མོའི་ཕྲུ་གུ་དག་ནི་སྤྱང་ཕྲུག་ཅིག་སྤྱང་མའི་མཐའ་ལ་རུབ་པ་བཞིན་མོའི་མཐའ་ལ་རུབ་སྟེ། ཕག་ཤར་སོ་འདེབས་པའི་རྣམ་པ་དེ་ད་དུང་དྲན་ན་ཡིད་འགུལ་ཐེབས་པ་ཞིག་རེད་ཟེར། ཡིན་ནའང་ང་ལ་དེ་དག་དངོས་གནས་ཅི་ཡང་དྲན་རྒྱུ་མི་འདུག
  སྤོ་བོ་གྲོངས་པའི་ཕྱི་ལོ་སྟེ། ཡང་ན་ང་རང་འཇིག་རྟེན་མི་ཡུལ་དུ་ཡོང་བའི་ནམ་གུང་དེར་ཟླ་འོད་ཤིན་ཏུ་གསལ་བས། ཨ་ཕས་དེ་ནི་རྟེན་འབྲེལ་ལེགས་པ་ཞིག་ཏུ་བརྩི་ནའང་། རྨོ་མོའི་སེམས་ཀྱི་གཏིང་རིམ་ཞིག་ཏུ་ཟླ་འོད་ནི་མི་ལ་སྐྲག་སློང་སྤྱད་ལྟ་བུ་ཞིག་ཏུ་ཆགས་ཚར་འདུག་པས། ཟླ་འོད་གསལ་བའི་མཚན་མོར་མོ་ལ་ཁྱིམ་གྱི་གྲུ་ག་སོ་སོར་མིག་ཉུལ་བྱེད་པའི་སྲོལ་ཞིག་རྒྱུན་འབྱམས་སུ་གྱུར་ཡོད་པར་བཤད། མཚན་མོ་དེར་ང་འཇིག་རྟེན་མི་ཡུལ་དུ་ཐོག་མར་ཡོང་དུས་ཀྱང་། རྨོ་མོས་མཉམ་བཞག་མ་བཞག་གི་མཚམས་ནས་ཁྱིམ་གྱི་གྲུ་ཁ་སོ་སོར་མིག་ཉུལ་ཞིག་བྱས་སོང་ཟེར། དེ་ནི་ང་ལ་ཨ་ཕས་བཤད་པ་ཡིན། ཟླ་འོད་ལ་སྐྲག་སྣང་གི་སེམས་པ་འཛིན་པའི་རྨོ་མོས་ངས་གདོང་གི་མངལ་རྟགས་གོར་གོར་དེ་ལ་ཞིབ་ལྟ་ཞིག་རྗེས “ རེད། འཆུག་མེད། འདི་ནི་སྐལ་བཟང་རེད” ཅེས་ངའི་སྤོ་བོ་མཐོ་རིས་པོའི་མིང་ནས་ང་ལ་ཐེངས་ཤིག་བོས་པས། ངས་ད་གཟོད་མི་ཡུལ་གྱི་ཆེས་ཐོག་མའི་ངུ་སྐད་དེ་ངེད་ཚང་གི་ཐབ་ཚང་རྙིང་པ་དེའི་ནང་ནས་བསྒྲགས་པ་རེད། ངུ་སྐད་དེ་ནི་ང་རང་འཇིག་རྟེན་མི་ཡུལ་དུ་ཡོང་བའི་མཚོན་རྟགས་ཀྱང་ཡིན་ནོ།།
  དེ་ནས་བཟུང་ང་དང་ངའི་སྐྱེས་པ་སྔོན་མ་གཉིས་ནི་མི་གཅིག་དང་མིང་གཅིག་གི་བདག་ཉིད་དུ་གྱུར་སོང་། རྗེས་སུ་ཨ་ཕས་རྨོ་མོ་ལ་ང་ཚོ་དགོན་པའི་བླ་མའི་མདུན་དུ་ཕྱིན་ནས་ང་ལ་མིང་ཞིག་སློང་བའི་གྲོས་མགོ་བཏོན་པ་ན། རྨོ་མོས“ཕྲུ་གུར་མིང་ཡོད་པ་མིན་ནམ”ཞེས་བཤད་ཞོར། མོའི་པང་དུ་ཡོད་པའི་ང་ལ་བལྟས་ནས“སྐལ་བཟང་། སྐལ་བཟང”ཞེས་འབོད་པར་བྱེད་ཟེར། ཨ་ཕས་ད་དུང་ང་ལ། ཁོང་གིས་དུས་ཡུན་རིང་བོ་ཞིག་ལ་ཁོང་གི་ཕའི་མིང་ནས་ངའི་མིང་ལ་འབོད་པ་དེ་གང་ཞིག་ནས་མི་ནུས་པར་འདུག་པས། དེ་ལ་ཁོང་གིས་ངའི་མིང་ལ“སྐལ་བྷ”ཞེས་གཅེས་མིང་ཞིག་བཏགས་ཀྱང་། ང་གོམ་པ་སྤོ་ཤེས་པ་ཙམ་མམ་སྐད་ཆ་བཤད་ཤེས་པ་ཙམ་ནས“ང་ནི་སྐལ་བྷ་མིན། ང་ནི་སྐལ་བཟང་ཡིན”ཞེས་གལ་ཏེ་སུ་ཞིག་གིས་ང་ལ“སྐལ་བྷ”ཞེས་བོས་ཚེ་གཏན་ནས་ཨ་ལན་མི་སྟེར་ཟེར།
  རྨོ་མོ་འདས་པའི་ལོ་དེར་ང་རང་ཕོ་ལོ་བཅོ་བརྒྱད་ཡིན། ལོ་དེར་ང་རང་རྒྱང་རིང་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་ཏུ་སློབ་ཆེན་འགྲིམ་བཞིན་ཡོད། ཨ་ཕས་མལ་ཁང་དུ་ཁ་པར་བཏང་ཡོང་ནས་ང་ལ་རྨོ་མོ་འདས་སོང་ཞེས་བརྡ་སྤྲོད་པའི་མཚན་མོ་དེར། ང་ནི་གྲོགས་མོ་དང་མཉམ་དུ་སློབ་གྲྭའི་ར་སྐོར་ནང་འཆམ་འཆམ་དུ་ཕྱིན་ཅིང་། གྱེས་ཁར་ད་དུང་ཕན་ཚུན་དམ་པོར་བསྡམས་ཤིང་མཆུ་སྒྲོས་ལས་ཀ་ར་གཞིབས་པ་བཞིན་ཡུན་རིང་འཇིབ་འཇིབ་ནས་ཕྱིར་ལོག་མ་ཐག་ཡིན། ཨ་ཕས་ཁ་པར་བཏང་ཡོང་དུས། ངས་གསང་སྤྱོད་ཁང་དུ་ལུས་ཕུང་བཀྲུ་བཞིན་པའི་སྒང་ཡིན། ངས་ཀྱང་ཁ་པར་གྱི་སིང་སྒྲ་གསལ་བོར་ཐོས་བྱུང་། དེ་དུས་མལ་ཁང་གི་སྒོ་བརྒྱབ་མེད་པས། ཁ་པར་གྱི་སིང་སྒྲ་ནི་ཁྱམས་རིང་བརྒྱུད་དེ་ངའི་རྣ་ལམ་དུ་ལྷུང་ཡོང་། དེར་མཐུད་ནས་ང་དང་མལ་ཁང་གཅིག་ཡིན་པའི་མིག་དམར་གྱིས“སྐལ་བཟང་། སྐལ་བཟང”ཞེས་ངའི་མིང་ནས་བོས་བྱུང་། ངས་ཁ་པར་གྱི་ཉན་ཆས་རྣ་རྩར་བླངས་པ་ན། ཨ་ཕས“རྨོ་མོ་དེ་རིང་ཕྱི་དྲོ་མ་བདེ་ཐལ། ཁྱེད་རང་འདས་མཆོད་བསྒྲུབ་པར་ཡོང་མི་དགོས། རྨོ་མོའི་རྗེས་སུ་མ་ཎི་ཚར་འགའ་ཐོན་དང་དེ་ལས་བཟང་བ་མེད”ཟེར་དུས་སྐད་ཆའི་གདངས་ལ་བབས་ཆགས་པའི་བཟོ་ལྟ་ཞིག་ཡོངས་སུ་མངོན་འདུག
  མི་ཡི་ཚེ་ཐག་ལྟར་ན། རྨོ་མོ་ནི་རབ་ཏུ་སྨིན་ཏེ་སིལ་ཏོག་བཞིན་ལྗོན་རྩེ་ནས་ལྟིག་སེ་སར་ལྷུང་བ་ལས། སུ་དང་གང་གིས་བཏོག་སྟེ་ལྷུང་བ་དང་གཏན་ནས་མི་འདྲ། རྨོ་མོ་ནི་ལོ་དེར་དགུང་ལོ་བརྒྱད་ཅུ་གྱ་དགུ་ལ་བསླེབས་ཟིན་པས། ད་ལོ་གཅིག་ལ་བསྡད་ན་དགུང་ལོ་དགུ་ཅུ་རེད། ང་ཚོའི་ཡུལ་ཕྱོགས་སུ་དགུང་ལོ་དེ་འདྲའི་མཐོན་པོར་བསྡད་པའི་མི་ཞིག་ད་སྔ་ཡན་ཆོད་དུ་བྱུང་མྱོང་བ་སུ་ལའང་ལབ་རྒྱུ་མེད། མིའི་ཚེ་ཚད་ཀྱི་ངོས་ནས་བཤད་ཀྱང་། རྨོ་མོ་ཚེ་ཕྱི་མར་འགྲོ་རན་འདུག་པ་ནི་སྨོས་སུ་མེད་མོད། “རྨོ་མོ་མ་བདེ་ཐལ”ཞེས་བཤད་དུས་ངས་རང་གི་སེམས་འགྱུར་ཚོད་འཛིན་བྱེད་ཐབས་བྲལ། ངའི་སེམས་པ་ནི་གློ་བུར་འཁྱགས་སིབ་སིབ་ཏུ་གྱུར་ཅིང་། མིག་ལས་མཆི་མ་ཤ་ར་ར་བབས་བྱུང་། ནང་སེམས་ཀྱི་ཅི་ཞིག་ཁ་པར་ནང་གི་གཏམ་དེས་ཕྱི་ལ་བཏོན་པ་དང་འདྲ་སྟེ། ངའི་ལུས་སེམས་གཉིས་ཀ་སྟོང་ཧང་ཧང་དུ་གྱུར་སོང་།
  རྨོ་མོ་འདས་པའི་ལོ་དེ་ནི་ངེད་ཚང་ལ་མཚོན་ནས་བཤད་ན་སྐྱིད་སྡུག་མཉམ་བྱུང་གི་ལོ་ཞིག་ཡིན་ཏེ། ངའི་སྲིང་ཆུང་མ་ལྷ་མོ་གནས་ལ་བྱིན་ནས་རིང་བོ་མ་འགོར་བར་རྨོ་མོ་ཚེ་ལས་འདས་པས། ཨ་ཕས་སྲིང་མོ་གནས་ལ་བྱིན་ཚར་ནའང་སྟོན་མོའི་ཆོ་ག་རྗེས་སུ་བསྣུར་དགོས་བྱུང་། རྨོ་མོ་གཤེགས་པའི་མཚན་མོ་དེ་ནི་ལུགས་རྙིང་གི་ཚེས་པ་བཅོ་ལྔར་འཁེལ་ཡོད། རྒྱང་རིང་གི་ནང་ལོགས་ཀྱི་གྲོང་ཁྱེར་དེ་ནས་ངའི་མཁའ་དབྱིངས་སུ་ལྟ་དུས། ནང་ལོགས་ཀྱི་གྲོང་ཁྱེར་དེའི་མཁའ་དབྱིངས་ཀྱི་བཅོ་ལྔའི་དུང་ཟླ་ནི་ཕ་ཡུལ་མཐོ་སྒང་དང་བསྡུར་ཐབས་བྲལ་ཀྱང་། འོད་མག་མོག་ཅིག་སྤྲོ་བར་བྱེད་པའི་ཟླ་འོད་ནི་གློག་ཞུན་གྱིས་གསལ་བར་བཏང་བའི་མཁའ་དབྱིངས་ནས་ལྷོད་གྱིག་གེར་བཞུགས་འདུག ཟླ་འོད་ལ་ཞེད་པའི་རྨོ་མོ་ནི་ཟླ་འོད་གསལ་བའི་མཚན་མོ་དེར་ཁེར་རྐྱང་ངང་བདེ་ལྡན་གྱི་ཞིང་དེར་ཆས་དགོས། རྨོ་མོ་ནི་ཚེ་གང་བོར་ཟླ་འོད་དང་འབྲེལ་ཐག་གཅོད་མི་ཐུབ་པའི་མི་ཞིག་ཡིན་པ་འདྲ། ངས་མ་ཎི་ཚར་འགའ་ཁོག་འདོན་བྱས་ནས་རིང་བོ་མ་འགོར་བར། ངོ་མཚར་བ་ཞིག་ལ་ནམ་མཁའི་ངོ་གདོང་ངང་གིས་འགྱུར་ཅིང་མཐའ་མར་ཆར་བ་ཟམ་ཟིམ་ཞིག་མཚན་ཀློང་ནས་དལ་བུར་བབས་བྱུང་སྟེ། ངའི་མིག་ལ་ལེ་དབར་བརྒྱ་ཕྲག་མང་པོའི་ཕ་རོལ་གྱི་མཐོ་སྒང་གི་གྲོང་ཚོ་དེའི་ནམ་མཁར་ཡང་། སྤྲིན་པོ་སྲབ་མོ་ཞིག་ཕར་གཡོ་ཚུར་གཡོ་བྱེད་ཅིང་ཟླ་འོད་ཀྱི་མདངས་གཉོམ་ནས་གཉོམ་དུ་གྱུར་པའི་བརྙན་རིས་ཤིག་ག་ལེ་ག་ལེར་མངོན་བྱུང་། སྣང་བ་ཞིག་ལ་རྨོ་མོས་མུན་ནག་གི་ཀློང་ནས་ང་ལ་ཅེ་རེར་བལྟས་འདུག འཛུལ་དམུལ་དམུལ་ངང་བལྟས་འདུག
  རེད་དེ། རྨོ་མོས་གདོང་ལ་འཛུམ་མདངས་བསྣམས་ནས་བདེ་ལྡན་གྱི་ཞིང་གང་དེར་ཆས་སོང་།
  སྲིང་ཆུང་མ་ལྷ་མོ་གནས་ལ་ཕྱིན་པའི་ཕྱི་ལོར་མོར་མངལ་འཁོར་ཞིང་བུ་མོ་སྙིང་རྗེ་བོ་ཞིག་སྐྱེས། རྟགས་དང་མཚན་མའི་སྟེང་ནས་སྒྲུབ་བྱེད་དུ་འགྲོ་བ་ཅི་ཡང་བགྲང་རྒྱུ་མེད་མོད། ལོ་སར་གྱི་སྐབས་སུ་སྲིང་མོས་བུ་མོ་འཁུར་ཏེ་རང་གི་ཕ་ཁྱིམ་ལ་ཕྱག་འཚལ་དུ་ཡོང་དུས། ཨ་ཕས་ཚ་མོའི་གདོང་ལ་ཡང་ཡང་འོ་བྱེད་བཞིན། སྲིང་ཆུང་མར“འདི་ནི་ཁྱོད་ཀྱི་རྨོ་མོ་ཡིན་ཁོ་ཐག་ཡིན། བུ་མོ་འདི་སྐྱེས་པའི་མཚན་མོ་དེར་ང་ལ་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་དུ་མེ་ཏོག་ཁྲ་ལམ་མེར་བཞད་པའི་རྩྭ་ཐང་ཞིག་ཏུ་རྨོ་མོས་ཁྱོད་ཀྱི་ལག་པ་ནས་འཇུས་ཏེ་འགྲོ་བཞིན་འདུག”ཟེར། དེ་དུས་ཁ་གྲག་རྒྱུར་མི་དགའ་བའི་ཨ་མ་ཡང་ང་ཚོའི་ཁ་བརྡའི་ཁྲོད་དུ་བསྲེས་ནས“བུ་མོ་འདི་མ་སྐྱེས་པའི་སྔོན་དུ་ང་ལའང་རྨི་ལམ་ཞིག་རྨིས་བྱུང་སྟེ། རྨི་ལམ་དུ་རྨོ་མོས་ངའི་ལག་ཏུ་མེ་ཏོག་ཁྲ་ལམ་མེར་བཞད་པ་ཞིག་བཞག་ནས། འདི་ལྷ་མོར་བྱིན་ཞེས་བཤད་རྗེས་མི་སྣང་བར་ཡལ་སོང”ཟེར། ངས་སྲིང་མོའི་བུ་མོ་སྟེ་ཚ་མོ་པང་ནས་ཁ་སློང་དུས་མོས་ང་ལ་བལྟས་ནས་མིག་གཉིས་རིག་རིག་ཏུ་འགུལ་བར་བྱེད་ཅིང་། ལག་པས་ཡང་ཡང་ངའི་སྐེ་ལ་བཏགས་ཡོད་པའི་བ་སོའི་ཕྲེང་བ་དེར་རེག་ཡོང་། བ་སོའི་ཕྲེང་བ་དེ་ནི་རྨོ་མོས་ང་ལ་བསྐྱུར་པ་རེད། བ་སོའི་ཕྲེང་བ་དེ་ངའི་སྐེ་རུ་བཏགས་བཏགས་ལ་ཡོད། བ་སོའི་ཕྲེང་བ་དེ་སྐེ་ལ་བཏགས་ཚེ་རྨོ་མོ་ནམ་ཡང་ང་དང་ཁ་བྲལ་མེད་པའི་སྣང་བ་ཞིག་སྦྱིན་པར་བྱེད། སྲིང་མོ་དང་ཚ་མོ་གཉིས་ཕྱིར་ལོག་སྐབས་ངས་རང་གི་སྐེ་ཡི་བ་སོའི་ཕྲེང་བ་དེ་ཚ་མོའི་སྐེ་ལ་བསྐོན་ནས“དེ་རིང་ནས་བཟུང་ཁྱེད་ཀྱི་ཕྲེང་བ་ཕྱིར་ཁྱེད་ལ་སྤྲད་པ་ཡིན”ཞེས་བཤད་དུས། ཚ་མོའི་ཞོ་ཤ་ཆགས་པའི་བཞིན་ལ་འཛུམ་ཞིག་ལངས་འདུག་ཅིང་། ང་ལ་ཡང་ཡང་ཕྱི་མིག་སློག་པའི་རྣམ་འགྱུར་ལ་བལྟས་ན་ཤིན་ཏུ་འབྲལ་མི་འདོད་པ་ཞིག་དང་འདྲ་བས། ང་དང་ཨ་མ་གཉིས་ཀྱིས་སྲིང་མོ་དང་ཚ་མོ་གཉིས་ཀ་སྡེ་འདབས་བར་དུ་བསྐྱལ་བ་ཡིན། ངས་སྲིང་མོ་དང་ཚ་མོ་གཉིས་ཀྱི་འགུལ་ཙམ་འགུལ་ཙམ་བྱེད་པའི་རྒྱབ་གཟུགས་ལ་ཅེར་སྡོད་དུས། གློ་བུར་སེམས་པའི་མཐོངས་སུ་དཀར་ཁུང་ཞིག་བཏོད་པ་དང་འདྲ་བར་འོད་ལམ་མེར་གྱུར་པ་མ་ཟད། བག་ཕེབས་པའི་ཚོར་བ་ཞིག་གིས་ང་རང་བདེ་འབོལ་ལེར་བཏང་སོང་།
  ཨ་ཕས་རྗེས་སུ་སྤོ་བོའི་ཕུང་བོ་ཞུགས་ལ་འབུལ་དུས་ཀྱི་ཞོགས་པ་དེའི་རྣམ་པ་བཤད་སྐབས། ཕྱིར་དྲན་གྱིས་ཚུལ་དུ། ཞོགས་པ་དེར་ནམ་གསལ་མ་གསལ་གྱི་མཚམས་སུ། ཕ་མཐོ་རིས་པོའི་ཕུང་བོ་ཁོས་ལོ་མང་པོར་སྒྲུབ་སྦྱོང་བྱས་མྱོང་བའི་མཚམས་ཁང་དེའི་གཡས་ལོགས་སུ་མེ་ལ་བསྒྲོན་པ་རེད། ཐབ་ཁུང་ལས་མཆེད་པའི་དུ་བ་མགོ་མ་ནི་རླུང་དང་བསེར་བུ་གང་གི་རམ་འདེགས་ལ་མ་བརྟེན་པར། དེ་ལྟར་རང་ཁྱིམ་གྱི་ཕྱོགས་སུ་དེངས་ནས་ཐལ། རྨོ་མོས་དེ་ནི་ལྟས་བཟང་ཞིག་ཡིན། ཁྱེད་ཀྱི་ཕ་རྒན་སླར་ཡང་རང་ཁྱིམ་ནས་སྐྱེ་རྒྱུ་ཡིན་པའི་རྟགས་རེད་ཅེས་མིག་ནས་མཆི་མ་ཉིལ་ལེར་བྱེད་ཟེར། ང་ནར་སོན་དུས་ཀྱང་རྨོ་མོས་མཆི་མ་ཉིལ་ལེར་ཞོགས་པ་དེའི་དྲན་ཚུལ་གླེང་བྱུང། རྨོ་མོ་དང་ཨ་ཕས་བཤད་པའི་ཞོགས་པ་དེའི་རྣམ་པ་གཉིས་བར་ཡིག་འབྲུ་གཅིག་གིས་མི་མང་ལ་གཅིག་གིས་མི་ཉུང་བས། རྨོ་མོའི་རྒས་གཉེར་གྱི་ཟབ་ས་རུ་ཞོགས་པ་དེའི་མཁའ་དབུགས་ལ་ཚོར་རྟོགས་བྱེད་ཐབས་བྲལ་ཀྱང་། རྨོ་མོས་སྐད་ཆ་དེའི་བཤད་སྐབས་ཀྱི་རྣམ་འགྱུར་དང་སེམས་ཀྱི་འགྱུ་བ་ནི་ད་དུང་ཞོགས་པ་དེའི་མཁའ་དབུགས་ཁྲོད་ལུས་འདུག་པ་ཚོར་ཐུབ།
  རྨོ་མོས་ངའི་གདོང་ལ་གཅེས་པའི་འོ་བྱེད་ཀྱིན་ལག་པས་མགོར་བྱིལ་བྱིལ་གཏོང་དུས། ངས“རྨོ་མོ། རྨོ་མོ། དེས་ན་ཁྱོད་སུའི་རྣམ་ཤེས་ཡིན”ཞེས་དྲིས་པ་ཡིན།
  རྨོ་མོས་ང་ལ་རྒྱང་རིང་གི་རི་བོ་མཐོ་རྒྱུ་མེད་པ་དེ་བསྟན་ནས“ང་ནི་གན་གི་ཕར་ནང་ནས་ཡོང་བ་ཡིན”ཟེར།
  “ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”
  “ངའི་ཕ་མཐོ་རིས་པོས་ང་ཆུང་དུས་སུ‘ཁྱོད་གང་ནས་ཡོང་བ་ཡིན’ ཞེས་འདྲི་དུས། ངས་རི་བོ་གན་བསྟན་ནས། ང་ནི་རི་བོ་གན་གི་ཕར་ནང་ནས་ཡོང་བ་ཡིན”ཟེར་ཞེས་བཤད།
  “དེས་ན་ཁྱོད་རང་རི་བོ་གན་གི་ཕར་ནང་འདིར་ཅི་བྱེད་དུ་ཡོང་བ་ཡིན་ནམ།”
  “དེ་ནི་སྐྱེས་པ་སྔོན་མའི་ཚོགས་གསོག་རེད། ཡང་ན་ངས་ཡུལ་འདི་ཞིག་ལ་སྨོན་ལམ་བརྒྱབ་ཡོད་ཀྱང་སྲིད།”
  “རྨོ་མོ། ཚོགས་གསོག་ཟེར་བ་ཅི་རེད།”
  “དགེ་བ་བསྒྲུབས་པ་ལ་ཟེར།”
  “དགེ་བ་བསྒྲུབས་པ་ཟེར་བ་ཅི་རེད།”
  “དགེ་བ་བསྒྲུབས་པ་ནི་ལས་ངན་པ་སྤངས་ཤིང་། ལས་བཟང་བོ་བསྒྲུབས་པ་ལ་ཟེར།”
  “དེས་ན་རྨོ་མོས་ལས་ངན་པ་བསྒྲུབས་མྱོང་ངམ།”
  “མུན་ནག་གི་དུས་སྐབས་དེའི་ནང་ལས་ངན་པ་གཅིག་ཀྱང་བསྒྲུབས་མ་མྱོང་མཁན་ཞིག་ག་ལ་ཡོད།”
  “ཁྱོད་ཀྱིས་ལས་ངན་པ་ཅི་ཞིག་བསྒྲུབས་མྱོང་།”
  “གཞུང་གི་མཛོད་ཁང་ནས་གྲོ་སྒྱེ་མོ་ཆུང་ཆུང་གང་བརྐུས་མྱོང་། ད་དུང་ཁ་རོག་གེར་ཞིང་ནང་ནས་ཞོག་ཁོག་སླེ་བོ་གང་བསློགས་མྱོང་།”
  “དེ་ཡང་ལས་ངན་པ་ཡིན་ནམ།”
  “ལོས་ཡིན།”
  “……”
  ཕྱིར་དྲན་ཞིག་བྱས་ན། རྨོ་མོ་ནི་སུན་སྣང་གིས་སྟོངས་པའི་མི་ཞིག་ཡིན། ངས་རྨོ་མོར་ཅི་དྲིས་ཀྱང་མོས་དལ་བྲེལ་མེད་པར་རེ་རེ་བཞིན་ལན་འདེབས་པར་བྱེད་ཅིང་། ད་དུང་མཚམས་རེར་དྲིས་ལན་ཞིག་ལས་འཕྲོས་ཏེ་གཏམ་རྒྱུད་རེ་ཡང་བཤད་འོངས། རྨོ་མོས་ང་ལ་ཚེ་འབུམ་ཁ་ཆེ་ཡི་གཏམ་རྒྱུད་བཤད་པ་དེ་ངས་ད་དུང་དྲན་བཞིན་འདུག་སྟེ།
  ……ཚེ་འབུམ་ཁ་ཆེ་ནི་ཆུང་དུས་སུ་མི་དབུལ་བོ་དབུལ་ནག་ཅིག་ཡིན་ལ། ཕ་མ་གཉིས་འདས་རྗེས་ཁྱོད་ཀྱི་སྤོ་བོ་མཐོ་རིས་པོའི་ཕ་རྒན་མཐོ་རིས་པོས་བདག་སྐྱོང་བྱས་པ་རེད། དེ་དུས་ང་དང་ཁྱོད་ཀྱི་སྤོ་བོ་མཐོ་རིས་པོ། ད་དུང་ཚེ་འབུམ་ཁ་ཆེ་བཅས་ང་ཚོའི་ན་ཚོད་ལ་ཆེ་ཆུང་ཆེན་པོ་མི་རྒྱུག་པས་རྩེད་ར་གཅིག་གི་རྩེ་གྲོགས་ཡིན། ཚེ་འབུམ་ཁ་ཆེ་ནི་དེ་དུས་ནས་བྱིས་པ་བསམ་ནག་ཅིག་ཡིན་ཅེས་བཤད་ཆོག ཁོས་ང་ལ་བརྙས་བཅོས་ཐེངས་མང་བྱས་མྱོང་། ཁོས་ང་ལ་བརྙས་བཅོས་ཐེངས་བྱེད་ཐེངས་རེར་ཁྱོད་ཀྱིས་སྤོ་བོ་ངའི་རྒྱབ་རྩར་ལངས་ཏེ་ཁོ་ལ་ཁུ་ཚུར་རེའམ་འགྲམ་ལྕག་རེ་སྦྱིན་སྲིད། རྨོ་མོས་དེ་ལྟར་བཤད་དུས། ངའི་མིག་ལམ་དུ་ངས་ཚེ་འབུམ་ཁ་ཆེ་ཟེར་བའི་བྱིས་པ་ཞིག་ལ་འགྲམ་ལྕག་གིས་གཞུས་པའི་སྣང་བརྙན་ཞིག་མངོན་བྱུང་། རྨོ་མོས་ཁྱོད་ཀྱི་སྤོ་བོའི་ཕ་མཐོ་རིས་པོ་ཡང་སྔགས་རྒན་ཞིག་ཡིན་པས། ཆུང་ངུའི་དུས་སུ་ཁོ་གཉིས་ལ་མཉམ་དུ་རྒྱུན་སྤྱོད་ཀྱི་ཞལ་འདོན་རིགས་བསླབས་མོད། ཚེ་འབུམ་ཁ་ཆེ་ཡིས་རང་གིས་འདོན་མི་ཤེས་པ་མ་ཟད་ད་དུང་ཁྱོད་ཀྱི་སྤོ་བོའི་ཁ་གཅོལ་ནས་སྒྲ་ལོག་དོན་ལོག་ཏག་ཏག་འདོན་པས། ཁྱོད་ཀྱི་སྤོ་བོའི་ཕ་མཐོ་རིས་པོ་ཡང་ཐབས་ཟད་དེ་ཁྱོད་ཀྱི་སྤོ་བོ་ལ་མུ་མཐུད་དུ་ཆོས་ལུགས་ཆོ་ག་སྣ་ཚོགས་དཔྱིས་ཕྱིན་པ་ཞིག་ཁྲིད་ཀྱང་། ཚེ་འབུམ་ཁ་ཆེ་ར་རྫིར་མི་མངགས་ཀ་མེད་བྱུང་། དྲང་མོར་བཤད་ན་ཁྱོད་ཀྱི་སྤོ་བོ་དང་ཚེ་འབུམ་ཁ་ཆེ་གཉིས་ཁྱིམ་གཅིག་ནས་སྐྱེས་པ་ཡིན་པས། ཁོས་ཁྱོད་ལ་མི་མང་ཚོགས་སར་དེ་ལྟར་རྟ་ལྕག་གིས་འབྲབ་དོན་མེད། རྨོ་མོས་དེ་ལྟར་བཤད་ཞོར་བདག་གི་གདོང་གི་མངལ་རྟགས་གོར་གོར་དེར་ལག་པས་རེག་ཙམ་བྱས་སོང་།
  རྨོ་མོས་མུ་མཐུད་དུ། ཚེ་འབུམ་ཁ་ཆེ་ཡིས་རྗེས་སུ་སྟོན་སྐུ་ཞིག་སྐུབས་སྟེགས་བྱས་ཤིང་། དཔེ་ཆ་སྣ་རིང་ཞིག་གིས་སྣབས་ཕྱིས་བཞིན། ང་ལ་ཆོས་སློབ་མི་འདོད་ཀྱང་ཁོའི་ཕ་རྒན་གྱིས་བཙན་གྱིས་འཁྲིད་པ་རེད། ངས་དེ་དུས་ནས་དེ་ནི་རྨོངས་དད་ཡིན་པ་རྟོགས་ནས་དང་ལེན་མ་བྱས། ད་ལྟ་ཡིན་ནའང་དེ་རེད། སུ་ཞིག་གིས་རྨོངས་དད་བྱས་ན་དེ་རང་ཕམ་པར་བརྒྱག་དགོས་ཞེས་བཙན་ངར་གྱིས་བཤད་ཅིང་། ཚེ་འབུམ་ཁ་ཆེ་ཡིས་ད་དུང་ང་འདི་བ་ཚང་གིས་གཡོག་ལ་བཀོལ་ནས་ར་རྫི་བྱས་པ་རེད། ད་ནི་སྐྱིན་པ་ལེན་དགོས་ཞེས་ཁྱོད་ཀྱི་སྤོ་བོའི་སྐེ་ལ་ཞོན་ནས་ཡར་འདེད་མར་འདེད་བྱས་པ་རེད། རྨོ་མོས་དེ་ལྟར་བཤད་དུས། ཡང་ངའི་མཐོང་ལམ་དུ་ཚེ་འབུམ་ཁ་ཆེ་ཟེར་བའི་མི་ངན་དེས་ངའི་སྐེ་ལ་ཞོན་ནས་རྫིག་རྫིག་རྔམ་རྔམ་བྱེད་པའི་བཟོ་ལྟ་ཞིག་ཝ་ལེར་ཤར་ཡོང་།
བདག་གི་ཨ་མས་བཤད་ན་རྗེས་སུ་བྱུང་བའི་དོན་དག་དེ་རྣམས་ནི་རྣམ་སྨིན་རེད་ཟེར། ཚེ་འབུམ་ཁ་ཆེའི་བུ་ཆེ་བ་དགུན་ཁ་ཞིག་ལ་སྡེ་འདབས་ཀྱི་གྲམ་ཆུར་ལྷུང་སྟེ་འཁྱག་ཤི་ཐེབས་པ་དང་། དེ་ནས་ལོ་གཅིག་མ་འགོར་བར། ཚེ་འབུམ་ཁ་ཆེའི་བུ་ཆུང་བ་ཡང་རྟ་རྒན་ཞིག་གིས་གཡང་ལ་བརྫངས་སོང་། གསར་བརྗེ་སྐྱིད་ཟེར་བའི་སྨྱོན་པ་དེ་ལོས་ཤེས། ངག་ལྐུགས་ཤིང་རྣ་འོན་ནས་ཕལ་ཆེར་ལོ་བཞི་བཅུ་འགོར་ཟིན་པ་དེ་རེད། ཨ་མས་དེ་ལྟར་བཤད་དུས་ཤུགས་རིང་ཞིག་འབྱིན་བཞིན་མི་ལ་སྣོག་རྒྱུ་གཏན་ནས་མང་མི་ཉན་ཟེར། དེ་ནི་ཁ་གྲག་རྒྱུར་མི་དགའ་བའི་ངའི་མ་རྒན་གྱིས་རྒྱུན་པར་ཁ་ལ་འཕྲེད་ཀྱིས་བཟུང་ཡོད་པའི་གདམ་ངག་ཀྱང་ཡིན།
……
  ལོ་མང་པོ་འགོར་བའི་དེ་རིང་། ང་རང་ཡང་བསྐྱར་ཕ་ཡུལ་དུ་ལོག་ཅིང་། སྤོ་བོ་སོང་མྱོང་བའི་རྐང་ལམ་དེད་ནས་སྡེ་འདབས་ཀྱི་མཚམས་ཁང་རྙིང་རལ་དེའི་འགྲམ་དུ་ཕྱིན་པ་ཡིན། མཚམས་ཁང་དེ་ནི་ད་དུང་ཡང་ལོ་རྒྱུས་ཀྱི་དོད་དུ་འགྱེལ་མ་ལངས་ཤིག་བྱས་ནས་ཁུ་སིམ་མེར་བསྡད་འདུག ངས་མཚམས་ཁང་གི་རྩིགས་པར་རྒྱབ་བསྙེས་ཏེ་བསམ་གཞིག་གི་གཤོག་པ་མཐར་ཇི་ལྟར་བཅད་ཀྱང་། སྐྱེ་བ་སྔོན་མའི་འདས་རྐྱེན་ནི་ཡིད་ལ་རབ་རིབ་ཙམ་ཡང་འཁོར་རྒྱུ་མ་བྱུང་། ཡིན་ཀྱང་ང་ལ་གློ་བུར་བསམ་ཚུལ་ཞིག་སྐྱེས་པ་ནི། སྤོ་བོའི་ཤི་རྐྱེན་ནི་དོན་དུ་ཁོང་གིས་ཕུང་བོ་ཞིག་བརྗེས་འདོད་པ་ལས་རྒྱུ་རྐྱེན་གཞན་གང་ཡང་མེད་ཀྱང་སྲིད་ཅེས་པ་དེའོ།། ངས་དེ་ལྟར་དྲན་པ་ན་ལྗིད་ཏིག་གེའི་ཁུར་བོ་ཞིག་ཐང་ལ་ཕོག་པ་དང་འདྲ་བར། ལུས་སེམས་གཉིས་ཀ་ངང་ངམ་ཤུགས་ཀྱིས་ཡང་ཟོར་རེར་བུད་སོང་། ང་རང་རྣང་ཞིང་གི་ཐེམ་པ་བརྒལ་ཏེ་མདུན་དུ་ཕྱིན་ཅིང་། ལག་གཡས་དཔྲལ་ངོས་སུ་བཙུགས་ཏེ་མེ་ཕུང་ཞིག་དང་མཚུངས་པའི་ཉིན་བྱེད་ལ་ཡུན་རིང་ཅེར། མིག་ལ་གཙེས་པའི་ཉིན་བྱེད་ཀྱིས་ཀྱང་ང་ལ་འགུལ་མེད་དུ་ཅེར་འདུག དེ་ནས་ངས་མིག་ཟུང་ཟུམ་ཙམ་ཟུམ་ཙམ་བྱས་རྗེས། མཐོང་ལམ་དུ་སྔོ་ལྟེམ་སེར་ཡོད་པའི་ལོ་ཏོག་གི་ཚོགས་ལ་མིག་གཡེང་ཞིག་བྱས། དེ་དུས་གར་ཡོང་ཆ་མེད་ཀྱི་རླུང་བུ་ལྡོམ་པོ་ཞིག་བསིལ་བསིལ་དུ་ལྡང་བ་ན། སེར་ལམ་ལམ་བྱེད་པའི་ལོ་ཏོག་གི་ཚོགས་ཟླ་དྲུག་པའི་ཞིང་ཐང་དུ་རྒྱ་མཚོའི་རླབས་བཞིན་ཤིག་ཤིག་ཏུ་གཡོས་བྱུང་།

