རྟོགས་སད་ལྷ་མོའི་སྙན་ངག་བདམས་བཀོད།

duosanlamu1.png

  རྟོགས་སད་ལྷ་མོའམ་ཚེ་སྐྱིད་ལྷ་མོ་ནི། ༡༩༨༨ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་ཀྱི་གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། ༢༠༡༡ལོར་བོད་ལ་ལྗོངས་གསོ་རིག་སློབ་ཆེན་མཐར་ཕྱིན། རང་ནུས་ལ་དཔག་པའི་མི་ཚེའི་རིན་ཐང་ཞིག་མངོན་ཕྱིར་ད་བར་མི་ལོ་བཅུ་ཙམ་རིང་སྦྱངས་རྩོམ་གྱི་ལམ་དུ་ཞུགས། སྔ་ཕྱིར་༼ཟླ་ཟེར༽༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་༽༼གངས་རྒྱན་མེ་ཏོག་༽༼ལྷ་ས་དགོང་དྲོའི་ཚགས་པར་༽༼ནག་ཆུའི་ཚགས་པར་༽བཅས་ཀྱི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ་མྱོང་།  ༢༠༡༤ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ》ཞེས་པའི་སྙན་དེབ་དཔར་དུ་བསྐྲུན།

         ངས་སྙན་ངག་འབྲི་གིན་ཡོད།

དབྱར་ཁ་བུད་སོང་།
སྟོན་ཁ་ནུབ་སོང་།
ངས་སྙན་ངག་འབྲི་གིན་ཡོད།

ཆར་ཐིགས་སྐམ་སོང་།
མེ་ཏོག་བཞུད་སོང་།
ངས་སྙན་ངག་འབྲི་གིན་ཡོད།

རླུང་བུ་ལྡང་བྱུང་།
སྐྲ་ལོ་འགུལ་སོང་།
ངས་སྙན་ངག་འབྲི་གིན་ཡོད།

ལང་ཚོ་རྫོགས་སོང་།
བརྩེ་བ་རྒས་སོང་།
ངས་སྙན་ངག་འབྲི་གིན་ཡོད།

སྙིང་ཁ་འདར་བྱུང་།
རྣམ་ཤེས་གཡོས་སོང་།
ངས་སྙན་ངག་འབྲི་གིན་ཡོད།

ལུས་པོ་འཁུམ་སོང་།
ཚོར་བ་བསྲེགས་སོང་།
ངས་སྙན་ངག་འབྲི་གིན་ཡོད།

ངས་ད་དུང་སྙན་ངག་འབྲི་གིན་ཡོད།
           ༢༠༡༤.༡༠.༢༧ཉིན་ཧྲང་ཧའེ་གྲོང་ཁྱེར་ནས།

             གསང་བ།

དམ་བཅའ་ཅི་ཞིག་སྔོན་དུ་མ་སོང་།།
མནའ་ཚིག་གང་ཞིག་མཉམ་དུ་མེད་ཀྱང་།།
དུང་སེམས་དར་ཐག་ཧྲལ་ཧྲུལ་གཅིག་ལ།།
ཡིད་ཀྱི་རོལ་མྱོང་ལན་གཅིག་བགྱི་བ།།
སྐྱེ་བ་གང་གི་ལྷག་མ་ཡིན་ནམ།།

དུས་ཀྱི་རོལ་མོ་ཕྱི་ལ་མ་དཀྲོལ།།
སེམས་ཀྱི་དགའ་སྐྱོ་ནང་དུ་བཀུག་པ།།
བརྩེ་འདང་འོད་ཀ་གློག་བཞིན་འཁྱུག་ས།།
སྙིང་བརྩེ་དམར་པོའི་ཞེ་ཁྲག་འཕོ་ས།།
ག་དུས་ང་ཡི་སྲོག་ལ་འཐིམ་སོང་།།

ཡོད་ཡོད་འདྲ་བའི་གྲོང་ཁྱེར་འདི་ཀོ།།
ཉན་ན་རྣ་བས་ཐོས་ཐོས་འདྲ་སོང་།།
བལྟས་ཤིང་བལྟས་ན་གསང་བའི་འཇིག་རྟེན།།
ང་ཡི་གློ་སྙིང་བཙོན་དུ་བཅུག་སོང་།།
ལུས་ཀྱི་ཐལ་བ་དགུང་ལ་སྤུར་སོང་།།
             ༢༠༡༥/༡/༣༠དགོང་མོ།

