ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་གསར་བ། ནུབ་ཀྱི་སྐར་མ།

ལྷ་བྱམས་རྒྱལ། ༼ པེ་ཅིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-05

wKgBy1Q27jSAODorABJDn7ldCgA742.jpg

             སྔོན་འགྲོའི་གཏམ།

  ལོ་རེ་གཉིས་ཀྱི་ཡར་སྔོན་ཞིག་ནས་བཟུང་། ངས་སྲ་མཁྲེགས་དང་བརྟན་བརླིང་གི་སྐོར་ལ་བསམ་བློ་ཡང་ཡང་བཏང་མྱོང་། དེར་མ་ཟད། ད་དུང་མཐོ་ཞིང་བརྗིད་ལ། རྔམས་ཤིང་མཐུག་པ། གྱོང་ཞིང་རེངས་བ་དེ་དག་ཀྱང་ཡིད་ལ་ཡང་ཡང་སྒོམ་པ་ཡིན། མནོ་བསམ་དེ་རིགས་ཀྱི་གོ་རིམ་ཁྲོད་ནས་ངས་རིམ་གྱིས་འཇིག་རྟེན་གྲུབ་པའི་ཆ་ཤས་གཉིས་ཀྱི་ཡ་གྱལ་ཕོ་ཟེར་བའི་སྤྱི་མཚན་འདི་ལ་ངེས་ཤེས་གསར་བ་ཞིག་སྐྱེས་སོང་སྟེ། མ་གཞིར་གོང་གསལ་གྱི་ཐ་སྙད་དེ་དག་ནི་ཕོ་ཟེར་བའི་སྤྱི་མཚན་འདིའི་ཁྱད་ཆོས་ཡིན་པ་ཚོར་ཞིང་། དེ་ནི་འཇིག་རྟེན་འདི་མི་གཡོ་བ་དང་མི་འཇིག་པར་བརྟན་པོར་གནས་ཐུབ་པའི་སྲོག་ཤིང་ལྟ་བུ་ཡིན་པ་ཡང་ཚོར་བྱུང་། དེ་ལྟར་བསམས་དུས་ངས་རང་གི་ཕ་རྒན་ཏེ། མི་ཚེ་གཅིག་ལ་ནོར་ལུག་འཚོ་སྐྱོང་དང་ལོ་ཏོག་རྨོ་འདེབས་བྱེད་པའི་སྐྱེས་པ་དེ་དྲན་བྱུང་། དེ་ནས་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ཡང་དྲན་བྱུང་བ་དང་། ང་རང་གིས་བརྒྱུད་ཡོང་བའི་མི་ལོ་སུམ་ཅུ་ལྷག་གི་འཚོ་བའི་བཤུལ་ལམ་འདི་ནས། ལམ་ཟུར་དུ་འགྱེལ་མ་སོང་བར་རིང་ས་ཞིག་ཏུ་སྙེག་ཐུབ་པ་དེ་ཡང་། མཐར་གཏུགས་ན་རང་གིས་ཕ་རྒན་ཏུ་འབོད་པའི་སྐྱེས་པ་འདི་ལ་རག་ལས་འདུག་སྙམ། ངས་དེ་ལྟར་བསམ་བཞིན་སྒྲུང་གཏམ<<ནུབ་ཀྱི་སྐར་མ>>ཞེས་པ་འདི་བྲིས་པ་ཡིན།
                                                    
                                                                                  ---ལྷ་བྱམས་རྒྱལ་གྱིས།

              ནུབ་ཀྱི་སྐར་མ།

               གཅིག

  རྡེའུ་དེར་ཡ་ཡོ་མེད་པར་ང་གཟས་ནས་བང་སྒྲ་དང་བཅས་འཕུར་ཡོང་དུས། ང་རང་ཤུགས་ཀྱིས་གནམ་ལ་ལྡིང་ཙམ་བྱས་ཤིང་། ངའི་ཡང་ཟོར་དང་བདེ་ལྕག་འཁྱུག་པོ་ནི་འོ་མས་ངོམས་ནས་སྣ་སྦྲིད་རྒྱག་པའི་ལུ་གུ་རྒོད་པོ་ཞིག་གི་ལྡེམ་མྱུར་གྱི་དོ་ཟླར་ཡོང་པས། ང་གང་མགྱོགས་ཀྱིས་རྡེའུ་དེར་བཟུར་བ་ན། རྣམ་ཀུན་དང་མཚུངས་བར་ཕ་རྒན་གྱི་ལག་རྡོ་དེས་ང་ལ་ཁེལ་མ་བྱུང་།
   ལག་རྡོ་དེས་ང་ལ་མ་ཁེལ་ཡང་། ལུག་ལྷས་སུ་བསྐྱིལ་ཡོད་པའི་ལུག་ཁྱུ་གློ་བུར་དུ་འདྲོགས་ཤིང་གཞོགས་ཤིག་ཏུ་ཞོགས་སོང་བ་དང་། མ་མོ་དང་ལུ་གུ་ཁ་ཐོར་ནས་འབའ་སྒྲ་ལྷང་ལྷང་གྲགས།
  ཕ་རྒན་གྱིས་ང་ལ་རྡེའུ་དེས་རྒྱག་དུས་ངག་ནས་“ཐན་ཕྲུག་ཁྱོད། ཁ་དམ་ཞེས་བོས་ཟེར་ནས་ཐེངས་དུ་ལ་བཤད་མྱོང་། ཨ?”ཞེས་སྐད་འགྲག་གིས་བཤད།
  སྐད་ཆ་དེ་བཤད་དུས། ཕ་རྒན་ལྷས་འདབས་དང་ང་ནི་ལྷས་སྟོད་དུ་ཡོད་པས། ངེད་གཉིས་ཀྱི་བར་དུ་ཐག་ཚད་ཅིག་གིས་ཆོད་ཡོད་ཀྱང་། ངས་ཁོང་གི་ལག་རྡོ་གཟུ་མོ་དེ་དང་སྐད་འགྲག་གཟན་པོར་འདྲེས་པའི་ཞེ་སྡང་དེ་རང་གི་ཉེ་འཁོར་དུ་འཚང་ཁ་ཤིག་ཤིག་གིས་ཤོར་ཡོང་བ་ཚོར། དེ་ནི་གློ་བུར་དུ་ལུང་མདོ་ནས་ལངས་ཡོང་བའི་རླུང་ཤ་དེ་དང་མཚུངས་ཏེ། རླུང་དེ་དེ་ལྟར་ཐོལ་གྱིས་ལྡང་ཡོང་ནས་ངའི་ཉེ་འཁོར་གྱི་ས་རྡུལ་གཙུབ་བཞིན་འཚུབ་མའི་འཁོར་ལོ་བསྐོར་བྱུང་། ངས་རྟག་ཏུ་ཕ་རྒན་དང་ཐག་ཚད་ཅིག་གི་བར་ཐག་འཛིན་བཞིན་ཡོད། བར་ཐག་འདི་ནི་ངའི་བདེ་འཇགས་ལ་ཁག་ཐེག་ཡོད་པའི་བར་ཐག་ཅིག་ཡིན་པ་དང་། འདི་ལས་ཉེ་བར་བསྟུངས་བ་ནི་ངས་ཁོང་གི་གཅར་རྡུང་རིན་མེད་ཀྱིས་ཉོ་བའི་སྔ་ལྟས་ཡིན།