                 1986 ལོའི་ཆར་ལྭ།

   དེ་ནི་སྤྱི་ལོ1986ལོ་ཡིན།
  ལོ་དེར་བཀྲ་ཤིས་ནི་ལོ་དགུ་ལ་སོན་ཙམ་གྱི་བྱིས་པ་ཞིག་ཡིན།
  ལོ་དེར་བཀྲ་ཤིས་ནི་སློབ་ཆུང་ལོ་རིམ་གཉིས་པའི་ཐེམ་པར་གོམ་པ་སྤོས་མ་ཐག་གི་སློབ་ཆུང་སློབ་མ་ཞིག་ཡིན།

  བཀྲ་ཤིས་མལ་ལས་ལངས་མ་ཐག ཟི་ལིང་དུ་ཡོད་པའི་ཁུ་བོས་རང་ལ་འཚམ་རྟགས་སུ་ཉོས་ཡོང་བའི་ཆར་ལྭ་དེ་གོན་རྩིས་བྱས་ཀྱང་། ཨ་མས“ཕྱི་རོལ་ཏུ་ཆར་ཐིགས་ཙམ་ཡང་འབབ་ཀྱིན་མེད་པས་ཁྱོད་ཀྱིས་ཆར་ལྭ་གོན་ནས་ཅི་བྱ”ཞེས་བཤད་པས། བཀྲ་ཤིས་ཀྱིས་ནམ་མཁའི་མཐོངས་སུ་ཡང་ཡང་ལྟ་བཞིན་འཐད་ལ་མི་འཐད་ངང་ཆར་ལྭ་དེ་དཔེ་ཁུག་ཏུ་བཅུག་རྗེས་སློབ་གྲྭར་ཕྱིན།
བཀྲ་ཤིས་ཀྱིས“དེ་རིང་ཅིའི་ཕྱིར་ཆར་བ་མ་བབས་པ་ཡིན་ནམ”སྙམ་བཞིན་ཕངས་སེམས་དང་བཅས་སློབ་གྲྭར་འགྲོ་དུས། རྒྱབ་ཕྱོགས་ནས་མི་ཞིག་གིས་ཁོའི་མིང་ནས་འབོད་ཀྱིན་འདུག ཁོ་རང་ཁ་ཕྱིར་འཁོར་ནས་ལྟ་དུས་དེ་ནི་རང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་སྟོབས་ལྡན་རེད། སྟོབས་ལྡན་གྱིས“ང་ལ་ཅུང་ཟད་སྒུགས་རོགས”ཞེས་སྐད་རྒྱག་ཞོར་ཁོའི་ཕྱོགས་སུ་བརྒྱུགས་ནས་འོང་བཞིན་འདུག བཀྲ་ཤིས་དང་སྟོབས་ལྡན་གཉིས་སྡེ་འདབས་ཀྱི་རྐང་ལམ་ཨ་ཀྱོག་པ་ཀྱོག་དེ་བརྒྱུད་ནས་ལམ་འགྲམ་གྱི་གད་པ་དེའི་ཁར་བསླེབས་སྐབས། བཀྲ་ཤིས་ཀྱིས་སྟོབས་ལྡན་ལ“དེ་རིང་ཆར་བ་འབབ་སྲིད་དམ”ཞེས་དྲིས། སྟོབས་ལྡན་གྱིས་ཤར་རིའི་རྩེ་རུ་འོད་ཀྱི་ཟེར་མ་ལམ་ལམ་སྤྲོ་བའི་ཉི་གཞོན་ལ་ཐེངས་ཤིག་ཅེར་རྗེས། ཚིག་ཐག་ཆོད་པོའི་སྒོ་ནས“དེ་རིང་ཆར་བ་འབབ་རྒྱུ་མ་རེད”ཅེས་ལན་བཏབ། སྐད་ཆ་དེས་བཀྲ་ཤིས་ཀྱི་རེ་བའི་མེ་ལྕེའི་སྟེང་དུ་ཆུ་འཁྱག་ཟོ་གང་བླུགས་པ་ལྟར་སེམས་པ་འཁྱག་སིབ་སིབ་ཏུ་བཏང་། བཀྲ་ཤིས་ཀྱིས“ཆར་བ་ཞིག་ཀྱང་མི་འབབ་པ་ཅི་ཡིན་ནམ”ཟེར། སྟོབས་ལྡན་གྱིས་བཀྲ་ཤིས་ཀྱི་སེམས་དོན་མ་རྟོགས་པར“ཆར་བ་བབས་ནས་ཅི་བྱེད་ཨང”ཟེར།
  “ང་ནི་ཆར་བ་བབས་ན་དགའ།”
  “ང་ནི་ཆར་བ་མ་བབས་ན་དགའ།”
  “གནམ་རྒན་མ། ཆར་བ་ཞིག་འབབ་རོགས།”
  “གནམ་རྒན་མ། ཆར་བ་ཞིག་མི་འབབ་རོགས།”
  “ཆར་བ་བབས་ན་བཟང་།”
  “ཆར་བ་མ་བབས་ན་བཟང་།”
  བཀྲ་ཤིས་ཀྱིས་ཅི་བཤད་ལ་སྟོབས་ལྡན་གྱིས་ལྡོག་ཕྱོགས་ནས་བཤད་འོངས་པས། བཀྲ་ཤིས་རབ་ཏུ་ཁྲོས་ཏེ། “སྟོབས་ལྡན་སྣ་འབིགས་ཁྱོད་ཀྱི་ཨ་བ་ཨ་མ། ཅི་རེད། བསམ་གཟས་ནས་ང་ལ་་སྙད་རྐོ་བ་ཡིན་ནམ” ཟེར།
  སྟོབས་ལྡན་ཡང་རང་དགར་ཁ་རོག་གེར་སྡོད་མཁན་ཞིག་མིན་པ་འདྲ། “བཀྲ་ཤིས་ཐོད་འབུར། ཆར་བ་བབས་ནས་རོ་བྱེད་དམ”ཟེར།
  སྟོབས་ལྡན་གྱི་དམོད་ཚིག་དེ་ཐོས་མ་ཐག བཀྲ་ཤིས་ནི་རྒྱུག་ཐེངས་ཤིག་གིས་སྟོབས་ལྡན་གྱི་གམ་ཏུ་བརྒྱུགས་ཤིང་། འཛིན་ཐེངས་ཤིག་གིས་སྟོབས་ལྡན་གྱི་སྐྲ་ལོ་ནས་བཟུང་བྱུང་། “ད་ཁྱོད་ཀྱིས་དེ་ལྟར་ཤོད།” ཁོས་སྟོབས་ལྡན་གྱི་སྐྲ་ལོ་ནས་བཟུང་སྟེ་མགོ་བོ་མར་མནན་པ་ན། སྟོབས་ལྡན་གྱི་ཡར་སྔོན་གྱི་ཁེངས་ཉམས་ཡོངས་སུ་ཤོར་འདུག་ནའང་། ཁ་ནས་ད་དུང“ཆར་བ་འབབ་མི་འབབ་དེ་ཁྱོད་ལ་འབྲེལ་བ་ཅི་ཡོད། ངས་ཆར་བ་མ་འབབ་ཅེས་བཤད་པ་མ་གཏོགས་ཁྱོད་ཀྱི་གཅིན་མ་འབབ་ཅེས་བཤད་པ་ཡིན་ནམ”ཟེར།
  “ཁྱོད་ཀྱིས་ངེས་པར་དུ་ཆར་བ་འབབ་རོགས་ཞེས་བཤད་དགོས།”
  “མི་བཤད།”
  “མི་བཤད་དམ།”
  བཀྲ་ཤིས་ཀྱིས་སྟོབས་ལྡན་གྱི་སྐྲ་ལོ་ནས་ཤུགས་ཀྱིས་འཐེན་པ་ན། སྟོབས་ལྡན་གྱིས་ན་ཟུག་མ་བཟོད་པར། “ཨ་ཚ། ཨ་ཚ། ཆར་བ། ཆར་བ་འབབ་རོགས”ཞེས་བཤད།
  “ཆར་བ་བབས་ན་བཟང་ཞེས་བཤད་རོགས།”
  “མི་བཤད།”
  “མི་བཤད་དམ།”
  བཀྲ་ཤིས་ཀྱིས་སྔར་བཞིན་སྟོབས་ལྡན་གྱི་སྐྲ་ལོ་ནས་ཤུགས་ཀྱིས་འཐེན་བཞིན“ཁྱོད་ཀྱིས་བཤད་རྒྱུ་ཡིན་ནམ་མིན”ཟེར།
  སྟོབས་ལྡན་གྱིས“ཨ་ཚ། ཨ་ཚ། ཆར་བ། ཆར་བ་བབས་ན་བཟང”ཞེས་བཤད།
  སྐབས་དེར་རྐང་ལམ་གྱི་སྣེ་རུ་དགེ་རྒན་རིག་འཛིན་རྡོ་རྗེ་སློབ་གྲྭའི་ཕྱོགས་སུ་འོང་བཞིན་ཡོད་པས། བཀྲ་ཤིས་ཀྱིས་སྟོབས་ལྡན་གྱི་སྐྲ་ནས་བཏང་སྟེ་གཉིས་ཀ་གཅིག་ལས་གཅིག་མགྱོགས་ཀྱིས་སློབ་གྲྭའི་ཕྱོགས་སུ་བརྒྱུགས་སོང་། ཁོ་གཉིས་ཀ་སློབ་གྲྭའི་ར་སྐོར་ནང་དུ་འབྱོར་དུས། སྔོན་ལ་བསླེབས་པའི་སློབ་གྲོགས་ཚོས་ལག་ཏུ་རྡོ་འཇོང་རེ་ཐོགས་ཏེ་ཐང་ལ་ཡི་གེ་འབྲི་བཞིན་འདུག བཀྲ་ཤིས་དང་སྟོབས་ལྡན་གཉིས་ཀྱང་སློབ་གྲོགས་དེ་དག་གི་གྲས་སུ་བཙངས། སློབ་གྲོགས་ཚོས་དགེ་རྒན་རིག་འཛིན་རྡོ་རྗེ་བསླེབས་པ་མཐོང་བས་མགོ་བོ་བསྒུར་ནས། “ཀ་བ་ཀ་བ་ཁ་བ་ཁ་བ”ཞེས་ངག་ལ་སྐྱོར་བཞིན་སུ་མགྱོགས་འགྲན་པ་ལྟར་མིང་ཚིག་དེ་དག་ཐང་ལ་འབྲི་ཐུབ་ཐུབ་བྱེད། བཀྲ་ཤིས་གཅིག་པུས་ཐང་ལ་ཡི་གེ་འབྲི་ཞོར་སྤྲིན་བྱིའུ་མགོ་ཙམ་ཡང་མེད་པའི་ནམ་མཁར་ཡང་ཡང་ལྟ་བཞིན་འདུག དེ་དུས་ཞོགས་པའི་ཉི་འོད་ནི་སློབ་ཁང་གི་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་འཕྲོས་ཏེ་ལྡོག་འོད་ལམ་ལམ་འཚེར། དེས་བཀྲ་ཤིས་ཀྱི་མིག་ལ་གཙེས་ཤིང་ཚ་ལམ་ལམ་བྱེད།
  གྲོ་ཞིང་ཁ་སློབ་ཆུང་ནི་སློབ་གྲྭ་ཆུང་ཆུང་ཞིག་སྟེ། སློབ་གྲྭ་ཆུང་ཆུང་དེར་སློབ་མ་བཅུ་ཕྲག་ཙམ་ལས་མེད་ལ། དེ་བཞིན་དགེ་རྒན་ཡང་དགེ་རྒན་རིག་འཛིན་རྡོ་རྗེ་གཅིག་པུ་མ་གཏོགས་མེད། དགེ་རྒན་རིག་འཛིན་རྡོ་རྗེ་ནི་སློབ་གྲྭ་དེའི་སློབ་གཙོ་ཡིན་ལ་དགེ་རྒན་ཡང་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སྔ་དྲོའི་སློབ་ཐུན་བཞི་བོའི་རིང་ལ་རྩིས་རིག་དང་བོད་ཡིག་རེས་མོས་སུ་ཁྲིད་དགོས། ལྕང་སྡོང་གུག་ཏོ་ཞིག་གི་སྐེ་ལ་ཅོང་རྙིང་བཙའ་ཏོ་ཞིག་དཔྱངས་ཡོད་པ་དེས “ཏིང་ཏིང” ཞེས་སྒྲ་གཉིས་རེ་གཉིས་རེ་གྲག་དུས་སློབ་ཐུན་འཚོགས་པའི་བརྡ་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་སློབ་ཁང་དུ་འཛུལ་མ་ཐག་ཅག་ཅག་ཅག་བྱེད་པའི་སློབ་གྲོགས་ཚོ་ཅག་མེད་སེར་གྱུར། ཁོང་གིས་སློབ་ཚན་གསར་བ་ཞིག་ཁྲིད་ནས་རྫོགས་ལ་ཉེ་དུས་བཀྲ་ཤིས་ཀྱིས་མིག་གཉིས་གཡོ་བ་མེད་པར་ཕྱི་རོལ་ཏུ་ཅེར་འདུག་པ་མཐོང་བྱུང་། ཁོང་གིས“བཀྲ་ཤིས་དོན་གྲུབ”ཅེས་ཁོའི་མིང་ཧྲིལ་བོས་ཐེངས་གཉིས་ལ་བོས་ཀྱང་བཀྲ་ཤིས་ཀྱིས་མ་གོ། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁྲིད་ལྕག་ཐོགས་ཏེ་བཀྲ་ཤིས་ཀྱི་གམ་ཏུ་བསླེབས་ཤིང་སྐེ་ཁུག་ལ་ཁྲིད་ལྕག་གིས་ཅལ་སེ་བརྒྱབ་པ་ན། བཀྲ་ཤིས་གང་ཞིག་ནས་གློ་བུར་སད་པ་ལྟར་ཡར་ལངས་ཤིང་། མགོ་བོ་ལག་པས་བསྐྱོར་ཏེ་དགེ་རྒན་གྱི་གདོང་ལ་འོག་མིག་གིས་ལྟ་བཞིན་འདུག
  “ཁྱོད་ཀྱིས་སེམས་ལ་ཅི་ཞིག་དྲན་བཞིན་ཡོད།”
  “ཅི་ཡང་དྲན་བཞིན་མེད།”
  “དེས་ན་སྒེའུ་ཁུང་ཕྱི་རོལ་ཏུ་ཅི་ཞིག་ཡོད་དམ།”
  “ཅི་ཡང་མེད།”
  “མེད་དམ།”
  “མེད།”
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁོས་ཕྱི་རོལ་ཏུ་ལྟ་བའི་རྒྱུ་མཚན་རྒྱུ་མ་ཕུག་འདེད་མི་བྱེད་པར། “ད་ཐེངས་ཁྱོད་ལ་གུ་ཡངས་བཏང་བ་ཡིན། རྗེས་མར་སློབ་ཁྲིད་ལ་ཡག་པོར་མ་ཉན་ཚེ་ངས་ཁྱོད་ལ་ཆད་པ་ནན་མོ་གཅད་རྒྱུ་ཡིན། ཨེ་གོ་ཐལ”ཟེར། བཀྲ་ཤིས་ཀྱིས་མགོ་བོ་ཡར་དགྱེ་ནས“ཡ”ཞེས་ལན་བཏབ་རྗེས་སླར་ཡང་མགོ་བོ་སྨད་སོང་། སྐབས་དེར་དགེ་རྒན་རིག་འཛིན་རྡོ་རྗེ་ཁྲིད་སྟེགས་སྟེང་བུད་དེ་མུ་མཐུད་དུ་སློབ་ཚན་ཁྲིད་ཀྱིན་འདུག མཇུག་ཏུ་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སློབ་ཚན་ནང་གི་མིང་ཚིག་འགའ་ནག་པང་སྟེང་བྲིས་ཏེ་སློབ་གྲོགས་ཚོར་ཚིག་གྲུབ་བཟོ་རུ་བཅུག
“ཐོག་མར་སློབ་གྲོགས་ཚོས་ཆར་བ་ཞེས་པའི་མིང་ཚིག་འདིར་ཚིག་གྲུབ་བཟོ་རོགས། ཡ། འཇིགས་མེད་ནས་མགོ་རྩོམ་རྒྱུ་བྱོས།”
  གྲལ་གཤར་སྔོན་མར་ཙོག་ཡོད་པའི་སློབ་གྲོགས་དེ་ཡར་ལངས་ཏེ། “ཆར་བ་བབས་ན་གྱོན་པ་རློན་པར་བཏང་འགྲོ”ཟེར།
  “རེད། བཟང་གི ”དགེ་རྒན་རིག་འཛིན་རྡོ་རྗེས་ཡིས་དེ་ལྟར་བཤད།
  དེའི་འཕྲོར་སློབ་གྲོགས་གཅོད་པ་ཡར་ལངས་ཏེ། “ཆར་བ་བབས་ན་ཟམ་པ་ཁུར་འགྲོ”ཟེར།
  “རེད། བཟང་གི”
  དེའི་འཕྲོར་སློབ་གྲོགས་སྟོབས་ལྡན་ཡར་ལངས་ཏེ། “ང་རང་ཆར་བ་ལ་མི་དགའ”ཟེར།
  “ཡ། དེ་ཡང་ཆོག་གི”
  དེའི་འཕྲོར་སློབ་གྲོགས་སྒྲོལ་མ་ཡར་ལངས་ཏེ། “ཆར་བ་བབས་ན་ཨ་མ་ལས་ཀར་འགྲོ་མི་ཐུབ”ཟེར།
  “རེད། འགྲིག་གི”
  སློབ་གྲོགས་ཚོས་རེ་རེ་བཞིན་ཚིག་གྲུབ་བཟོས་ནས་བཀྲ་ཤིས་ཀྱི་མཚམས་སུ་བསླེབས་དུས། ཁོས“ང་ནི་ཆར་བ་ལ་དགའ། ཆར་བ་བབས་ན་བདག་གིས་ཆར་ལྭ་གོན་ཆོག”ཟེར།
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“བཀྲ་ཤིས་ཀྱིས་ཆར་བ་ཞེས་པའི་མིང་ཚིག་འདིར་ཚིག་གྲུབ་གཉིས་བཟོས་བྱུང་། ཁོས་སློབ་ཁྲིད་ལ་ལེགས་པོར་མི་ཉན་པ་དེ་མི་བཟང་། ཡིན་ནའང་ཁོས་ཚིག་གྲུབ་བཟོས་པ་ཤིན་ཏུ་ལེགས། འདིའི་ཕྱོགས་ནས་ཚང་མས་བཀྲ་ཤིས་ལ་སློབ་སྦྱོང་བྱོས”ཟེར།
  ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་སློབ་གྲོགས་ཚོ་སྡེ་འདབས་ཀྱི་རྐང་ལམ་དེའི་སྟེང་དུ་ཐར་ཐོར་ངང་ཡུལ་དུ་ལོག་གིན་འདུག དབྱར་གྱི་ཉི་མ་ནི་གནམ་མཐའི་གང་ཞིག་ཏུ་བཏགས་པ་དང་འདྲ་བར་འགུལ་མེད་དུ་ལུས་པས། མི་ལ་ཉིན་དཀར་ནི་ཤིན་ཏུ་རིང་བའི་སྣང་བ་སྟེར། གྲོ་ཞིང་ཁ་སྡེ་བ་ནི་ཉིན་ཁར་ཆགས་ཡོད་པས་ཕྱི་དྲོའི་མཚམས་སུ་བསླེབས་ཀྱང་། སེར་ལམ་ལམ་གྱི་ཉི་མས་རི་གྲོང་སྐྱ་བོ་དེ་གཞོབ་ལ་ཁད་བྱེད། ལམ་འགྲམ་གྱི་གད་པའི་དེའི་ཁར་ཐར་ཐོར་དུ་བཞད་པའི་རེ་ལྕག་པའི་མེ་ཏོག་དང་། གྲེ་མའི་མེ་ཏོག ད་དུང་མིང་མི་ཐོགས་པའི་མེ་ཏོག་གཞན་རྣམས་ཀྱང་ཤིན་ཏུ་ཚ་བའི་ཉི་འོད་འོག་ཏུ་མགོ་བོ་བསྣར་ནས་བཀྲག་མདངས་ཡོངས་སུ་ཤོར། སློབ་གྲོགས་རྣམས་ཀྱང་ཙད་ཀྱིས་ཤིན་ཏུ་གཙེས་པས། སློབ་གྲོགས་ཕོ་དག་གིས་ཕྱི་ལྭ་ཕུད་དེ་དཔུང་རྗེན་དུ་འགྲོ་བཞིན་འདུག ཡིན་ནའང་སྐབས་དེར་བཀྲ་ཤིས་ཀྱིས་དཔེ་ཁུག་ལས་ཆར་ལྭ་སེར་པོ་དེ་བཏོན་སྟེ་ལུས་ལ་གོན་བྱུང་། ཉི་འོད་ཀྱི་འོག་ཏུ་ཆར་ལྭ་དེ་ནི་དེ་ལྟར་ཚོན་མདངས་ཀྱིས་ཀུན་ནས་ཕྱུག་པ་ཞིག་སྟེ། གྲོ་ཞིང་ཁའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་སེར་ལམ་ལམ་བྱེད། སེར་ལམ་ལམ་གྱི་ཆར་ལྭ་དེས་སྐྱ་ཐོ་ཐོ་བྱེད་པའི་སློབ་གྲོགས་ཀུན་གྱི་མིག་དབང་ཅིག་ཅར་དུ་ཕྲོགས་སོང་། སློབ་གྲོགས་ཚོས་བཀྲ་ཤིས་ཀྱི་ཆར་ལྭ་མཐོང་བའི་མོད་ལ། སྔོན་དུ་སྐྱོད་པ་རྣམས་རྗེས་སུ་བསྣུར་ཅིང་རྗེས་སུ་ལུས་པ་རྣམས་མདུན་དུ་བརྒྱུགས་ཏེ་བཀྲ་ཤིས་ཕྱི་སྐོར་ནང་སྐོར་བྱས།
  སྟོབས་ལྡན་གྱིས་ཁ་སྔོན་ལ་གྲགས་ཏེ། “གོས་ལྭ་འདི་ཡག་པ་ལ” ཟེར་ཞོར་ནག་ཧྲེང་ཧྲེང་གི་ལག་པ་མདུན་དུ་བསྲིངས་ནས་སེར་ལམ་ལམ་གྱི་ཆར་ལྭར་རེག་རྩིས་བྱེད་དུས། བཀྲ་ཤིས་ཀྱིས་སྟོབས་ལྡན་གྱི་གདོང་ལ་ལྟ་ཙམ་ཡང་མི་བྱེད་པར་ཕྱི་སྣུར་ཞིག་བྱས་ཏེ“ཁྱོད་ཀྱིས་ཅི་ཟེར། གོས་ལྭ། འདི་གོས་ལྭ་རེད་དམ”ཞེས་ལྡོག་འདྲི་བྱེད་ཞོར་སྟོབས་ལྡན་གྱི་མདུན་དུ་བསྲིངས་ནས་འོང་བཞིན་པའི་ལག་པ་བཀག་སྟེ། “ཁྱོད་ཀྱིས་ངའི་ལྭ་འདི་རྫོབ་རྒྱུ་རེད”ཟེར། སྐབས་དེར་སློབ་གྲོགས་གཞན་རྣམས་ཀྱིས་ཀྱང་ཡིད་སྨོན་ཤོར་བའི་མིག་མདངས་ཀྱིས། བཀྲ་ཤིས་ཀྱི་སེར་ལམ་ལམ་གྱི་ལྭ་བ་དེར་ལྟ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཁ་གྲགས་བྱུང་།
  “འདི་གོས་ལྭ་མིན་ན་ཅི་རེད།” དེ་ནི་འཇིགས་མེད་རེད།
  “འདི་ཐར་མ་ཟེར་བ་དེ་མིན་ནམ།” དེ་ནི་ལྷུན་གྲུབ་རེད།

