ནག་པོའི་སྙན་ངག་གསར་བ་འགའ།
ཁྱེད་གྲུབ་ཚུལ།
ཁྱེད་ལྟོགས་སྐོམ་ལས་གྲུབ།
ཁྱེད་དབུལ་ཕོངས་ལས་གྲུབ།
ཁྱེད་བསྟན་བཅོས་གྲངས་མེད་ཀྱི་རླངས་པ་ལས་གྲུབ།
ཁྱེད་སྤྲིན་པ་ནག་པོའི་ཁ་གཏད་དུ་གྲུབ།
ཁྱེད་སྒེའུ་ཁུང་ཆུང་ཆུང་ཞིག་གི་ངུ་འབོད་ལས་གྲུབ།
ཁྱེད་རྫི་བོ་ཞིག་གི་རྨི་ལམ་ལས་གྲུབ།
ཁྱེད་རྣོ་སྐུད་ཕྲ་མོའི་འཕག་འཚག་ལས་གྲུབ།
ཁྱེད་གཡུ་བྱུར་མུ་ཏིག་གི་ཕྲ་རྒྱན་ལས་གྲུབ།
ཁྱེད་མི་ཁའི་འདེག་འཇོག་ལས་གྲུབ།
ཁྱེད་གཙང་པོའི་འགོ་ཁུངས་ལས་གྲུབ།
ཁྱེད་བྱེ་མ་བཞིན་ཟགས་འགྲོ་བའི་འཁོར་བ་ལས་གྲུབ།
ཁྱེད་གློག་གི་འཁྱུག་གར་ལས་གྲུབ།
ཁྱེད་ཉིན་བྱེད་ཀྱི་གོར་མ་ལས་གྲུབ།
ཁྱེད་ཚ་གྲང་ལས་གྲུབ།
ཁྱེད་འདི་ཕྱིའི་འདོད་པ་ལས་གྲུབ།
ཁྱེད་མཚན་ལམ་རིང་མོའི་གླུ་སྐད་ལས་གྲུབ།
ཁྱེད་རྡུལ་ཕྲ་རབ་ཀྱིས་གྲུབ།
ཁྱེད་དུས་ཚོད་ཀྱི་ཟིལ་བ་ལས་གྲུབ།
ཁྱེད་རྟ་ཕོའི་འཚེར་སྐད་ལས་གྲུབ།
ཁྱེད་མ་འོངས་ལུང་བསྟན་ལས་གྲུབ།
ཁྱེད་ངག་མི་སྨྲ་བའི་རྡོ་རྗེ་ཕ་ལམ་ལས་གྲུབ།
ཁྱེད་རྫོགས་མཐའ་མེད་པའི་ཚེ་འབར་ལས་གྲུབ།
ཁྱེད་འབྲོང་གཡག་གི་འཚེར་ས་ལས་གྲུབ།
ཁྱེད་རྩྭ་རྐང་རེ་རེའི་ངུ་དངངས་ལས་གྲུབ།
ཁྱེད་གསང་བའི་ལོ་ཟླ་ལས་གྲུབ།
ཁྱེད་ལྷག་བསམ་གྱི་མྱ་ངན་ལས་གྲུབ།
ཁྱེད་འབྲི་མོའི་འོ་ཞོ་ལས་གྲུབ།
ཁྱེད་ཁ་བའི་འདུ་འགོད་ལས་གྲུབ།
ཁྱེད་གཡེར་དྲིལ་གྱི་རེ་སྒུག་ལས་གྲུབ།
ཁྱེད་རྡོག་ཁྲེས་ལྕི་མོ་ཞིག་ལས་གྲུབ།
ཁྱེད་གླག་གི་འདུ་བྱེད་ལས་གྲུབ།
ཁྱེད་ཕྱི་ནང་ལས་གྲུབ།
ཁྱེད་ས་གཞི་དང་ནམ་མཁའ་ལས་གྲུབ།
ཁྱེད་བྱེ་ཐང་ཆེན་མོའི་ངུ་ཟུག་ལས་གྲུབ།
ཁྱེད་ཕ་མའི་ཤ་མཆིན་ལས་གྲུབ།
ཁྱེད་སྲོག་གི་གོ་དོན་ལས་གྲུབ།
ཁྱེད་མི་ཡི་སྙིང་བོ་ལས་གྲུབ།
ཁྱེད་བོད་ནས་གྲུབ།
མེ་ལྕེས་དམུས་ལོང་གི་ཟོལ་གྱིས་བལྡགས
ཁོག་པར་ལག་སྙོབ་ཇི་ལྟར་བྱས་ཀྱང