  “རླུང་ནག་འཚུབ་མའི་ནང་ན་བཀྲ་མི་ཤིས་པའི་གདོན་འདྲེ་ཡོད་པས། དེར་འཕྲད་དུས་མཆིལ་ཞགས་འདེབས་དགོས”སྔོན་ཆད་རླུང་ནག་འཚུབ་མར་འཕྲད་དུས་ཕ་རྒན་གྱིས་ང་ལ་དེ་ལྟར་བཤད་མྱོང་། དེར་བརྟེན་ས་སྲོད་འདིར་ཕ་རྒན་གྱི་ལག་རྡོའི་རྗེས་སུ་འཇབ་ནས་མཆོངས་ཡོང་བའི་འཚུབ་མ་དེར་དམིགས་ནས་ངས་“ཕེ་ཕེ་ཕེ”ཞེས་མཆིལ་ཞགས་བཏབ། ཡིན་ན་ཡང་ངའི་མཆིལ་མ་དེར་ཕ་རྒན་གྱི་མཆིལ་མ་ནང་བཞིན་ཤུགས་མེད་པས། ཕལ་ཆེར་འཚུབ་མའི་ནང་གི་བཀྲ་མི་ཤེས་པའི་གདོན་འདྲེ་དེར་ཁ་གནོན་ཅི་ཡང་བྱེད་ཐུབ་མེད་པ་འདྲ་སྟེ། འཚུབ་མ་དེ་སྔར་བཞིན་ངའི་མཐའ་འཁོར་དུ་རྐང་བཙུགས་ནས་ང་ལ་བརྙད་བརྐོ་བ་ནང་བཞིན་འཁོར་ལོ་ལྟར་འཁོར་ནས་བསྡད་སོང་། རྣམ་ཀུན་ཕ་རྒན་གྱིས་ང་ལ་འདི་ལྟར་བྱེད་དགོས་པ་དང་དེ་ལྟར་བྱེད་མི་བྱེད་མི་རུང་བ་སོགས་ཀྱི་སྒྲིག་ལམ་མང་པོ་བཟོ་ཞིང་། ངས་ཀྱང་ད་ལྟའི་བར་དུ་དེ་ལ་བརྩི་སྲུང་བྱེད་ཅི་ཐུབ་བྱས་པ་ཡིན། ཡིན་ན་ཡང་། མཚམས་རེར་ངས་སྒྲིག་ལམ་དེ་བརྩི་སྲུང་བྱ་རྒྱུར་དམ་ལྷོད་ཤོར་ནས་སྒྲིག་འགལ་གྱི་གནས་ཚུལ་ཐོན་ངེས་ཤིང་། དེ་དུས་དེ་རིང་ནང་བཞིན་ང་ཕ་རྒན་གྱི་གློ་བུར་དུ་འཕུར་ཡོང་བའི་ལག་རྡོར་གཡོལ་ལ། ལག་རྡོ་དེ་གློ་བུར་དུ་འཕུར་ཡོང་བ་ནི་འཚུབ་མ་གློ་བུར་དུ་འཁོར་ཡོང་བ་དང་མཚུངས།
  སྲོད་ལ། ནུབ་ཁའི་ཉི་འོད་ཀྱིས་ལུང་ཕུག་གི་ཉིན་སྲིབས་མ་ལུས་སེར་ལམ་མེར་བྲན་འདུག རྡེའུ་དེ་ཚུར་འཕུར་མ་ཡོང་སྔོན་ལ། ཕ་རྒན་གྱིས་ལུག་ལྷས་ཀྱི་འདབས་རོལ་ནས་རིལ་མ་སྐམ་པོ་ཐུ་བ་གང་མེ་ཐོ་ནར་མོ་དེའི་ཐོག་ཏུ་བྱོ་བ་དང་། དུ་བ་ཆལ་ཆོལ་ལེ་ཞིག་གཉིད་མ་སད་ཀྱིས་མེ་ཐོའི་སྣེ་མོ་ནས་འཕྱུར་ཡོང་། ངས་མེ་རོ་དེ་དེ་ལྟར་གསོན་ཤུགས་མེད་པར་ཉོབ་མདངས་ཀྱིས་བཟུང་ཡོད་པ་མཐོང་བ་ན། ངག་ནས་དབང་མེད་དུ་ “བསེར་བུ་ཞིག་གཡུགས་ཡོང་ནས་མེ་འདི་སྦར་ན་ཅི་མ་རུང་། དུ་བ་ལྷག་ལྷོག་འཕྱུར་ན་མཚན་ལ་སྤྱང་ཀི་ལྷས་ནང་ལ་རྒྱུགས་མི་སྲིད”ཅེས་ཐལ་སོང་།
  ངའི་ངག་ནས་དེ་ལྟར་ཤོར་མ་ཐག ཕ་རྒན་གྱི་རྡེའུ་དེ་ཡ་ཡོ་མེད་པར་བང་སྒྲ་དང་བཅས་ང་གཟས་ནས་འཕུར་ཡོང་བ་རེད། སྤྱང་ཀི་ལ་སྤྱང་ཀི་ཞེས་འབོད་མི་རུང་བར་ངེས་པར་དུ་“ཁ་དམ”ཞེས་འབོད་དགོས་པ་རེད། འདི་ཡང་ཡར་སྔོན་ཕ་རྒན་གྱིས་ང་ལ་བཙུགས་པའི་སྒྲིག་ལམ་ཡིན་པ་དང་། ཞིབ་ཏུ་བཤད་ན་སྒྲིག་ལམ་འདི་འཛུགས་མཁན་ཕ་རྒན་ཡང་མ་ཡིན་ཏེ། དེ་ནི་ཕ་རྒན་གྱི་ཕ་རྒན་ནམ། ཡང་ན་དེའི་ཕ་རྒན་གྱིས་བཙུགས་པ་ཞིག་ཡིན་ངེས། ང་དོན་དངོས་སུ་སེམས་གཏིང་ནས་སྒྲིག་ལམ་བརྩི་སྲུང་བྱ་རྒྱུར་མོས་པ་མེད་པས་སྒྲིག་ལམ་དེ་འདྲར་འཕྲད་སྐབས། ངས་རང་ཤུགས་ཀྱིས་མདུང་ཚུགས་བསྟན་པ་ཡིན། དེ་ནི་སྒྲིག་ལམ་དེ་ལ་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཅིག་སྟེ། མཐར་གཏུགས་ན་ང་ནམ་ཡང་ཕ་རྒན་གྱི་ལྡོག་ཕྱོགས་ནས་ལངས་རྒྱུར་དགའ་ཞིང་རི་མགོར་སྡོད་པའི་འཚོ་བའི་ཁྲོད་ནས་ཕ་རྒན་གྱིས་དེའི་ཆད་པར་ང་ལ་གཅར་རྡུང་ཐེངས་མང་བྱས་མྱོང་། ཐག་ཉེ་སར་ཐལ་ལྕག་དང་ཐག་རིང་སར་རྡོ་ཡིས་རྒྱག གང་ལྟར་ཀྱང་ངས་རྣམ་ཀུན་ཕ་རྒན་དང་ཐག་ཚད་ཅིག་གི་བར་ཐག་བཟུང་ནས་བསྡད།
  ངའི་སེམས་སུ་སྤྱང་ཀི་ལ་སྤྱང་ཀི་མི་ཟེར་བར་ངེས་པར་དུ་“ཁ་དམ”ཟེར་དགོས་དོན་ལ་ལན་ཅི་ཡང་མི་རྙེད། ཕ་རྒན་གྱིས་ཀྱང་དེ་ལྟར་ཟེར་དགོས་པའི་སྒྲིག་ལམ་དེར་འགྲེལ་བ་ཅི་ཡང་མི་རྒྱག ཁོས་དེ་ལྟར་ང་ལ་དྲག་ཤུགས་ཀྱིས་སྒྲིག་ལམ་དེ་དང་ལེན་བྱ་རུ་འཇུག་ཅིང་། དེ་ནི་ཁོང་གིས་ང་ལ་སློབ་གསོ་གཏོང་བའི་ཐབས་ཉག་གཅིག་ཡིན། ཐབས་གཞན་པ་ཅི་ཡང་ཡོད་པ་མ་རེད། དེར་བརྟེན། ཆུང་དུས་ནས་བཟུང་ང་ཕ་རྒན་གྱི་ལྡོག་ཕྱོགས་སུ་ལངས་རྒྱུར་དགའ་ཞིང་། སེམས་ནང་ནས་ཁོང་ལ་སྙིང་ནད་ཀྱིས་ཁེངས་ཡོད། སྙིང་ནད་ཀྱིས་ཁེངས་ཡོད་མོད། གནས་སྐབས་མང་པོ་ཞིག་གི་རིང་ལ་ངས་སེམས་ཀྱི་སྙིང་ནད་དེ་བརྗེད་འགྲོ་ཞིང་། དབང་མེད་དུ་ཁོང་གི་ལས་ཀ་དེ་དག་ལ་རྒྱབ་སྐྱོར་བྱེད་ཡོང་། འདི་འདྲ་ཡིན་པའི་རྒྱུ་མཚན་ངས་ཀྱང་ལན་གསལ་བོ་ཞིག་རྙེད་མི་ཐུབ།