“ཁྱོད་ཀྱི་ཐར་མ་སེར་པོ་ཞིག་མཐོང་མྱོང་ངམ།” དེ་ནི་གཅོད་པ་རེད།
“འདི་ནི་པ་ཎ་མ་ཟེར་བ་དེ་མིན་ནམ།” དེ་ནི་སྒྲོལ་མ་རེད།
  སྐབས་དེར། བཀྲ་ཤིས་ཀྱི་གདོང་ལ་གཟི་མདངས་ཤིག་རྣམ་པར་འཚེར་ཏེ“འདི་ནི་ཁྱོད་ཚོས་ཤེས་པ་ཞིག་མ་རེད”ཟེར།
  འཇིགས་མེད་ཀྱིས། “ཆམ་སྟེགས་སྤྱད་མིན་ནམ།”
  ལྷུན་གྲུབ་ཀྱིས། “མི་ཤེས་རྒྱུ་ཅི་ཡོད། ལྷ་འབབ་སྤྱད་རེད་ཡ།”
  གཅོད་པས། “དེ་ཡང་མིན་པ་འདྲ།”
  སྒྲོལ་མས། “བཀྲ་ཤིས། ཁྱོད་ཀྱིས་ཤོད་ཡ། འདི་ཅི་རེད།”
  བཀྲ་ཤིས་ཀྱི་གདོང་ལ་བྱིས་པ་ཞིག་ལ་མི་འཛའ་བའི་ཁེངས་ཉམས་ཆེན་པོ་ཞིག་དོད་དེ། “འདི་ཡང་མི་ཤེས་སམ། འདི་ནི་ཆར་ལྭ་རེད་ཡ། ཁྱོད་ཚོས་ཆར་ལྭ་ཤེས་སམ། ཆར་ལྭ། ཆར་ལྭ་ཡང་གོ་མ་མྱོང་ངམ”ཟེར།
  སློབ་གྲོགས་ཚོས་མཉམ་དུ་མགོ་བོ་ཐེད་དུ་གཡུགས་སོང་། རྣམ་པ་དེར་བཀྲ་ཤིས་སྔར་ལས་ཀྱང་ཡིད་ཚིམས་པར་གྱུར་ཏེ། “ཆར་ལྭ་ནི་ཆར་བའི་ནང་གོན་རྒྱུ་རེད་ཡ། ཤེས་སམ”ཟེར།
སྟོབས་ལྡན་གྱིས་ཡང་ཁ་སྔོན་ལ་གྲགས་བྱུང་། “ཁྱོད་ཀྱི་ལྭ་བ་དེ་ཆར་ལྭ་ཡིན་ན། ཁྱོད་ཀྱིས་ཙད་པའི་ནང་དུ་གོན་ནས་ཅི་བྱེད”ཟེར། སློབ་གྲོགས་གཞན་རྣམས་ཀྱང་སྟོབས་ལྡན་གྱི་གཏམ་དེར་ཀུན་ནས་འཐད་དེ་མིག་ཟུང་རིག་རིག་ངང་བཀྲ་ཤིས་ཀྱིས་ཅི་བཤད་ལ་བསྒུགས་འདུག
  སྟོབས་ལྡན་གྱི་གཏམ་དེར་སློབ་གྲོགས་གཞན་ཀུན་འཐད་པ་བྱུང་ནའང་། དེས་བཀྲ་ཤིས་གྲག་རྒྱུ་མེད་པར་བཏང་སོང་། ཁོས་ཡུད་ཙམ་ལ་ལན་ཅི་ཡང་མི་འདེབས་པར་བསྡད་རྗེས། མགྲིན་པའི་ནང་བལ་ལོག་ཅིག་འཚང་བ་ལྟར་ངག་ལྐུགས་བཞིན། “འདི། འདི། ངའི་ཆར་ལྭ་རེད། ངས་ནམ་གོན་ན་གོན། ཁྱོད་ཚོར་འབྲེལ་བ་ཅི་ཞིག་ཡོད”ཟེར།
  ཆར་ལྭ་བཟོ་བྱེད་ཀྱི་རྫས་ནི་འགྱིག་ལས་གྲུབ་པ་ཡིན་པས། བཀྲ་ཤིས་ཀྱི་ལུས་ཡོངས་དྲོས་ཏེ་གདོང་དུ་རྔུལ་ཆུ་ཆུ་བཞིན་བཞུར་གྱིན་འདུག ཡིན་ནའང་བཀྲ་ཤིས་ཀྱིས་ཆར་ལྭ་ཕུད་པའི་བཟོ་ལྟ་ཙམ་ཡང་མེད་པར། གྲོ་ཞིང་ཁའི་སྡེ་འདབས་སུ། སེར་ལམ་ལམ་གྱི་ཉི་འོད་འོག་སེར་ལམ་ལམ་གྱི་ཆར་ལྭ་དེ་གོན་ནས་ཧ་ཅང་འགྱིང་ཉམས་ཀྱིས་ལངས་འདུག རིམ་གྱིས་ཉི་མ་ནུབ་རིའི་ཕང་དུ་གཤེགས་ལ་ཉེ་བས། སློབ་གྲོགས་ཚོས་ཁོར་མུ་མཐུད་དུ་ཆར་ལྭའི་སྐོར་མི་གླེང་བར། རེ་རེ་བཞིན་ཕྱི་མིག་སློག་གིན་སྔ་གཞུག་བྱས་ནས་མདུན་དུ་བརྒྱུགས་སོང་། བཀྲ་ཤིས་གཅིག་པུས་རྐང་ལམ་ཕྲ་མོའི་སྟེང་ཁ་ནས་སི་ལི་རྒྱག་ཞོར་ཕར་གཡེང་ཚུར་གཡེང་ངང་དལ་བྲེལ་མེད་པར་སྐྱོད་གྱིན་འདུག
  ལོ་དེ་ནི་གྲོ་ཞིང་ཁའི་ཡུལ་མི་རྣམས་ལ་མཚོན་ན་ནམ་ཡང་བརྗེད་མི་སྲིད་པའི་ལོ་ཞིག་ཡིན། ལོ་དེའི་ཐན་པས་ཡུལ་ཕྱོགས་དེར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན། ཐན་པ་བྱུང་བའི་ལོ་དེར་སྡེ་མི་ཀུན་གྱི་རེ་བ་ཉག་གཅིག་པུ་སྔགས་རྒན་རིག་འཛིན་ལ་གཏད་འདུག སྡེ་དཔོན་ནམ་བཀྲ་ཤིས་ཀྱི་ཨ་ཕ་སྔགས་རྒན་རིག་འཛིན་གྱི་མཚམས་ཁང་དོག་མོ་དེའི་གོ་འདབས་སུ་སྐྱིལ་ཀྲུང་དུ་བསྡད་དེ། “ཨ་ཁུག་རིག་འཛིན་ལོ་ལོ། ད་བཀོད་པ་ཞིག་མ་འཐེན་ན་ད་ལོར་འབྲུ་སྤར་མོ་གང་ཡང་སྡུད་ཐུབ་རྒྱུ་མ་རེད”ཟེར་དུས། ཚ་ཐབ་སྟེང་ནས་རས་ལྭ་དམར་སྨུག་རྙིང་སྟུག་ཅིག་གཡང་ཤམ་བྱས་ཤིང་། རལ་བ་སྦོམ་པོ་དེ་མགོ་ལ་དཀྲི་བཞིན་པའི་སྔགས་རྒན་རིག་འཛིན་གྱིས། “འོ་ལེ། དོ་ཚིགས་ཀྱི་ཐན་པ་འདི་ཅི་རེད། ངས་ཀྱང་ཁ་ཏོན་མ་བྱས་པའི་བསམ་པ་ཞིག་མེད། ད་ཁྱོད་མ་འཚུབ་དང་། ངས་མོ་ཞིག་འདེབས”ཟེར་ཞོར་ཁ་མདོག་ཀྱང་མི་ཤེས་པའི་ཕྲེང་བ་དེ་མཛུབ་བར་ནས་ཡར་འདེད་མར་འདེད་ལན་འགའ་བྱས་ཤིང་། དེ་ནས་གླེགས་ཐུམ་གྱི་ཁུད་དུ་གཅུད་པའི་མོ་དཔེ་སྣ་ཐུང་དེ་ཕར་སློག་ཚུར་སློག་ཅིག་བྱས་རྗེས། བྲེལ་ཉམས་དང་བཅས་ཚ་ཐབ་སྟེང་ཅེར་འདུག་པའི་སྡེ་དཔོན་ལ“བཅའ་བ་རིམ་གྲོ་ཞིག་བསྒྲུབ་དགོས་པ་འདྲ”ཟེར། སྡེ་དཔོན་གྱིས་སྔགས་རྒན་རིག་འཛིན་གྱི་གཏམ་བཤད་མ་ཚར་གོང་། “ཨ་ཁུ་རིག་འཛིན་ལོ་ལོ་ད་ཁྱོད་ཀྱིས་བལྟོས། ངས་ཅི་ཤེས། ཁྱོད་ཀྱིས་ཅི་བཤད་ན་དེ་ཡིན”ཅེས་བཤད་པ་ན། “དེས་ན་ཚེས་པ་དགུ་ལ་ཀླུ་གཏོར་ཞིག་འཕེན་རྒྱུ་བྱོས། གཅིག་གཉིས་གསུམ་བཞི་ལྔ། རེད། ད་དུང་ཉིན་ལྔ་འདུག དེའི་རིང་ལ་གྲ་སྒྲིག་ཅིག་བྱོས”ཟེར་བ་ན། སྡེ་དཔོན་གྱིས་སྔགས་རྒན་རིག་འཛིན་ལ་བདེ་མོ་བཞག་རྗེས་འཕྲལ་དུ་བུད་སོང་།
  དེ་ཡང་ཉི་འོད་སེར་ལམ་མེར་འཕྲོ་བའི་ཉིན་མོ་ཞིག་རེད། ཁོར་ཡུག་ཀུན་ཙད་པས་མནར་ཏེ་ཕག་རྒན་ཞིག་དང་འདྲ་བར་གཉིད་ལ་ཤོར་འདུག གྲོ་ཞིང་ཁ་སློབ་ཆུང་གི་སློབ་ཁང་ཞིག་ཏུ་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས། “མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད།། ”ཅེས་ས་སྐྱ་ལེགས་བཤད་ཀྱི་ཚན་པ་ཞིག་སློབ་གྲོགས་ཚོར་ཁྲིད་ཀྱིན་འདུག་ལ། སློབ་གྲོགས་ཚོའི་གདོང་དུ་སྒྱིད་ལུག་གི་ཉམས་ཤིག་ཤར་ཅིང་། “མཁས--པ--སློབ--པའི--དུས--ན--སྡུག། བདེ--བར--སྡོད--ལ-- མཁས-- མི--སྲིད།།” ཅེས་གདངས་ཇེ་རིང་དུ་བཏང་ནས་གྱེར་གྱིན་འདུག ཡིན་ནའང་བཀྲ་ཤིས་ཀྱི་གདོང་ལ་རྣམ་ཀུན་ལས་ཀྱང་རྣམ་རིག་ཅིག་རྒྱས་ཤིང་། མིག་གཉིས་རིག་རིག་ངང་སྒེའུ་ཁུང་གི་ཕྱི་རོལ་ཏུ་ཤོར། ཁོའི་མཐོང་ལམ་དུ་མངོན་པ་ནི་ཕ་གིའི་ཞིང་ནང་གི་སྐྱེས་ཚད་ཤིན་ཏུ་དམའ་བའི་ལོ་ཏོག་རེད། ཁོས་རང་གི་མཐོང་ལམ་མུ་མཐུད་དེ་རྒྱ་བསྐྱེད་པ་ན། རྒྱང་རིང་གི་གནམ་མཐའི་མཚམས་སུ་ཉི་འོད་ཀྱིས་ནམ་མཁའ་དང་ས་གཞི་མེ་རུ་སྦར་གྱིན་འདུག བཀྲ་ཤིས་ཀྱི་སེམས་སུ་ཆར་བ་ཞིག་འབབ་རྒྱུ་ན་ཅི་མ་རུང་སྙམ། ཁོས་དེ་ལྟར་སྙམ་པ་དང་། སེམས་པ་རྟོགས་བཟོའི་ཁྲོད་ཀྱི་ཆར་ཀློང་དུ་ཤོར་སོང་། སྐབས་དེར་ཁོའི་མིག་ལམ་དུ་རང་གིས་ཀྱང་ཡིད་སྨོན་བྱེད་པའི་སློབ་གྲོགས་བཀྲ་ཤིས་ཤར་བྱུང་། སློབ་གྲོགས་གཞན་རྣམས་ཀྱི་ལྭ་བ་ཆར་གྱིས་བརླན་ཞིང་ལྭ་འདབས་ནས་ཆུ་ཐིགས་ཙ་ར་ར་བྱེད་ཀྱང་། བཀྲ་ཤིས་ཀྱིས་ཆར་ལྭ་གྱོན་ནས་ཧ་ཅང་ཁེངས་ཉམས་ཀྱིས་བསྐྱོད་ཅིང་། བཀྲ་ཤིས་ཀྱི་ཁ་ནས།“ཆར་བ་ཤུགས་ཀྱིས་འབབ་རོགས། བོབས་ཡ། ཆར་བ་བོབས་ཡ”ཞེས་ས་ལྡིང་གནམ་ལྡིང་བྱེད་ཀྱིན་འདུག བཀྲ་ཤིས་ཀྱི་ཆར་ལྭ་ནི་སློབ་གྲོགས་ཚོས་ཡིད་སྨོན་བྱེད་ས་ཡིན་ལ། བཀྲ་ཤིས་ཀྱིས་ཡིད་སྨོན་བྱེད་ས་ནི་སློབ་གྲོགས་ཚོའི་མིག་ཟུང་ཡིན། སློབ་གྲོགས་ཚོས་ཁོ་ལ་ཡིད་སྨོན་བྱེད་པའི་མིག་ཟུང་དེར་འགུགས་ཤུགས་ཡ་མེད་ཅིག་འདུག ཆར་ཀློང་དུ་བཀྲ་ཤིས་ཀྱི་ཆར་ལྭ་སེར་ལམ་ལམ་སེར་ལམ་ལམ་བྱེད་ཅིང་། ཆར་ཐིགས་རེ་རེ་ཁོའི་ཆར་ལྭའི་སྟེང་ནས་མུ་ཏིག་བཞིན་གྲིལ་ཏེ་ཕྱོགས་བཞིར་ཆོལ།
  “ཆར་བ་བོབས་ཡ། ཆར་བ་བོབས་ཡ། ”ཁོའི་ཁ་ནས་དེ་ལྟར་ཤོར།
  “བཀྲ་ཤིས་དོན་གྲུབ། ”
  སྐད་འགྲགས་དང་བཅས“བཀྲ་ཤིས་དོན་གྲུབ”ཅེས་ཁོའི་མིང་ཧྲིལ་བོས་འབོད་མཁན་ནི་ནམ་ཡང་དགེ་རྒན་རིག་འཛིན་རྡོ་རྗེ་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ལག་གི་དཔེ་ཆ་ཁྲིད་ཅོག་སྟེང་ཁ་བསྒོར་རྗེས་ཐད་ཀར་བཀྲ་ཤིས་གཟས་ནས་བསླེབས་བྱུང་། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བཀྲ་ཤིས་དོན་གྲུབ་ཅེས་བོས་པའི་སྐད་ཅིག་མ་དེར། ཕྱི་རོལ་གྱི་ཆར་ཀློང་དུ་ས་ལྡིང་གནམ་ལྡིང་བྱེད་པའི་བཀྲ་ཤིས་དང་སློབ་ཁང་གི་ནང་གི་སློབ་གྲོགས་བཀྲ་ཤིས་གཉིས་གཞི་གཅིག་ཏུ་འདྲེས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་རྔུལ་ཆུ་ཁྲོམ་ཁྲོམ་ངང་ཆར་བ་འབབ་མིན་དེར་ཁྱོད་ཀྱིས་ཁ་ཡ་བྱ་དགོས་སམ། དེ་ནི་ཕ་མ་ཚོའི་བྱ་བ་རེད། ཁྱོད་ཀྱིས་འདོན་རྒྱུའི་དཔེ་ཆ་མི་འདོན་པར་དེར་ཁ་ཡ་བྱས་ནས་ཅི་བྱེད་ཟེར། ཡིན་ནའང་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་ཁ་ནས་ཀྱང“ད་ལོའི་ཐན་པ་འདི་ཨང”ཞེས་འཁང་ར་ལྟ་བུ་ཞིག་བྱེད་ཞོར། ལག་པས་རྔུལ་ཆུ་འབྱིད་བཞིན་ཕྱི་རོལ་ཏུ་མིག་ཞགས་ཤིག་འཕངས་སོང་།

  ཕྱི་དྲོའི་མཚམས་སུ། སྡེ་འདབས་ཀྱི་གད་པ་དེའི་ཁར་སེར་ལམ་ལམ་གྱི་ཅི་ཞིག་སློབ་གྲོགས་ཚོས་ཕྱི་སྐོར་ནང་སྐོར་བྱས་འདུག དེ་ནི་སློབ་གྲོགས་བཀྲ་ཤིས་རེད། ཁོའི་གདོང་དུ་རྔུལ་ཆུའི་དོག་པ་རེ་རེ་ཕྲེང་ཐག་ཐོར་བ་དང་འདྲ་བར་འཐོར་གྱིན་འདུག་ནའང། རྔུལ་ཆུའི་སྦངས་པའི་འཛུམས་མདངས་དེར་སྔར་བཞིན་བཀྲག་མདངས་ཤིག་འཚེར་ཞིང་གདའ། སྐབས་དེར་སློབ་གྲོགས་ཤིག་གིས། “བཀྲ་ཤིས། ཁྱོད་ཀྱིས་ཆར་ལྭ་དེ་ངས་ཚོད་ལྟ་ཞིག་བྱས་ན་ཆོག་གམ”ཟེར། དེ་ནི་གཞན་མིན་པར་སྔར་བཞིན་ཁ་སྔོན་དུ་གྲགས་པར་དགའ་བའི་སྟོབས་ལྡན་རེད། སློབ་གྲོགས་གཞན་རྣམས་ཀྱིས་བཀྲ་ཤིས་ཀྱིས་སྟོབས་ལྡན་ལ་ལན་ཇི་ལྟ་བུ་ཞིག་གདོན་པར་བསྒུགས་འདུག
  “ཅི་ཟེར། ངའི་ཆར་ལྭ་ཁྱོད་ཀྱིས་ཚོད་ལྟ་ཞིག་བྱེད་རྒྱུ། ཧ་ཧ་ཧ། ”བཀྲ་ཤིས་ཀྱིས་རང་ཉིད་ལ་མི་མཛའ་བའི་ཧབ་དགོད་ཅིག་བྱས་རྗེས། “ཁྱོད་ཀྱིས་ས་མ་རུབ་གོང་ནས་རྨི་ལམ་རྨི་བཞིན་འདུག་ག”ཞེས་སྐད་གདངས་ཀྱང་ཡུན་ལ་བསྲིངས་ཤིང་། རང་ཉིད་ལ་མི་མཛའ་བའི་གཏམ་དཔེ་ཞིག་འཐེན་སོང་།
  “བཀྲ་ཤིས་ལོ་ལོ།” དེ་ནི་སྟོབས་ལྡན་གྱི་སྐད་རེད།
  “ཨ་ཁུ་ལོ་ལོ། ཨ་ཁུ་ལོ་ལོས་ཆར་ལྭ་ཁུགས་སམ།” དེ་ནི་བཀྲ་ཤིས་ཀྱི་སྐད་རེད།
  སློབ་གྲོགས་གཞན་རྣམས་ཀྱིས་ཁ་ཁུ་སིམ་མེར་ཁོ་གཉིས་ཀྱིས་ཅི་བཤད་ལ་མཉན་འདུག
  “འུ་གཉིས་ཀྱི་འདང་།” སྟོབས་ལྡན་གྱི་ཁ་ནས་ཀྱང་བྱིས་པ་ཞིག་ལ་མི་མཛའ་བའི་སྐད་ཆ་ཞིག་བཤད་བྱུང་།
  “ཅི་ཞིག་གི་འདང་། འདང་ཟེར་བ་ཅི་རེད།”ད་ཐེངས་བཀྲ་ཤིས་ཀྱིས་འདང་ཟེར་བའི་སྐད་ཆ་དེའི་ནང་དོན་ཧ་མ་གོ་བ་འདྲ།
  “འདང་ཟེར་བ་ནི་འདང་། དཔེར་ན་འུ་གཉིས་ཀྱི་འདང་ལྟ་བུ་རེད།”
  “ང་ལ་ཆར་ལྭ་ལས་འདང་མེད།”བཀྲ་ཤིས་ཀྱི་འདང་ཞེས་པའི་ནང་དོན་གཏན་ནས་ཧ་མ་སོང་།
  སྐབས་དེར་རླུང་ཡང་མོ་ཞིག་དང་བསྡོངས་ནས་མཁའ་དབུགས་དྲོན་པོ་ཞིག་ཁོ་ཚོའི་བར་དུ་མེ་བཞིན་བསྐྱིལ་བྱུང་། “ཅི་འདྲའི་ཚིག་པ་ལ། ང་འཚིག་ནས་ཤི་ཐལ།” ལྷུན་གྲུབ་ཀྱིས་དེ་ལྟར་བཤད་ཀྱིན་སྔོན་ལ་བུད་སོང་། དེའི་འཕྲོར་འཇིགས་མེད་དང་སྒྲོལ་མ་སོགས་ཀྱིས་ཀྱང་སྟོབས་ལྡན་ལ་རེ་བ་མེད་པ་ཤེས་པས། ལྷུན་འགྲུབ་ཀྱི་རྗེས་བསྙེགས་ནས་བུད་སོང་། ད་ནི་གྲོ་ཞིང་ཁའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་བཀྲ་ཤིས་དང་སྟོབས་ལྡན་གཉིས་ལས་ལྷག་མི་འདུག
  སེར་ལམ་ལམ་བྱེད་པ་དེ་བཀྲ་ཤིས་རེད།
  སྐྱ་ཐོ་ཐོ་བྱེད་པ་དེ་སྟོབས་ལྡན་རེད།
  སྟོབས་ལྡན་གྱིས“བཀྲ་ཤིས་ལོ་ལོ། ཁྱོད་ཀྱིས་ཆར་ལྭ་དེ་ང་ལ་ཚོད་ལྟ་ཞིག་བྱ་རུ་ཆུགས་དང་། ངས་ཁྱོད་རང་ཁུར་ནས་ཡུལ་ལ་འགྲོ”ཟེར།
  སྟོབས་ལྡན་གྱི་གཏམ་དེས་ཚ་བས་གདུང་བའི་བཀྲ་ཤིས་ཀྱི་སེམས་པ་དལ་བུར་བསྒུལ་བྱུང་། ཡིན་ནའང་ཁོས་ཐད་ཀར་ཁས་མི་ལེན་པར།“དེས་ན་སྔོན་ལ་ང་ཕྱག་ཅིག་འཚོལ་དང་། དེ་ནས་ངས་ཁྱོད་ལ་ཚོད་ལྟ་བྱ་རུ་འཇུག”ཟེར།
  སྟོབས་ལྡན་ནི་དགའ་སྟེ་བསྟུད་མར་བཀྲ་ཤིས་ལ་ཕྱག་གསུམ་འཚལ་སོང་།
  སེར་ལམ་ལམ་གྱི་ཆར་ལྭ་གྱོན་པའི་བྱིས་པ་ཞིག་གིས་བྱིས་པ་གཞན་ཞིག་ཁུར་ཏེ། གྲོ་ཞིང་ཁའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོའི་སྟེང་ཁྱར་ཁྱོར་དུ་འགྲོ་བཞིན་པ་ནི་སྟོབས་ལྡན་རེད། བཀྲ་ཤིས་ནི་བྲན་བདག་ཅིག་དང་མཚུངས་པར་སྟོབས་ལྡན་གྱི་རྒྱབ་ནས་སི་ལི་རྒྱག་ཅིང་། གདོང་དུ་འཛུམ་མདངས་འདོམ་གང་དཔྱངས་འདུག གོམ་པ་ཁྱར་ཁྱོར་སྤོ་བའི་སྟོབས་ལྡན་གྱི་རྣ་འབིགས་འབིགས་དེའི་སྟེང་དུ་རྔུལ་ཆུ་ནི་བསིལ་བ་བཞིན་འཛུམ་བྱུང་། ཁོས་དབུགས་ཧལ་ཧལ་དུ་ལེན་བཞིན་བཀྲ་ཤིས་ཁུར་ནས་མདུན་དུ་དཀའ་ཚེགས་ཀྱིས་སྐྱོད་ཀྱིན་གདའ།
དེ་དུས་སྡེ་མི་ཡོངས་ཀྱིས་འཕེན་འགྱུར་གྱི་ཀླུ་གཏོར་དེར་རང་རང་ས་རུ་གྲ་སྒྲིག་བྱེད་ཀྱིན་འདུག ཀླུ་གཏོར་དེ་ལ་མི་མཁོ་པ་གཅིག་ཀྱང་མེད་དེ། འབྲུ་སྣ། གོས་སྣ། ཤིང་སྣ། སྡེ་མི་ཚོས་ལོ་དེའི་ཐན་པ་བཟློག་ཆེད་རང་ལ་ཅི་ཡོད་མ་ཎི་ཁང་དུ་སྐྱེལ་གྱིན་འདུག སྡེ་དཔོན་གྱིས་གོས་ཆེན་འཁོར་ལོ་མ་ཞིག་གི་ཁ་ནས་གོར་ཤུར་མོ་ཞིག་བྲེ་བཞིན་པའི་སྒང་དུ།“བཀྲ་ཤིས་ཀྱིས། ཨ་ཕ་ལོ་ལོ། ང་ལ་ཆར་བ་ཞིག་འབབ་དུ་ཆུགས། ངས་ཆར་བའི་ནང་དུ་ཆར་ལྭ་གྱོན་ན་འདོད”ཅེས་ཡང་ཡང་ཞུ་བ་བྱས་སོང་།
  སྡེ་དཔོན་གྱིས“ཆར་བ་ནི་སྔགས་རྒན་རིག་འཛིན་གྱིས་ཀྱང་འབབ་དུ་འཇུག་མི་ནུས་ན། ངས་ག་ལ་འབབ་དུ་འཇུག་ཐུབ”ཟེར།
  བཀྲ་ཤིས་ཀྱིས། “ཨ་ཕ་ལོ་ལོ། ཨ་ཕ་ལོ་ལོ”ཞེས་ཡང་ཡང་ཞུ་བ་བྱེད།
  “ངས་ཁྱོད་ལ་མི་སྐད་བཤད་རུང་ཁྱོད་ཀྱིས་མི་གོ་བ་ཅི་རེད།”
  “ཨ་ཕ་ལོ་ལོ། ཨ་ཕ་ལོ་ལོ།”
  “འདིས་གླེན་བཤད་རྒྱག་པར་ལྟོས་དང་།ངས་ཆར་བ་འབབ་དུ་འཇུག་ཐུབ་ན་གོས་བྲེས་ནས་ཅི་བྱེད།”
  “ཨ་ཕ་ལོ་ལོ་། ཨ་ཕ་ལོ་ལོ།”
  བཀྲ་ཤིས་ཀྱིས་ཨ་ཕའི་རྒྱབ་ལ་འཇུས་ནས་ཡང་ཡང་བསྒུལ་བྱུང་བས། སྡེ་དཔོན་གྱི་ལག་གི་གོས་ཆེན་འཁོར་མོ་མ་དེ་གསེག་ནས་བྲེས་སོང་། གོས་ཆེན་གསེག་ནས་བྲེས་སོང་བ་དེས་སྡེ་དཔོན་གྱི་སྙིང་རླུང་སྟོད་ལ་འཚང་དུ་བཅུག “འདྲེ་ཕྲུག་འདི། ད་ཁྱོད་ལ་ཆར་དགོས་ན་མ། ”བཀྲ་ཤིས་ཀྱི་གདོང་དུ་ཐལ་ལྕག་གིས་བརྒྱབ་པའི་ཅལ་སྒྲ་དེ་ཡིས་བསུས་ཡོང་བ་ནི་བཀྲ་ཤིས་ཀྱི་ཨ་མ་རེད།
  “ཁྱོད་ཀྱིས་ཞི་ལིར་གཅར་ནས་ཅི་བྱེད། ཞི་ལི་ཁུ་ཚུར་ཙམ་ཞིག་ལ་དེ་ལྟར་རྒྱག་རིན་ཞིག་ཡོད་དམ། ཤོག ཞི་ལི་འདིར་ཤོག”
  བཀྲ་ཤིས་ཀྱི་ཨ་མས་མིག་ནས་མཆི་མ་ཆར་བ་བཞིན་འབབ་པའི་བཀྲ་ཤིས་རང་གི་གམ་ཏུ་བོས་ཤིང་། དེ་ནས“ཨ་མས་ཁྱོད་ལ་ཆར་འབབ་དུ་འཇུག”ཟེར་བ་ན། བཀྲ་ཤིས་ཀྱི་ངོ་གདོང་ནམ་མཁའ་བཞིན་དྭངས་ཤིང་། བཀྲ་ཤིས་ཀྱི་མིག་ཆུ་ཡང་ཆར་བ་བཞིན་འབབ་མཚམས་ཆད་སོང་།
  བཀྲ་ཤིས་ཀྱི་ཨ་མས་ཆུ་རྫ་ལས་ཆུ་འགྱིག་ཤོག་ཆེན་པོ་གང་བཅུས་ཤིང་། འགྱིག་ཤོག་ཆེན་པོ་དེ་ལྭ་བ་སྐམ་བྱེད་ཀྱི་ལྕགས་གདང་དུ་བཏགས་རྗེས“ཞི་ལི་འདིར་ཤོག”ཅེས་བོས་བྱུང་། བཀྲ་ཤིས་ཀྱིས་ཨ་མས་ཅི་ཞིག་བྱེད་ཀྱིན་པ་མི་ཤེས་མོད། ཨ་མས་བཀོད་སྒྲིག་ལྟར་འགྱིག་ཤོག་ཆེན་པོ་དེའི་འོག་ཏུ་འགྲེངས་ནས་བསྡད། སྐབས་དེར་ཨ་མས་འབིག་ཅིག་འཁྱེར་ཡོང་ནས་འགྱིག་ཤོག་དེར་ཁུང་བུ་ཆེ་ཆུང་མེད་པ་འགའ་བཏོད་པ་ན། ཁུང་བུ་དེ་དག་ལས་དངོས་གནས་ཆུ་ནི་ཆར་བ་བཞིན་ཤག་ཤག་ཏུ་བབས་བྱུང་།
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་།”
  བཀྲ་ཤིས་ཀྱིས་ཤག་ཤག་འཇོ་བ་དེ་ནི་ཆར་བ་མིན་པ་ཤེས་ནའང་སེམས་པ་རབ་ཏུ་དགའ་སྟེ་དགའ་བའི་དགའ་འབོད་བྱེད་ལ། མོའི་ཨ་མའི་གདོང་དུ་འཛུམ་ཟླ་བ་འདྲ་ཞིག་ཤར་ནས་བཀྲ་ཤིས་ལ་བལྟས་འདུག སྡེ་དཔོན་གཅིག་པུ་ངོ་གནག་ནས་བཀྲ་ཤིས་དང་ཁོའི་ཨ་མ་གཉིས་ལ“འདི་གཉི་ག་སྨྱོས་འདུག”ཟེར་ཞོར་ཁང་པ་མར་འཁོར་དེའི་ནང་དུ་འཛུལ་སོང་།
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་།”
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་།”
  བཀྲ་ཤིས་དོན་འགྲུབ་ཀྱི་དགའ་འབོད་ཀྱི་སྒྲ་ནི་ཁོ་ཚང་གི་གཞིས་ཀའི་ནང་ཀུན་ཏུ་ཁྱབ་སོང་།
  སྡེ་དཔོན་གྱིས་གོས་ཤུར་མོ་ཞིག་བཟུང་ཞིང“ ངོ་མ་འདི་གཉི་ག་སྨྱོས་འདུག”ཅེས་ཆིག་ལབ་ལྟ་བུ་ཞིག་རྒྱག་ཞོར། ཕྱི་མིག་གིས་ཡང་ཡང་ལྟ་བཞིན་རྒྱ་སྒོ་ཁྲོག་སེ་བརྒྱབ་སྟེ་བུད་སོང་།
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་།”
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་།”