རླུང་གི་བྱ་བྱེད་དེ་སྐད་ཅིག་ལ་འགགས་པས
ཁོང་གསེང་གི་མིག་ཆུ་དེ་ཕ་ཡུལ་ནས་ས་རུ་ཟགས
འཛམ་གླིང་ནས་གཙང་པོར་གྱུར
2014/10/8ཉིན་པེ་ཅིང་དུ།
དཀྱིལ་འཁོར།
སྐྱེ་བ་མཚོན་བྱེད་དུ་སྔགས་ཡིག་འགའ་བསླབས
ལྕེ་རྩེ་ལ་ཁྲག་གི་རི་མོ་བྲིས
ལམ་གྱི་ན་ཟུག་དྲན་ནས དུས་ཚོད་ཀྱིས་གཟུགས་དང་སྒྲ་བོར
གློག་དམར་ནི་འཆི་ཕོའི་བར་གསེང་དུ་འཁྱུག
ཁུ་ཁྲག་གཙང་པོ་བཞིན་སྐམ
བཙོན་ནས་བླངས་པའི་གླུ་སྐད་ཐོས
ཆང་རག་གི་གདོང་དང་ཆགས་པ་མཐོང
སྤར་མོས་ཟིན་ཚད་ཀྱིས་མེ་ཏོག་ཅིག་གི་ཚེ་སྲོག་བསླུས
ཚིག་དང་ཐ་སྙད་ཀྱི་གསང་བ་ནི
ཕ་རོལ་གྱི་རྫི་བོ་དེའི་ནམ་མཁའ་ནས་ཤུགས་ཆེན་པོས
འུར་ཟིང་མེད་པར རྩྭ་མགོའི་ཟིལ་བ་བཞིན་འཐོར་བར་བྱེད
རྨི་ལམ་མམ་འཇིགས་སུ་རུང་བའི་ཞེད་སྣང་དེ་ལས་སྒྲོལ་བར
ངས་ཀྱང་འཕག་འཚག་བྱེད།
“གཟུགས་མེད་ཀྱི་འདུས་བྱས་འཚོལ།”
2014/10/23ཉིན་པེ་ཅིང་དུ།
ཕྱི་རོལ་ཏུ་སྨྲས་པ།
སྨྲ་ལྕེ་སྦྲིད་བྱེད་དུ་བཟའ་བཏུང་བརྗེད་པར་གྱུར
སྐྱེ་འཆིའི་གཡུལ་འཐབ་ཀྱི་དབང་གིས
རང་གི་གོམས་ལོབས་སུ་གྱུར་བ་དག
མིག་དང་རྣ་བས་ཟིན་ཚད་དག ལམ་གྱི་གདམ་ཀ་དག
རླུང་གིས་གསེད་ཀྱིན་པའི་དྲི་བཙོག་པོ་དག
ཚེགས་མེད་དུ་ཀློག་ཐུབ་པའི་ཀེ་རི་སེའི་གསུང་རབ་དག
སྐོང་དགོས་པའི་རེའུ་མིག་དག
འཁོར་བའི་དཔེ་རུ་བཀོད་པའི་སྲོག་གི་ཆུང་མ་དང་མོའི་ནང་མི་དག
མེ་ལོང་ངོས་ཀྱི་རྡུལ་ཕྲ་རབ་དག
གཡུ་ངོར་སོང་བའི་སྤུན་ཟླ་དག རྟ་ཕོ་དག
སོས་དལ་བག་ཕེབས་ངང་གཞན་ནས་བསྐྱུར་བའི
དམུས་ལོང་གི་འཚོ་བ་དེའང་བརྗེད་ཚར
ལྕག་ཚན་མཐོན་པོར་ཕྱར་ནས
ཕྱེ་ལེབ་ཁྲ་ཁྲ་དེ་དབུགས་ཧལ་ཧལ་གྱིས་གཙེས་རྒྱུ་མང་དྲགས་པས
སྟོན་ཀའི་ཡོལ་བར་ཁ་དོག་མེད་པའང་བརྗེད་ཚར
2014/10/26ཉིན་པེ་ཅིང་དུ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།