   སྲོད་འདིར་ཡང་དེ་བཞིན་ཡིན་ཏེ། ངས་དབང་མེད་དུ་ཕ་རྒན་གྱིས་མེ་ཐོར་རིལ་ལུད་བླུགས་པའི་ལས་ཀ་དེར་སེམས་ཁུར་བྱས། གལ་ཏེ་རླུང་བསེར་བུ་གཡུགས་མ་ཡོང་ན། ལྷས་འདབས་ཀྱི་མེ་ཐོ་དེའི་སྣེ་ཡི་མེ་རོ་རྙིད་པ་དེ་ཤི་ན་ཅི་བྱའམ། མེ་ཐོ་མེད་པར་གྱུར་ན་མཚན་ལ་ཁ་དམ་དེ་དག་ལུག་ལྷས་སུ་རྒྱུགས་ངེས། ངས་དེ་ལྟར་སེམས་ཁུར་བྱས་བས་ངག་ནས་དབང་མེད་དུ།“བསེར་བུ་ཞིག་གཡུགས་ཡོང་ནས་མེ་འདི་སྦར་ན་ཅི་མ་རུང་། དུ་བ་ལྷག་ལྷོག་འཕྱུར་ན་མཚན་ལ་སྤྱང་ཀི་ལྷས་ནང་ལ་རྒྱུགས་མི་སྲིད”ཅེས་ཐལ་སོང་།   སྐད་ཆ་དེ་ངག་ནས་ཤོར་དུས་ང་བདེ་འཇགས་ཀྱི་བར་ཐག་སྟེ་ཐག་ཚད་ཅིག་གི་མཚམས་ན་ཡོད་ཀྱང་། ཕ་རྒན་གྱི་རྡེའུ་དེ་ཡ་ཡོ་མེད་པར་དུས་ཐོག་ཏུ་ང་གཟས་ནས་བང་སྒྲ་དང་བཅས་འཕུར་ཡོང་། རྡེའུ་དེ་ངའི་རྐང་འོག་ནས་ཕར་ཕྱིན་རྗེས། རླུང་འཚུབ་དེ་ཡང་ངའི་མཐའ་འཁོར་ནས་བརྙད་བརྐོ་བ་བཞིན་བསྐོར་རྒྱག་བྱས་བྱུང་། ང་ལ་ཆད་གཅོད་འདི་འདྲ་ཕོག་པའི་རྒྱུ་རྐྱེན་གལ་ཏེ་ཞིབ་རྩད་བྱས་ན་རླུང་ལ་ཡང་འགན་ཁུར་ངེས་ཅན་ཞིག་ཡོད། གལ་ཏེ་རླུང་འདི་དུས་ཚོད་སྐར་མ་གཅིག་གི་སྔོན་ལ་འདི་ལྟར་ལྡང་ཡོང་ཡོད་ཚེ། ཕ་རྒན་གྱི་མདུན་གྱི་མེ་ཐོ་དེའི་མེ་རོ་དེ་ཡང་ཚག་ཚག་ཏུ་འབར་ངེས་ཤིང་། དེ་ནས་དུ་བ་ཡང་ལྷག་ལྷོག་ཏུ་འཕྱུར་ཡོང་ངེས་པས། ངས་དེ་ལ་སེམས་ཁུར་བྱེད་མི་དགོས་ཤིང་། ངག་ནས་སེམས་ཁུར་གྱི་སྐད་ཆ་དེ་འདྲ་ཤོར་མི་སྲིད་ལ། “ཁ་དམ”ལ་སྤྱང་ཀི་ཞེས་འབོད་མི་སྲིད། དོུན་དམ་དུ། འདི་ཡོད་ཚད་རླུང་གིས་འགན་འཁུར་དགོས། ངས་དེ་ལྟར་བསམས་པ་དང་མཐའ་འཁོར་ན་སྨྱོ་རྒྱུགས་བྱེད་བཞིན་པའི་འཚུབ་མ་དེར་ཞེ་སྡང་གིས་“ཕེ་ཕེ་ཕེ”ཞེས་མཆིལ་མ་བཏབ། ཆུང་དུས་ནས་ང་འདི་འདྲ་ཞིག་ཡིན་ཏེ། ངས་སྐྱོན་ཆ་ཅི་ཞིག་བཟོས་ཀྱང་། དེ་ནི་རང་དང་འབྲེལ་བ་མེད་པའི་རྒྱུ་མཚན་འཚོལ་ཅིང་ཁག་འགན་ཕ་རོལ་པོར་དཀྲི་བར་དགའ། ཕ་རྒན་གྱིས་མཚམས་རེར་ང་ལ་གཅར་རྡུང་བྱེད་བཞིན་ངས་རང་ལ་དག་འབུད་བྱེད་པའི་རྒྱུ་མཚན་ལ་རྣ་བ་ཙམ་ཡང་མི་གཡོར། ཁོས་ང་ལ་དེ་ནི་འགན་ཁུར་ལ་གཡོལ་བའི་རྟགས་ཤིག་རེད་ཟེར་བ་དང་། སྐྱེ་བ་ཕོ་ཞིག་གིས་འདི་ལྟར་འགན་ཁུར་ལ་གཡོལ་བ་ནི་ངོ་གནོང་དགོས་པ་ཞིག་རེད་ཟེར་ནས་ལྷག་ཏུ་གཅར་རྡུང་བྱེད་ཅིང་། ངའི་ངན་གོམས་འདི་ནི་མ་རྒན་གྱི་སྐྱོན་འགོས་པས་རེད་ཟེར།
  གང་ལྟར་ཀྱང་། སྲོད་འདིར་རི་མགོ་ནས་“སྤྱང་ཀི”ཞེས་ངག་ནས་ཤོར་མ་ཐག་ངས་སེམས་ནས་རང་ལ་དག་འབུད་ཙམ་བྱེད་པ་ལས་ངག་ནས་བཤད་ལོང་མ་བྱུང་། ངས་ངག་ནས་རླུང་ནག་འཚུབ་མར་ཁ་གཏད་ནས་“ཕེ་ཕེ་ཕེ”ཞེས་བཤད་བཞིན་མཆིལ་མ་བཏབ་པ་ཡིན།
   ཕ་རྒན་གྱིས་“ཐན་ཕྲུག་ཁྱོད་ཀྱིས་ང་ལ་མཆིལ་མ་འདེབས་ཕོད་དམ”ཟེར་བ་དང་། དེ་ནས་མར་སྒུར་ཏེ་ཐང་ནས་སླར་ཡང་རྡེའུ་ཞིག་ཡར་སྒྲུག་སྟེ་ཚུར་ཕྱོགས་སུ་གཟས་ནས་སླེབས་བྱུང་། ཕ་རྒན་གྱིས་ང་དང་ཐག་ཚད་ཅིག་གི་བདེ་འཇགས་ཀྱི་བར་ཐག་དེ་ཉེ་བར་བསྟུངས་བཞིན་ཡོད་པས། ང་དེ་མ་ཐག་ཕྱིར་བཀྱེད་བཞིན་བྲོས་མོད། ངའི་རྒྱབ་ལོགས་སུ་ད་ནི་ང་དང་ཕ་རྒན་རི་མགོ་རུ་འཚོ་བ་རོལ་སའི་རྡོ་ཁང་ཆུང་ངུ་དེའི་རྩིགས་ལྡེབས་ལས་མེད་པས་བྲོས་ནས་ཐར་ས་ཞིག་མི་འདུག ང་དངངས་སྐྲག་གི་ངང་ནས་རང་ལ་དག་འབུད་བྱ་རྒྱུ་ཡང་བརྗེད་སོང་། ངས་“ཕེ་ཕེ་ཕེ”ཟེར་བ་ནི་གམ་གྱི་རླུང་ནག་འཚུབ་མ་དེར་མཆིལ་མ་བཏབ་པ་ལས་ཕ་རྒན་ལ་བཏབས་པ་མིན། རླུང་ནག་འཚུབ་མར་འཕྲད་དུས་“ཕེ་ཕེ་ཕེ”ཞེས་མཆིལ་མ་འདེབས་དགོས་པ་ཡང་ཁོང་གིས་ང་ལ་བཟོས་པའི་སྒྲིག་ལམ་ཞིག་ཡིན་པ་དང་། ངས་ནི་སྒྲིག་ལམ་དེ་བརྩི་སྲུང་བྱས་པ་ཙམ་ཡིན།
   རྡེའུ་ཞིག་ཡ་ཡོ་མེད་པར་བང་སྒྲ་དང་བཅས་སླར་ཡང་འཕུར་ཡོང་། དེ་ལ་ང་ཡང་ལོབས་ཕྱོགས་སམ་ཡང་ན་དབང་མེད་དུ་ཡང་ཟོར་ལྡན་པའི་ངང་གཟུར་ཙམ་བྱས་པ་དང་། རྣམ་ཀུན་དང་མཚུངས་བར་རྡེའུ་དེས་ང་ལ་ཁེལ་མ་བྱུང་། རྡེའུ་དེས་ང་ལ་ཁེལ་མ་བྱུང་ཡང་ངས་ཏིང་སྒྲ་རྣ་བར་གཟན་པ་ཞིག་ཐོས་བྱུང་བ་དང་། དེར་མཐུད་ནས་ངས་ཕ་རྒན་གྱིས་ཕར་ཕྱོགས་ནས་“ཨ་ཧ་བོ། ངའི་བ་མ།1 ངའི་བ་མ”ཞེས་སྐད་བརྒྱབ་པ་ཐོས་བྱུང་།

            གཉིས།

  སྲོད་འདི་ལ། ཕ་རྒན་གྱི་ལག་ནས་འཕུར་ཡོང་བའི་རྡེའུ་ཟུར་ཁ་ཅན་དེ་རྡོ་ཁང་གི་རྩིགས་པར་བཀལ་ཡོད་པའི་བ་མ་ནག་རིལ་དེའི་ཞབས་ལ་ཁེལ་ནས་ཨི་ཁུང་ཞིག་བརྟོལ་སོང་། དེ་ལ་ཕ་རྒན་གྱིས་ཧ་ཅང་ཕངས་སེམས་ཆེན་པོས་བ་མ་ནག་རིལ་ཡར་བཀྱགས་ཏེ་དེའི་ཞབས་སྲོད་ཀྱི་ཉི་འོད་ཀྱི་ཕྱོགས་སུ་བསྐོར་ནས་ལྟ་ཞིང་། ཉི་འོད་སེར་བོ་ཉག་མ་ཞིག་ཨི་ཁུང་དེའི་ནང་ནས་ཕ་རྒན་གྱི་གདོང་དུ་འཕྲོས་ཡོང་།