  སྔགས་རྒན་རིག་འཛིན་གྱིས་གཏན་ཁེལ་བྱས་པའི་ཉིན་མོ་བཟང་བོ་དེ་དངོས་སུ་བསླེབས་བྱུང་།
  ཀླུ་གཏོར་འཕེན་པའི་ཉིན་མོ་དེར་སྡེ་བའི་ནང་གི་གསར་བུ་ཚོས། མིའམ་ཀླུ་ཡི་གཟུགས་སུ་བཞེངས་པའི་གཏོར་མ་ཆེན་མོ་དེའི་སྟེང་དུ་རྒྱན་ཆ་སྣ་ཚོགས་འདོགས་ཀྱིན་འདུག སྔགས་རྒན་རིག་འཛིན་གྱིས་རས་ལྭ་དམར་སྨུག་དེ་གཡང་ཤམ་བྱས་ཏེ་གཏོར་མ་ཆེན་པོ་དེར་གཡས་ལྟ་གཡོན་ལྟ་ལན་འགའ་བྱས་རྗེས། “གཏོར་མ་ཟེར་བ་རེད། གཏོར་མ་འདིར་ན་བཟའ་སེར་པོ་ཞིག་ཡོད་ཚེ་ཅི་མ་རུང་། ད་ནི་ན་བཟའ་སེར་པོ་ཞིག་ཆད་འདུག་ཡ”ཞེས་སྨྲེ་སྔགས་ཆིལ་ཆིལ་དུ་འདོན་ཞིང་། དེ་ནས་མི་ཚོགས་ལ་གཟས་ནས“སུ་ཚང་ལ་གོས་སེར་པོ་ཞིག་ཡོད”ཅེས་སྐད་བརྒྱབ་བྱུང་། སྡེ་མི་རྣམས་ཀྱིས་ཕན་ཚུན་བར་པ་ར་པུ་རིག་ངང་གོས་སེར་པོ་ཡོད་མེད་ཀྱི་གཏམ་འདྲི་ཞིང་། མཐའ་མར་མགོ་བོ་གཡུག་བཞིན་“མེད”ཟེར་ཞིང་། དེ་ནས་ཡུད་ཙམ་ཚང་མ་ལྷིང་འཇགས་སེར་བསྡད་དེ་སྔགས་རྒན་རིག་འཛིན་གྱི་གདོང་ལ་ཅེར། སྔགས་རྒན་རིག་འཛིན་གྱི་གདོང་ལ་ཕངས་པའི་ཉམས་ཤིག་ཤར་འདུག ཁོས་ཁ་ཤ་འཕག་ཙམ་འཕག་ཙམ་གྱིས་ཁེར་ལབ་ལྟ་བུ་ཞིག་བྱས་སོང་མོད། ཀུན་གྱིས་ཁོའི་ཁ་འཕག་པ་ལས་ཅི་ཞིག་བཤད་པ་གཅིག་གིས་ཀྱང་མ་གོ། སྐབས་དེར་སྡེ་དཔོན་མི་ཚོགས་ཀྱི་གསེང་ནས་འཛུལ་ཡོང་སྟེ“ ངེད་ཚང་ལ་ཆར་ལྭ་སེར་པོ་ཞིག་ཡོད། དེ་ཆོག་གམ”ཟེར། སྔགས་རྒན་རིག་འཛིན་གྱི་གདོང་དུ་གློ་བུར་འཛུམ་ཆུང་ཞིག་མངོན་ཏེ“སེར་པོ་ཡིན་ནམ། སེར་པོ་ཡིན་ན་ལོས་ཆོག མྱུར་དུ་འཁྱེར་ཤོག་དང་ང་ཚོས་གཏོར་མ་འཕེན་རྒྱུ་བྱ”ཞེས་བསྐུལ་བ་ན། སྡེ་དཔོན་ནི་བྱ་ལྟར་འཕུར་ཏེ་སོང་ནས་བྱ་ལྟར་འཕུར་ཡོང་ཞིང་། བཀྲ་ཤིས་ཀྱི་ཆར་ལྭ་སེར་པོ་དེ་སྔགས་རྒན་རིག་འཛིན་གྱི་ལག་ཏུ་ཕུལ།
  ཆར་ལྭ་སེར་པོ་སེར་ལམ་ལམ་གྱོན་པའི་གཏོར་མ་དེ་གསར་བུ་ཚོས་ཤིང་གི་ཁྲི་ལ་བསྐྱོན་ཏེ་ལམ་དུ་ཆས། སྔགས་རྒན་རིག་འཛིན་གྱིས“གཏོར་མ་དེ་ལམ་འགྲམ་གྱི་གད་པའི་ནང་འཕངས་རྗེས་ཕྱིར་མིག་ལྟ་མི་ཉན”ཟེར་བ་ན། གསར་བུ་ཚོས་མགྲིན་གཅིག་ཏུ“ལགས་སོ”ཟེར། སེར་ལམ་ལམ་གྱི་གཏོར་མ་དེ་གསར་བུ་ཚོས་ཕྱི་སྐོར་ནང་སྐོར་བྱས་ཏེ་གྲོ་ཞིང་ཁའི་རུ་བར་བརྒྱུད་དེ་ཁུར་སོང་། སེར་ལམ་ལམ་གྱི་ཉི་འོད་འོག་ཏུ་སེར་ལམ་ལམ་གྱི་ཀླུ་གཏོར་དེ། དེ་སྔོན་སློབ་གྲོགས་ཚོས་སེར་ལམ་ལམ་གྱི་བཀྲ་ཤིས་བསྐོར་བ་བཞིན་གསར་བུ་ཚོས་ཕྱི་སྐོར་ནང་སྐོར་བྱས་ནས་འགྲོ་བཞིན་འདུག ཤུལ་དུ་  སྔགས་རྒན་རིག་འཛིན་གྱིས་ཌ་རུ་དང་སྦུབས་ཆ་དཀྲོལ་བའི་སྒྲ་བརྗིད་རྔམ་དང་བཅས་བར་མེད་དུ་གྲགས་འོངས་པ་ན། གྲོ་ཞིང་ཁའི་མཁའ་དབུགས་ཁྲོད་དུ་ཡང་བརྗིད་རྔམ་དང་བྲེལ་ཤ་ཞིག་གིས་ཀུན་ནས་ཁེངས་འདུག
  དེ་དུས་རྒྱང་རིང་གི་གནམ་སའི་མཚམས་ནས་སྤྲིན་པ་རྟ་རྒན་འདྲ་བ་དུ་མ་ལངས་བྱུང་ལ། དེ་ནས་རྟ་རྒན་ཚོས་སྔོག་མ་གྱེན་ཏུ་གཟེངས་ཤིང་ཡང་ཡང་གསིག་པར་བྱེད། སྔགས་རྒན་རིག་འཛིན་གྱི་ཌ་རུ་དང་སྦུབས་ཆའི་སྒྲ་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར། བར་སྐབས་ཤིག་ལ་སྤྲིན་པ་རྟ་རྒན་འདྲ་བ་དེ་ཚོ་གྲོ་ཞིང་ཁའི་བར་སྣང་དུ་ཇེ་ཉེ་ནས་ཇེ་ཉེར་སོང་བ་དང་། ལོ་དེའི་ཆར་བ་ཐོག་མ་སྡེ་མི་ཡོངས་ཀྱིས་རེ་ལྟོས་གྲངས་མེད་ཁྲོད་མཚར་སྣང་དང་བཅས་ཤག་ཤག་ཏུ་བབས་བྱུང་།
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་། ”
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་”།
  “འོ། ཆར་བ་བབས་བྱུང་། ཆར་བ་བབས་བྱུང་། ”
  སྡེ་མི་རྣམས་ནི་བྱིས་པ་བསམ་མེད་ཏག་ཏག་དང་འདྲ་བར་ཆར་བའི་ཀློང་དུ་དགའ་འབོད་དང་ས་ལྡིང་གནམ་ལྡིང་བྱེད་ཅིང། སྡེ་དཔོན་གྱི་གདོང་གི་སེམས་ཁྲལ་མ་ལུས་ཆར་བས་བཀྲུས་པ་བཞིན་འཛུམ་ཤིག་ཤིག་ངང“ད་ནི་དགའ་བ་ལ། ད་ནི་སྐྱིད་པ་ལ”ཟེར་བ་ན། སྡེ་མི་རྣམས་སྡེ་དཔོན་གྱི་སྟེང་དུ་རུབ་ཡོང་སྟེ་ལ་ལས་སྡེ་དཔོན་གྱི་ལག་པ་ནས་འཇུས་ཤིང་། ལ་ལས་སྡེ་དཔོན་གྱི་རྐང་པ་ནས་འཇུས་ཏེ་མཁའ་ལ་བཀྱགས་ཤིང་སྐྱིད་པའི་དགོད་སྒྲ་ལྷང་ལྷང་སྒྲོག
  དེ་དུས་གྲོ་ཞིང་ཁ་སློབ་ཆུང་ནང་གི་ལྕང་སྡོང་གུག་ཏོ་དེའི་སྐེ་རུ་དཔྱངས་པའི་ཅོང་རྙིང་བཙའ་ཏོ་དེ་ཧ་ཅང་རྒྱུན་ལྡན་ངང་ཏིང་ཏིང་ཏིང་གྲགས་པ་དང་། སྡེ་འདབས་ཀྱི་རྐང་ལམ་ཕྲ་མོའི་སྟེང་དུ་བྱིས་པ་འགའ་བརྒྱུགས་ནས་འོང་བཞིན་འདུག ཆེས་སྔོན་དུ་རྒྱུག་མཁན་དེ་ནི་བཀྲ་ཤིས་རེད། སྟོབས་ལྡན་གྱིས་སྔོན་དུ་རྒྱུག་བཞིན་པའི་བཀྲ་ཤིས་ལ“ཝེ། བཀྲ་ཤིས། ཁྱོད་ཀྱིས་ཆར་ལྭ་མི་གོན་ནམ། ཝེ། བཀྲ་ཤིས”ཞེས་ཡང་ཡང་འབོད་ཀྱིན་འདུག་ནའང་། བཀྲ་ཤིས་ཀྱིས་སྟོབས་ལྡན་གྱི་འབོད་སྒྲ་རྣ་རྒྱབ་ཀྱི་ཆར་ཀློང་དུ་བོར་ནས་མདུན་དུ་རྒྱུག་བཞིན་འདུག ཁོས་རང་གིས་རང་ལ་ཞོགས་པར་ཆར་ལྭ་སློབ་གྲྭར་འཁྱེར་རྒྱུ་བརྗེད་པར་ལེ་ལན་བདའ་བཞིན་ཤུགས་ཀྱིས་བརྒྱུགས། ཁོའི་སེམས་ཁོང་དུ་ཆར་ལྭ་སེར་པོ་དེ་ཁོ་ན་དྲན་བཞིན་འདུག ཆར་ལྭ་སེར་པོ་དེ་ཁོའི་མིག་ལམ་དུ་སེར་ལམ་ལམ་ངང་མངོན་བྱུང་། ད་ནི་མྱུར་དུ་ཡུལ་ལ་ལོག་ནས་ཆར་ལྭ་ཡིད་ཚིམས་པ་ཞིག་གོན་ཆོག ད་ནི་སྐྱིད་པ་ལ། ད་ནི་དགའ་བ་ལ། ཆར་ཞོད་ཆེན་པོ་དེའི་ཁྲོད་དུ་བཀྲ་ཤིས་ནི་གློག་ཞགས་ཤིག་དང་འདྲ་སྟེ། ཁོ་ནི་རྐང་ལམ་ཕྲ་མོ་དེའི་སྟེང་ནས་འཕུར་མ་ལྡིང་གིས་འོང་བཞིན་འདུག འཕུར་མ་ལྡིང་གིས་རྐང་ལམ་ཕྲ་མོ་དེད་ནས་ལམ་འགྲམ་གྱི་གད་པ་དེའི་ཁར་བསླེབས་དུས། བཀྲ་ཤིས་རྡོག་འདྲེད་ཤོར་ཐེངས་ཤིག་གིས་གད་པ་དེའི་ནང་དུ་ཡེར་སོང་། ཁོའི་མིག་ལམ་དུ་ཆར་ལྭ་སེར་པོ་དེ་ནི་སེར་ལམ་ལམ་བཞད་པའི་མེ་ཏོག་ཚོམ་བུ་ཞིག་དང་འདྲ་བར། སེར་ལམ་ལམ་ངང་མཁའ་དབྱིངས་སུ་དལ་བུར་རླུང་གིས་བསྐྱོད་ཅིང་། ཆར་ལྭ་དེ་སྡེ་མི་རྣམས་ཀྱི་དགོད་སྒྲ་ལྷང་ལྷང་ཁྲོད་རླུང་གིས་སྐྱོད་ཀྱིན་སྐྱོདཀྱིན་མི་སྣང་བར་གྱུར་སོང་།
  བཀྲ་ཤིས་དྲན་མེད་དུ་བརྒྱལ་བའི་སྐབས་དེར། ཆར་ལྭ་སེར་པོ་གྱོན་པའི་མིའམ་ཀླུ་ཡི་གཟུགས་སུ་བཞེངས་པའི་གཏོར་མ་ཆེན་པོ་དེ་ཡིས། རང་གི་གམ་དུ་ཀན་རྐྱལ་དུ་ཉལ་བའི་བྱིས་པ་དེར་འཛུམ་གྱི་ལེར་བལྟས་འདུག་ལ། བྱིས་པ་དེའི་མགྲིན་པ་ལས་ཧུར་སྒྲ་ལན་འགའ་གྲགས་རྗེས། ཁའི་གྲུ་ཟུར་ནས་ཁྲག་ནི་ཆར་བ་དང་འདྲེས་ནས་ས་ལ་ཟེགས་འོངས། ཡིན་ནའང་བྱིས་པ་དེའི་མིག་གཉིས་གཡོ་བ་མེད་པར་གཏོར་མ་ཆེན་པོ་དེའི་སྟེང་དུ་གྱོན་པའི་ཆར་ལྭ་སེར་པོ་དེར་ཅེར་འདུག

             མི་ཡི་ཐ་མ་བསོད་ནམས་འབག་བཙོག

  བསོད་ནམས་འབག་བཙོག་གིས་འཕྲུལ་རྟའི་གཞུག་ལ་ཤལ1དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གནས་ཚུལ་དེ། གྲོ་ཞིང་ཁ་མ་ཟད་སྡེ་ཡར་ནང་མར་ནང་ཀུན་ལ་གྲགས་སོང་།
  ཡིན་ནའང། དེ་ནི་རྗེས་ཀྱི་གཏམ་རྒྱུད་རེད།