            སྒྲོལ་མར་ཕུལ་བའི་མེ་ཏོག

དུས་ཚོད་འདིར།
ངས་འདབ་མ་མ་གྲོལ་བའི་མེ་ཏོག་ཅིག
ཁྱེད་ཀྱི་སྙིང་གི་ས་གཞི་གཤིན་པོར་བཏབ་ན།
ག་དུས་ཤིག་ལ་འདབ་ལོ་རྒྱས་ཤིང་དྲི་བསུང་འཐུལ་འོང་ན་སྙམ།

མེ་ཏོག་ནི་ཁྱེད་རང་ཆེས་དགའ་ས་དེ་ཡིན་ཞིང་།
ཆེས་དུངས་ས་དེའང་ཡིན་པ་ངས་ཤེས་ཡོད།
དུས་ཚོད་ག་ཙམ་ཞིག་ནས།
འུ་གཉིས་ཀྱིས་མེ་ཏོག་གི་འདབ་མའི་འཇམ་ཤ་ལ་རོལ་མྱོང་བྱས་པ་ངས་མི་ཤེས་ཀྱང་།
དུས་དེ་ཤེད་ཅིག་ནས་བཟུང་།
ངས་མིག་ཟུང་གི་ཟབ་སར་འཛུལ་འོང་བའི་མེ་ཏོག་དག་ལ།
བཅོས་མིན་གྱི་བརྩེ་དུང་ཞིག་ངང་གིས་སླེབས་འོང་གིན་འདུག

མེ་ཏོག་དེ་དམར་པོ་ཞིག་ཡིན་སྲིད་ལ་སེར་པོ་ཞིག་ཡིན་ནའང་འགྲིག
གང་ལྟར་མེ་ཏོག་དེ་ང་དང་ཁྱེད་ཀྱིས་སེམས་ཆུང་ངང་།
སྙིམ་པའི་དབུས་སུ་བཞག་ནས།
ཟབ་ཟབ་ཀྱིས་སྨོན་ལམ་ཞིག་བཏབ་སྟེ།
སྒྲོལ་མའི་སྐུ་མདུན་ལ་ཕུལ་མྱོང་།

མེ་ཏོག་ནི་མ་གཞི་མཛེས་སྡུག་ངང་བཞད་ཅིང་།
དྲི་ཞིམ་གང་སར་འཐུལ་བས།
ངས་མེ་ཏོག་གི་ལང་ཚོ་ལ་སེམས་ཤ་གླན་དུས།
ང་རང་ཡང་མེ་ཏོག་གང་རུང་ཞིག་ཡིན་ན་ཅི་མ་རུང་སྙམ།

མེ་ཏོག་གི་འདབ་མ་ཤིན་ཏུ་ནས་འཇམ་ཞིང་ཡང་བས།
རླུང་བུ་བསིལ་མོ་ཞིག་གིས་ཀྱང་གང་སར་འཁྱེར་བའི་འདོད་རྔམ་བྱེད་ཀྱིན་འདུག
ཡིན་ན་ཡང་ མེ་ཏོག་གི་ལས་དབང་ནི་ལྷག་ཏུ་མཚར་བས།
སྐྱེ་བོའི་མིག་ཟུང་ནང་འཚོ་ཞིང་།
སྒྲོལ་མའི་སྤྱན་ཟུང་གིས་གཟིགས་པས།
སུས་ཀྱང་མེ་ཏོག་ལ་བསྙད་འདོགས་བྱེད་མི་སྲིད།

མེ་ཏོག་བཞད་ས་དེར་ཆར་ཆུ་མོད་ལ་འཇའ་ཚོན་བཀྲ་བས།
མེ་ཏོག་གི་འདབ་མའི་སྟེང་གི་ཟིལ་ཐིགས་དེའང་སྙིང་ལ་མཚར་བོ་ཞིག་ཏུ་མཐོང་ཞིང་།
དེ་ནི་མེ་ཏོག་གིས་སྒྲོལ་མ་གཅིག་པུར་ཕུལ་བའི་བདུད་རྩིའི་མཆོད་པ་དེ་ཅི་ལ་མིན།
               ༢༠༡༤/༨/༡༠དགོང་མོ་གཞིས་རྩེ་གྲོང་ཁྱེར་ནས།
image.png