   “ཕེ་ཕེ་ཕེ་ཟེར་བ་ནི་ངས་རླུང་ནག་འཚུབ་མར་མཆིལ་མ་བཏབ་པ་ལས་ཁྱོད་ལ་བཏབ་པ་མིན”ངས་སྐབས་གླགས་དེ་བཟུང་ནས་དེ་མ་ཐག་རང་ལ་དག་སེལ་བྱས། དེ་ལྟར་མ་བཤད་ཚེ་ད་ནི་ང་དང་ཕ་རྒན་གྱི་བར་དུ་བདེ་འཇགས་ཀྱི་བར་ཐག་ཅི་ཡང་མེད་པས། ཁོང་གི་ཐལ་ལྕག་དེ་ངའི་རྐུབ་ལ་ཚ་ཐག་ཆོད་པ་ཞིག་གཞུས་ཡོང་ངེས་གཏན་ཡིན། ཡར་སྔོན་གྱི་ཉམས་མྱོང་ལྟར་ན་དེ་ལྟ་བུའི་ཐལ་ལྕག་ལ་ང་རང་གཡོལ་ཐབས་མེད།
  བ་མ་དེ་ནི་རི་མགོ་ནས་ང་དང་ཕ་རྒན་གྱིས་བཟའ་བཏུང་གཡོས་སྦྱོར་བྱེད་པའི་སྣོད་ཆས་ཉག་གཅིག་ཡིན། ཉིན་རེའི་ཞོགས་པར་ཕ་རྒན་མལ་ལས་ལངས་ཏེ། རྡོ་ཁང་ནང་གི་སྟབས་བདེའི་མེ་ཐབ་དུ་སུ་རུ་སྐམ་པོར་མེ་བགོས་ཤིང་། ཨོང་བ་ཐོག་ཏུ་བསྒྲིགས་པ་ན། དེ་མ་ཐག་མེ་ལྕེ་འུར་འུར་ཏུ་མཆེད་ནས་འབར་ཏེ་ཐབ་མགོའི་བ་མ་ནག་རིལ་གྱི་ཞབས་ལ་དམར་མདོག་གི་རྩེ་རུ་སྔོ་ཤད་འདྲེས་པའི་མེ་ལྕེ་ཡིས་ཡང་ཡང་ལྡག་པར་བྱེད། དེ་དུས་ང་ནི་ད་དུང་རྡོ་ཁང་གྲུ་བཞི་མ་དེའི་ཚ་ཐབ་ཐོག་གི་སློག་པའི་ནང་དུ་ཉལ་ནས་ཕ་རྒན་གྱིས་བ་མའི་ནང་དུ་རྫ་ཆུ་བསིལ་མ་ལྡུག་པའི་ཤག་སྒྲ་དང་ཇ་ལོ་ནག་པོ་འདེབས་པ་དང་། དེ་མིན་འབྲི་མོའི་འོ་མ་གསར་བ་ལྡུག་པའི་ཤག་སྒྲ་སོགས་ལ་ཉན་ནས་གཉིད་མ་སད་ཀྱི་མཚམས་ན་ལུས་ཡོད། བ་མའི་ནང་གི་འོ་ཇ་ལྷག་ལྷོག་ཏུ་འཁོལ་ནས་དྲི་མ་ཞིམ་པོ་དེས་རྡོ་ཁང་ནང་དུ་ཁྱབ་དུས་ཕ་རྒན་གྱིས་ངའི་སྟེང་དུ་བཀབ་ཡོད་པའི་སློག་པ་དེ་ཤུགས་ཀྱིས་ཕར་བཤུ་བ་དང་། དེ་ནས་“ཡར་ལོངས་ཡར་ལོངས།”ཟེར་བ་དང་། ངའི་གཅེར་བུར་བུད་པའི་རྐུབ་ལ་ཐལ་ལྕག་གིས་གཞུས་ཏེ་“བུ་ཉལ་བ་མང་ན་དགྲ་མགོ་ཤོར། མ་ཉལ་བ་མང་ན་ལས་མགོ་ཤོར་ཟེར་བ་རེད། ལོངས་ལོངས”ཟེར། དེ་ནས་ང་ཧ་ཅང་མི་འཐད་པའི་ངང་མལ་ལས་ཡར་ལངས་ཏེ་ཀླད་བརྒྱངས་བྱེད་བཞིན་རྡོ་ཁང་གི་ཕྱི་རུ་བུད་པ་དང་། གཅེར་བུ་ཀྲང་ཀྲང་གིས་ལྷས་འདབས་སུ་འགྲེང་སྟེ་ཁ་ནུབ་ལ་གཏད་ནས་གཅིན་པ་ཤག་ཤག་བཏང་། ནུབ་ཀྱི་ལུང་མདོའི་ཕྱོགས་ནས་ཁྱི་སྐད་དང་བྱ་ཕོའི་སྐད་གསེང་རེ་གཉིས་རླུང་གིས་ཁུར་ཏེ་ངའི་ཉན་བྱེད་དུ་ལྷུང་ཡོང་བ་དང་། སྐབས་དེ་དག་ཏུ་ངའི་སེམས་སུ་ནམ་ཞིག་ལ་ཕ་རྒན་གྱིས་ང་རང་ནུབ་གྱི་ལུང་མདོའི་ཕྱོགས་སུ་ཡོད་པའི་གྲོང་ཚོའི་ནང་དུ་ལོག་ཏུ་འཇུག་སྲིད་དམ་སྙམ།
  གང་ལྟར་ཀྱང་། ས་སྲོད་འདིར་ད་ནི་ཕ་རྒན་གྱིས་ངེད་གཉིས་ཀྱིས་རི་མགོ་ནས་བཟའ་བཏུང་གཡོས་སྦྱོར་བྱེད་པའི་སྣོད་ཆས་ཉག་གཅིག་སྟེ། ཐབ་མགོའི་བ་མ་ནག་རིལ་དེའི་ཞབས་ལ་རྡེའུས་བརྒྱབ་སྟེ་ཨི་ཁུང་བརྟོལ་སོང་བས། ད་ནི་ཅི་བྱ་ཨང་། ཐ་ན་དོ་ནུབ་ཀྱི་ནུབ་འཚལ་ཡང་བསྐོལ་བྱེད་མེད་པས། ད་ནི་ཅི་བྱ་ཨང་། ངས་དེ་ལྟར་སེམས་ཚེགས་བྱས་པ་དང་། ཕ་རྒན་གྱི་འགྲམ་དུ་བཏུད་ཙམ་བྱས་ནས་ཁོང་དང་ལྷན་དུ་བ་མ་ནག་རིལ་དེའི་ཞབས་ལ་ཞིབ་བཤེར་བྱས་པ་ཡིན། ཕ་རྒན་གྱིས་ཀྱང་སྔོན་ཏག་ཏག་ལ་ང་ལ་གཅར་རྡུང་བྱ་རྩིས་བྱེད་པ་དེ་བརྗེད་སོང་བ་བཞིན་བ་མ་ནག་རིལ་དེ་ངའི་ལག་ཏུ་བཞག་སྟེ། “ངའི་ཞེ་སྡང་འདི། ངའི་ཞེ་སྡང་འདི། སྡུག་ཤི་རྒྱོབས”ཟེར་བ་དང་། རང་གིས་རང་ལ་ལེ་བདའ་བྱེད་བཞིན་“ཁྱོད་ཀྱིས་ལྟོས་དང་། ད་ནི་ནུབ་འཚལ་ཡང་བཟོ་ཐབས་མེད་སོང་།”ཟེར།
  ངས་བ་མ་དེ་མིག་མདུན་ལ་བཀྱགས་ནས་ཕ་རྒན་ལ་ལད་མོ་བྱས་ཏེ་ཉི་ནུབ་ལ་ཁ་གཏད་ནས་དེའི་ཞབས་ལ་ལྟ་དུས། བ་མའི་ཞབས་ཀྱི་ཨི་ཁུང་དེ་ནས་ཉི་ཟེར་ཉག་གཅིག་ངའི་གདོང་ལ་འཕྲོས་ཡོང་། ཉི་ཟེར་དེ་ནུབ་ཀྱི་རྫ་རི་དེའི་ཕང་བར་ལྷུང་ལ་ཉེ་བའི་ཉི་མ་སྒོར་སྒོར་དེའི་ཕྱི་མིག་རེད། ངས་བ་མའི་ཨི་ཁུང་དེ་ནས་ད་དུང་རྫ་རིའི་འདབས་ཀྱི་གྲོང་ཚོ་དེའི་བར་སྣང་དུ་ནུབ་ཟས་གཡོས་སྦྱོར་བྱེད་པའི་དུ་བ་ཞོ་སྤྲིན་བཞིན་འཁྲིགས་འདུག་པ་མཐོང་བ་དང་། སྣང་བ་ཞིག་ལ་ད་དུང་གྲོང་ཚོའི་ནང་གི་མ་རྒན་ངེད་ཚང་གི་གཞིས་ཀའི་ཁང་ཀླད་དུ་བུད་ནས་སྟོད་ཀྱི་ལུང་བའི་ཕུག་གི་རི་སུལ་ཏུ་ཡོད་པའི་ང་དང་ཕ་རྒན་ལ་ལྟ་བཞིན་ཡོད་པ་ཞིག་ཞེ་ལ་འཁོར་བྱུང་།