  བསོད་ནམས་འབག་བཙོག་ད་དུང་བསོད་ནམས་འབག་བཙོག་མིན་དུས། ང་རང་གྲོ་ཞིང་ཁ་སློབ་ཆུང་གི་སྒོ་ཐེམ་སྤོས་རུང་ཡིན། ཁོ་ནི་ང་ལས་འཛིན་གྲྭ་གཉིས་ཀྱིས་མཐོ་ལ། ཁོ་སློབ་གྲྭར་འགྲོ་འཕྱིས་པས་ལོ་ན་ལས་ཀྱང་ཆེ་བ་ནི་གཟུགས་བོངས་རེད། གང་ནས་བལྟས་ཀྱང་ཁོ་ནི་སྡོང་སྐམ་ཞིག་དང་འདྲ་བར་སློབ་གྲོགས་ཚོའི་གསེང་ནས་ལྷིང་སེ་ཡིན།
  ནན་ཏན་གྱིས་བཤད་ན། བསོད་ནམས་འབག་བཙོག་ནི་གྲོ་ཞིང་ཁའི་མི་ངོ་མ་མིན་ཏེ། ཁོའི་ཨ་མ་ཆོས་མཚོ་ཨ་ཁུ་ཚེ་བརྟན་གྱི་ཆུང་མར་ཡོང་དུས་ཁོ་རང་རྗེས་ལ་ཁྲིད་ནས་ཡོང་བ་ཡིན། དེ་བས། སྡེ་བའི་ནང་གི་མི་རྣམས་ཀྱིས་ཡུན་རིང་བོ་ཞིག་ལ་ཆོས་མཚོའི་གཞུག་ཁྲིད་ཅེས་འབོད་པ་ལས། བསོད་ནམས་ཞེས་གཏན་ནས་མི་འབོད།
  སློབ་ཆུང་གི་སྐབས་སུ་ཁོས་ང་ལ་བསྐྱུར་བའི་ཆེས་བརྗེད་དུ་མེད་པའི་བག་ཆགས་ནི། ཁོའི་རྒྱབ་ཀྱི་དཔེ་ཁུག་དེ་དང་ཁོའི་སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་གཉིས་རེད། སྐབས་དེའི་འཚོ་བའི་ཆ་རྐྱེན་ནི་དེང་དང་བསྡུར་ཐབས་མེད་ཀྱང་། བྱིས་པ་ཚོའི་རྒྱབ་ལ་དཔེ་ཁུག་ལྗང་སེར་རེ་ཁུར་འདུག དཔེ་ཁུག་ལྗང་སེར་མེད་པ་ནི་ཏག་ཏག་བསོད་ནམས་འབག་བཙོག་ཡིན་ལ། བསོད་ནམས་འབག་བཙོག་གིས་རྒྱབ་ཏུ་བཀལ་མོ2ནག་པོ་ཞིག་ཁུར་ཡོད་པས། ཚང་མས་དེ་ནི་ཁོ་རང་གཞུག་ཁྲིད་ཡིན་པས་རྟགས་རེད་ཟེར། ཁོས་རྒྱབ་ལ་བཀལ་མོ་ཁུར་ཞིང་སྣ་མདོར་སེར་ལ་སྦོམ་པའི་སྣབས་འདོམ་པ་གང་དཔྱངས་ནས་སློབ་གྲྭར་འགྲོ་དུས། སྡེ་མི་ཚོས་ཞི་ལི་གན་ན་སྙིང་མ་རྗེ་ཟེར་བཞིན་དངན་པ་རེ་འཐེན་པར་བྱེད།
  བསོད་ནམས་འབག་བཙོག་ལ་ད་དུང་དགའ་ཕྱོགས་ཤིག་ཡོད་པ་ནི། ནམ་ཡང་གད་སྙིགས་ཀྱི་གསེང་ནས་ལྕགས་ཆག་རེའམ་ཤེལ་དམ་རེ། ཡང་ན་གློག་གཡིས་རྙིང་པ་རེ་བཏུས་ནས་རྩེད་མོར་རོལ་བར་དགའ་ལ། ཁོ་གཅིག་པུ་ཡིན་དུས་ཀྱང་ལྕགས་ཆག་གང་རུང་ཞིག་བསྟན་ནས“འདི་རླངས་འཁོར་རེད། འདི་བསྐོར་ནས་རྫོང་ཐོག་ཏུ་འགྲོ་དགོས”ཞེས་ཁེར་ལབ་རྒྱག་ཅིང། ཡང་ཤེལ་དམ་ཞིག་བསྟན་ནས“འདི་ཆང་རེད”ཟེར་བཞིན་ཧུབ་ཀྱིས་འཐུང་ཁུལ་བྱེད།
  ཉིན་དེར་བསོད་ནམས་འབག་བཙོག་གིས་ལག་ཏུ་རྡོ་ཁབ་ལེན་ཞིག་བཟུང་སྟེ་གད་སྙིགས་ནང་ཕར་སློག་ཚུར་སློག་བྱེད་ཀྱིན་འདུག ང་ཚོ་མདུན་དུ་སོང་ནས་བལྟས་པ་ན། ཁོའི་རྡོ་ཁབ་ལེན་སྟེང་ཁབ་ཆག་དང་གཅུས་གཟུར། མཛེར་མ་སོགས་ལུང་བ་གང་འབྱར་འདུག ང་ཚོ་ཁོའི་ལག་གི་རྡོ་ཁབ་ལེན་དེར་ཡིད་སྨོན་ཤོར་ཏེ། རྡོ་ཁབ་ལེན་དེར་ལྟ་འདོད་ཀྱི་རེ་བ་བཤད་པ་ན། ཁོས་སེར་ལ་སྦོམ་པའི་སྣབས་དེ་འཇིབ་ཙམ་བྱས་ཤིང་། དེ་ནས་གདོང་ལ་ཡ་མཚན་པའི་མདངས་ཤིག་དོད་དེ“ཁྱོད་ཚོས་རྨི་ལམ་མ་རྨི”ཟེར། ང་ཚོས་ཁོར་བལྟས་ནས་སྡོད་དུས། ཁོས་མུ་མཐུད་དུ་གད་སྙིགས་ཁྲོད་ནས་རྡོ་ཁབ་ལེན་ཕར་འདྲུད་ཚུར་འདྲུད་བྱེད་བཞིན་འདུག
  ཁོ་ནི་དེ་ལྟར་གད་སྙིགས་ཀྱི་ཁྲོད་ནས་ནར་སོན་པ་ཡིན་པས། ང་ཚོས་གད་སྙིགས་དང་ཁོ་གཉིས་ཀྱི་བར་ནས་མཚུངས་ཆོས་ཤིག་བཙལ་ཏེ། ཁོ་ལ་མཚང་མིང་ཞིག་ཅིས་ཀྱང་གདག་དགོས་སྙམ་བྱུང་། དེ་ལྟར་བསམ་བློ་བཏང་ནས་སྡོད་པའི་ཉིན་ཞིག་ལ། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ང་ཚོར“འབག་བཙོག”ཅེས་པའི་མིང་ཚིག་དེ་ཁྲིད་བྱུང་། ཕྱི་ཉིན་ལས་བྱ་འབྲི་དུས་སློབ་གྲོགས་ཚོས་མ་གྲོས་གཅིག་མཐུན་ངང“བསོད་ནམས་ནི་སློབ་མ་འབག་བཙོག་ཅིག་རེད”ཅེས་ཚིག་གྲུབ་བཟོས། དེ་ནས་བཟུང་སྟེ། ཁོ་ལ“བསོད་ནམས་འབག་བཙོག”ཟེར་བའི་མཚང་མིང་དེ་ཐོགས་པ་རེད། དང་ཐོག་ང་ཚོའི་གྲས་ཀྱི་སུ་ཞིག་གིས་ཁོར“བསོད་ནམས་འབག་བཙོག”ཅེས་བོས་ཚེ། ཁོས་དེ་ལ་ཁུ་ཚུར་གྱིས་ཨེ་གཞུས་མི་གཞུས་མེད། ང་ཡང་ཁོས་ཁུ་ཚུར་གྱིས་གཞུས་མྱོང་བའི་གྲས་ཀྱི་གཅིག་ཡིན།
  ཕ་མ་རྣམས་ནི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་ཀར་འགྲོ་དགོས་པས། ཞོགས་པར་སློབ་གྲྭར་འགྲོ་དུས་དཔེ་ཁུག་ནང་དུ་དཔེ་ཆ་དང་འབྲི་དེབ་ཕུད། ད་དུང་གོ་རེ་ཉུང་ཙམ་དང་ཇ་ཤེལ་དམ་གང་བཟུང་ནས་འགྲོ་དགོས། དེ་ནི་ཉིན་དེའི་དྲོས་ཇ་ཡིན། སློབ་གྲོགས་ཚོ་སློབ་གྲྭར་བསླེབས་རྗེས། དཔེ་ཁུག་ནང་གི་ཤེལ་དམ་བླངས་ཏེ་སློབ་ཁང་གི་སྒེའུ་ཁུང་ཁར་བསྒྲིགས་ནས་འཇོག་པ་རེད། ཉིན་དེར་བསོད་ནམས་འབག་བཙོག་གིས་བསམ་གཟས་ནས་ངའི་ཤེལ་དམ་བཅགས་སོང་བས། ངས“བསོད་ནམས་འབག་བཙོག ཁྱོད་ཀྱིས་ངའི་ཤེལ་དམ་ཚབ་དགོས”ཞེས་བཤད་པ་ན། ཁོས་ཧ་ལས་པའི་ཉམས་དང་བཅས“སྐྱག་ཕྲུག ཁྱོད་ཀྱིས་ཅི་ཟེར” ཞེས་ང་ལ་བལྟས་བྱུང་། ངས“བསོད་ནམས་འབག་བཙོག ཁྱོད་ཀྱིས་ངའི་ཤེལ་དམ་ཚབ་དགོས”ཞེས་བསྐྱར་ཟློས་ཤིག་བྱས་མུར། ཁོས་ང་ལ་བསམ་དབང་དྲན་དབང་མ་བྱིན་པར་སྣ་མགོར་ཁུ་ཚུར་གྱིས་གཅིག་བརྒྱབ་བྱུང་བས། ངས་དགེ་རྒན་རིག་འཛིན་རྡོ་རྗེ་ལ“བསོད་ནམས་ཀྱིས་ང་ལ་གཅར་གི”ཞེས་གཏུག་བཤེར་བྱེད་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཁོས་ཁྱོད་ལ་ཅིའི་ཕྱིར་གཅར་བ་རེད”ཅེས་དྲིས་བྱུང་། ངས་དོན་དག་གི་མགོ་རྔ་ཚང་མ་དགེ་རྒན་རིག་འཛིན་རྡོ་རྗེ་ལ་ཇི་བཞིན་དུ་ཞུས་པར། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཁྱོད་ཀྱིས་གཞན་ལ་མཚང་མིང་བཏགས་ན། ཁྱོད་ལ་ཁུ་ཚུར་མི་འབབ་པར་སུ་ལ་འབབ། སྡུག་གྱོང་རེད”ཟེར།
  ངས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་ནས་མིག་ཆུ་འབྱིད་བཞིན་སློབ་ཁང་གི་ཕྱོགས་སུ་འགྲོ་དུས། བསོད་ནམས་འབག་བཙོག་གིས་སེར་ལ་སྦོམ་པའི་སྣབས་དེ་ཡར་འཇིབ་ཙམ་བྱས་ཤིང་། དེ་ནས་ལག་གཡས་ཐོད་པར་གཏུགས་ཏེ“ཁྱོད་ལ་ཁྲིགས་ཁྲིགས”ཟེར།
  ཡིན་ནའང་། རྗེས་སུ་སློབ་གྲོགས་ཚོ་མ་ཟད་དགེ་རྒན་རིག་འཛིན་རྡོ་རྗེ་ཁོང་གིས་ཀྱང“བསོད་ནམས་འབག་བཙོག”ཅེས་འབོད་བཞིན་འདུག
  བསོད་ནམས་འབག་བཙོག་དང་ངེད་གཉིས་སློབ་རིམ་གཅིག་མིན་རུང། ང་ཚོའི་སློབ་གྲྭར་སློབ་ཁང་གསུམ་མ་གཏོགས་མེད་པས། སློབ་རིམ་གཉིས་པ་དང་བཞི་པ་གཉིས་སློབ་ཁང་གཅིག་ཏུ་བཀོད་སྒྲིག་བྱས་ཡོད། ངའི་སེམས་ལ་ནམ་ཞིག་བསོད་ནམས་འབག་བཙོག་ལ་སྐྱིན་པ་ཞིག་ལེན་དགོས་སྙམ་བྱུང་།
  རྡུང་རེས་བརྒྱག་དགོས་ཚེ་ང་ནི་ཁོའི་དོ་ཟླ་མིན།
  ད་ནི་ཅི་ཞིག་བྱས་ན་དགའ་ཨང་།
  ངས་ཉིན་དང་མཚན་མཐུད་ནས་བསམ་བློ་བཏང་བཏང་མཐར་གཞི་ནས་ཐབས་ཤེས་ཤིག་རྙེད་བྱུང་། ང་ཚོ་རྒྱུན་དུ་རྩེད་མོ་རྩེ་སའི་ཆུ་དོང་དེའི་མཐའ་རུ་སྦལ་བ་མང་པོ་ཐ་ར་ར་བྱེད་པས། ཉིན་ཞིག་ཁོ་མེད་པའི་གླགས་དང་བསྟུན་ནས་ངས་སྦལ་རྒན་ཞིག་བཟུང་སྟེ་ཁོའི་བཀལ་མོའི་ནང་ཁ་རོག་གེར་བཞག་པ་ཡིན། ཅོང་རྙིང་བཙའ་ཏོ་དེ"ཏིང་ཏིང"ཞེས་བསྟུད་མུར་ལན་འགར་གྲགས་པ་དང་། སློབ་གྲོགས་ཚོ་ནི་སྔ་གཞུག་བརྩད་དེ་སློབ་ཁང་དུ་བཙངས་ཡོང་། དེའི་འཕྲོར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁྲིད་དེབ་བཟུང་ནས་བསླེབས་བྱུང་། ཞོགས་པ་དེར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་སོགས་ལ་ལས་བྱ་བཀོད་སྒྲིག་བྱས་རྗེས། ང་ཚོར་བོད་ཡིག་གི་སློབ་ཐུན་གསར་བ་ཞིག་ཁྲིད་མགོ་བརྩམས། ཁོས་སློབ་ཐུན་གསར་བ་དེ་ཁྲིད་ནས་ཅུང་མ་འགོར་བར། བསོད་ནམས་འབག་བཙོག་གི་བཀལ་མོའི་ནང་གི་སྦལ་བས་བསྟུད་མུར་ཨག་སྐད་ལན་འགའ་བརྒྱབ་བྱུང་།
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཅི་ཞིག་རེད། སུ་ཡིན”ཟེར།
  ཁོང་གིས་དེ་ནི་སྦལ་སྐད་ཡིན་པ་མ་ཤེས་པར། སུ་ཞིག་གིས་བསམ་གཟས་ནས་གཏོར་བརླག་བྱེད་བཞིན་འདུག་སྙམ་བྱུང་།
  སློབ་གྲོགས་ཚོས་མིག་གཉིས་རིག་རིག་ངང་ཕན་ཚུན་ལ་བལྟས་བྱུང་། ངས་ཀྱང་མ་ཤེས་ཁུལ་བྱས་ནས་བསོད་ནམས་འབག་བཙོག་གི་ཕྱོགས་སུ་ལན་གཅིག་བལྟས་པ་ན། ཁོས་ཡར་ལྟ་མར་ལྟ་ཙམ་བྱས་རྗེས་ཅི་མི་སྙམ་པར་བསྡད་བྱུང་། སྐབས་དེར་ཁོའི་བཀལ་མོའི་ནང་གི་སྦལ་བས་ཡང་བསྐྱར་ཨག་སྐད་འབྱིན་མགོ་བརྩམས་བྱུང་།
  དགེ་རྒན་རིག་འཛིན་རྡོ་རྗེ་རབ་ཏུ་ཁྲོས་བྱུང་བ་འདྲ།“ཨ་བ་ཨ་མ། སུ་ཡིན”ཟེར་ཞོར་ཁྲིད་སྟེགས་ལས་མར་བབས་ཏེ་སློབ་གྲོགས་ཚོའི་གསེང་ནས་ཕར་འགྲོ་ཚུར་འགྲོ་ཐེངས་འགའ་བྱས་འཕྲལ། བསོད་ནམས་འབག་བཙོག་གི་འགྲམ་དུ་གློ་བུར་གོམ་པ་སྤོ་མཚམས་བཞག་བྱུང་།
  “ཁྱི་སྐྱག ཡར་ལོངས། ”
  བསོད་ནམས་འབག་བཙོག་གིས་ཁོར་བཤད་བཞིན་པ་གཏན་ནས་མ་ཤེས། ཁོས་ད་དུང་ཁོའི་གྲལ་མཚེས་སློབ་གྲོགས་འཇིགས་མེད་ཁ་རྐོར་བལྟས་ནས་མིག་བརྡ་ཞིག་བརྒྱབ་སོང་།
  དགེ་རྒན་རིག་འཛིན་རྡོ་རྗེ་ཁྲོས་པའི་ཚེ་ན་མགྲིན་པ་ལས་སྒྲ་སྣ་ཚོགས་ཤིག་གྲགས་སྲིད། ཁོང་གིས་མུ་མཐུད་དུ“ཡར་ལོངས་ཟེར་བ་མི་གོའམ། ཁྱོད་འོན་པ་ཡིན་ནམ་ལོང་བ་ཡིན”ཟེར།
བསོད་ནམས་འབག་བཙོག་གིས་འཇིགས་མེད་ཁ་རྐོའི་གདོང་ལ་བལྟས་ནས་འདུག
  དགེ་རྒན་རིག་འཛིན་རྡོ་རྗེ་ཡི་ལག་པ་ལྕགས་ཚེབ་ལྟ་བུའི་བསོད་ནམས་འབག་བཙོག་གི་སྐྲ་ནས་འཇུས་ཏེ་ཡར་འཐེན་པ་ན། ད་གཟོད་བསོད་ནམས་འབག་བཙོག་གི་གདོང་ལ་སྨྲ་མི་ཤེས་པའི་ཉམས་འགྱུར་ཞིག་མངོན་ཞིང་། འཚེར་སྣང་དང་བཅས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གདོང་ལ་ཅེར་བྱུང་།
  “ཁྱོད་ཀྱི་དཔེ་ཁུག་ནང་དུ་ཅི་ཞིག་བཅུག་ཡོད།”
  “ཅི་ཡང་མེད།”
  “མེད་དམ།”
  “མེད།”
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁོའི་བཀལ་མོ་ནག་པོ་མགོ་རྟིང་བསློགས་ཏེ་སྤྲུགས་ཙམ་བྱས་པ་ན། བཀལ་མོ་ལས་དཔེ་དེབ་དང་གོ་རེ། ད་དུང་སྦལ་བ་ཞིག་ཐང་ལ་ལྷུང་བྱུང་བས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས “ཨ་ཙི”ཟེར་བཞིན་ཕྱི་ནུར་འགའ་སྟེག་བྱུང་། དེ་ནས“ཁྱི་སྐྱག དཔེ་ཁུག་ནང་དུ་སྦལ་བ་བཅུག་ནས་ཟ་རྒྱུ་ཡིན་ནམ”ཟེར་ཞིང་ཁོའི་གདོང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་སོང་།
  བསོད་ནམས་འབག་བཙོག་ནི་གློག་གིས་བརྒྱབ་པ་ལྟར་ངོ་ཚུགས་ཀྱང་གཅུས་སོང་།
  བསོད་ནམས་འབག་བཙོག་གིས“ངས་བཞག་པ་མིན”ཞེས་སྐད་དམའ་མོས་བཤད།
  “དེས་ན་སུས་བཞག་པ་རེད།”
  དགེ་རྒན་རིག་འཛིན་རྡོ་རྗེ་སྐད་སྒྲ་ལ་ཟིལ་རྔམ་ཡ་མེད་ཅིག་ལྡན་འདུག
  དེ་དུས། ངའི་སེམས་ལའང་ཞེད་སྣང་ཞིག་འགོག་མེད་དུ་སྐྱེས་མགོ་བརྩམས།
  “ངས་མི་ཤེས།”
  “བཀལ་མོ་ཆད་པོ་འདི་ཁྱོད་ཀྱིས་ཨེ་ཡིན།”
  “ཡིན།”
  “བཀལ་མོ་ཆད་པོ་འདི་སྦལ་ཁུག་ཡིན་ནམ་དཔེ་ཁུག་ཡིན།”
  “དཔེ་ཁུག་ཡིན།”
  “དཔེ་ཁུག་ཡིན་ན་སྦལ་བ་བཅུག་ནས་རོ་བྱེད་དམ།”
  “ངས་བཅུག་པ་མིན།”
  “ད་རུང་ཕྱིར་ལན་བསློག་རྒྱུ་ཡིན་ནམ།”
  བསོད་ནམས་འབག་བཙོག་གི་གདོང་ལ་ངུ་ཉམས་ཤིག་ཤར་ཏེ་ཁ་རོག་གེར་བསྡད་བྱུང་།
  “……”
  ང་ཞོགས་པ་དེར་དགའ་དགའ་ཞིག་དགའ་མ་མྱོང་། བསོད་ནམས་འབག་བཙོག་ལ་སྐྱིན་པ་ལེན་ཡག་བྱས་སོང་བས། སེམས་ཀྱི་ཁུར་བོ་ལྕི་མོ་ཞིག་ཐང་ལ་ཕོག་སོང་བའི་སྣང་བ་ཞིག་སྟེར།
བསོད་ནམས་འབག་བཙོག་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནི། ཁོ་སློབ་རིམ་བཞི་པ་ཡིན་དུས་ཤིག་སྟེ། དེ་ནི་དབྱར་གནང་གཏོང་ལ་ཉེ་བའི་ཉིན་ཞིག་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སློབ་གྲོགས་ཚོར་སློབ་ཁང་ལ་གཙང་སྦྲ་ལེགས་པོ་ཞིག་བྱོས་ཟེར། དགེ་རྒན་རིག་འཛིན་རྡོ་རྗེ་སློབ་ཁང་ནང་ཡར་འགྲོ་མར་འགྲོ་བྱས་ཏེ་ང་ཚོར་ལྟ་རྟོག་བྱེད་དུས། ཁོས་ང་ཚོའི་སྒྲོག་ཙེའི་ནང་དུ་གོར་སྐམ་མང་པོ་ཡོད་པ་མཐོང་བྱུང་། སྐབས་དེར་ཁོས་ཅི་ཞིག་དྲན་པ་ལྟར་ང་ཚོར་གཙང་སྦྲ་བྱེད་མཚམས་འཇོག་ཏུ་བཅུག དེ་ནས་སོ་སོའི་སྒྲོག་ཙེ་ནང་གི་གོར་སྐམ་དཔེ་ཁུག་ནང་འཇུག་པར་བསྐུལ་བྱུང་།
  “ཚང་མས་གོར་སྐམ་དཔེ་ཁུག་ནང་ཆུགས།”
  ང་ཚོས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཅི་ཞིག་བྱེད་སྲིད་པ་ག་ལ་ཤེས། སྒྲོག་ཙེ་ནང་གི་གོར་སྐམ་མ་ལུས་པར་དཔེ་ཁུག་ནང་དུ་བཅུག་པ་ཡིན། དེ་དུས་བསོད་ནམས་འབག་བཙོག་གིས་སྒྲོག་ཙེ་ནང་བསློགས་བསློགས་རྗེས། ཅི་ཡང་མ་རྙེད་པས་ང་ལ་གོར་སྐམ་ཅུང་ཟད་ཁོར་བྱིན་ཟེར། ངས“ཁྱོད་ལ་གོར་རྡུལ་ཞིག་ཀྱང་སྟེར་མི་སྲིད”ཅེས་བཤད་པ་ན། བསོད་ནམས་འབག་བཙོག་གི་གདོང་ལ་རེ་ཆད་ཀྱི་ཉམས་ཤིག་ཤར་འདུག
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“འགྲོ། དཔེ་ཁུག་ཟུངས་དང་། ང་ཚོ་སྤང་ཁུད་དུ་རྩེད་མོ་རྩེ་རུ་འགྲོ”ཟེར།
  སློབ་གྲོགས་རྣམས་དགའ་སྟེ་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་རྗེས་བསྙེགས་ཏེ་སློབ་གྲྭའི་གཡས་ལོགས་ཀྱི་སྤང་ཁུད་དུ་ཕྱིན། དེ་ནས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སློབ་གྲོགས་ཚོ་ཁོའི་མཐའ་བསྐོར་ནས་འདུག་ཏུ་བཅུག་རྗེས། སོ་སོའི་དཔེ་ཁུག་ནང་གི་གོར་སྐམ་རང་རང་གི་མདུན་དུ་བྱོ་རུ་བཅུག དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་ལ “ཁྱོད་ཀྱི་གོར་སྐམ་གང་དུ་བུད་སོང”ཟེར།
  བསོད་ནམས་འབག་བཙོག་གིས་མགོ་བོ་སྨད་དེ། “ང་ལ་གོར་སྐམ་མེད”ཟེར།
  “ཡ། དེས་ན་ཁྱོད་འདིར་ཤོག”
  བསོད་ནམས་འབག་བཙོག་གི་ཞུམ་པ་འདར་ཙམ་འདར་ཙམ་བྱེད།
  ང་ཚོའི་སེམས་སུ་དགེ་རྒན་རིག་འཛིན་རྡོ་རྗེའི་ལག་པ་ལྕགས་ཚེབ་ལྟ་བུ་དེ། བསོད་ནམས་འབག་བཙོག་གི་གདོང་ལ་འབབ་རྒྱུ་རེད་སྙམ་དུས། ལྡོག་སྟེ་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གདོང་ལ་འཛུམ་ཞིག་ལངས་བྱུང་།
  “ཡ། དེས་ན་ཁྱོད་ཀྱིས་ཁོ་ཚོར་ལྟ་རྟོག་བྱོས། ”
  དགེ་རྒན་རིག་འཛིན་རྡོ་རྗེས་ང་ཚོར་ལྟ་དུས་གདོང་གི་རྣམ་འགྱུར་གློ་བུར་འགྱུར་ཏེ། “ཁྱོད་ཚོར་ཕ་མའི་རྔུལ་ཁྲག་འདི་ལྟར་ཆུད་ཟོས་སུ་ཐོངས་ཞེས་སུས་བཤད་པ་ཡིན།” ཁོའི་སྐད་མགོ་ཤིན་ཏུ་མཐོ།
  སྔོན་ཏག་ཏག་ལ་ད་དུང་འཛུམ་གྱིས་ཁེངས་པའི་སློབ་གྲོགས་རྣམས་ཁ་རོག་གེར་གྱུར། སྐབས་དེར་བསོད་ནམས་འབག་བཙོག་གི་གདོང་ལ་རྒྱལ་ཁའི་ཉམས་ཤིག་ཤར་འདུག དེ་ནི་བསོད་ནམས་འབག་བཙོག་གི་གོ་རྟོགས་མཐོ་བའི་མ་ཡིན་ཏེ། ཁོ་ལ་མ་གཞི་ནས་གོ་རེ་ཉུང་ཙམ་ལས་འཁྱེར་ཡོང་རྒྱུ་མེད།
ད་ལྟ་བསམས་ན། དེ་ཡང་ཁོ་ནི་གཞུག་ཁྲིད་ཡིན་པས་རྟགས་རེད།
  དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་དབྱུག་པ་ཞིག་འཁྱེར་ཡོང་སྟེ་བསོད་ནམས་འབག་བཙོག་གི་ལག་ཏུ་བཞག་སོང་། དེ་ནས་བསོད་ནམས་འབག་བཙོག་གི་གདོང་ལ་བལྟས་ནས“ཚང་མར་རང་རང་གི་གོར་སྐམ་ཟ་ཡག་བྱེད་དུ་ཆུགས། སུས་མི་ཟ་ན་ཁྱོད་ཀྱིས་དེའི་སྐེ་ལ་དབྱུག་པས་རྒྱོབས། ཨེ་གོ་ཐལ”ཟེར། བསོད་ནམས་འབག་བཙོག་གི་གདོང་ལ་འཛུམ་ཉི་མ་འདྲ་ཞིག་ཤར་འདུག
ང་ཚོ་དགེ་རྒན་རིག་འཛིན་རྡོ་རྗེ་ལ་ཤིན་ཏུ་སྐྲག་པས། གོར་སྐམ་དག་མི་འདོད་བཞིན་བཙན་གྱིས་ཟོས་པ་ཡིན།
  བསོད་ནམས་འབག་བཙོག་གིས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁོར་སྤྲད་པའི་དབྱུག་པ་དེ་བཟུང་ནས། ང་ཚོའི་མདུན་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་། ད་དུང“རེམ་མ་ཟོ། ཨེ་གོ་ཐལ”ཟེར་བཞིན་མི་རེའི་སྐེ་ལ་དབྱུག་པས་ལན་རེ་བྲབས་བྱུང་།
  ང་ཚོས་གོ་སྐམ་དག་ཟོས་ཚར་ལ་ཉེ་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ལག་པ་རྒྱབ་ལག་བྱས་ནས་བསླེབས་བྱུང་།
  “ཁྱོད་ཚོས་གོ་རེ་ཟོས་ཚར་སོང་ངམ།”
  “ཚར་སོང་།”
  ང་ཚོས་མགྲིན་གཅིག་ཏུ་ལན་བཏབ་པ་ན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ང་ཚོའི་མདུན་དུ་ཞིབ་ལྟ་ཞིག་བྱས་རྗེས“དེས་ན་འདིར་གྲལ་བསྒྲིགས” ཟེར།
  དེ་ནས་ཅུང་མ་འགོར་བར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་མངགས་ཏེ་རྡོ་རྒན་ཞིག་འཁྱེར་ཡོང་དུ་བཅུག ང་ཚོས་ཅི་ཞིག་བྱ་སྲིད་པ་ཆ་མ་འཚལ་བར་དོགས་སྣང་གིས་ཁེངས་ཤིང་སྡོད་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་མཛུབ་གུས་ང་བསྟན་ནས“ཁྱོད་རང་སྔུན་ལ་བུད”ཟེར།
  ང་རང་གྲལ་ལས་བུད་དེ་སློབ་གྲོགས་ཚོའི་སྔུན་དུ་འགྲེངས་ནས་བསྡད་པ་ན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“མི་རེས་རྡོ་འདི་གནམ་ལ་ཐེངས་བརྒྱ་རེ་ཁྱོགས། རྡོ་ཐེངས་རེ་བཀྱགས་ན་ཁ་ནས་ཨ་ཕ་ཨ་མའི་བཀའ་དྲིན་ཞེས་སྐད་ཆེན་པོས་ཐེངས་རེ་བོས”ཟེར།
  “ཨ་ཕ་ཨ་མའི་བཀའ་དྲིན།”
  “ཨ་ཕ་ཨ་མའི་བཀའ་དྲིན།”
  “ཨ་ཕ་ཨ་མའི་བཀའ་དྲིན།”
  “ཨ་ཕ་ཨ་མའི་བཀའ་དྲིན།”
  “¡­¡­”
  ངས་དེ་ལྟར་འབོད་ཀྱིན་རྡོ་དེ་ཐེངས་བརྒྱར་གནམ་ལ་བཀྱགས་ཚར་དུས། དཔྲལ་བ་ནས་རྔུལ་ཆུ་མཚམས་མེད་དུ་འཛར་ཏེ་གདོང་ཡོངས་བརླན་པ་མ་ཟད། ལག་པ་གཉིས་ཀ་ནི་ཚོར་བས་བཏང་སྟེ་རང་གི་ཡིན་མིན་ཡང་མི་ཤེས་པར་གྱུར།
  བསོད་ནམས་འབག་བཙོག་ལོགས་ཤིག་ཏུ་འགྲེངས་ཏེ་ང་ཚོར་བལྟས་འདུག ཁོའི་མིག་ཟུང་དུ་རང་རློམ་དང་ང་རྒྱལ་ཞིག་གིས་ཀུན་ནས་ཁེངས་འདུག་ལ། སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་ཉི་འོད་ཀྱི་འོག་ཏུ་འཁྱུག་ཙམ་འཁྱུག་ཙམ་བྱེད།
  ¡­¡­