             ཁ་བའི་ཁྲོད་ཀྱི་དྲན་པ།

ཚེ་སྲོག་གི་གསོན་ཤུགས་འདྲ་བའི་ཁ་བ་ཞིག
དེ་རིང་ངའི་ས་གཞི་ཧྲིལ་བོར་དཀར་གཙང་གིས་གཡོག་འདུག

འཚོ་བ་དང་ཕུགས་འདུན་མི་གཅིག་པའི་མི་ཚོགས་དག
ཁ་བའི་ཁྲོད་ནས་སྨོན་ལམ་རབ་རིབ་ཅིག་བཏབ་རྗེས།
གཞི་ནས་ཁ་བའི་མཛེས་སྡུག་ལ་རོལ་གྱིན་འདུག

དད་འདུན་ནི་ནམ་ཡང་ཡལ་བ་མེད་པའི་རྣམ་ཤེས་ཀྱི་སྲོག་ཤིང་དེ་ཡིན་ན།
དེ་རིང་ངས་ཀྱང་ཁ་བའི་ཁྲོད་ནས་གསེར་གྱི་རྒྱ་ཕིབས་ཤིག་དྲན་གྱིན་འདུག

             ཆུང་དུས་སུ།

ཁ་བ་ནི་གནམ་རྒན་མས་བྱིས་པ་བསམ་མེད་ཚོར་གནང་བའི་རྩེད་ཆས་ཤིག
ཁ་བ་ཡོད་པའི་དབང་གིས།
གནམ་ངོ་ཇི་ལྟར་གྲང་ཡང་དགོད་སྒྲ་དེ་བས་འཇགས་མྱོང་མེད།
ཁ་བ་ཡོད་པའི་དབང་གིས།
ལུས་པོ་ལ་འཁྱགས་འདར་ཡང་རྒྱག་མྱོང་མེད།

ནར་སོན་དུས།
ཁ་བ་ནི་དྲན་སྟངས་རུམ་གང་ཉར་བའི་གནམ་གྱི་ཕོ་ཉ་ཞིག
ཁ་བ་ཡོད་པའི་དབང་གིས།
གནམ་ངོ་ཇི་ལྟར་གྲང་ཡང་།
བརྩེ་སེམས་ཀྱི་དྲོད་འཁོལ་དེ་བས་ཡལ་མྱོང་མེད།
ཁ་བ་ཡོད་པའི་དབང་གིས།
དྲན་གདུང་གི་སེམས་པ་དེ་བས་འཁྱགས་མྱོང་མེད།

དེ་རིང་ཁ་བའི་ཁྲོད་ནས།
དྲན་པ་རབ་རིབ་ཤིག་ངའི་ལུས་སེམས་ཀྱི་ཕྱི་ནང་ཡོངས་ལ་ཁྱབ་ཅིང་།
དྲན་པ་འདི་ཁ་བས་ང་ལ་གནང་བའི་གསོལ་རས་བཞིན།
ངའི་ཞེ་སེམས་ཀྱི་གཏིང་རུམ་ན་མེ་ལྕེ་བཞིན་འབར་གྱིན་འདུག
དྲན་པ་འདི་ཁ་བས་ང་ལ་གནང་བའི་ལག་རྟགས་ཤིག
སེམས་ཀྱི་ཟབ་ས་ན་མཛེས་སྡུག་གིས་ཉར་བཞིན་ཡོད།
དྲན་པ་འདི་དད་པའི་སྟོབས་དང་མཚུངས་པའི་མཐུ་ནུས་གཞན་ཞིག
དྲན་པ་འདི་ཁ་བས་ང་ལ་གནང་བའི་གསེར་གྱི་རྒྱ་ཕིབས་ཤིག
དྭངས་གཙང་དང་ལྷད་མེད་ངང་ལྷ་ལྡན་གྱི་ཞིང་ཁམས་ན།
མི་ཚོགས་ཀྱི་སྙིང་དབུས་ན་འོད་ཟེར་བཞིན་འཕྲོ་བཞིན་འདུག
               ༢༠༡༥•༡•༦ཉིན་དབུས་ཉི་མ་ལྷ་ས་ནས།