   “ཨ་ཕ། གྲོང་ཚོའི་ནང་ན་ཚང་མས་ནུབ་འཚལ་བསྐོལ་བཞིན་འདུག”ངས་བ་མ་ནག་རིལ་དེ་མིག་མདུན་དུ་བཀྱགས་ནས་དེའི་ཨི་ཁུང་ལ་ལྟ་བཞིན་དེ་ལྟར་བཤད། ང་ནམ་ཡང་ཕ་རྒན་གྱི་ལྡོག་ཕྱོགས་ནས་ལངས་རྒྱུར་དགའ། ཁོང་གིས་ས་སྲོད་འདིར་ང་ལ་རྡེའུས་བརྒྱབ་པ་བྱ་རྡོ་ལམ་འཕྲད་ཀྱིས་བ་མ་ནག་རིལ་གྱི་ཞབས་ལ་འཁེལ་ཏེ་ཨི་ཁུང་བརྟོལ་བས་ད་ནི་ངེད་ཕ་བུ་གཉིས་ཀྱིས་ནུབ་འཚལ་ཡང་བཟོ་མི་ཐུབ་པར་གྱུར་དུས། ངས་དེ་ལྟར་རྐང་བཙུགས་ནས་ཕ་རྒན་ལ་ཅོ་འདྲི་བའི་གཏམ་དེ་འདྲ་ལབ་པ་ཡིན།
  གལ་ཏེ། བ་མར་ཨི་ཁུང་དེ་བརྟོལ་མེད་ཚེ། དོ་ནུབ་ཕ་རྒན་དང་ངེད་གཉིས་ཀྱིས་ཐབ་ལ་རྫ་ཆུ་བསིལ་མ་བསྣན་པ་དང་། དེའི་ནང་ལ་ལུག་ཤ་རྡོག་པོ་བཙོས་ཏེ། ཁུ་བའི་ནང་དུ་འཐེན་ཐུག་བསྐོལ་ཆོག དེ་ནི་ཅི་འདྲའི་ཞིམ་མངར་གྱི་བཟའ་བཏུང་ཞིག་ཡིན་ཨང་། རི་མགོར་སྡོད་པའི་མཚན་མོ་རེ་རེར། དེ་ལྟ་བུའི་ཐུག་པ་ཞིམ་པོ་འཐུང་རྗེས་ཕ་རྒན་དང་ངེད་གཉིས་གཅིག་རྗེས་གཅིག་གིས་དེད་དེ་རྡོ་ཁང་གི་ཕྱི་རུ་འབུད་ཅིང་། དེ་དུས་མུན་པ་ནི་བ་མ་ནག་རིལ་གྱི་ཞབས་ཀྱི་དུད་དྲེག་ནག་པོ་དེ་དང་མཚུངས་བར་ཐག་ཉེ་རིང་གི་རི་ཀླུང་ཀུན་ཏུ་འབྱར་ཡོད། མུན་ནག་གི་ནང་ནས་ལུག་ལྷས་ཀྱི་ལུག་དེ་དག་གིས་སྐྱུག་ལྡད་བྱེད་པ་དང་སྣ་སྦྲིད་རྒྱག་པའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མེད་པར། ཡོད་ཚད་ལྷིང་འཇགས་སུ་གནས་ཤིང་། མཚམས་རེར་ནུབ་ཀྱི་ལུང་མདོའི་ཕྱོགས་སུ་གྲོང་ཚོའི་ནང་གློག་བརྙན་སྟོན་པའི་སྐད་སྒྲ་ཞིག་རྫི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཁུར་ཡོང་། དུས་དེ་དག་ཏུ་ཕ་རྒན་གྱིས་ཐུ་བར་རིལ་ལུད་གང་བཅུས་རྗེས་ལུག་ལྷས་ཀྱི་མེ་ཐོས་ཐོག་ཏུ་ལྡུགས་པ་དང་། དེ་ནས་ཐུ་བ་དཀྲུགས་དཀྲུགས་བྱེད་བཞིན་ལུང་མདོའི་ཕྱོགས་སུ་ཁ་གཏད་ནས་“ཀི_ཀི་_”ཞེས་ཀི་རིང་ལན་གསུམ་འདེབས། ཀི་སྒྲ་དེ་ནི་མཚན་གྱི་སྨག་རིམ་ནས་ཤིན་ཏུ་གསལ་ཅིང་། ཐག་མི་རིང་བའི་ལུང་བའི་གཡས་ཕྱོགས་ཀྱི་བྲག་ལྡེབས་དེ་ནས་དེ་མ་ཐག་བྲག་ཅ་ཞིག་བསྟུད་མར་མཆེད་ཡོང་སྲིད།
  “ཁ་དམ་དེ་ཚོ་ད་ནི་ཐག་ཉེར་བཏུད་མི་ཐུབ་པ་ཁོ་ཐག་ཡིན”དེ་དུས་ཕ་རྒན་གྱིས་དེ་ལྟར་ཟེར་བ་དང་། ང་ལ་ཕྱོགས་ནས་“ངའི་ཀི་སྒྲ་འདི་སྒྲ་མཐོ་བས་ད་ནི་ཁྱོད་ཀྱི་མ་རྒན་གྱིས་ཀྱང་ཐོས་ཡོད་ངེས”ཟེར།
   “ཨ་མས་ཕལ་ཆེར་ཐོས་ཐུབ་རྒྱུ་མ་རེད། གྲོང་ཚོའི་ནང་གློག་བརྙན་སྟོན་པའི་སྒྲ་དེ་ཤིན་ཏུ་ཆེ་བས”ངས་དེ་ལྟར་བཤད།
   “དེས་ན་ཁྱོད་ཀྱིས་ཀི་ཞིག་ཐོབས་དང་། ཁྱོད་ཀྱི་མ་རྒན་གྱིས་མི་གོ་རུང་། ཁ་དམ་ཀྱི་ཕྲུ་གུ་ཞིག་ཡིན་རུང་ཞེད་འགྲོ་ངེས་རེད”ཕ་རྒན་གྱིས་སྨག་གི་ཀློང་ནས་གཅིན་པ་གཏོང་བཞིན་དེ་ལྟར་ཟེར།
   “ཀི_ཀི་_”ངས་རི་མགོའི་མཚན་མོ་དེར་ཁ་གཏད་ནས་དེ་ལྟར་ཀི་རིང་བཏབ། ཡིན་ན་ཡང་། ངའི་ཀི་སྒྲ་ལ་ཕ་རྒན་གྱི་ཀི་སྒྲ་ལྟ་བུའི་ཟིལ་ཤུགས་ཅི་ཡང་མི་འདུག ཕ་རྒན་གྱི་ཀི་སྒྲ་ནི་སྦོམ་ཞིང་མཐོ་ལ། རིང་ཞིང་རྩུབ་པ་ཞིག་སྟེ། དེ་ལ་མཚན་གྱི་སྨག་རིམ་སྟུག་པོར་ཨི་ཁུང་བརྟོལ་ཅིང་མུན་པའི་ངོ་གདོང་ཐེར་ཚལ་སྦར་ཚལ་དུ་གཏོང་བའི་ཟིལ་ཤུགས་ཐུན་མོང་མ་ཡིན་པ་ཞིག་འཛོམས་འདུག དེ་བས་ངས་ཕ་རྒན་ལ་“ངའི་ཀི་ཆུང་ཆུང་འདི་ལ་སྤྱང་་་་་”ཨེན་ཙམ་མིན་ན་ངའི་ངག་ནས་སྤྱང་ཀི་ཞེས་ཤོར་འགྲོ་བ་དང་དེ་མ་ཐག་དྲན་སོས་པས་ངས་“ཁ་དམ་སྐྲག་རྒྱུ་མ་རེད”ཅེས་ཕ་རྒན་ལ་ཁས་ལེན་སྤྲད།
   “ཁ་དམ་སྐྲག་འགྲོ་བ་ཁོ་ཐག་རེད”ཡིན་ན་ཡང་ཕ་རྒན་གྱིས་ང་ལ་དེ་ལྟར་ཟེར་བ་དང་། “གནའ་སྔ་མོ་སྔ་མོ་ཞིག་ལ། ཁ་དམ་ཀྱིས་འདི་འདྲ་ཞིག་བཤད་མྱོང་སྟེ། དེ་ནི་སྐྱེས་བ་ཕོ་ཞིག་ཡིན་ཚེ། དེ་ནི་བུ་ཆུང་མཐེ་བོང་ཙམ་ཞིག་ཡིན་རུང་ཁོ་སྐྲག་ནས་དབུགས་ཆད་འགྲོ་ཟེར། དེ་བས་ཁྱོད་ཀྱི་ཀི་སྒྲ་ལ་ཡང་དེ་ཞེད་འགྲོ་བ་ཁོ་ཐག་རེད”ཟེར།