  བསོད་ནམས་འབག་བཙོག་སློབ་ཆུང་ནས་མཐར་མ་ཕྱིན་གོང་། ཁོའི་ཕ་གཡར་གྱིས་ཁོ་རང་སློབ་གྲྭ་ནས་ཕྱིར་འཐེན་ཏེ་ལུག་རྫིར་བསྐོས། དེ་ལ་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཕངས་པའི་ཤུགས་རིང་འདོན་བཞིན། “བསོད་ནམས་འབག་བཙོག་དེ་བྱིས་པ་རིག་ཡག་ཅིག་ཡིན་མོད། ད་ནི་དེ་བ་ཚང་གིས་བརླག་རྒྱུ་རེད”ཟེར།
  བསོད་ནམས་འབག་བཙོག་གི་ཕྱིའི་ཆ་ལུགས་ནི་ལྡ་ང་ལྡང་ངེ་ཆ་ལ་ཆོལ་ལེ་ཞིག་ཡིན་རུང་། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བཤད་པ་ལྟར། ཁོ་རིག་ཡག་ཅིག་ཡིན་པ་ནི་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཆོག་སྟེ། ཁོར་ཆེད་དུ་སུ་ཡིས་མ་བསླབས་ཀྱང་ཆུང་ངུའི་དུས་ནས《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》དང《དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ》《གེ་སེར་སྒྲུང》སོགས་བློ་ནས་ཐོགས་མེད་དུ་འདོན་ཐུབ་པས། སྡེ་བའི་ནང་གི་བུད་མེད་ཚོས་ཁོ་རང་ཞིང་ཁ་སོགས་སུ་བཀག་སྟེ། “བསོད་ནམས། ང་ཚོར《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》ཞིག་ལོངས་དང”ཟེར་བ་ན། ཁོས་དེ་མ་ཉིད་དུ་དབྱངས་རྟར་དྲངས་ཏེ་ལེན་པར་བྱེད་ཅིང་། ཉིན་ཁར་ཉི་མར་ལྡེ་བའི་བགྲེས་པོ་རྣམས་ཀྱིས་ཀྱང་ཁོ་ལ“བསོད་ནམས། ང་ཚོར་སྒྲུང་ཞིག་བཤད་རོགས”ཞེས་བསྐུལ་ཚེ། ཁོས་ལག་པས་ཕྱག་རྒྱ་སྣ་ཚོགས་བྱེད་ཀྱིན་ཐོགས་མེད་དུ་བཤད་སྲིད།
  དེ་ལྟ་ནའང་། གྲོ་ཞིང་ཁའི་རྒན་གཞོན་ཀུན་གྱིས་བསོད་ནམས་འབག་བཙོག་དེ་བྱིས་པ་ཡ་རབས་ཀྱི་གྲས་སུ་བཞག་མ་མྱོང་།
ནམ་ཡང“བསོད་ནམས་འབག་བཙོག་ཟེར་རམ། དེ་ནི་དགའ་ཞིག་ག་ལ་ཡིན།” “བསོད་ནམས་འབག་བཙོག་ཡེ། དེར་འགྲོགས་མི་ཉན”ཟེར།
  ངས་ནི་མི་རྒན་ཚོའི་གཏམ་ལ་གོ་བ་ལེན་མ་ཐུབ། རྗེས་སུ་ངའི་སེམས་ལ་གཏམ་དཔེ་ཞིག་དྲན་བྱུང་སྟེ། དགོས་དུས་ལྷ་རྫས་དང་། མི་དགོས་དུས་གདོན་རྫས། དེ་ནི་ཆེད་དུ་དེར་བསྟན་པ་རེད་སྙམ་བྱུང་།
  བསོད་ནམས་འབག་བཙོག་ནི་ལུག་རྫི་ཡང་དགའ་ཞིག་ཡིན་པ་འདྲ་སྟེ། དེ་ནི་ཁོ་ཚང་གི་ལུག་ལ་བལྟས་ན་ཤེས་ཐུབ། ཁོ་ཚང་གི་ལུག་རྣམས་ནི་གཞན་ལས་ཆེ་ཞིང་ཤ་ཤེད་རྒྱས་ཏེ། སུས་མཐོང་  ཡང“གན་ཨ་ཁུ་ཚེ་བརྟན་ཚང་གི་ལུག་རེད”མི་ཟེར་མཁན་ཞིག་མེད། ཡིན་ནའང་ཁོས“ལུག་འཚོ་བ་ལས་ཐབས་རྡུགས་ཀྱི་ལས་ཀ་ཞིག་མི་འདུག”ཟེར།
དེ་ནི་དབྱར་གནང་གི་སྐབས་ཤིག་སྟེ། ཉིན་དེར་ང་གཅིག་པུ་ཁྱིམ་དུ་བསྡད་ཡོད། ངས་ལས་བྱ་བྲིས་ནས་མཚམས་ཤིག་ལ་སྒོར་བུད་པ་ན། བསོད་ནམས་འབག་བཙོག་གིས་ངེད་ཚང་གི་ཚོད་རའི་ནང་ནས་ལ་ཕུག་རྐུ་བཞིན་པ་མཐོང་བྱུང་།
  “ཝེ། རྐུན་མ།”
  ངའི་ཁ་ནས་སྐད་ཆ་དེ་ཤོར་བ་དང་བསོད་ནམས་འབག་བཙོག་ཡར་ལངས་ནས་འབྲོ་རྩིས་ཤིག་བྱས་མོད། ཁོས་ང་གཅིག་པུ་ཡིན་པ་མཐོང་བས་གདོང་གི་རྣམ་འགྱུར་རྒྱུན་ལྡན་དུ་གྱུར་ཅིང་། དེ་ནས“མིན་མིན་མིན། ལ་ཕུག་ཅིག་བརྐུས་ནས་ཅི་བྱེད། ལ་ཕུག་དགོས་ན་ངེད་ཚང་གི་ཚོད་རའི་ནང་དུ་ཏག་ཏག་ཡིན། ཁྱོད་ལ་ལ་ཕུག་དགོས་སམ”ཟེར།
  “དེས་ན་ཁྱོད་ཀྱིས་ངེད་ཚང་གི་ཚོད་རའི་ནང་དུ་ཅི་ཞིག་བྱེད་ཀྱིན་ཡོད།”
  “ང་ཁྱོད་འབོད་དུ་ཡོང་བ་ཡིན།”
  “ང་བོས་ནས་ཅི་བྱེད།”
  “འུ་གཉིས་རྩེད་དུ་འགྲོ།”
  “མི་འགྲོ། ང་ཁྱོད་ལ་འགྲོགས་ནས་མི་འགྲོ།”
  ང་ནི་ཁོ་དང་འགྲོགས་ནས་གཏན་དུ་འགྲོ་མི་འདོད་མོད། ཁོས་ང་ལ“ཁྱོད་ཀྱིས་གེ་སེར་རྒྱལ་པོའི་ཞབས་རྗེས་མཐོང་ཨེ་མྱོང”ཟེར། ངས་ལན་ཅི་ཡང་མ་བཏབ་པར་སྡོད་དུས་ཁོས་ཡང་བསྐྱར་ཁ་གྲགས་བྱུང་།
  “གེ་སར་རྒྱལ་པོའི་ཞབས་རྗེས་ལ་ལྟ་རུ་འགྲོ་མི་འདོད་དམ། ”
  ང་ཚོ་སྡེ་བའི་གོང་དུ་ཐང་ནག་ཟེར་བའི་ཐང་ཆེན་པོ་ཞིག་ཡོད་པ་དེ་རུ། རྡོ་ཕ་བོང་ཞིག་གི་སྟེང་དུ་གེ་སར་རྒྱལ་པོའི་ཞབས་རྗེས་ཕབ་ཡོད་ཟེར་བ་ངས་ཀྱང་གོ་མྱོང་བས། ཁོས་ང་ལ་མུ་མཐུད་དུ་འགྲོ་ཟེར་དུས། ངས་ཀྱང་དེའི་བསླུ་བྲིད་བཟློག་མ་ཐུབ་པར་ཁོའི་རྗེས་འབྲངས་ནས་ཕྱིན་པ་ཡིན།
  ལམ་དུ་ཁོས་ང་ལ་གེ་སར་རྒྱལ་པོ་ནི་གནམ་ལ་འཕུར་ན་བྱ་དང་འདྲ་ཞིང་། ས་ལ་འཛུལ་ན་སྦྲུལ་དང་འདྲ། ཀི་ཞིག་བཏབ་ན་གནམ་ས་གཡོ་བར་བྱེད། གོམ་གང་སྤོས་ན་གཙང་བོའི་ཕ་རོལ་བརྒལ་བར་ནུས་ཟེར་བཞིན། གེ་སེར་རྒྱལ་པོའི་ངོ་མཚར་གྱི་གཏམ་རྒྱུད་མང་པོ་བཤད་བྱུང་། ང་ནི་ཁོའི་གཏམ་གྱིས་ཡིད་སེམས་རབ་ཏུ་དྲངས་སོང་བས། ཁོས“ད་ནི་ཁྱོད་འགྲོ་མི་འདོད་ན་མ་སོང་ནའང་ཆོག”ཟེར་དུས། ངས་ཁོར་ཞུ་བ་བྱས་ཤིང་རྗེས་བསྙེགས་ནས་སོང་བ་ཡིན། དེ་དུས་ཁོའི་གདོང་ལ་ཁེངས་ཉམས་ཤིག་དོད་དེ“འགྲོ་མི་འདོད་ན་ཨ་ཁུ་ལོ་ལོ་མེད”ཟེར།
  ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ། ཡིན་པ་ནི་ཁོས་ང་ལ་མགོ་བསྐོར་ཏེ་ལུག་འཚོ་རོགས་སུ་ཁྲིད་པ་རེད།
  ངེད་གཉིས་ཐང་ནག་ཟེར་བའི་ཐང་ཆེན་པོ་དེར་བསླེབས་དུས། ཁོ་ཚང་གི་ལུག་ཁྱུ་ཐང་ཆེན་པོའི་ཁུད་དུ་གཟན་ལ་བཀྲམ་འདུག
  རྡོ་ཕ་བོང་དེ་ནི་རྒྱང་ནས་བལྟས་ཀྱང་ལྷིང་ངེར་འདུག ང་ཁོའི་རྗེས་འབྲངས་ནས་རྡོ་ཕ་བོང་གི་ཉེ་སར་ཕྱིན་པ་ན། གེ་སེར་རྒྱལ་པོའི་ཞབས་རྗེས་ཟེར་བའི་རྐང་རྗེས་ཆེན་པོ་དེ་དངོས་སུ་མིག་ལམ་དུ་མངོན་བྱུང་། རྡོ་ཕ་བོང་དེའི་ངོས་སུ་ཧ་ཅང་ཆེ་བའི་རྐང་རྗེས་ཤིག་ཕབ་འདུག དེ་དུས་ཁོས་ངའི་ལྷམ་ཕུད་ཅིང་རྐང་པ་དེའི་སྟེང་དུ་སྤོ་རུ་བཅུག རྐང་རྗེས་ཆེན་པོ་དེ་ནི་དངོས་གནས་གོམ་གང་སྤོས་ན་གཙང་བོའི་ཕ་རོལ་བརྒལ་ཐུབ་པའི་རྐང་རྒན་ཞིག་ཡིན་པ་ཐག་གིས་ཆོད།
  ཉིན་མོ་དེར་ཁོས་ང་ལ་གེ་སེར་རྒྱལ་པོའི་གཏམ་རྒྱུད་སྙན་མོ་གླུ་ལ་དྲངས་ཏེ་བླངས་བྱུང་བས། ངའི་སེམས་ལ་བསོད་ནམས་འབག་བཙོག་འདིས་སྣ་མདོའི་སྣབས་བདག་བྱ་མི་ཐུབ་ཀྱང་མི་ནི་ཤེས་རྒྱ་ཅན་ཞིག་རེད་ཨང་སྙམ་བྱུང་།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།།
ཨ་ལ་ངག་གི་འགུག་ལུགས་རེད།།
བསམ་དོན་ངང་གི་ཤུགས་འབྱུང་རེད།།
འབྲུ་དྲུག་ཚིག་གི་བཅད་སོ་རེད།།
ས་འདིའི་ས་ངོ་མ་ཤེས་ན།།
རིང་བོ་རྣ་བའི་གོ་ཚུལ་ལ།།
ཤར་ཁྲ་བོ་གླིང་གི་ས་ཆ་རེད།།
  ¡­¡­
  ཁོས་དེ་ལྟར་ངག་ལ་བཀུགས་ནས་ལེན་དུས། ངའི་མཐོང་ལམ་དུ་མདའ་མདུང་གྲི་གསུམ་ཐོགས་པའི་སྐྱ་མི་མང་པོ་གཤར་ནས་འོངས་པའི་སྣང་བརྙན་རབ་རིབ་ཅིག་འཁོར་བྱུང་།
  ཁོས་ང་ལ་དེ་ལྟར་གེ་སར་རྒྱལ་པོའི་གཏམ་རྒྱུད་སྣ་ཚོགས་བཤད་ནས་དུས་ཡུན་རིང་ཙམ་འགོར་བ་ན། ངའི་ཕོ་བར་ལྟོགས་སྣང་ཞིག་ཀུན་ནས་སྐྱེས་བྱུང་།
  “ང་ལྟོགས་ནས་ཤི་ཐལ། ”
  ངས་བསོད་ནམས་འབག་བཙོག་ལ་དེ་ལྟར་བཤད།
  ཁོས“དེས་ན་འུ་གཉིས་ཀྱིས་ཟ་རྒྱུ་ཞིག་བཙལ”ཟེར།
  ངའི་སེམས་ལ་ཐང་སྟོང་ཞིག་ཏུ་ཟ་རྒྱུ་ཞིག་གང་དུ་འཚོལ་ཨང་སྙམ་པའི་སྐབས་སུ། ཁོས་རྩྭ་ལྡུམ་ཞིག་གི་རྩད་པ་བལ་ནས“འདི་ནི་ཟས་ན་ཆོག་པ་རེད”ཟེར། ཁོའི་སྐད་ཆ་དེས་ང་དོགས་པ་ཞིག་བསླངས་སོང་མོད། འོན་ཀྱང་ཁྲིགས་ཁྲིགས་མེད་ན་བདེན་པ་ཡིན་ཀྱང་སྲིད་སྙམ་ནས་ཁ་ལ་བཅུག་པ་ན། དེ་ནི་དངོས་གནས་ཀ་ར་བྲོ་ཞིང་ཁ་ལ་ཤིན་ཏུ་ཞིམ་པས་འགྲངས་ཚད་ཅིག་ཟོས་པ་ཡིན། མཐའ་མར་ངེད་གཉིས་རྡོ་ཕ་བོང་གི་སྟེང་དུ་ཁ་སྦུབ་ཏུ་ཉལ་ནས་ཡར་བཤད་མར་བཤད་བྱས། བར་སྐབས་ཤིག་ལ་ང་ནི་དེ་ལྟར་ཤེས་མེད་ཚོར་མེད་ངང་གཉིད་ཀྱི་ཞིང་ཁམས་སུ་འཁྱམ་སོང་།
རྨི་ལམ་རིང་བོ་དེའི་ནང་དུ་གེ་སེར་རྒྱལ་པོ་ཡིན་ཟེར་བ་ཞིག་གིས་ང་རང་ཁོའི་རྟ་རྒྱབ་ཏུ་བླངས་ནས་ཐང་ནག་ཏུ་ཡར་རྒྱུགས་མར་རྒྱུགས་བྱས་པ་ན། ཕྱོགས་བཞིའི་མི་ཚོགས་ཀྱིས་མགོ་བོ་དུད་དེ་ང་དང་གེ་སེར་རྒྱལ་པོ་གཉིས་ལ་གུས་འདུད་ཞུ་ཞིང་མཆིས། ང་ནི་དགའ་སྟེ་ཀི་ལྡིར་ལན་འགའ་བྱས་པ་ན། མི་རྣམས་ཀྱིས་ཀྱང་ང་ལ་ལད་མོ་བྱས་ནས་ཀི་ལྡིར་བྱེད་མགོ་བརྩམས། གེ་སེར་རྒྱལ་པོས་ང་ལ “འདི་ནི་བདག་གི་འབངས་ཡིན། ང་ནི་ཧོར་ལ་ཆས་དགོས་པས། དེ་རིང་ནས་བཟུང་ཡུལ་འདིར་ཁྱོད་ཀྱིས་བདག་དམ་བྱ་དགོས”ཞེས་བཤད་རྗེས། ཁོ་རང་རྟ་ཕོ་གཞན་ཞིག་གི་འཕོང་ལ་ཞོན་ཏེ་ངའི་མཐོང་ལམ་ནས་རིང་དུ་ཡལ་སོང་། དེ་དུས་ཕྱོགས་དང་ཕྱོགས་ཀྱི་མི་རྣམས་ངའི་མདུན་དུ་ཡོང་ནས“རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”ཅེས་བསྒྲགས་བྱུང་ །
  སྐད་སྒྲ་དེ་ནི་རླུང་གིས་སྤུར་བའི་ཕུག་མ་བཞིན་ལ་ལུང་དུ་ཁྱབ་སོང་།
  ¡­¡­
  ང་དེ་ལྟར་རྨི་ལམ་རིང་བོ་དེ་ལས་སད་དུས་མུན་ཡོངས་སུ་རུབ་འདུག
  ངས་གམ་དུ་ལྟ་དུས་བསོད་ནམས་འབག་བཙོག་སྔར་ནས་སོང་ཟིན། སྐྱི་བསེར་གྱི་གཡབ་གཡུག་ཁྲོད་ནས་འཇག་སྐྱའི་ཤུར་སྒྲ་སྒྲོག་ཅིང་། རྒྱང་རིང་གི་གནས་གང་ཞིག་ནས་སྤྱང་ཀིའི་ངུ་འབོད་ཀྱང་རྣ་ལམ་དུ་མཆེད་འོངས་པས། ང་ནི་སྐྲག་སྟེ་ཐང་ཆེན་པོའི་ཁུད་ནས་ཤུགས་ཀྱིས་བརྒྱུགས་པ་ཡིན། ཇི་ལྟར་ཤུགས་ཀྱིས་བརྒྱུགས་ན་དེ་ལྟར་སྣང་བ་ཞིག་ལ་མི་ཞིག་རྗེས་དེད་ནས་འོང་བཞིན་པ་འདྲ་བས། ངས་ཡང་ཡང་ཕྱིར་འཁོར་ནས་མི་ལྟ་ཀ་མེད་བྱུང་། ང་རང་རྒྱུག་ཞོར་དང་ཕྱིར་ལྟ་བྱེད་ཞོར་ཡུལ་ལ་བསླེབས་དུས་ལུས་ཡོངས་རྔུལ་ཆུས་བངས་འདུག
  བསོད་ནམས་འབག་བཙོག ཨ་བ་ཨ་མ་རོ། ཁྱི་སྐྱག རྨ་ཆུར་འཕེན་རྒྱུ་བོ། རྐང་པ་གཅོག་རྒྱུ་བོ། ཤུན་པགས་བཤུ་རྒྱུ་བོ། སྐེ་གཅུ་རྒྱུ་བོ…… ལམ་དུ་ངས་དེ་ལྟར་མི་རྒན་རྣམས་ཀྱིས་བྱིས་པར་སྡིགས་དམོད་བྱེད་སྲོལ་ལྟར། བསོད་ནམས་འབག་བཙོག་ལ་སྡིགས་ནས་ཡོང་བ་ཡིན།
  མཚན་མོ་དེར། རྒྱུ་མཚན་ཅི་ཡིས་དབང་གི་ཡིན་པ་མ་ཤེས་མོད། ང་རང་ཞག་གང་བོར་གཉིད་སྐྱིད་པོ་ཞིག་མ་ཁུགས།
  ……གཉིད་གུང་དུ་འབུ་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་ངའི་ཕྱོགས་སུ་ནུར་འོངས་ཤིང་། བལྟས་བལྟས་ལ་འབུ་མང་པོས་ང་རུབ་འོངས་པས། ང་སྐྲག་སྣང་དང་བཅས་ཨག་སྐད་ཅིག་བརྒྱབ་པ་དེས་ཕ་མ་གཉིས་ཀྱི་གཉིད་ཀྱང་གང་ཞིག་ཏུ་ཞོགས་སུ་བཅུག་སོང་། ཨ་ཕས་དཔེ་ཆ་སྣ་རིང་ཞིག་ངའི་མགོ་ལ་བཞག་ཅིང་མཆོད་མེ་རྐོང་གང་བསྒྲོན་པ་ན། ངའི་མིག་ལམ་དུ་འབུ་རྣམས་མཆོད་མེ་ཡི་མེ་ལྕེ་ཕྲ་མོས་བསྲེགས་སོང་བས། ངས་ཨ་ཕ་ལ“ད་དུང་འདི་ན་འབུ་ཞིག་ཡོད”ཅེས་བཤད་པ་ན། ཨ་ཕས་དེ་མ་ཉིད་འབུ་དེ་ཐལ་དུ་བཏང་གྲོ། ངས་ཡང“ཨ་ཕ་གན་ན་འབུ་ཞིག་འདུག” ཅེས་ལག་པས་བསྟན་ན། ཨ་ཕས་མཆོད་མེ་བཟུང་ནས་འབུ་དེ་ཡང་བསྲེགས་པར་བྱེད། ཨ་ཕས་ད་དུང“སྐྲག་མི་དགོས། འབུ་རྣམས་ངས་རེ་རེ་བཞིན་བསྲེགས་ནས་རྩ་མེད་དུ་གཏོང”ཟེར།
ཕྱི་ཉིན་སྔ་མོ་ཡར་ལངས་དུས་ཀྱང་། མཚན་གྱི་བྱུང་བ་རྣམས་ཇི་བཞིན་དུ་ཡིད་ངོར་ཡོད་པས། ངས་ཨ་ཕར་དྲིས་དུས། ཨ་ཕས“ཁྱོད་ལ་མིག་འཕྲུལ་བྱུང་བ་ཁོ་ཐག་རེད། དོན་དུ་འབུ་ཞིག་ག་ལ་ཡོད”ཟེར། ང་རང་རྣར་མ་སོང་བར“དཔེ་མི་སྲིད། ངས་དངོས་སུ་མཐོང་བྱུང”ཞེས་བཤད་ཚེ། ཨ་མའི་རྣམ་རྟོག་གིས་བསླངས་པའི་གདོང་ལ་ཞེད་སྣང་འདོམ་གང་བསྣར་ནས། “ཨ་ཁུ་སྔགས་རྒན་གྱི་མདུན་དུ་སོང་ནས་ཕྱག་མོ་ཞིག་བཏབ་ན་ཅི་འདྲ། མདང་ནུབ་རྨི་ལམ་ནང་བྱི་ལ་ཁྲ་ཁྲ་ཞིག་ངའི་རུམ་ལ་འཛུལ་ཡོང་བ་དང་ཆབས་ཅིག་ཞི་ལུས་ཨག་འབོད་བྱས་སོང་། ཕལ་ཆེར་ཐེའུ་རང་གིས་གནོད་བཞིན་པ་འདྲ”ཟེར།
  ཨ་ཕས་ང་ཁྲིད་ནས་སྔགས་རྒན་རིག་འཛིན་གྱི་མདུན་དུ་སོང་བ་ན། སྔགས་རྒན་རིག་འཛིན་གྱིས་ངའི་སྐེ་ལ་སྲུང་འཁོར་ཞིག་བཏགས་ཤིང་། ད་དུང་ཞལ་ཕུ་ལན་འགའ་བཏབ་རྗེས། དགོང་མོ་ཉལ་ཁར་སྒྲོལ་མ་ཚར་རེ་འདོན་རྒྱུ་མ་བརྗེད་ཟེར།
  ཨ་ཕས་ང་ལ་ཉིན་དེར་གང་དུ་སོང་བ་ཡང་ཡང་དྲིས་མཐར། ངས་བསོད་ནམས་འབག་བཙོག་དང་མཉམ་དུ་ཕྱིན་པའི་གནས་ཚུལ་གསོང་བོར་བརྗོད་པ་ན། ཨ་ཕས་ང་ལ་སྡིགས་དམོད་བྱེད་ཀྱིན། ཁྱོད་དེར་འགྲོགས་ནས་ཅི་བྱ། ཁྱོད་ཀྱིས་ཨ་མས་བཤད་པ་འགྲིག་འདུག དེ་བ་ཚང་གི་སྲུང་མ་ཐེའུ་རང་ཡིན་པ་རེད། ད་ནས་བཟུང་ཁྱོད་དེར་འགྲོགས་ནས་སོང་དང་ངས་ཁྱོད་ཀྱི་རྐང་པ་མ་བཅད་ནས་ལྟོས་ཟེར།
  དེ་ནས་བཟུང་། ངའི་བསོད་ནམས་འབག་བཙོག་མཐོང་བ་ན་རྒྱང་ནས་གཡོལ་ཏེ་སོང་བ་ཡིན།
  ངའི་སེམས་ངོར་བསོད་ནམས་འབག་བཙོག་ནི་བསོད་ནམས་འབག་བཙོག་མིན་པར། ཐེའུ་རང་ཟེར་བའི་འཇིགས་སུ་རུང་བ་ཞིག་ཡིན་སྣང་སྟེར། ངས་ད་དུང་སློབ་གྲོགས་ཚོར་ཡང་བསོད་ནམས་འབག་བཙོག་ནི་ཐེའུ་རང་ཡིན་པ་རེད་ཅེས་བཤད་པ་ཡིན། སློབ་གྲོགས་ཚོས་ང་ལ“ཐེའུ་རང་ཟེར་བ་ཅི་ཡིན་པ་རེད”ཟེར། ངས“ཐེའུ་རང་ཟེར་བ་ནི་ཐེའུ་རང་རེད། མི་ལ་གནོད་བྱེད་མཁན་ཞིག་ཡིན”ཞེས་བཤད་ཚེ། སློབ་གྲོགས་རྣམས་ཀྱང་སྐྲག་སྟེ“ད་ནས་བཟུང་བསོད་ནམས་འབག་བཙོག་ལ་མི་འགྲོགས”ཟེར།
  བསོད་ནམས་འབག་བཙོག་དེ་ལྟར་ཁེར་རྐྱང་དུ་གྱུར་པ་ནས། ཁོའི་ཅི་བཤད་གང་བཤད་དང་ཅི་ལས་གང་ལས་ལ་ངས་མཉམ་མ་བཞག་པར་ཡུན་རིང་སོང་།

  ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ། བསོད་ནམས་འབག་བཙོག་གི་བྱ་བ་སྤྱོད་པ་སྐོར་ཞིག་དངོས་གནས་དགོད་བྲོ་བོ་རེད།
  དེ་ནི་ལོ་ནམ་ཞིག་ཡིན་པ་ང་ལ་གསལ་བོར་འཆད་རྒྱུ་མེད་མོད། བསོད་ནམས་འབག་བཙོག་གི་སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་ཀུན་ནས་ཆད་ཅིང་། དེའི་ཚབ་ཏུ་མགོ་ལ་རིང་ཞིང་སྦོམ་པོའི་རལ་བ་ཞིག་བསྐྱུར་འདུག
  ལོ་དེའི་སྟོན་མཇུག་ཤིག་ལ། བསོད་ནམས་འབག་བཙོག་གི་ཕ་གཡར་གྱིས་ཁོ་ལ་ཁང་པ་གྱན་གསུམ་བརྩེངས་ནས་ཁེར་བོར་བཞག་པ་རེད། ད་དུང་ལུག་འགའ་ཡང་ཁོར་སྐལ་དུ་བགོས་ནས་འཚོ་རྟེན་དུ་བྱིན་པ་རེད། སྡེ་བའི་ནང་གི་བསམ་ཤེས་ཁ་ཤས་ཀྱིས་བསོད་ནམས་འབག་བཙོག་ནི་གཞུག་ཁྲིད་ཅིག་ཡིན་པས་ངོས་ནས། གལ་ལ་ཐུག་ན་ཚེ་བརྟན་གྱིས་ཁོ་ཁེར་བོར་འཇོག་སྲོལ་ཅན་གྱིས་བཞག་སོང་ཞེས་ཨ་ཁུ་ཚེ་བརྟན་ལ་ཡི་རངས་བྱེད་ཀྱིན་འདུག ཡིན་ནའང་བཤད་ཁ་ཁ་ཤས་ཀྱིས་དེ་ནི་ཚེ་བརྟན་མྱི་ཁར་སྐྲག་པ་རེད་ཟེར།
  གང་ལྟར། བསོད་ནམས་འབག་བཙོག་འཇོག་སྲོལ་ཅན་གྱིས་ཁེར་བོར་བཞག་སོང་བ་ནི་དོན་དངོས་རེད།
  བསོད་ནམས་འབག་བཙོག་ཁེར་བོར་བཞག་རྗེས་ཚང་མ་ཧ་ལས་པའི་དོན་དག་ཅིག་བསྒྲུབས་པ་ནི། ཁོས་རང་ལ་སྐལ་དུ་བྱིན་པའི་ལུག་རྣམས་གཅིག་ཀྱང་མ་ལུས་པར་གཞན་ལ་བཙོངས་པ་དེ་རེད། དེ་ལ་སྡེ་བའི་ནང་གི་རྒད་པོ་རེ་གཉིས་ཀྱིས་ཨ་ཁུ་ཚེ་བརྟན་ལ“ཁྱོད་ཀྱིས་བཀག་འགོག་བྱས་ན་མི་ཆོག་གམ། ལུག་རྣམས་བཙོངས་རྗེས་ཅི་བྱ”ཟེར་དུས། ཨ་ཁུ་ཚེ་བརྟན་གྱིས“ད་ནི་རང་རང་འཚོ་བ་རང་རང་ཡིན་པས། དེ་རིང་བཀག་ཀྱང་སང་ཉིན་ཁོགས་མིན་སུས་ཤེས”ཟེར་ཞིང་། ཁོའི་ཨ་མས་ཀྱང“ད་ནི་ཅི་བྱེད་ན་བྱེད་ཆུགས། སུ་ཞིག་གིས་བལྟས་བལྟས་ལ་འདུག་རྒྱུ”ཟེར།
ཨ་ཁུ་ཚེ་བརྟན་དང་ཨ་ནེ་ཆོས་མཚོ་གཉིས་ཀྱིས་དེ་ལྟར་བཤད་བྱུང་བས། ཀུན་ཀྱིས་ཀྱང་མགོ་བོ་གཡུག་བཞིན་ཁ་རོག་གེར་བུད་སོང་།
  སྡེ་མི་རྣམས་ཀྱིས“གླེན་པ་དེས་ལུག་རྣམས་བཙོངས་ཏེ་ཁ་ཇི་ལྟར་གསོ་ཨང”ཞེས་སེམས་ཁྲེལ་བྱེད་ཀྱིན་འདུག་ནའང་། བསོད་ནམས་འབག་བཙོག་ནི་ལྡོག་སྟེ་གསོན་ཤུགས་ཤིག་རྒྱས་ཤིང་། གང་དུ་འཕྲད་ཀྱང་གདོང་ལ་འཛུམ་མདངས་ཤིག་དཔྱངས་དཔྱངས་ལ་འགྲོ་བཞིན་འདུག
  ཁོས “ཁ་རྒྱབ་ཙམ་ནི་ལོས་སོས”ཟེར་ཞིང་། ད་དུང“བྱ་ཁྱུང་དགོན་པ་བྲག་ན་ཡོད། ཨ་བོའི་བཀོད་པ་ཁོག་ན་ཡོད”ཟེར་བཞིན་མགོ་བོ་ལྟག་གར་དགྱེ་བར་བྱེད།
  དེ་ནས་ཅུང་མ་འགོར་བར། བསོད་ནམས་འབག་བཙོག་གིས་གནས་ལ་ཐེངས་འགར་སོང་ཡང་མ་ཆགས་པར་ཡུལ་ལ་བྲོས་མོར་ཡོང་བའི་སྒྲོལ་མ་བག་མར་བསུས་སོང་། ཁོ་གཉིས་ཀྱིས་གཉན་བསྡེབས་པ་དེར། ཚང་མས“ཅི་འདྲའི་བཟའ་ཚང་རིག་འདྲ་ཞིག”ཅེས་གླེང་གིན་འདུག
  ཉིན་ཞིག་བསོད་ནམས་འབག་བཙོག་དང་འཇིགས་མེད་ཁ་རྐོ་གཉིས་ལམ་ནས་འཕྲད་བྱུང་།
  འཇིགས་མེད་ཁ་རྐོས“སྒྲོལ་མའི་རུམ་ལ་འཛུལ་ན་ཅི་འདྲ་རེད”ཟེར།
  བསོད་ནམས་འབག་བཙོག་གིས“དེ་ནི་ཁྱོད་ཀྱིས་ཤེས་པ་ཞིག་མ་རེད” ཟེར།
  འཇིགས་མེད་ཁ་རྐོས“དེས་ན་ཅི་འདྲ་ཞིག་རེད”ཟེར།
  བསོད་ནམས་འབག་བཙོག་གིས“དེ་འདྲ་ཞིག་གང་དུ་བཙལ་ཀྱང་མི་རྙེད”ཟེར།
  འཇིགས་མེད་ཁ་རྐོས“ཁྱོད་ཀྱིས་ཁྱི་ལབ་མ་བརྒྱག”ཟེར།
  བསོད་ནམས་འབག་བཙོག་གིས“ཁྱི་ལབ་རྒྱག་ནའང་ཁྱོད་ལྟ་བུ་ཞིག་ལ་རྒྱག་དོན་མེད”ཟེར།
  འཇིགས་མེད་ཁ་རྐོས“བཟའ་ཚང་གསར་པ། ཅ་ལག་རྙིང་པ། ཁྱོད་ལ་ཧེབ་ལངས་དོན་མེད”ཟེར།
  བསོད་ནམས་འབག་བཙོག་གིས“དེ་ཁྱོད་ལ་མ་བབས་པ་ཞིག་རེད” ཟེར།
  “¡­¡­”
  “¡­¡­”
  དྲང་མོར་བཤད་ན། སྒྲོལ་མ་གནས་ལ་ཐེངས་འགར་སོང་བ་དེ་སྐྱོན་ཞིག་ཏུ་བགྲངས་པར་དཀའ་སྟེ། གནས་ལ་ཐེངས་འགར་སོང་བའི་བུ་མོ་ནི་ང་ཚོའི་སྡེ་བར་ད་དུང་ཁ་ཤས་ཡོད། ཡིན་ནའང་། སྒྲོལ་མ་ནི་དཀའ་ལས་མི་འདོད་པའི་རུལ་མ་ཞིག་ཡིན་པ་ནི་གྲོ་ཞིང་ཁའི་མི་རྣམས་ཀྱི་སེམས་སུ་ཁྲིགས་ཁྲིགས་ཡིན། གལ་ཏེ་དེ་ཡང་སྐྱོན་ཞིག་ཏུ་བགྲངས་པར་མི་རུང་ན། སྒྲོལ་མ་ནི་མི་ཀླད་པ་དེ་འདྲའི་དྭངས་མོ་ཞིག་མིན་པ་ནི་སྐྱོན་ཞིག་ཏུ་མི་བགྲངས་ཐབས་མེད་ཡིན། དེ་བས་ཀྱང་སྒྲོལ་མའི་རྗེས་ལའང་གཞུག་ཁྲིད་ཅིག་འཁྲིད་ཡོད་པ་རེད།
  གསར་བུ་ཚོས་བསོད་ནམས་འབག་བཙོག་ལ་ཟུར་ཟ་དང་བཅས “ཁྱོད་ནི་སྐྱིད་པ་ལ། རང་གིས་སྡུག་འདེགས་མ་དགོས་པར་གནམ་གྱིས་བུ་ཞིག་གནང་སོང”ཟེར་དུས། ཁོས་ད་དུང་རལ་བ་རིང་བོ་དེ་རྒྱབ་ལ་འཕེན་ཙམ་བྱས་རྗེས་ཅི་མི་སྙམ་པར “ང་ནི་ལས་ངན་ནང་གི་ལས་ཅན་རེད། ཞབས་དྲུང་དཀར་པོར་ན་ཟླ་རེད”ཟེར་བ་ན། གསར་བུ་རྣམས་དགོད་རྒྱུ་ལངས་ཏེ་ཧབ་ཆ་དིར་དིར་བྱེད།
ལོ་དེར། བསོད་ནམས་འབག་བཙོག་གིས་ལུག་བཙོངས་པའི་སྒོར་མོ་ལས"བདེ་སྐྱིད"རྟགས་ཅན་གྱི་འཕྲུལ་རྟ་རྙིང་པ་ཞིག་ཉོས་སོང་།
  དེ་ནི་གྲོ་ཞིང་ཁར་མཚོན་ན་གསར་འགྱུར་ཞིག་སྟེ། དེས་གྲོ་ཞིང་ཁར་འཕྲུལ་རྟ་མེད་པའི་ལོ་རྒྱུས་བསུབས་པ་རེད།
  གྲོ་ཞིང་ཁའི་མི་རྣམས་ཀྱིས་བསོད་ནམས་འབག་བཙོག་གིས་འཕྲུལ་རྟ་ཉོས་པའི་གཏམ་གོ་བ་དང་། ཚང་མ་ཁོ་ཚང་གི་སྒོ་ཁར་བཙངས་ཏེ་ལྟད་མོར་ལྟ་ཞིང་། ཁ་ཤས་ཀྱིས་འཕྲུལ་རྟར་རེག་རེག་བྱེད་ཀྱིན“ངོ་མ་ཡ་མཚན་རེད”ཅེས་ཁ་གདངས་ཤིང་མིག་ཧད་འདུག དེ་དུས་བསོད་ནམས་འབག་བཙོག་གིས་མགོ་ཡི་རལ་བ་དེ་ཕར་གཡུག་ཚུར་གཡུག་ཙམ་བྱས་ཤིང་། དེ་ནས་འཕྲུལ་རྟའི་འཕོང་ལ་ཞོན་ཏེ་སྣུམ་སྒོ་ཆེས་ཆེར་ཕྱེས་པ་ན། འཕྲུལ་རྟ་ཟེར་བའི་འཕྲུལ་ཆས་དེས་ལྡིར་སྒྲ་གནམ་ས་འགེངས་པ་ཞིག་བསྒྲགས་བྱུང་བས། བྱིས་པ་སྙིང་ཆུང་ཁ་ཤས་སྐྲག་སྟེ་ངུ་སྐད་བཏོན་བྱུང་། བསོད་ནམས་འབག་བཙོག་གིས“ཧ་ཧ”ཟེར་བཞིན་དགོད་སྒྲ་ལྷང་ལྷང་དུ་བསྒྲགས་བྱུང་ལ། དེར་མཐུད་ནས་འཕྲུལ་རྟའི་སྣུམ་སྒོ་དེ་ལས་ཀྱང་ཆེས་ཆེར་ཕྱེ་བ་ན། སྔོན་ཏག་ཏག་ལ་ངུ་བཞིན་པའི་བྱིས་པ་རྣམས་ནི་སྐྲག་སྟེ་བྲོས་སོང་།
  བསོད་ནམས་འབག་བཙོག་གིས་སྒྲོལ་མ་ཆུང་མར་བླངས་པ་ནས། “བཟའ་ཚང་རིག་འདྲ”དེ་གཉིས་འགྲིག་འགྲིག་ཅིག་སུ་ཡང་མི་འགྲིག
  བསོད་ནམས་འབག་བཙོག་གི་འཕྲུལ་རྟའི་འཕོང་དུ་སྒྲོལ་མ་ཞོན་དུ་བཅུག་ནས་འགྲོ་དུས། མོ་གསར་རྣམས་ཀྱིས་ཁ་ནས“གླེན་པ་གན་གཉིས” ཞེས་སྡིགས་དམོད་བྱེད་ཀྱང་། ཁོག་ནས་སྒྲོལ་མར་ཡིད་སྨོན་བྱེད་མཁན་ཡང་མང་པོ་ཡོད། བསོད་ནམས་འབག་བཙོག་གིས་སྒྲོལ་མ་འཕྲུལ་རྟའི་འཕོང་ལ་བླངས་ཏེ་ལྡིར་སྒྲ་དང་བཅས་རུ་བར་དུ་འགྲོ་དུས། ཁོས་རྒྱུན་པར་གླུ་ཞིག་ཁ་ལ་འཕྲེད་ཀྱིས་བཟུང་འདུག
  རྟར་ཞོན་ན་འཇིག་རྟེན་འདི་ནས་ཞོན།།
  ཚེ་ཕྱི་མའི་ཡུལ་དུ་རྟ་ཞོན་མེད།།
  ས་ལག་མཐིལ་ཙམ་ཞིག་མེད་ས་རུ།།
  རྟར་ཞོན་ནས་རྒྱུག་ས་གང་དུ་ཡོད།།
  ¡­¡­
  དེའི་ཡང་རྗེས་སུ། བསོད་ནམས་འབག་བཙོག་གིས་འཕྲུལ་རྟའི་གཞུག་ལ་ཤལ་དྲུད་དེ་ཞིང་ལ་ཤལ་བརྒྱབ་པ་རེད།
  ཁོས་སྒྲོལ་མའི་གཞུག་ཁྲིད་ཞི་ལུ་དེ་ཤལ་གྱི་སྟེང་ལ་སྡོད་དུ་བཅུག་ནས་ཉིན་གང་བོར་ཞིང་ནང་དུ་ཕར་འདྲུད་ཚུར་འདྲུད་བྱས་པས། ཞི་ལི་དེའི་གདོང་ལ་རྔུལ་ནག་གི་ཤུལ་རྗེས་ཤར་ཤུར་དུ་བབས་འདུག་ཀྱང་། དེས་ད་དུང་ཤལ་གྱི་སྟེང་ནས་ཅི་ཞིག་ཡིན་མདོག་གི་རྣམ་འགྱུར་སྣ་ཚོགས་སྟོན་པས། ཚང་མས་ཞི་ལི་གན་ཡང་བསོད་ནམས་འབག་བཙོག་དང་ཨ་ན་མ་ན་རེད་ཅེས་མགོ་བོ་ཐེད་དུ་གཡུག་བཞིན་འདུག
  བསོད་ནམས་འབག་བཙོག་གིས། འཕྲུལ་རྟའི་གཞུག་ལ་ཤལ་དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གནས་ཚུལ་དེ། དེ་ལྟར་གཤོག་ཐོགས་རྒོད་པོ་ཞིག་དང་མཚུངས་པར། གྲོ་ཞིང་ཁ་མ་ཟད་སྡེ་ཡར་ནང་མར་ནང་ཀུན་ལ་གྲགས་སོང་།
  དེ་ནས་བཟུང་སྟེ་ཀུན་གྱིས “བ་གླང་བོང་བུ་ཟོག་གི་ཐ་མ། བསོད་ནམས་འབག་བཙོག་མི་ཡི་ཐ་མ”ཞེས་བརྗོད་ཅིང་མཆིས་སོ། །