             མཚན་གུང་དང་ང་།

མཚན་གུང་།
གཉིད་ལས་སད་དུས།
མུན་པ་ཧ་ཅང་མཐུག་ཅིང་མུན་པའི་ཁྲོད་ན་གྲང་ངར་དེ་བས་རྣོ།
དོ་ནུབ་ཅི་ཞིག་གིས།
ངའི་རྣམ་ཤེས་ལ་བཙན་འཛུལ་བྱས་ཅིང་།
མཐའ་འཁོར་གྱི་དགའ་ཉེ་དག་ལ་སེམས་ཁྲལ་རེ་བཟོས་སོང་།
ངས་མཐོང་མི་འདོད་པའི་སྐད་ཆ་དག་མེ་རུ་བསྲེགས་རྗེས།
ཞེ་སེམས་ཀྱི་སེམས་གསོ་དག་རུམ་ནས་གཉིད་དུ་ཡུར་ཡང་།
ང་ལ་ཕྲག་དོག་གིས་བཟི་བའི་མཚན་གུང་འདིས།
ཡང་བསྐྱར་ངའི་གཉིད་ཀྱི་བདེ་བ་དག་འཕྲོག་སོང་།
ངས་མུན་ནག་འདི་ཕར་ལ་སྤྲོད་བྱེད་ཀྱི་གློག་སྒྲོན་ཞིག་ལ་འཇུ་འདོད་ཀྱང་།
མུན་པའི་ཧམ་ཤེད་དང་འཇིགས་དངངས་འདི།
ང་མལ་ལས་ལངས་མ་ཐུབ་ཅིང་མུན་པ་དང་དེ་བས་འཐབ་མ་འདོད།
གང་ལྟར་ཡང་ངས་མུན་པ་འདི་ཕྱི་ལ་སྤྲོད་མ་ཐུབ།
                    ༢༠༡༥•༡•༡༡ཐོ་རངས་ལ།

             སེམས་པ་སྐྱ་སྐྱོ།

ཁ་དོག་སྐྱ་བོའི་ནམ་ཟླ་འདི།
ག་དུས་ཤིག་ལ་ངའི་སེམས་ངོར་ཤར་ཡོང་བ་མ་ཤེས་པར།
སེམས་ཤུགས་དང་ཚོར་བ་ཡོད་ཚད།
ཉིན་རེ་བཞིན་ཨ་ཐང་ཆད་པའི་ལམ་བུ་ཞིག་ལ་ཁྲིད་ཀྱིན་འདུག

རྐང་ལག་དང་ཚེ་སྲོག་ཀྱང་སྦྲིད་དུ་བཅུག་པའི་ནམ་ཟླ་འདིས།
ངའི་རྨི་ལམ་ལ་གཡེམ་རྒྱུགས་ཡང་ཡང་བྱེད་པས།
ནམ་ཟླ་འདིར་ང་ལ་དྲོད་འཁོལ་གྱི་ཁ་དོག་ཞིག་རྩ་བ་ནས་དབེན།

སྙིང་གི་ཁོང་གསེང་ལས་བཞུར་བའི་ཁྲག་དྲོན་འདི།
སུ་ཞིག་གི་ཡིད་ངོར་དམར་མཆོད་དུ་ཕུལ་ཡང་།
དེ་ནི་སུས་ཀྱང་མཐོང་མི་སྲིད་ལ།
སུས་ཀྱང་མྱོང་མི་ཐུབ་པས།
བདེ་སྐྱིད་ཟེར་བ་དེ་ང་དང་གྱེས་ཕྱག་ཕུལ་ནས་ཡུན་རིང་སོང་བ་གཞི་ནས་ཚོར་ཐུབ།

ངའི་ཐོབ་བྱར་མི་འོས་པའི་སྟོང་བསམ་གྱི་བདེ་སྐྱིད་དག
ལས་དབང་འདིས་ཀུ་རེའི་ཚུལ་དུ་མིག་མདུན་དུ་གཡུག་གཡུག་བྱེད་ཀྱིན་འདུག་ཀྱང་།
ག་དུས་ཤིག་ལ་འཇའ་འོད་བཞིན་ཡལ་འགྲོ་བའི་སྔ་བལྟས་ཤིག
ངའི་མིག་གི་ཕྱི་ནང་ལ་གསལ་གྱིན་འདུག
               ༢༠༡༥•༡•༥དགོང་མོ།