   རི་མགོ་ན་ཡོད་དུས། ཕ་རྒན་གྱིས་དུས་རྒྱུན་དུ་ང་ལ་གནའ་སྔ་མོ་སྔ་མོ་ཞིག་ལ་ཞེས་སྔོན་ཆད་ཀྱི་སྐད་ཆ་མང་པོ་ཞིག་ལབ་མྱོང་ཡོད། དེར་མ་ཟད། རྒྱུན་དུ་ང་ལ་སྐྱེས་པ་ཕོ་སྐྱེས་པ་ཕོ་ཟེར། ཡིན་ན་ཡང་། ང་ལོ་བཅུ་ལ་སོན་ཙམ་ཡིན་པ་དང་། ང་ནི་གནའ་སྔ་མོ་སྔ་མོ་ཟེར་བ་དེར་སླེབས་མྱོང་མེད་ཅིང་། སྐྱེས་པ་ཕོ་ཟེར་བའི་ཚད་དུ་ཡང་སླེབས་མེད་པས། ངའི་སེམས་སུ་ཕ་རྒན་གྱི་སྐད་ཆ་དེ་དག་ལ་བདེན་ཁ་ཅི་ཡང་སྟེར་མ་འདོད། དེ་ལས་ལྡོག་སྟེ། ངས་ཕ་རྒན་གྱིས་ནམ་ཞིག་ལ་ང་རང་རི་མགོ་ནས་གྲོང་ཚོའི་ནང་དུ་ལོག་པར་ཆོག་མཆན་གནང་ཡོང་ན་ཅི་མ་རུང་སྙམ་ནས་རེ་ལྟོས་བྱེད་ཅིང་། མཚམས་རེར་ལུང་མདོའི་གྲོང་ཚོའི་ཕྱོགས་ནས་གློག་བརྙན་སྟོན་པའི་སྐད་སྒྲ་མཐོན་པོ་དེ་རླུང་གིས་ཁུར་དེ་ངའི་ཉན་བྱེད་དུ་འཛུལ་ཡོང་དུས། ངའི་སེམས་ནང་དུ་ཟ་འཕྲུག་ལྟ་བུ་ཞིག་ལངས་ནས་བཟོད་ཐབས་ཤིག་མི་འདུག
   “ཁ་དམ་ཀྱིས་སྐད་ཆ་དེ་སུར་བཤད་མྱོང་བ་རེད”ངས་ཕ་རྒན་ལ་ལྡོག་འདྲི་བྱས།
  “ཐན་ཕྲུག གནའ་སྔ་མོ་སྔ་མོ་ཞིག་ལ་བྱུང་བ་དེ་ངས་ཇི་ལྟར་ཤེས”ཕ་རྒན་གྱིས་གཅིན་པ་བཏང་ཚར་ནས་ཁ་ཚུར་འཁོར་ཏེ་ངའི་ཉེ་སར་བཏུད་ཡོང་བ་དང་། དེ་ནས་ངའི་མགོ་ལ་ཐལ་ལྕག་གིས་ཐེངས་གཅིག་བརྒྱབ་བྱུང་། ཕ་རྒན་གྱིས་ངས་སྒྲིག་འགལ་གྱི་སྐྱོན་བཟོས་པ་དང་ཡང་ན་ཁོང་ལ་མདུང་ཚུགས་ཀྱིས་འཁོར་བའི་བཟོ་ལྟ་སྟོན་པའམ་ཁ་ལན་སློག་ཡོང་དུས། དེ་ལྟར་ང་ལ་“ཐན་ཕྲུག”ཅེས་འབོད། …………

              གསུམ།

   ས་སྲོད་འདིར། ཕ་རྒན་གྱིས་ང་ལ་“ཁྱོད་གྲོང་ཚོའི་ནང་དུ་བ་མ་ལེན་དུ་འགྲོ་ཐུབ་བམ”ཞེས་དྲིས་བྱུང་།
  “ལོས་ཐུབ”ངས་དེ་ལྟར་ཚིག་ཐག་ཆོད་པོས་ལན་བཏབ།
  རི་མགོ་ནས་ཟླ་ཕྱེད་ཙམ་ལ་བསྡད་དེ་གྲོང་ཚོའི་ནང་དུ་ལོག་རྒྱུ་མ་བྱུང་བའི་ང་ལ་མཚོན་ན་ཕ་རྒན་གྱི་སྐད་ཆ་དེ་ནི་ཅི་འདྲའི་རྣ་བར་སྙན་པ་ཞིག་རེད་ཨང་། རི་མགོའི་འཚོ་བ་ནི་ང་ལ་མཚོན་ན་ཅི་འདྲའི་ཁེར་རྐྱང་དང་བྲོ་བ་མེད་པ་ཞིག་རེད་ཨང་། ངས་གྲོང་ཚོའི་བཞི་མདོའི་འདུ་འཛི་དང་རྩེད་གྲོགས་བྱིས་པ་དེ་དག་རྒྱུན་དུ་དྲན་པ་དང་། ད་དུང་དུས་ངེས་མེད་བསྟན་ཡོང་བའི་གློག་བརྙན་སྟོན་པའི་མཚན་མོ་དེ་དག་ལྷག་ཏུ་དྲན། ང་རི་མགོར་སྡོད་པའི་རིང་ལ། རྟག་ཏུ་ཉིན་ལ་ཕ་རྒན་དང་ལྷན་དུ་ངེད་ཚང་གི་ལུག་ཁྱུ་དེའི་རྗེས་སུ་འབྲངས་ཏེ། སུ་རུ་དང་སྤེན་མ་སོགས་སྐྱེས་དངོས་དམའ་མོ་དག་སྐྱེས་ཡོད་པའི་རྫ་སྒང་དེ་དག་གི་སྒང་གཤོང་དང་བར་གསེང་ཡང་ཡང་མྱུལ་བ་དང་། ཡང་མཚམས་རེར་རིའི་གདོང་ཁ་རེ་ནས་སྐྱི་བསེར་རླུང་བུ་འཇགས་མེད་དུ་གཡུགས་ཡོང་བར་ཁ་གཏད་དེ་རྩྭ་མགོ་ལ་ནམ་ཡང་རྔམས་རྔམས་ལ་ཡོད་པའི་ལུག་དེ་དག་གི་མདུན་ནས་འགོག་ཅི་ཐུབ་བྱས་པ་ཡིན། ཕ་རྒན་གྱི་སྐད་ཆ་ལྟར་ན། ཁོས་ང་རི་མགོར་ཁྲིད་ཡོང་བ་ནི་ཁོའི་“རྐང་ཚེགས”ལེན་དུ་ཡོང་བ་ཡིན་ཟེར། དོན་དམ་དུ་ཡང་དེ་འདྲ་ཡིན་པ་འདྲ་སྟེ། ང་རི་མགོར་ཡོང་བ་ནས་བཟུང་། ངེད་གཉིས་མཉམ་དུ་ལུག་རྫིར་སྐྱོད་དུས་ཁོས་ང་རང་ལས་ཀ་ཆེ་ཆུང་གང་ཡིན་རུང་དེ་སྒྲུབ་པར་མངགས་རྐྱང་བྱེད་ཅིང་། ཕལ་ཆེར་ཁོང་གི་རྐང་བ་གཉིས་ནི་ངའི་ལུས་སུ་ཡོད་པ་དང་མཚུངས།
  ཁོས་ང་ལ་“ཁྱོད་སོང་ནས་ལུག་དེ་ཚོའི་སྔུན་ཁོགས”ཟེར།
   “ཁྱོད་སོང་ནས་མ་མོ་རྒྱ་ཐོ་མ་དེ་ཟུངས་ཤོག”ཟེར།
  “ཁྱོད་སོང་ནས་ཨོང་བ་དེ་ཚོ་སྒྱེ་མོའི་ནང་དུ་ཐུས་ཤོག”ཟེར། “ཁྱོད་སོང་ནས་་་་་་”
  ཕ་རྒན་གྱིས་ང་དེ་ལྟར་ཁོའི་“རྐང་ཚེགས”ལེན་པར་ཡང་ཡང་མངགས་སྐབས། ངས་ཁོ་རང་མཚམས་རེར་རླུང་མེད་སའམ་ས་འཇམ་ས་ཞིག་ཏུ་སྒྱིདུ་ལུག་གིས་བསྡད་ནས་རི་གླུ་ཐ་ར་ཐོར་རེ་ཞིག་ལེན་བཞིན་པ་མཐོང་ཐུབ། ཁོས་མཚམས་རེར་ཚགས་པར་གྱི་ཤོག་བུ་ཤར་མོར་བཟོས་པའི་ཁུད་དུ་དུ་བའི་ལོ་གཅུད་པ་དང་། དེ་ནས་ལྕེ་རྩེས་ཤོག་བུའི་སྣེ་མོ་རློན་པར་བཟོས་ཏེ་དུ་བ་གཅུད་པ་དང་། འབར་ཞུན་སྒྲོན་ནས་ཐ་མག་སྔོ་ལང་ལིང་འཐེན།
  ཐ་མག་སྔོ་ལིང་ལིང་གིས་འཐེན་པའི་ཕ་རྒན་གྱིས་མཚམས་རེར་ཐག་ཚད་ཅིག་གི་མཚམས་ན་ཡོད་པའི་ང་ལ་ཕྱོགས་ནས་མིག་ཟིམ་ཟིམ་གྱིས་ལྟ་བ་དང་ཁའི་ཟུར་དུ་མཐོང་དཀོན་པའི་འཛུམ་ཆུང་ཞིག་ལངས་ཏེ་ང་ལ་“ད་ཁྱོད་ཀྱང་ཕོ་གསར་ཆུང་ཆུང་ཞིག་ཏུ་ཆགས་པའི་བཟོ་ལྟ་འདུག”ཟེར་བ་དང་དེ་ནས་སླར་ཡང་ཐ་མག་སྔོ་ལིང་ལིང་གིས་ཁ་ནས་ཕྱི་རུ་གཏོང་བཞིན་“ད་ནི་མི་རིང་བར་ངའི་ཚབ་བྱས་ཏེ་རི་ནས་གཅིག་པུ་སྡོད་ཐུབ་པ་འདྲ”ཟེར།