མཆན།
1ཤལ་ནི་ས་ཞིང་ལ་ལོག་བརྒྱབ་རྗེས་ས་ངོས་སྙོམ་བྱེད་ཀྱི་ཞིང་ཆས་ཤིག
2 བཀལ་མོ་ནི་རྩིད་པའི་བཀལ་བའི་ཁུག་མ་ཞིག

              མཐའ་མཇུག་གི་རི་དྭགས་པ།

  ཤར་རིའི་རྩེ་རུ་གསེར་མདོག་གི་ཉི་མ་དལ་བུར་འཕགས་མགོ་བརྩམས་བྱུང——རི་དྭགས་པ※འབར་ཚག་གིས་གནའ་ལྤགས་ཀྱིས་བཟོས་པའི་རྩག་ཐུང་རྙིང་ཧྲུལ་རྒྱབ་ཏུ་གོན་ཞིང་ལོ་མང་པོར་ལག་ཏུ་མ་བཟུང་བའི་པི་ར་རྭ་རིང་དེ་ཕྲག་ཏུ་ཁུར་ནས་མཐོ་ལ་བརྗིད་པའི་རི་བོ་དེ་བསྙེགས་ནས་སོང་། རི་བོ་མཐོན་པོ་དེ་ནི་གནས་འདིའི་གནས་བདག་དང་ས་འདིའི་ས་བདག་སྟེ་མིང་ལ་ཨ་མྱེས་སྒོ་རྩེ་ཟེར་ཞིང་། ངག་རྒྱུན་དུ་རྟ་མཆོག་དཀར་པོར་བཅིབས་ཤིང་སྐུ་མདོག་དཀར་ལ་ཕྱག་གཡས་སུ་མདུང་དང་གཡོན་དུ་ཞགས་པ་འཆིང་བ་ཁྲོས་པའི་ཉམས་ཅན་ཞིག་ཏུ་སྣང་བར་བཤད། རྒྱང་ནས་བལྟས་ཚེ་རྩེ་མོ་གངས་ཀྱིས་བཟུང་ཞིང་འདབས་རོལ་ནགས་ཀྱིས་བསྐོར་བའི་རི་བོ་མཐོན་པོ་དེ་ནི་གནམ་འདེགས་ཀྱི་ཀ་བ་ཞིག་དང་འདྲ་བར་གནམ་སའི་བར་གླེགས་སུ་ཀྲོང་ངེར་འགྱིང་འདུག གནམ་ངོ་ནམ་རྒྱུན་ལས་ཀྱང་ཤིན་ཏུ་དྭངས་པས་གངས་དཀར་གྱི་ཅོད་པན་ནི་མིག་ལ་འཚེར་ཞིང་འཚེར་ལ་མི་སེམས་ཀྱི་དང་བ་འདྲེན་པའི་ཟིལ་ཤུགས་ཤིག་ཉི་འོད་ཀྱི་ཀློང་ནས་ལམ་ལམ་དུ་འབར། རི་དྭགས་པ་འབར་ཚག་ལོ་ན་བགྲེས་པས་གོམ་པའི་འདེགས་འཇོག་ལའང་ངང་ངམ་ཤུགས་ཀྱིས་རྒས་རྟགས་ཤིག་ཐོན་འདུག་པ་སྨོས་མ་དགོས། ཁོ་རང་ཉིན་སྲིབ་གཉིས་ཀྱི་མཚམས་སུ་གྱ་གྱུར་འཐེན་པའི་རྐང་ལམ་སྟེང་དུ་ཉི་འོད་དང་གྲིབ་མར་འགོམ་རེ་བྱེད་ཀྱིན་མཚམས་རེར་ངལ་ཅུང་ཙམ་གསོ་བ་དང་དེ་ནས་ཡང་བསྐྱར་ལྗིད་ཏིག་གེར་གོམ་པ་མདུན་དུ་སྤོས་ནས་འགྲོ་ནའང་། སེམས་ཀྱིས་ལྕོགས་ཀྱང་ལུས་ཀྱིས་མི་ལྕོགས་པའི་དབང་གིས་ཁོའི་ཁ་ནས་དབུགས་རིང་ནར་མོ་རེ་རེ་ཤུ་རུ་རུ་སྒྲོག་པར་བྱེད། དེ་དུས་ཁོས་རྩག་ཐུང་གི་སྐ་རགས་ལྷོད་ཙམ་བྱས་ཤིང་ཉིན་སྲིབ་གཉིས་ཀྱི་མཚམས་ནས་གོམ་པ་ཉིན་ལ་སྤོས་ཏེ་ལམ་འགྲམ་གྱི་ཕ་བོང་ནག་ལྡིང་གཡག་རོ་འདྲ་བ་ཞིག་ཡོད་པ་དེར་ཁེན་ཞིང་ཐང་ལ་ཙོག་བྱུང་། ཁོ་དེ་ལྟར་ཙོག་ནས་སྡོད་དུས་ཉི་མ་ནི་དྲོ་ཞིང་དྲོ་བས་ཉི་མས་ཤིག་བསྒུལ་ཤིག་གིས་མི་བསྒུལ་ཟེར་བ་བཞིན་ཁོའི་མཆན་འོག་ཏུ་ཟ་འཕྲུག་ཙག་ཤེད་རྒྱུག་པ་ཞིག་ལངས་བྱུང་། ཁོས་ལག་པ་ཡ་གཅིག་མཆན་འོག་ཏུ་བསྲིངས་ནས་ཤེད་ཀྱིས་འཕྲུག་པ་ན་སྐོམ་པའི་དུས་སུ་ཆུ་འཁྱག་ཕོར་གང་འཐུང་བ་བཞིན་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས། ཁོས་དེ་ལྟར་ཡུན་རིང་ཞིག་ལ་འཕྲུག་མཐར་སེན་མོའི་བར་དུ་ཤིག་ནས་འབྲུ་ཙམ་ཞིག་འཚང་ནས་ཐོན་བྱུང་བས་ཁོས་ཤིག་དེ་མཐེ་བོང་དང་གོང་མཛུབ་བར་དུ་བླངས་ཤིང་མིག་ལམ་དུ་བཀྱགས་ཏེ་ཞིབ་ཏུ་ཐེངས་ཤིག་བལྟས་འཕྲལ་འགྲམ་གྱི་རྩྭ་གསེང་དུ་འཕངས་སོང་། ཕ་བོང་ནག་ལྡིང་དེའི་འདབས་རོལ་ཀུན་ཏུ་སྟག་པ་དང་སྐྱེར་བ་དང་སུ་རུ་དཀར་ནག་དང་གླང་མ་སོགས་ཤིང་རིགས་མང་པོ་འཛིང་ནས་སྐྱེས་ཡོད་ལ་རི་བྱིའི་འགའ་རེས་གླུ་ཆུང་ངག་ལ་འགུག་བཞིན་ཕར་འཕུར་ཚུར་འཕུར་ལན་འགའ་བྱས་རྗེས་མཐོང་ལམ་ནས་མི་སྣང་བར་ཡལ་འགྲོ། རི་དྭགས་པ་འབར་ཚག་གིས་མིག་གི་མཐོང་རྒྱ་མུ་མཐུད་དུ་ཡངས་པོར་བསྐྱེད་པ་ན་རྒྱང་རིང་གི་རི་བོ་དག་ནི་མཐོང་ལམ་ནས་དམའ་མོར་གྱུར་ཅིང་ཁུ་སིམ་མེར་ཁོའི་ཅི་བྱེད་ལ་བལྟས་འདུག་པ་འདྲ་བའི་ཚོར་བ་ཞིག་སྟེར། ཁོས་འབར་ཚག་གིས་བཀང་བའི་གདོང་ལ་ལག་པས་ཕུར་ཙམ་བྱས་ཤིང་དེ་ནས་རུམ་གྱི་སྣ་ཐལ་བླངས་ཏེ་ཤུགས་ཀྱིས་ལན་འགའ་རྔུབ་པ་ན་གློ་ལུད་འགའ་བསྟུད་མུར་བརྒྱབ་བྱུང་། ཁོར་ཡུག་ཀུན་ནི་དེ་ལྟར་ལྷིང་ཞིང་འཇགས་པས་ཁོས་གློ་ལུད་ཅིག་བརྒྱབ་པ་དེས་ཀྱང་རི་ཀླུང་གི་རྨི་ལམ་མཐའ་དག་དཀྲོགས་པར་བྱེད། དེ་དུས་ཁོའི་མིག་ཟུང་ཁུ་སིམ་མེའི་རི་བོ་དམའ་མོ་དག་ལས་མར་ཕབ་པ་ན་ཁོ་རང་འཚར་ལོངས་བྱུང་ཞིང་རྒ་བས་ཁུར་གྱིས་ནོན་སའི་རི་གྲོང་དེ་མིག་ལམ་དུ་རབ་རིབ་ནས་གསལ་བོར་མངོན་བྱུང་། བར་ཐག་གི་དབང་གིས་ས་གྱང་དམའ་མོས་བསྐོར་བའི་གཞིས་མ་དག་ནི་འབར་ཞུན་གྱི་སྒམ་ཆུང་འགའ་ཅི་འདོད་དུ་རི་ཚོགས་ཀྱི་པང་དུ་གཡུག་པ་དང་འདྲ་བར་གོ་རིམ་མེད་པར་གཡས་ལོག་གཡོན་ལོག་བྱས་ནས་འདུག ཁོའི་མིག་གཉིས་འགུལ་བ་མེད་པར་ཅེར་ནས་སྡོད་དུས་འབར་ཞུན་གྱི་སྒམ་ཆུང་ལྟ་བུའི་གཞིས་མ་དེ་དག་གི་གསེང་དུ་ཐ་མག་གི་སྒམ་ཆུང་ལྟ་བུ་ཞིག་དཀར་ལམ་མེར་མངོན་པ་མཐོང་། དེ་ནི་ཡུལ་མི་རྣམས་ཀྱིས་དཀར་པོ་ལྷ་ཆོས་བསྒྲུབ་ས་དང་ནག་པོ་གདོན་འདྲེ་འདུལ་སའི་མ་ཎི་ཁང་སྟེ། བལྟས་ཀྱིན་བལྟས་ཀྱིན་མ་མོ་བརྒྱ་ཡི་དབུས་ཀྱི་ཁྲོམ་རྒན་ཞིག་དང་འདྲ་བར་ང་རྒྱལ་གྱི་མགོ་འཕང་མཐོ་རུ་དགྱེ་འདུག ཁོས་ཕ་བོང་ནག་ལྡིང་དེར་ཁེན་ནས་ཐེངས་ག་ཚོད་ཅིག་ལ་འདི་ལྟར་དམིགས་མེད་དུ་ཕྱོགས་བཞིར་གཡེངས་པ་མི་དྲན་མོད། ད་ལྟ་བསམས་ན་ཁོ་རང་ཐེངས་དང་པོར་ཨ་མྱེས་སྒོ་རྩེར་འགོས་པ་ནས་གནས་འདི་ནི་སུ་ཞིག་གིས་ཆེད་དུ་ཁོ་ལ་བཀོད་སྒྲིག་བྱས་པ་བཞིན་ཕ་བོང་ནག་ལྡང་ལ་ཁེན་པ་དེ་གོམས་ལོབས་སུ་གྱུར། ཁོས་དེ་ལྟར་ཡུན་རིང་བོར་ཅེར་ནས་བསྡད་པ་ན་ད་ནི་ཁོ་རང་རྒས་ཤིང་འཁོགས་པར་གྱུར་ནའང་མིག་ལམ་གྱི་ཡོད་ཚད་ནི་གདོད་མ་ནས་ཇི་ལྟར་ཡོད་པ་ད་ལྟ་ཡང་དེ་ལྟར་འགྱུར་བ་ཙམ་ཡང་མེད་པ་ལྟར་འདུག་པས། རི་དྭགས་པ་འབར་ཚག་གི་སེམས་ལ་ལོ་དང་ཟླ་བའི་གོམ་ཁ་ལྡོག་ཕྱོགས་སུ་བསྒྱུར་ནུས་ཚེ་ཁོ་ཚང་ལའང་མགོ་གསེར་ཞྭ་ཅན་གྱི་བླ་མ་དང་དབུ་ལ་ཐོད་ཅན་གྱི་དཔོན་པོ་འཁྲུངས་མ་མྱོང་བ་ཞིག་མིན་སྙམ་ནས་དགའ་རྒྱུ་ཞིག་བྱུང་ནའང་། དེ་མ་ཉིད་དུ་བསམ་ཚུལ་གཞན་ཞིག་གིས་དེ་དག་གིས་ཅི་བྱ་སྟེ་སྔ་དྲོ་ཡོད་ལ་ཕྱི་དྲོ་མེད་པ་རྫ་མགོའི་ཟིལ་བ་འདྲ་ཞིང་ཐ་ན་ས་སྒང་རིལ་མོ་འདིར་འགྱུར་བ་ཕྲན་ཙམ་ཡང་བཟོ་མ་ཐུབ་ཟེར་བ་ན་ཁོ་ལ་ཚོད་ཚོད་དུ་ཕངས་སེམས་ཤིག་ཐོལ་ཐོལ་དུ་སྐྱེས་བྱུང་། ཁོས་དེ་ལྟར་ཡར་དྲན་མར་དྲན་བྱེད་ཀྱིན་དུས་ཡུན་རིང་བོ་ཞིག་འགོར་འཕྲལ་རང་གི་དེ་རིང་གི་དོན་བྱ་ཅི་ཡིན་དྲན་བྱུང་བས་སེམས་ལ་འཚུབ་ཆ་ཞིག་ལངས་བྱུང་། ཁོ་ཡར་ལངས་ཏེ་རྩག་ཧྲུལ་གྱི་སྐ་རགས་དམ་དུ་བཅིངས་རྗེས་ཡང་བསྐྱར་རི་ལམ་ཀྱག་ཀྱོག་དེའི་སྟེང་ལ་གོམ་པ་སྤོས་ཏེ་མཐོ་ས་ནས་མཐོ་སར་འཛེགས། དེ་ནི་ན་ནིང་གི་ལོ་སྨད་ཅིག་ཡིན་པ་འདྲ་སྟེ་ལོ་ན་ཚོད་ཀྱི་དབང་གིས་དྲན་པ་ཉམས་ཏེ་གསལ་བོ་ཞིག་འཆད་རྒྱུ་མི་འདུག་མོད། གསར་བུ་མགོ་འབལ་ལེ་བ་སྐོར་ཞིག་གང་ཞིག་ནས་འཇུར་ཡོང་བ་བཞིན་གྲོང་ཚོའི་བཞི་མདོར་ཡོང་ནས་ཨོ་རྒྱན་རིན་པོ་ཆེ་ལྷོ་ཕྱོགས་སྲིན་པོའི་ཡུལ་དུ་གྲང་བས་མནར་ཏེ་པགས་རྩག་ཅིག་བཟོ་དགོས་པའི་བཀལ་བསྩལ་བྱུང་མོད། ཡུལ་ཕྱོགས་ལ་ལུང་ནས་པགས་པ་མང་པོ་བསྡུས་ནའང་ཁོང་གི་སྐུ་ནི་རི་རྒྱལ་ལྷུན་པོ་བཞིན་མཐོ་ཞིང་བརྗིད་པས་ད་དུང་པགས་པས་མ་འདང་བར་བཟོ་འཕྲོར་ལུས་ཡོད། ད་ནི་ཁོང་གི་ལུང་བསྟན་ལྟར་ཡུལ་འདིར་པགས་པ་སྡུད་དུ་ཡོང་བ་ཡིན་པས་ཁྱིམ་ཚང་སོ་སོའི་རང་རང་གི་པགས་པ་གང་ལེགས་གང་བཟང་ཨོ་རྒྱན་རིན་པོ་ཆེར་ཞལ་འདེབས་སུ་གནང་རྒྱུ་མཁྱེན་ཟེར་བས། གྲོང་ཚོའི་ནང་གི་རྒད་པོ་བསམ་ཤེས་ཚོས་ལག་པའི་ཐལ་མོ་བྲང་ལ་སྦྱར་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། སློབ་དཔོན་རིན་པོ་ཆེ་ཁོང་གིས་ང་ཚོ་ཐུགས་ནས་མ་དོར་ཞིང་སྙིང་རྗེའི་སྤྱན་དཀྱུས་རིང་མོས་གཟིགས་པར་གུས་པས་འདུད་ཟེར་ཞིང་རང་རང་ཁྱིམ་ནས་པགས་པ་གང་ལེགས་གང་བཟང་ཞལ་འདེབས་སུ་ཕུལ་ཞིང་། རི་དྭགས་པ་འབར་ཚག་གིས་ཀྱང་རང་ཁྱིམ་གྱི་རྡང་ལ་འཕངས་པའི་པགས་པ་མང་པོ་ལས་པགས་པ་ཉི་ཤུ་བསལ་ཏེ་བྱིན་པ་རེད། གསར་བུ་མགོ་འབལ་ལེ་བ་དེ་དག་འགྲོ་ཁར་རི་དྭགས་པ་འབར་ཚག་གི་མདུན་ཡོང་སྟེ་ཁོར་ཨོ་རྒྱན་རིན་པོ་ཆེ་ཁོང་ཉིད་ཀྱི་འདོད་མོས་ལྟར་ན་པགས་རྩག་གི་གོང་ཁར་གཟིགས་པགས་དང་ཝ་པགས་སོགས་ཀྱིས་བརྒྱན་ན་ལེགས་ཟེར་བས། གོ་ཐོས་སུ་ཁྱོད་རང་རི་དྭགས་པ་ཞིག་ཡིན་པས་ཁྱེད་ལ་ཝ་ལྤགས་དང་གཟིག་ལྤགས་སོགས་ཡོད་སྲིད་པ་གདོན་མི་ཟ་ཟེར་བ་ན། རི་དྭགས་པ་འབར་ཚག་གིས་ཝ་པགས་འགའ་ཡོད་པ་སྔར་ནས་བཙོངས་ཚར་བས་ཅིས་ཀྱང་མཁོ་ཚེ་དུས་ཡུན་ཟླ་འགར་བསྲིངས་ན་ཆོག་གམ་ཅེས་བཤད་པར། གསར་བུ་མགོ་འབལ་ལེ་བ་དེ་དག་གིས་དེས་ན་དེ་བྱོས་གང་ལྟར་མགྱོགས་པོ་བྱ་དགོས་ཟེར་ཞིང་ལུག་ལྤགས་གང་བཟང་གང་ལེགས་རྣམས་འཁྱེར་ནས་བུད་སོང་། དུས་ཚོད་ནི་གཏུགས་ནས་བསླེབས་བྱུང་ནའང་ཝ་ལྤགས་གཅིག་ཀྱང་ལག་སོན་མ་བྱུང་བས་རི་དྭགས་པ་འབར་ཚག་གིས་དངན་པ་ཞིག་འཐེན་བཞིན་རི་ལམ་ཀྱག་ཀྱག་དེར་འགོས་ཏེ་ཕྱིན། རླུང་བུ་ཡང་མོ་ཞིག་དལ་བུར་ལྡང་བ་ན་ལམ་འགྲམ་གྱི་རྩི་ཤིང་སྐམ་པོ་དག་གིས་མགོ་ལྕོག་ལྡེམ་ཙམ་གྱིས་རླུང་བུའི་ཕེབས་འབྱོར་ལ་བསུ་མ་བྱེད་ནའང་། རླུང་བུ་དེ་ལམ་ངོས་སུ་འཕོས་པའི་སྐད་ཅིག་མར་ས་རྡུལ་རྣམས་སྐྲག་སྟེ་འབྲོ་བ་བཞིན་ཁོའི་རྡོག་སྣེ་བརྒྱུད་དེ་རྒྱང་རིང་གི་ཡུལ་དུ་ཞོགས་སོང་། ཁོས་གནའ་ལྤགས་ཀྱི་རྩག་ཐུང་དེའི་གོང་ཁ་དམ་པོར་བསྡམས་ཤིང་བྲོས་ནས་འབྲོ་བའི་ས་རྡུལ་གྱི་རྗེས་ལ་མཆིལ་ཞགས་འགའ་འཕངས་ཤིང་། དེ་ནས་དབུགས་རིང་ཞིག་འཐེན་ཞིང་མགོ་བོ་ཡར་དགྱེ་སྟེ་གངས་ཀྱིས་བཟུང་བའི་རི་རྩེར་ལན་གཅིག་ལྟ་དུས་ཉི་འོད་ཀྱི་ལྡོག་འཕྲོའི་རྩེ་ལ་འཇའ་ཚོན་སྣ་ལྔའི་འོད་ཀྱི་གོང་བུ་མང་པོ་ལུ་གུ་བརྒྱུད་དུ་བསྟར་འདུག་པས། ཁོས་མཛུབ་གུས་འོད་ཀྱི་གོང་བུ་དེ་དག་རེ་རེ་བཞིན་བརྩིས་མོད་དེ་དག་ལ་འགྱུར་ལྡོག་ཤིན་ཏུ་རྒོད་རྐྱེན་ཁ་གྲངས་ལེན་མ་ཐུབ། དེ་ལྟར་བསྟུད་མུར་ལན་འགར་བརྩིས་ཀྱང་ངལ་བ་འབྲས་མེད་ཡིན་པས་གངས་རིའི་རྩེ་ལ་བཀལ་བའི་མིག་མདངས་སླར་ཡང་མིག་མདུན་གྱི་རྐང་ལམ་སྟེང་དུ་བསྒྱུར། རྐང་ལམ་ཀྱག་ཀྱོག་དེ་དེད་ནས་སོང་ན་ཝ་ཚང་ནང་ཟེར་བའི་ལུང་ཤུར་ཆུང་ཆུང་ཞིག་ཡོད་པས་ཁོས་དམིགས་པ་དེར་གཏད་ནས་དཀའ་ཚེགས་ཀྱིས་མདུན་དུ་ཕྱིན། ……ཨ་ཤུ། ཁྱོད་ལའང་ཅི་ཁག་སྟེ་ད་ནི་རི་དྭགས་བདའ་རུ་འགྲོ་བའི་ལོ་ཚོད་སྔར་ནས་འདའ་ཟིན། དགུང་ལོ་བདུན་ཅུར་ཉེ་བའི་རྒད་པོ་ཞིག་གིས་ད་དུང་པི་ར་ཁུར་ནས་འགྲོ་བ་ཁྱོད་ལས་མེད། ག་ལ་ཡོད…… གཏན་ནས་ཡོད་མི་སྲིད། ཨ་ཤུ། ད་ནི་ཁྱོད་ཀྱང་སྡེ་དཀྱིལ་གྱི་ཀ་རག་བྱུགས་པའི་མ་ཎི་ཁང་དུ་འཛུལ་ནས་ཚེ་ཕྱི་མའི་ལམ་བྲོ་གསོག་པའི་དུས་ལ་བབས་འདུག …… ཨ་ཙི། ཁྱོད་ཀྱིས་ཅི་ཟེར……ཁོས་རང་གིས་ཅི་བཤད་ལ་བཤགས་པའི་ཚུལ་གྱིས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་ཞེས་ངག་ནས་ལན་ཅིག་བཟློས་པ་ན་གོམ་པའི་འདེགས་འཇོགས་ཇེ་ཡང་དུ་ཕྱིན་པ་ལྟ་བུའི་སྣང་བ་ཞིག་སྟེར། ཁོས་འགྲོ་ཞོར་དུ་ཕྱིར་ལྟ་ཞིག་བྱེད་དུས་ཞོགས་པར་ལམ་དུ་ཆས་སའི་རྐང་ལམ་ཀྱག་ཀྱོག་དེ་ནི་དུག་སྦྲུལ་ཞིག་ཐང་ལ་ཉལ་བ་དང་འདྲ་བར་རང་གི་རྡོག་འོག་ནས་གྲོང་ཚོའི་མཚམས་སུ་སྐྱ་ཤལ་ལེར་བསྲིངས་འདུག་ལ། རྐང་ལམ་ངོས་སུ་འཕོས་པའི་གྲིབ་མ་དེ་རང་ཉིད་འགུལ་ཙམ་བྱས་ཚེ་འགུལ་ཙམ་བྱེད་ཅིང་རང་ཉིད་སྒུར་ཙམ་བྱས་ན་སྒུར་ཙམ་བྱེད་ལ་རང་ཉིད་མ་འགུལ་བར་བསྡད་ན་དེ་ཡང་འགུལ་མེད་དུ་འདུག་པས། ཁོ་ནི་བྱིས་པ་བསམ་མེད་ཅིག་དང་འདྲ་བར་འགུལ་ཙམ་དང་སྒུར་ཙམ་བྱེད་ཀྱིན་ཁྱོད་འགུལ་ཡ་ཁྱོད་སྒུར་ཡ་ཟེར་ཞིང་། ཁོ་དེ་ལྟར་འགུལ་ཙམ་དང་སྒུར་ཙམ་ལན་འགའ་བྱས་རྗེས་ཁ་ནས་ཡང་བསྐྱར་ཨ་ཤུ་ཟེར་བཞིན་དངན་པ་རིང་བོ་ཞིག་འཐེན་སོང་ལ། དེ་ནས་ཁྱོད་འགུལ་ཤེས་ཀྱང་ཁ་གྲགས་མི་ཤེས་པས་ཁྱོད་ངའི་འགྲོ་རོགས་ལ་མི་ཉན་ཟེར་ཞིང་འཁང་ར་ལྟ་བུ་ཞིག་བྱེད་བཞིན་གོམ་ཁ་མདུན་ལ་བསྒྱུར་སོང་། ཁ་དཔེ་ལ་སྒོ་རྩེ་ལ་ཡི་ལ་ལ་བལྟས་དང་བཀལ་མོ་ནང་གི་བྲོ་ལ་བལྟས་ཟེར་མོད། ཁོའི་སེམས་ལ་གནའ་དང་མ་གསར་བུ་ཡིན་དུས་ལ་ཐུང་ཐུང་འདི་ཙམ་ལ་འགོས་པར་མིག་རྡེབ་དབང་ཙམ་དང་དབུགས་ལེན་དབང་ཙམ་ཡིན། ད་ནི་རྒས་སོང་། ད་ནི་དངོས་གནས་རྒས་སོང་། ཁོས་དེ་ལྟར་དྲན་པ་ན་ལོ་ཟླས་ཆར་རླུང་གིས་བསུབ་མ་ཐུབ་པའི་གཏམ་རྒྱུད་འགའ་རེ་དྲན་ངོགས་སུ་ཆུ་ཁའི་སོག་མ་བཞིན་གཡེང་ནས་མངོན་བྱུང་། དེ་དུས་ནི་ཁོ་རང་ངལ་བས་མི་དུབ་ཅིང་ཟས་པས་མི་འགྲངས་པའི་ལོ་ཚོད་ཡིན་པས་ནམ་ཡང་ཝ་མོ་དམར་པོ་མེ་འདྲ་ཞིག་གམ་གླ་ཕོ་ནག་པོ་རླུང་འདྲ་རེ་ཁོའི་བོའུ་ཁ་ནས་ཅལ་སེ་འགྱེལ་འགྲོ་བས་རི་དྭགས་པ་ཟེར་ན་ཁོ་ཡིན་ལ་ཁོ་ཟེར་ན་རི་དྭགས་པ་ཡིན། ཁོས་ཝ་མོ་དམར་པོ་མེ་འདྲ་བ་ཞིག་རུ་བར་དུ་ཁུར་ནས་འགྲོ་དུས་མོ་གསར་ཚོའི་མིག་ཟུང་ནི་ཁོའི་རྒྱབ་ཀྱི་ཝ་མོར་འབྲལ་མི་ཕོད་པ་བཞིན་ཅེར་འདུག་པའི་རྣམ་པ་དེ་ད་དུང་ཡང་ཁ་སང་བྱུང་བ་དང་ཁྱད་ཅི། དེ་དུས་ཨ་ཡེ་སྒྲོལ་མ་ནི་ཨ་ཡེ་ཞིག་ག་ལ་ཡིན་ཏེ་ལང་ཚོའི་མེ་ཏོག་ལྷམ་མེར་བཞད་ཅིང་གཟུགས་སྐྱེ་ལུས་ང་ཡོད་དང་ཡག་མོ་སྒོ་ང་ཡོད་ཟེར་བའི་མོ་གསར་རང་སྣང་ཅན་ཞིག་ཡིན་མོད། ཡིན་ནའང་ཝ་མོ་དམར་པོ་མེ་འདྲ་བ་དེ་ཡིས་མོའི་སེམས་ཀྱི་རང་སྣང་དེ་ཡང་ཐལ་དང་རྡུལ་དུ་བསྲེགས་ནས་ང་ལ་ཁྱོད་ལས་མི་དགོས་ཟེར་བའི་བུ་མོ་ཉམ་ཆུང་ཞིག་ཏུ་བསྒྱུར་སོང་། ཧི་ཧི། དེ་ནི་གཏམ་དཔེ་ཞིག་གི་ལམ་ནས་བཤད་ན་གད་པས་གཡག་ལ་འཕྲུག་པ་ལས་གཡག་གིས་གད་པར་འཕྲུག་པ་རེད་ཅེ་ན་འགྲིག