image-3.png

              ངས་འཚོལ་གྱིན་ཡོད།

རབ་རིབ་དང་མག་མོག་ངང་།
ངའི་མི་ཚེ་ཕྱེད་ཙམ་འདི་ལྟར་རྒས་ཟིན།

དོན་ངོ་མར།
ང་ལ་ཐོབ་འོས་པ་ཅི་ཡང་ཐོབ་མེད་ཅིང་།
རྙེད་འོས་པ་ཅི་ཡང་རྙེད་མེད།

དེ་རིང་གི་ད་ལྟ།
ང་ལ་གཞི་ནས་རང་ལ་དབང་བའི་བསམ་གཞིགས་ཀྱི་བར་སྟོང་ཞིག་རྙེད་བྱུང་།
འདི་ནི་ང་རང་དངོས་སུ་རྒས་ཀྱིན་ཡོད་པ་འདྲ་འདུག

ངས་ང་རང་རྒས་ཤུལ་དུ།
ཅི་ཞིག་གི་འགྱོད་སེམས་ལུས་ཡོད་པ་ཚོར་འོང་གིན་འདུག

ད་ནས་བཟུང་།
ངས་ང་རང་རྒས་ཤུལ་དུ།
ང་རང་རྒས་མེད་པའི་དན་རྟགས་ཅིག་འཚོལ་གྱིན་ཡོད།
            ༢༠༡༤~༡༡~༢༩དགོང་མོ།

               མི་བུ་ཞིག་དྲན་པ།
                       ———འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་སུ་དྲན་པ།

མཚན་གུང་འདིར།
ངས་མགོ་བོ་བཀྱག་ནས་ནམ་མཁར་ལྟ་དུས།
ནམ་མཁའ་ནི་སྔར་བཞིན་སྟོང་ལྷང་ལྷང་དུ་གནས་ཤིང་།
སྟོང་ལྷང་ལྷང་གི་ནམ་མཁའ་འདིས།
ང་ལ་སྔར་མེད་ཀྱི་འཇིགས་སྣང་ཞིག་ཀྱང་སྟེར་འོང་བས།
རླུང་བུའི་ལྡང་ཕྱོགས་ལས་ཁྱེར་འོང་བའི།
འབྲོག་ཐང་གི་སྒོ་ཁྱིའི་ཟུག་སྐད་དེས།
ངའི་སྙིང་རྩའང་སྦྲིད་དུ་བཅུག་པ་ཐེངས་གཅིག་མིན།

དོ་དགོང་ང་ལ་སྐར་ཚོགས་མེད་ལ་ཟླ་འོད་ཀྱང་མེད།
མུན་པ་གྱོན་པའི་མཚན་གུང་གི་སྒོ་འགྲམ་ནས།
ངས་སུ་ཞིག་མཐོང་འདོད་ཀྱི་མིག་ཟུང་རྒྱང་ལ་འཕངས་ཀྱང་།
མུ་མཐའ་མེད་པའི་མཚན་གུང་གི་མཁའ་དབྱིངས་ལ།
གྲགས་འགུལ་ལམ་ཤུགས་རྐྱེན་ཅི་ཡང་མེད་པས།
ང་ལ་ལྷག་པ་ནི་ཡིད་ཆད་དང་ངལ་དུབ་ལས་གཞན་ཅི།
ངའི་སྙིང་ཁོང་ནས་བརྡོལ་བའི་དངན་པ་རིང་མོ་དེས།
ངའི་སྣ་རྩེ་སྦྲིད་ཅིང་མིག་ཟུང་ལ་སྙིང་གི་ན་ཟུག་ལས་བཞུར་བའི།
མཆི་མའི་རྒྱུན་ཡང་ཚ་ལམ་ལམ་དུ་འཁྱིལ་བྱུང་།

དོ་ནུབ་ང་ཇི་ལྟར་ཡང་ཁྱེད་དང་མཇལ་མ་ཐུབ།
དོ་ནུབ་ཁྱེད་ལྷ་ཡུལ་གྱི་སྒོ་ཁར་འགྲེང་སྟེ།
ང་ཚོ་དང་གྱེས་མི་འདོད་པའི་ལག་གཡོབ་རྒྱག་གིན།
ཨུ་ཚུགས་ཀྱིས་རྒྱང་ལ་བཞུད་ཀྱིན་ཡོད།

ནམ་ཡང་ཡལ་མི་སྲིད་པའི་ཁྱེད་ཀྱི་འཛུམ་མདངས་དེ།
ཁྱེད་གཅིག་པུར་དབང་བའི་མི་ཚེ་འདིའི་སྟོབས་ཤུགས་ཡིན་པས།
ངས་རབ་རིབ་ཀྱི་ཡིག་འབྲུ་རེ་རེའི་སྲུབ་ལ་བྱིན་རླབས་བཞིན་བསྟིམས་ཡོད།