   “ང་ད་དུང་ལོ་བཅུ་ལ་སོན་ཙམ་ཡིན་པས། ཕོ་གསར་ཆགས་མེད”ངས་དེ་ལྟར་ཁ་ལན་སློག་ཅིང་སེམས་ནས་རང་ཉིད་རྗེས་མར་ཕ་རྒན་ནང་བཞིན་རི་མགོ་ནས་གྲོགས་མེད་ཁེར་རྐྱང་དུ་སྡོད་དགོས་པ་དེར་ཡིད་མ་རངས།
   “གླིང་རྗེ་གེ་སར་རྒྱལ་པོ་ཡང་ཕོ་ལོ་བཅུ་གསུམ་ཐོག་རྟ་རྒྱུགས་རྒྱལ་འཇོག་བྱས་ནས་སེང་ལྕམ་འབྲུག་མོ་མནའ་མར་བསུས་ཤིང་གླིང་དཀར་སྟོད་ཀྱི་རྒྱལ་པོར་བསྡད་པ་རེད། ད་ཁྱོད་ཀྱང་ཆུང་རྒྱུ་ཡོད་པ་མ་རེད”ཕ་རྒན་གྱིས་དེ་ལྟར་ང་ལ་སློབ་གསོ་བརྒྱབ།
  དེ་ལྟར་ལགས་མོད། ངས་ནི་རང་ཉིད་ད་དུང་ཕྲུ་གུ་ཞིག་ཡིན་པར་བསམས་ཡོད། ཕྲུ་གུ་ཞིག་ཡིན་པས། ང་གྲོང་ཚོའི་ནང་གི་ཕྲུ་གུ་གཞན་དག་དང་མཚུངས་བར་སྲང་ལམ་ནས་འུར་འབོད་བྱེད་བཞིན་རྩེད་འཇོར་གཡེང་ན་འགྲིག་པ་ལས། འདི་ལྟར་རི་མགོར་ཡོང་ནས་ཕ་རྒན་དང་ལྷན་དུ་ལུག་ཁྱུ་ཞིག་གི་མཐའ་ནས་རྔུལ་ནག་ཁྲོམ་ཁྲོམ་གྱིས་རྒྱུགས་ན་མི་འོས་བསམས། ཡིན་ན་ཡང་། དེ་ནི་ངའི་སེམས་ཀྱི་འཆར་སྣང་ཙམ་ལས་མ་འདས་ཏེ། དོན་དངོས་སུ་ང་ལོ་རེ་གཉིས་ཀྱི་ཡར་སྔོན་ནས་འདི་ལྟར་ཕ་རྒན་གྱི་“རྐང་ཚེགས”ལེན་མཁན་ཏུ་གྱུར། ངས་བསམ་ཤེས་དུས་ནས་བཟུང་ཕ་རྒན་དུས་དང་རྣམ་པ་ཀུན་ཏུ་རི་མགོའི་ལ་ལུང་ཀུན་ཏུ་ངེད་ཚང་གི་ལུག་ཁྱུའི་རྗེས་སུ་འགྲོ་བཞིན་འདུག་ཅིང་། གྲོང་ཚོའི་ནང་གི་ཁྱིམ་དུ་སྡོད་པའི་གོ་སྐབས་ཤིན་ཏུ་ཉུང་། ངེད་ཚང་གི་ལུག་ཁྱུ་ནི་སྤྲིན་དཀར་གྱི་འདབ་མ་ཞིག་ས་རུ་ལྷུང་བ་ལྟར་རི་མགོ་ནས་ཡང་ཡང་འཕྱོ་ཞིང་། གྲོང་ཚོའི་ནང་གི་རྩེད་གྲོགས་སྣབས་ལུག་དེ་ཚོས་ང་ལ་མཚམས་རེར་“ཁྱོད་ཚང་ནི་གྲོང་ཚོའི་ནང་གི་ཕྱུག་བདག་ཡིན་པས། ཅི་འདྲའི་སྐྱིད་པ་ལ”ཟེར། ཁོ་ཚོས་དེ་ལྟར་ལབ་དོན་ནི་ངོ་དགའ་སྤྲེལ་ལད་ཁོ་ན་མ་ཡིན་པར། ངའི་སྟོད་གོས་ཀྱི་ཁུག་མའི་ནང་བླུགས་ཡོད་པའི་ཀ་ར་དེ་དག་གི་ཆེད་དུ་རེད། ལོ་དེ་དག་ལ། གྲོང་ཚོའི་ཕྲུ་གུ་ཚོའི་ཁྲོད་དུ་འོ་མ་ཀ་ར་རྫོགས་མེད་ཟ་རྒྱུ་ཡོད་པ་ཡང་ང་གཅིག་པུ་ལས་མེད་དེ། ཕ་རྒན་གྱི་བཤད་སྲོལ་ལྟར་ན། ཁོ་ཚོ་རི་མགོར་ཕྱུགས་ཀྱང་འཚོ་རུ་འགྲོ་འདོད་མེད་པས། ཕྱུག་པོར་འགྱུར་ཐུབ་ཀྱི་མ་རེད་ཟེར། ཡང་ངའི་མ་རྒན་གྱིས་འོ་མ་ཀ་ར་ངའི་ཁུག་མར་འཇུག་བཞིན་“གྲོན་ཆུང་གིས་ཟོ། འདི་ཚང་མ་ཁྱོད་ཀྱི་ཨ་ཕ་ཉི་མ་སུམ་བརྒྱ་དྲུག་ཅུར་རི་མགོ་ནས་ལུག་འཚོས་ཤིང་དཀའ་སྡུག་མྱངས་ནས་བསགས་པ་རེད”ཟེར།
  གང་ལྟར་ཀྱང་། ཕ་རྒན་གྱིས་དུ་བ་སྔོ་ལིང་ལིང་འཐེན་བཞིན་དུས་ནམ་ཡང་ལུག་རྫི་ན་ཡོད།
   སྲོད་ཀྱི་ཉི་འོད་སེར་པོ་ཡུད་ཙམ་གྱི་རིང་ལ་ལུག་ལྷས་ནས་སུ་ཞིག་གིས་བཤུ་བཞིན་པའི་གོས་ལྭ་སེར་པོ་ཞིག་དང་མཚུངས་བར་མཐོ་ས་ནས་མཐོ་སར་བྱེར་སོང་བ་དང་། ཅང་མ་འགོར་བར་ཁོ་ར་ཁོར་ཡུག་ཀུན་དེུའི་ར་མདར་སྙེགས་པ་ལྟ་བུའི་གྲིབ་མདངས་ནག་པོ་ཞིག་གིས་ཡོངས་སུ་བཟུང་སོང་།
  “ད་ནི་ས་ཡང་རུབ་ལ་ཉེ་བས། ཁྱོད་གྲོང་ཚོའི་ནང་དུ་ལོག་ན་ལམ་བར་ནས་མི་སྐྲག་གམ”ཕ་རྒན་གྱིས་དེ་ལྟར་ཟེར།
   “ཁྱོད་ཀྱིས་ང་ཕོ་གསར་དུ་གྱུར་ཡོད་པ་རེད་ཅེས་བཤད་པ་མིན་ནམ། ཕོ་གསར་ཅིག་ས་རུབ་པར་ཡང་སྐྲག་ན་ཕོ་གསར་མ་རེད”ངས་དེ་ལྟར་བདེ་ཅོག་ཅོག་གིས་ལབ་པ་དང་། སེམས་སུ་ཕ་རྒན་གྱིས་ང་རང་གྲོང་ཚོའི་ནང་དུ་མངགས་པར་རེ་བ་དྲག་ཏུ་བཅངས།
   “ས་རུབ་ན། ལམ་ནས་ཁ་དམ་ལ་ཡང་འཕྲད་སྲིད”ཕ་རྒན་གྱིས་དེ་ལྟར་ཟེར།
   “ཁ་དམ་བུ་ཆུང་མཐེ་བོང་ཙམ་ལ་ཡང་ཞེད་འགྲོ་ཞེས་ཁྱེད་ཀྱིས་བཤད་པ་མ་ཡིན་ནམ། དེར་མ་ཟད་ང་ལ་ད་དུང་མདའ་གཞུ་ཡང་འཁུར་རྒྱུ་ཡོད་པས”ངས་དེ་ལྟར་བཤད་བཞིན་རྡོ་ཁང་གི་ཕྱི་ཡི་རྩིག་ལྡེབས་སུ་བཀལ་ཡོད་པའི་སྐྱེར་མདའ་སྐྱེར་གཞུ་དེ་མར་བླངས་ནས་ལག་ཏུ་བཟུང་སྟེ་ཕ་རྒན་གྱི་མིག་མདུན་ལ་སྟོན་ཙམ་བྱས་པ་ཡིན།
   “ཁ་བདེ་ཁྱོད།”ཕ་རྒན་གྱིས་དེ་ལྟར་ངའི་རྐུབ་ལ་ཐལ་ལྕག་གིས་གཞུ་ཙམ་བྱས། ཡིན་ན་ཡང་དེ་ནི་སྔོན་ཆད་སྒྲིག་འགལ་གྱི་ཆད་གཅོད་དུ་ཕོག་པའི་ཐལ་ལྕག་དེ་འདྲ་ཚ་པོ་ཞིིག་མ་ཡིན་པར། ངའི་ཁོང་གི་ཐལ་ལྕག་ཡང་མོ་དེ་ལས་ནང་དོན་གཞན་ཞིག་ཚོར་བྱུང་།