ད་ནི་མོ་ཡང་རྒས་ཤིང་འཁོགས་པར་གྱུར་ཏེ་གནའ་དང་མའི་ཤུལ་ཙམ་ལྷག་མི་འདུག་པས་གདུང་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། མཛེས་མ་སྒྲོལ་མ་ཨ་ཡེ་སྒྲོལ་མར་གྱུར་པའི་གོ་རིམ་ཁྲོད་དུ་ཁོ་ཡང་ཕོ་གསར་བཀྲ་ཤིས་ནས་རི་དྭགས་པ་འབར་ཚག་ཏུ་གྱུར་ཅིང་ད་ནི་གོམ་པ་འགའ་མདུན་དུ་སྤོ་བ་ལའང་དབུགས་ཧལ་ཧལ་དུ་ལེན་དགོས་པ་འདི་རེད། གནའ་དང་མ་གསར་བུ་ཡིན་དུས་ཁྱོད་བཀྲ་ཤིས་ཟེར་ན་ཕོ་རྒོད་པོའི་མིག་དཔེ་ལྟ་ས་ཞིག་དང་མ་བུ་མོའི་ཡིད་སྨོན་འཆོར་ས་ཞིག་ཡིན་པ་ཨེ་དྲན། ཁྱོད་ཀྱིས་སྒྲོལ་མ་རྟ་རྒྱབ་ཏུ་བླངས་ནས་མི་ཚོགས་བརྒྱ་འདུས་སྟོང་འདུས་ཀྱི་ཁྲོད་ནས་ཁྲོམ་ཆེན་ཟིལ་གྱིས་གནོན་ནས་འགྲོ་དུས། ཨ་ཨ་ཨ…… ཕྱོགས་དང་ཕྱོགས་ཀྱི་རེ་སྨོན་གྱིས་ཁེངས་པའི་མིག་མདངས་དེ་དག…… མིག་མདངས་དེ་དག་གི་ཁྲོད་དུ་ཁྱོད་ནི་ལྷ་ཕྲུག་ཅིག་དང་འདྲ། ཡང་ན་ཁྱོད་ནི……ཁྱོད་ནི……རི་དྭགས་པ་འབར་ཚག་གིས་ཁོ་ནི་གང་ཞིག་ལ་འདྲ་བ་འདང་ཇི་ལྟར་བརྒྱབ་ཀྱང་དཔེ་འོས་མོ་ཞིག་མ་རྙེད་པར་སྡོད་དུས། ཕ་གིའི་ནགས་གསེང་ནས་ཕོ་རོག་ཅིག་གློ་བུར་གློག་བཞིན་འཁྱུག་འོངས་ཏེ་ཁོའི་རྣ་ལམ་དུ་ཨག་སྐད་རྣམ་རྟོག་ཟ་བ་ཞིག་བླུགས་རྗེས་གར་སོང་ཆ་མེད་དུ་གྱུར་པས། ཁོ་རང་སླར་ཡང་ལོ་ངོ་མང་པོའི་སྔ་རོལ་གྱི་ཁྲོམ་ཚོགས་དབུས་ནས་མིག་མདུན་གྱི་རྐང་ལམ་ཀྱག་ཀྱོག་དེའི་སྟེང་དུ་ཅལ་སེ་གཡུགས་བྱུང་། ཨ་ཁ། ཐན་བྱ་གན་ཞེས་སྡིགས་དམོད་བྱེད་ཀྱིན་རི་དྭགས་པ་འབར་ཚག་གིས་ཕོ་རོག་མ་དགོས་འཕུར་བའི་ཤུལ་ཙམ་ཡང་མེད་ཀྱང་ཕྱོགས་དེར་ཧད་དེ་ཡུད་ཙམ་ལ་ལུས་སོང་། ད་ནི་གོམ་པ་འགའ་ཡིས་ཝ་ཚང་ནང་ཟེར་བའི་གྲོག་ཤུར་མ་མོའི་ལོང་ག་ལྟ་བུ་ཞིག་ཡོད་པ་དེར་བསླེབས་ལ་ཉེ་བས་རི་དྭགས་པ་འབར་ཚག་གིས་ཨམ་གཙིགས་བསྡམས་ཏེ་མདུན་དུ་ཕྱིན། ཁོ་གསོམ་སྡོང་སྐམ་པོ་ཐང་ལ་འགྱེལ་འདུག་པ་སྟེང་དུ་སྔོ་རག་ཆགས་པ་ཞིག་ཡོད་པའི་ཕག་ཏུ་ཡིབས་ཤིང་པི་ར་མིག་ཁར་བླངས་ཏེ་ཁ་རོག་གེར་ཝ་མོ་རེ་ཨེ་མཐོང་ལ་རེ་སྒུག་བྱས་ནས་བསྡད། ད་ནི་ཝ་མོ་ཞིག་ཀྱང་མི་སོད་པ་འདི་ཅི་ཡིན་ནམ་སྙམ་སྟེ་འདང་ཞིག་བརྒྱབ་པ་ན་ཁོས་སེམས་ལ་དེ་སྔ་བསད་པའི་ཝ་མོ་དེ་དག་དྲན་བྱུང་། ཁོས་ཚེ་འདིར་ཝ་མོ་མང་པོ་ཞིག་བསད་མྱོང་བ་ནི་དོན་དངོས་ཏེ་ཚེ་རིང་གི་ཝ་ཞྭ་དེ་ཁོས་བསད་པའི་ཝ་ལྤགས་ཀྱིས་བཟོས་ཤིང་མར་གྲོད་པུ་གཉིས་ལ་བརྗེས་པ་ཡིན། དོན་གྲུབ་ཀྱི་ཆུང་མའི་ཝ་ཞྭ་དེ་ཡང་ཁོས་བསད་པའི་ཝ་ལྤགས་ཀྱིས་བཟོས་ཤིང་འབྲུ་སྒྱེ་མོ་གང་ལ་བརྗེས་པ་ཡིན། ལྕགས་མོའི་ཝ་ཞྭ་དེ་ཡང་ཁོས་བསད་པའི་ཝ་ལྤགས་ཀྱིས་བཟོས་ཤིང་དངུལ་སྒོར་གསུམ་ལ་བརྗེས་པ་ཡིན། ད་དུང་ལྕགས་འབུམ་གྱི་ཝ་ཞྭ། ཀླུ་རྒྱལ་གྱི་ཝ་ཞྭ། ནོར་བུའི་ཝ་ཞྭ། ལྷུན་འགྲུབ་ཀྱི་ཝ་ཞྭ། འཇིགས་མེད་ཀྱི་ཝ་ཞྭ། བསོད་ནམས་ཀྱི་ཝ་ཞྭ། ལྷ་འཚོའི་ཝ་ཞྭ། གཡང་འཚོའི་ཝ་ཞྭ། བདུད་འདུལ་གྱི་ཝ་ཞྭ། གཅོད་པའི་ཝ་ཞྭ…… ཁོས་དེ་ལྟར་དྲན་བཞིན་དུས་ཡུན་ག་ཚོད་ཅིག་ཕྱིན་པ་མི་ཤེས་མོད་ལག་པ་གཉིས་ཀ་སྦྲིད་དེ་སེན་ཏོག་བྱས་ཀྱང་ཚོར་བ་མེད་པར་གྱུར་འདུག་ལ་རྐང་པ་གཉིས་ཀ་ཡང་ཧྲེང་ཧྲེང་དུ་གྱུར་ནས་བསྐུམས་ཀྱང་སྐུམ་དཀའ་བའི་ཚད་ལ་བསྐྱལ་འདུག ཁོས་ལག་པ་གཉིས་ཕུར་ཕུར་ཙམ་བྱས་ཤིང་དེ་ནས་འདུག་སྟངས་བརྗེས་ཏེ་ཡང་བསྐྱར་གྲོག་ཤུར་དེའི་གཡས་གཡོན་ལ་མིག་ཧྲིག་གེར་བལྟས་ནས་བསྡད། གྲོག་ཤུར་གྱི་མཐིལ་དུ་ཆུ་མིག་དྭངས་མོ་ཞིག་ཆུ་རྒོད་གདུ་བ་བཞིན་ལྷོག་ལྷོག་ཏུ་འཕྱུར་ཅིང་དགའ་བའི་གླུ་དབྱངས་ལེན་བཞིན་ཐུར་ནས་ཐུར་དུ་འབབ་བཞིན་འདུག ཆུ་ཕྲན་དེ་མིག་ལམ་དུ་ཤར་བ་དེས་ཁོར་སྐོམ་པའི་ཚོར་བ་དྲག་པོ་ཞིག་རྒྱུ་མའི་མཐིལ་ནས་མེ་རི་བཞིན་འཕྱུར་བྱུང་ནའང་ཁོས་དེ་ལྟར་བསྲན་ནས་བསྡད། རི་དྭགས་རྣམས་ལ་ནི་ཁོར་ཆ་རྒྱུས་གསལ་བོ་ཡོད་དེ་དེ་སྔ་ཁོ་རང་གསར་བུ་ཡིན་དུས་ཆུ་མིག་དེའི་ཁ་ནས་རྫ་ཆུ་བསིལ་མར་རོལ་བའི་རི་དྭགས་ཅི་འདྲའི་མང་པོ་ཞིག་ལྔ་ལམ་དུ་བརྫངས་མྱོང་ཨང་། ལྷག་ཏུ་ཝ་མོ་རྣམས་ནི་ཆུ་མཐོང་ན་མཆུ་ཏོ་མདོང་མདོང་བོ་ཆུ་ལ་བཙུགས་ཏེ་འགྲངས་པའང་མི་ཤེས་པར་རྐང་ལག་ཐུང་ཐུང་གིས་ཕོ་བ་མི་ཐེག་པ་ཞིག་འཐུང་རྗེས། རང་ཉིད་ལས་ཀྱང་ཆེ་བའི་རྔ་མ་རྒྱབ་ལ་དྲུད་ཅིང་གཡས་འཁྱོར་གཡོན་འཁྱོར་བྱེད་བཞིན་ཉིན་ཁ་དྲོ་སར་ངལ་ཡིད་ཚིམས་པ་ཞིག་གསོ་བ་རེད། སྐབས་དེ་ནི་རི་དྭགས་པ་འབར་ཚག་ལ་མཚོན་ན་གླགས་ཀྱི་ནང་གི་མཆོག་སྟེ་པི་ར་རྭ་རིང་ལག་ཏུ་བཟུང་སྟེ་སྐག་སེ་བརྒྱབ་ཚེ་ཝ་མོ་དམར་པོ་མེ་འདྲ་ཞིག་རང་ཚུགས་ཤོར་ཏེ་གྲུ་གུ་བཞིན་འགྲིལ་བར་བྱེད་སྲིད། ཁོས་མུ་མཐུད་དུ་རེ་སྒུག་གི་མིག་ཟུང་ཆེས་ཆེར་བགྲད་དེ་སྡོད་སྐབས་གཉིད་སྣང་འགོག་མེད་ཅིག་རྩ་ལམ་ཧྲིལ་བོར་ཁྱབ་ཅིང་མཐའ་མར་རིག་པ་ཉོབ་ཏེ་མིག་ལམ་གྱི་ཡོད་ཚད་རབ་རིབ་ནས་མག་མོག་ཏུ་གྱུར་སོང་། རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་ཡིན་ཟེར་བའི་མི་ཆེན་མགོ་བོ་ཡར་བཀྱགས་ནས་མ་བལྟས་ན་ཞལ་ཡང་མི་མཐོང་བ་ཞིག་གིས་ཁོའི་མདུན་ལྗོངས་ཡོད་ཚད་ནག་རོག་གེར་བསྒྲིབས་བྱུང་། མི་ཆེན་དེས་རི་དྭགས་པ་འབར་ཚག་ཁྱོད་ཀྱིས་ངའི་པགས་རྩག་གི་གོང་ཁར་འཐེན་རྒྱུའི་ཝ་ལྤགས་ད་དུང་འཁྱེར་ཡོང་རྒྱུ་མིན་ནམ་ཟེར་ཞིང་མིག་གཉིས་ཕུར་ཚུགས་སུ་ཁོར་ཅེར་ནས་བསྡད་བྱུང་། ཁོ་རང་བློང་བློང་བོར་གྱུར་ཏེ་ཁ་ནས་སློབ་དཔོན་རིན་པོ་ཆེ་ལགས་སྐལ་བ་སྙིགས་མའི་དུས་འདི་ལ་ཝ་ལྤགས་ཤིག་ཀྱང་རྙེད་དཀའ་བས། ངས་ཉིད་ཀྱི་རེ་བ་དུས་ལྟར་མ་འགྲུབ་པར་དགོངས་དག་གནང་རོགས་ཞེས་པུས་མོའི་སླ་ང་ཐང་ལ་བཙུགས་ཏེ་ཡང་ཡང་ཕྱག་བཙལ་བ་ན། མི་ཆེན་དེས་ཧབ་ཆ་འབྲུག་སྒྲ་ལྡིར་འདྲ་ཞིག་སྒྲོག་པ་དང་དེ་ནས་ད་དུང་ཁྱོད་ལ་ཉིན་འགའི་དུས་ཚོད་སྟེར་དེའི་རང་ལ་མ་འགྲུབ་ན་ངས་ཁྱོད་རང་སྲིན་པོའི་ཡུལ་དུ་སྤྱུགས་རྒྱུ་ཡིན་ཟེར་བ་དང་། ཡང་བསྐྱར་ཧ་ཧ་ཧ་ཞེས་ཧབ་ཆ་འབྲུག་སྒྲ་ལྡིར་སྒྲ་ཞིག་སྒྲོག་འཕྲལ་སྤྲིན་ཕུང་ཝ་མོ་འདྲ་བ་ཞིག་གི་རྒྱབ་ཏུ་ཞོན་ཏེ་ཨ་སྔོན་དབྱིངས་སུ་དལ་བ་དལ་བུར་བཞུད་སོང་། རི་དྭགས་པ་འབར་ཚག་སྔངས་ཤིང་སྐྲག་སྟེ་གཉིད་གུང་ནས་གློ་བུར་སད་དུས་ཁོ་ར་ཁོར་ཡུག་ཀུན་ཏུ་རླུང་གིས་ཁ་ཤུ་འདེབས་ཤིང་གནམ་ངོ་ཡང་ཐལ་མདོག་ཏུ་གྱུར་འདུག ལྟ་ཕྱོགས་ཤིག་གིས་སྟོད་ཀྱི་ཨ་མྱེས་སྒོ་རྩེའི་དབུ་འཕང་མཐོན་པོ་དེ་ཡང་ཐལ་སྐྱ་སྤར་མོ་གང་གཅོལ་བཞིན་རབ་རིབ་ནས་མག་མོག་ཅིག་ཏུ་བསྒྱུར་འདུག་ཅིང་ཝ་མོ་ཞིག་གི་མཆོང་སྟོབས་ཀྱིས་འབྲོ་བ་དང་ཀུན་ནས་མཚུངས། ཁོས་སེམས་ལ་དེ་རིང་གི་གནམ་གཤིས་འདིར་ཅི་བྱུང་འདི་བྱུང་སྙམ་ནས་སྡོང་སྐམ་དེའི་ཕག་ནས་མགོ་བོ་ཡར་བཀྱགས་པ་དང་མིག་ལམ་གྱི་གྲོག་ཤུར་དེ་རུ་ཅི་ཞིག་འགུལ་བཞིན་པ་མཐོང་བྱུང་། ཁོས་པི་ར་ལག་ཏུ་བཟུང་ཞིང་མིག་གཅིག་ཟུམ་སྟེ་བལྟས་པ་ན་ཝ་མོ་ཞིག་ཡིན་པ་འདྲ་བས་ཐེ་ཚོམ་མེད་པར་སྐག་སེ་བཏང་བ་དང་དེ་ཙི་སྒྲ་ཞིག་དང་ཆབས་ཅིག་དབུགས་རྨེག་གེར་འགྱེལ་སོང་། རི་དྭགས་པ་འབར་ཚག་དགའ་བས་མྱོས་ཏེ་རྒྱུག་མ་འདུར་གྱིས་གྲོག་ཤུར་དེའི་མཐིལ་དུ་ཕྱིན་པ་ན་བློ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་ཝ་མོ་ཞིག་མིན་པར་སྤྱང་ཕྲུག་ཅིག་ཡིན་འདུག་པས་སེམས་པ་དེ་མ་ཉིད་དུ་སྐྱོ་བའི་གཡང་ལ་བརྫངས་སོང་། སྤྱང་ཕྲུག་དེས་མིག་གཉིས་གཡོ་བ་མེད་པར་ཁོར་ཅེར་འདུག་ལ་དཔྲལ་ངོས་ཧྲིལ་བོར་ཁྲག་གིས་སྦགས་ཏེ་འཇིགས་ཡེར་བ་ཞིག་ཏུ་བཏང་འདུག ཨ་ཙི།གསད་རྒྱུའི་ཝ་མོ་མ་སོད་པར་གསད་མི་དགོས་རྒྱུའི་སྤྱང་ཕྲུག་ཅིག་བསད་སོང་། ཤུ — ཁོས་ཁ་ནས་ཨ་ཤུ་དང་ཨུ་ཤུ་ཟེར་བཞིན་ཕྱོགས་བཞིའི་ཁོར་ཡུག་ཏུ་བལྟས་པ་ན། སྐྱི་བསེར་གྱི་ལག་པ་རྩུབ་མོས་རྩྭ་རྩིའི་མགོ་འཕང་སྤྲུགས་སྤྲུགས་གནང་ནས་ཁོ་རང་ནང་བཞིན་ཨ་ཤུ་དང་ཨུ་ཤུ་འདེབས་པར་བྱེད་པས་ཁོ་ལ་གྲང་འདར་འགའ་བསྟུད་མུར་བརྒྱབ་བྱུང་། ཕྱི་དྲོའི་མཚམས་སུ་གནམ་ངོ་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་ཏེ་ནག་རོག་རོག་ཏུ་སྣང་བས། ཁོའི་སེམས་ལ་ད་ནི་ཝ་མོ་ཞིག་ལག་ཏུ་མི་ཐེབས་པ་ཐག་གིས་ཆོད་སྙམ་ནས་ཕྱིར་རྐང་ལམ་ཀྱག་ཀྱོག་ཏུ་ཞུགས་ནས་ཡུལ་ལ་ལྡོག་པའི་སྟ་གོན་བྱས། ཁོས་ལམ་རིང་ཐུང་བོར་རྨི་ལམ་དེ་དང་གནམ་གཤིས་གཉིས་ལ་བསམ་བློ་གཏོང་བཞིན་སྐྱོད་དུས་རླུང་ནག་འཚུབ་མས་རྒྱབ་ནས་དེད་དེ་ཁ་སྦུབས་སུ་བསྒྱེལ་ལ་ཁད་བྱེད། ཁོ་རང་དེ་ལྟར་གོག་མ་ནུར་གྱིས་རི་འདབས་སུ་བསླེབས་དུས་གནམ་ངོ་ནི་ཇེ་རུབ་ཏུ་གྱུར་ཏེ་ལམ་གྱི་སྣེ་མོའང་ཟིན་མི་ཟིན་ཙམ་དུ་བསྒྱུར་འདུག ཁོའི་སེམས་ལ་སྤྱང་ཕྲུག་དེའི་ཆེས་ཆེར་གདངས་པའི་མིག་དང་གནམ་གཤིས་ཀྱི་ཡ་ང་བའི་འགྱུར་བ་སོགས་དྲན་བཞིན་འབའ་འབུར་མི་སྙོམས་པའི་ལམ་བུ་མང་པོ་བརྒྱུད་མཐར་གྲོང་ཚོའི་གཉའ་ལ་བསླེབས། གྲོང་ཚོའི་ནང་དུ་མི་མང་པོས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་བའམ་ལྕགས་གཞོང་དང་སླ་ང་ཆག་པོ་སོགས་བརྡུངས་ནས་ཁྲོག་སྒྲ་པང་སྒྲས་གནམ་ས་འགེངས་པར་བྱེད། ཆེས་སྔོན་དུ་འགྲེངས་ནས་ཀི་རིང་འདེབས་ཀྱིན་སླ་ང་ཆག་པོ་ཞིག་ཏིང་ཏིང་དུ་རྡུང་མཁན་དེ་ནི་གྲོང་ཚོའི་ནང་གི་རང་དང་ན་ཚོད་མཉམ་པའི་རྒད་པོ་དོན་འགྲུབ་རེད། དེའི་རྗེས་སུ་འབྲངས་ནས་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་ཞིང་ལག་ཟུང་བྲང་ལ་སྦྱར་ཏེ་གསོལ་བ་འདེབས་མཁན་དེ་ནི་ཨ་ཡེ་ལྷ་མོ་རེད། ད་དུང་གྲོང་ཚོའི་ནང་གི་ལོ་ལོན་གཞན་དག་དང་གསར་བུ་གསར་མོ་བྱིས་པ་ཆེ་ཆུང་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་མགོ་བོ་མཁའ་ལ་བཀྱགས་ནས་རང་རང་གི་ལག་ཏུ་ཐོགས་པའི་ཅ་ལག་ཅི་རིགས་རྡུང་ཞིང་ཀི་སྒྲ་སྒྲོག་ཅིང་མཆིས། ཁོས་ཅི་ཡིན་ཆ་མ་འཚལ་བར་ཡར་ཁའི་ངོ་ལ་བལྟས་ནས་ཅུང་ཟད་ཧད་ཅིང་མར་ཁའི་གདོང་ལ་བལྟས་ནས་ཅུང་ཟད་ལུས་ནའང་མི་རྣམས་ཀྱིས་ཁོ་ལ་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པར་རང་རང་ས་རུ་ལྐོག་གྱུར་གྱི་ཆོ་ག་ཅི་ཞིག་སྤེལ་བ་བཞིན་དེ་ལ་རྣམ་རིག་བསྒྲིམས་འདུག དེ་དུས་རི་དྭགས་པ་འབར་ཚག་གིས་ཀྱང་ཀུན་གྱི་མཐོང་ལམ་དེད་ནས་སླང་ཕྱིས་ཚི་སྟིག་ཅིག་དང་འདྲ་བའི་ནམ་མཁར་ལན་གཅིག་བལྟས་པས་ད་གཟོད་ཉི་མ་གཟའ་ཡིས་ཟིན་པ་ཤེས་སོང་།ཁོའི་ཁ་ནས་ཨ་ཁ་ད་ང་རྒད་པོ་དངོས་གནས་ཧོན་ལོག་འདུག་ཉི་མ་གཟའ་ཡིས་ཟིན་པའང་ཤེས་ཀྱིན་མི་འདུག་ཟེར་གྱིན་ཕྲག་གི་པི་ར་བླངས་ཏེ་ནམ་མཁའི་དབྱིངས་སུ་བསྟུད་མུར་ལན་འགའ་བརྒྱབ། ནམ་མཁའི་དབྱིངས་སུ་ཉི་མ་ནི་བྱིའི་ཕྲུག་དམར་རྗེན་ཞིག་ཁྲ་ཡིས་ཁུར་ནས་འགྲོ་བ་དང་འདྲ་བར་འཕག་ཙམ་བྱས་ཀྱང་ཐར་བའི་སྐལ་བ་ནི་ཡོངས་སུ་བྲལ། མི་རྣམས་ཀྱིས་མུ་མཐུད་དུ་ལག་གི་ཅ་ལག་དག་རྡུང་ཞིང་ཀི་སྒྲ་བསྒྲགས་ཏེ་དམར་ལམ་ལམ་གྱི་ཉི་མ་དེ་མ་རུང་བདུད་ཀྱི་འཇིགས་པ་ལས་ཐར་བའི་གསོལ་འདེབས་བྱེད་ཀྱིན་འདུག་སྟེ། ཀྭོ—— ཀྭོ—— ཀྭོ—— ཀྭོ—— ཀྭོ—— ཀྭོ …… དགོང་མོ་དེར་རི་དྭགས་པ་འབར་ཚག་ཐང་ཆད་དེ་ཚ་ཐབ་སྟེང་འགོས་པ་ནས་གཉིད་ཀྱི་རྟ་ཕོས་རྨི་ལམ་གྱི་ཞིང་དུ་དྲུད་སོང་། དོན་དུ་རྨི་ལམ་མམ་མངོན་སུམ་གང་ཡིན་ཆ་མི་འཚལ་མོད་རྣ་ལམ་དུ་སྤྱང་ཀིའི་ངུད་མོ་ཞིག་རེས་གསལ་རེས་མོག་ངང་འཁོར་ཡོང་བས་རྨི་ལམ་ལས་ཡོངས་སུ་སད་དུས་ཀྱང་རྣ་ལམ་དུ་སྤྱང་ཀིའི་ངུད་མོ་ལྟ་བུ་ཞིག་མཚམས་མེད་པར་གྲགས་འོངས། ཐོ་རངས་ནམ་ལང་དུ་ཉེ་དུས་ཁོ་རང་ཡར་ལངས་ཤིང་སྒོར་བུད་པ་ན་ལུག་ལྷས་ཀྱི་འདབས་རོལ་ཁྲག་གིས་སྦགས་ཏེ་དམར་པོར་བསྒྱུར་འདུག་པ་མཐོང་བྱུང་། ཁོ་རང་འཚབ་འཚུབ་ངང་ཉེ་སར་ཕྱིན་ནས་བལྟས་དུས་ཡ་ང་བ་ཞིག་ལ་ཁོ་ཚང་གི་ལུག་ཚེ་ཐར་རྭ་བཞི་གཅིག་པུས་མགོ་བོ་ཀྲོག་ཀྲོག་བྱེད་པ་ལས་གཞན་རྣམས་གཅིག་ཀྱང་མ་ལུས་པར་གཡས་སྒྱེལ་གཡོན་སྒྱེལ་བྱས་འདུག རི་དྭགས་པ་འབར་ཚག་ཧ་ལས་ཤིང་ཧང་སངས་ནས་མིག་གཉིས་ཕུར་ཕུར་ཙམ་བྱས་ཏེ་ཞིབ་ཏུ་བལྟས་དུས་མིག་མདུན་གྱི་ཡོད་ཚད་ནི་མངོན་སུམ་སྟེ་ལུག་ཀུན་གྱི་སྐེ་རུ་སྤྱང་ཀིའི་མཆེ་བ་རྣོན་པོས་རྨུགས་པའི་ཤུལ་རྗེས་གསལ་བོར་ཕབ་འདུག ཁོའི་རུས་གསེང་ལ་འཁྱག་དར་ཕོན་པོ་ཞིག་སྤུངས་པ་བཞིན་འདར་རྒྱུ་ཞིག་བྱུང་བ་དང་ལུས་ཀྱི་ཡན་ལག་ཉིང་ལག་མ་ལུས་ཀྱང་ལྷབ་ལྷབ་ཏུ་གཡོས——རི་དྭགས་པ་འབར་ཚག་གི་མིག་ལམ་དུ་སྤྱང་ཕྲུག་དེའི་ཆེས་ཆེར་གདངས་པའི་མིག་གཉིས་གཡོ་བ་མེད་པར་རང་ལ་ཅེར་འདུག་པ་ཤར་བྱུང་།

མཆན།
※ རི་དྭགས་པ་ནི་རྔོན་པར་འཇུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ་ཁྲི་སེམས་དཔའི་བརྩམས་སྒྲུང་བདམས་བཀོད།

2015-01-08 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།