ཁྱེད་དེ་ལྟར་དལ་བ་དལ་བུར་ང་ཚོ་དང་གྱེས་སོང་།
ཁྱེད་འགྲོ་ས་དེ་བདེ་བ་ཅན་ཡིན་ངེས་ལ།
ཁྱེད་འགྲོ་ས་དེ་རྣམ་ཤེས་ཀྱི་ཆེས་མཐའ་མཇུག་གི་གནས་མལ་ཡང་ཡིན།

དོ་ནུབ་ང་ཇི་ལྟར་ཡང་ཁྱེད་དང་མཇལ་མ་ཐུབ།
དོ་ནུབ་ཁྱེད་ལྷ་ཡུལ་གྱི་སྒོ་ཁར་འགྲེང་སྟེ།
ང་ཚོ་དང་ལག་གཡོབ་རྒྱག་བཞིན་ཡོད།
        ༢༠༡༤/༤/༡ཉིན་གྱི་དགོང་མོར་གཞིས་རྩེའི་འབྲོག་ཐང་ཞིག་ནས།

              རྭ་སྒྲེང་དུ་ངའི་རྨི་ལམ་ཞིག་ལུས་ཡོད།

དུས་ཚོད་ནི་ཡོམ་ཡོམ་དུ་འདར་གྱིན་འདུག་ལ།
ཚོར་བ་ནི་སྔར་བཞིན་སིག་སིག་ཏུ་སྐྱོམ་གྱིན་འདུག
མི་ཚེ་ནི་རླུང་བུས་དེད་ནས་གང་དུ་བཞུད་སོང་བ་ང་ལ་གསལ་ཆ་མ་མཆིས་ཀྱང་།
སེམས་པ་རྭ་སྒྲེང་ལ་འཁོར་བ་ད་བར་མཚམས་གཞག་མ་མྱོང་།
དོན་ངོ་མར་རྭ་སྒྲེང་དུ་ང་ལ་རྨི་ལམ་ཞིག་ལུས་ཡོད

ཕ་ཡུལ་དང་ཉེ་ས་ཞིག་ནས་ཕྱི་མིག་ཕ་ཡུལ་ལ་འཁོར་ཞིང་།
བརྩེ་བའང་ཕ་ཡུལ་ལ་འཁོར་ཡོད།
ང་རང་ཆུང་དུས་ཀྱི་རྩེད་གྲོགས་གཡང་དཀར་གྱི་ལུག་ཁྱུ་དང་།
གཤིས་འཇམ་གྱི་བེའུ་ཆུང་།
ད་དུང་ངའི་ཆུང་དུས་ཀྱི་བརྩེ་གཞས་སེམས་པའི་གཡུ་ཆུང་དྲུག་དཀར།
འདི་དག་ཡོད་ཚད་རྭ་སྒྲེང་ལ་ལུས་ཤིང་།
དོན་ངོ་མར་རྭ་སྒྲེང་དུ་ང་ལ་རྨི་ལམ་ཞིག་ལུས་ཡོད།

ཕ་ཡུལ་ལ་མ་སླེབས་པའི་ལོ་ཟླ་འདི་དག་རིང་།
ཕ་ཡུལ་ནི་བྱིས་པའི་རྩེད་ཆས་བཞིན་ཁ་དོག་འགྱུར་ཞིང་བཟོ་ལྟའང་ཤོར་ཟིན་ན་ཡང་།
ཡུལ་མི་ཚོ་དང་སེམས་ཤ་གླན་དུས།
ཕ་ཡུལ་གྱི་དགོད་སྒྲ་གོ་ཡོང་ཞིང་།
ཕ་ཡུལ་གྱི་མིག་ཆུའང་མཐོང་གིན་འདུག
དོན་ངོ་མར་རྭ་སྒྲེང་དུ་ང་ལ་རྨི་ལམ་ཞིག་ལུས་ཡོད།

མི་ལོ་འདི་ནས་ཕར་ལ་འདའ་དུས།
ང་ནི་ཕ་ཡུལ་གྱི་མིག་ཆུ་ཡིན་ལ།
ཕ་ཡུལ་གྱི་དགོད་སྒྲའང་ཡིན།
དུས་ཚོད་འདི་ནས་ཕར་ལ་སོང་ན།
ང་ནི་ང་ཕ་ཡུལ་གྱི་རེ་བ་ཡིན་ལ།
ཕ་ཡུལ་གྱི་སེམས་པའང་ཡིན་ན།
དོན་ངོ་མར་རྭ་སྒྲེང་དུ་ང་ལ་རྨི་ལམ་ཞིག་ལུས་ཡོད།
        བོད་ཤིང་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་དགོང་མོ་འཕན་པོ་ནས་བྲིས།

              ང་ལ་ན་ཟུག་མ་གཏོད་རོགས།

མིག་གི་མ་མཐོང་སེམས་ཀྱིས་དྲན་པ་འདི༎
ལས་ཀྱིས་བཏང་བའི་བུ་ལོན་ཨེ་ཡིན་ལགས༎
ལག་པས་མ་རེག་སྙིང་ལ་འཇམ་པ་འདི༎
ཚེ་རབས་འདི་ཡི་བསོད་ནམས་ཨེ་ཡིན་ལགས༎
                    —ཁ་བྱང་གི་ཚབ།

ཁོ་ལག་མ་རྫོགས་པའི་དུས་ཚིགས་འདིར་ཆར་ཆུ་དང་མེ་ཏོག་མི་འདུག་པས
ནམ་མཁའ་ལ་བསྐྱོད་པའི་སྤྲིན་པ་བྱིའུ་མགོ་ཙམ་དེ་ཁོ་ན་ངའི་སྐྱོ་རོགས་ཡིན
སྤྲིན་པ་ལ་ཐོག་པའི་གཤོག་པ་དེ་ངས་ཁྱེད་ལ་བཏང་བའི་འཕྲིན་པ་ཞིག
འཐོར་རླུང་གི་ངལ་བ་ལ་མ་འཛེམས་པར་ཁྱེད་སར་འཕུར་ཡོད
ཁྱེད་ཀྱིས་སྤྲིན་པ་དེ་ལག་པས་བཟུང་ནས་སྙིང་ལ་བཅུག་ནས
དེ་ནས་བཟུང་ང་ལ་ན་ཟུག་མ་གཏོད་རོགས

ཡང་ན དུས་ཚོད་དག་བསྐྱར་དུ་གསོན་པའི་སྐལ་བ་ཞིག་མཆིས་ཚེ
ང་ནི་ཁྱེད་ཀྱི་མིག་ཟུང་ན་བཞད་པའི་མེ་ཏོག་དཀར་པོ་གཅིག
ནམ་ཡང་མི་བཞུད་པའི་དམ་བཅའ་བཞག་ཆོག
ཡིན་ཡང་དུས་ཚོད་འདས་སོང་མེ་ཏོག་རྙིད་སོང་ན
དེ་ནས་བཟུང་ཁྱེད་རང་རྒས་སོང་
དེའི་དབང་གིས་ང་ལ་ལྷག་པ་ནི་ན་ཟུག་ཁོ་ན

ན་ཟུག་དེ་ ཁྱེད་ཀྱིས་ང་རང་ཁྱུར་མིད་དུ་གཏོང་བར་འདོད་པའི་ཧམ་སེམས་ཤིག
ན་ཟུག་དེ་ ཁྱེད་ཀྱི་མིག་ཟུང་ལས་བརྒལ་ཏེ་ངའི་སྙིང་ཁར་ཟགས་སོང་
ན་ཟུག་དེ་མེ་འོབས་ཤིག་དང་འདྲ་བར་ངའི་ལུས་ངག་ཡིད་གསུམ་བསྲེག་གྱིན་འདུག
ན་ཟུག་དེ་ངའི་སེམས་པའི་སྒྲོམ་བུར་ཡུན་རིང་ཉར་བའི་དམར་ལམ་ལམ་གྱི་སྐད་ཆ་འགའ
ངས་གཞི་ནས་མགྲིན་པ་མ་འགག་པར་ཁྱེད་ལ་བཤམས་ཡོད་པས
ད་ནས་བཟུང་ང་ལ་ན་ཟུག་མ་གཏོད་རོགས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟོགས་སད་ལྷ་མོའི་སྙན་ངག་བདམས་བཀོད།

2015-02-03 རྟོགས་སད་ལྷ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།