  སྐྱེར་མདའ་སྐྱེར་གཞུ་དེ་ནི་ང་རི་མགོར་སྡོད་དུས་ཀྱི་གྲོགས་པོ་ཡག་ཤོས་དེ་ཡིན་ཞིང་། མཚམས་རེར་ང་མཚན་ལ་གཉིད་ཉལ་དུས་ཀྱང་བློས་མི་ཆོད་པར་སྔས་མགོར་བཞག་པ་ཡིན། སྐྱེར་མདའ་སྐྱེར་གཞུ་ཡོད་པ་ནས་བཟུང་ངའི་བློ་བདེ་མྱོང་སྟེ། ད་ནི་མཚན་ལ་ཁ་དམ་ལུག་ལྷས་སུ་འཇབ་རྒྱུགས་བྱས་ཀྱང་ངས་དེ་ལ་ཁ་གཏད་བཅག་ཆོག་སྙམ། དང་ཐོག ང་ལ་སྐྱེར་མདའ་སྐྱེར་གཞུ་མེད་པས། མཚན་མོ་ཞིག་ལ་ཁ་དམ་ལུག་ལྷས་སུ་འཇབ་རྒྱུགས་བྱེད་དུས་ང་ཕ་རྒན་དང་ལྷན་དུ་རྡོ་ཁང་གི་ཕྱི་རུ་རྒྱུགས་ནས་ཁ་དམ་དེ་དག་ལ་ཕར་རྒོལ་བྱས་པ་ན། མུན་ནག་གི་ཀློང་ནས་ཁ་དམ་དེའི་མིག་ནས་འཕྲོས་ཡོང་བའི་འོད་སྔོན་པོ་དེ་དང་ཁ་ནས་གྲགས་མྱོང་བའི་སྒྲ་འཇིགས་པོ་དེས་ང་རྦད་དེ་ཞེད་ནས་ཕམ་པར་བཏང་མྱོང་།
  རི་མགོར་སྡོད་དུས། ཁ་དམ་དེ་དག་མཚན་གུང་ལ་ལུག་ཁྱུར་འཇབ་རྒྱུགས་ཡང་ཡང་བྱེད། ཁོ་ཚོས་ལྷས་འདབས་ཀྱི་མེ་ཐོ་དེ་ལ་ཡང་ཐེ་གཏོགས་མི་བྱེད། ཁོ་ཚོ་དེ་ལྟར་འཇབ་རྒྱུགས་བྱེད་དུས་ལུག་ལྷས་ཀྱི་ལུག་ཁྱུ་ཞོགས་ནས་འབའ་དིར་བྱེད་ཅིང་། ལུག་ཁྱུ་ཞོགས་པའི་སྒྲ་ཡིས་ཕ་རྒན་དང་ངེད་གཉིས་གཉིད་ལས་ཐོལ་གྱིས་བསད་ངེས། དེ་དུས་ཕ་རྒན་གྱིས་ངག་ནས་ཀི་ཤུར་འདེབས་ཤིང་། རྡོ་ཁང་གི་རྩིགས་པར་བཀལ་ཡོད་པའི་གྲི་རིང་དུ་ལག་ཏུ་བཟུང་སྟེ། སྒོ་ཕྱིར་རྒྱུགས་འགྲོ་ཞིང་། ང་ལ་ནི་མཚོན་ཆ་ཅི་ཡང་མེད་པས། སྔས་མགོའི་ལག་སྒྲོན་དེ་སྦར་ཏེ་གཅེར་བུར་ཕྱི་རུ་རྒྱུགས་པ་ཡིན།
  ཁ་དམ་ལུག་ལྷས་སུ་རྒྱུགས་ཐེངས་རེར། ལུག་མང་པོ་ཞིག་ལ་ཤི་རྨས་ཐེབས་ངེས། ཁ་དམ་ཟེར་བའི་སེམས་ཅན་དེ་ནི་ཅི་འདྲའི་བརྐམ་སྲེད་ཆེ་བ་ཞིག་རེད་ཨང་། དེས་ལུག་གཅིག་བསད་དེ་ཤ་མི་ཟ་བར་ལུག་མང་པོ་ཞིག་གི་སྐེ་ལ་སོ་བཏབ་ནས་བསད་འགྲོ། ཕ་རྒན་གྱིས་བཤད་པ་ལྟར་ན། དེ་ནི་ཁ་དམ་ཀྱིས་དུས་ཚོད་ཐུང་ངུ་ཞིག་ཏུ་ལུག་ཤ་ཟ་ཁོམ་མེད་པ་ཧ་གོ་བས་སྐེ་ལ་སོ་བཏབ་ནས་ཁྲག་གཞིབ་དགོས་ལ་དེ་ལྟར་་ལུག་མང་པོར་སོ་འདེབས་པ་རེད་ཟེར། གང་ལྟར་ཀྱང་། ཁ་དམ་ལུག་ལྷས་སུ་རྒྱུགས་ཐེངས་རེར་ལུག་རོ་མང་པོ་ཞིག་ཤུལ་ཏུ་ལུས་ངེས། དེ་དུས་ཕ་རྒན་གྱིས་ཞེ་སྡང་གི་ངང་ནས་“ཁ་དམ་རྒྱུ་དེ་ཚོ། ཁ་དམ་རྒྱུ་དེ་ཚོ།”ཞེས་དམོད་ཅིང་། རྒྱང་དུ་བྲོས་ཚར་བའི་ཁ་དམ་དེ་ཚོར་ཕྱོགས་ནས་ཀི་ཤུར་ཡང་ཡང་བྱེད།
  ད་ལྟ་ཡང་། ངས་ཕ་རྒན་གྱིས་ངའི་མཐོང་ས་ནས་ཁ་དམ་ཤིག་གྲི་འོག་ཏུ་དྲངས་པའི་དཔའ་ཉམས་དེ་བརྗེད་ཐབས་ཤིག་མི་འདུག ཁ་དམ་ལུག་ལྷས་སུ་རྒྱུགས་པའི་མཚན་གུང་དེར། ཕ་རྒན་གྱིས་གྲི་བཟུང་སྟེ་ཕྱི་རུ་རྒྱུགས་རྗེས། ངས་ལག་སྒྲོན་བཟུང་ནས་གོས་ལྭ་ཡང་གོན་ཁོམ་མ་བྱུང་བར་ཕ་རྒན་གྱི་ཕྱི་རུ་འབྲངས་ཏེ་རྒྱུགས་པ་དང་། ལྷས་སྟོད་ནས་ངའི་གློག་འོད་དུ་ཁ་དམ་ཤིག་གིས་ལུག་གཅིག་གི་སྐེ་ལ་སོ་བཏབ་ནས་མར་མནན་ཡོད་པ་མཐོང་བྱུང་། ལུག་དེས་མགོན་མེད་ཉམས་ཆུང་གིས་ཁ་དམ་ཀྱི་མཆེ་འོག་ཏུ་རྐང་ལག་འགུལ་བཞིན་འཕག་འཚག་རྒྱག དེ་ལ་ངས་གློག་དེའི་ཐོག་ཏུ་བཀར་ཏེ་ཁ་ནས་ཀི་ཤུར་བྱས། ཡིན་ན་ཡང་། ཁ་དམ་དེ་ནི་ངའི་ཕ་རྒན་གྱིས་བཤད་པ་ནང་བཞིན་བུ་ཆུང་ཐེ་བོང་ཙམ་ཡིན་ཡང་དེ་ལ་ཞེད་འགྲོ་བ་ཞིག་མ་ཡིན་པ་འདྲ་སྟེ། གློག་འོད་འོག་ནས་དེས་འོད་སྔོན་པོ་འཚེར་བའི་མིག་ཟུང་དྲག་ཏུ་གདངས་ཤིང་མཆེ་གཙིགས་སྡེར་བགྲད་ཀྱིས་ཁ་ནས་སྐད་སྒྲ་འཇིགས་པོ་ཞིག་འདོན་བཞིན་ལུག་དེ་ཁ་ནས་མི་གཏོང་། གནས་ཚུལ་དེ་འདྲར་འཕྲད་པ་ན་ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་སེམས་སུ་རང་ལ་ཕ་རྒན་ནང་བཞིན་གྲི་རིང་ཞིག་ལག་ཏུ་འཛིན་རྒྱུ་ཡོད་ན་ཅི་མ་རུང་སྙམ། དེ་ལྟར་སྙམ་པའི་སྐད་ཅིག་མ་དེར་ཕ་རྒན་མུན་ནག་གི་གྲུ་ག་གང་རུང་ཞིག་ནས་མངོན་ཡོང་སྟེ་གྲི་གཡུག་ཐེངས་གཅིག་གིས་ཁ་དམ་དེ་བསད་སོང་བ་དང་། ཁ་དམ་དེས་ཐ་ན་སྐད་ཀྱང་འབྱིན་ཁོམ་མ་བྱུང་བར་ཁ་ནས་ལུག་ལྷོད་ཅིང་ཐང་ལ་འགྲིལ་སོང་། ཕ་རྒན་གྱིས་ཁ་དམ་གྲི་འོག་ཏུ་དྲངས་བའི་དཔའ་ཉམས་དེར་ང་རང་དད་གུས་ཚད་མེད་ཅིག་སྐྱེས་ཤིང་། སྣང་བ་ཞིག་ལ་སྐབས་དེ་ཐོག་ཏུ་ཐག་ཉེ་རིང་གི་རི་ལུང་དེ་དག་གློ་བུར་དུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བ་དང་། ངའི་ཕ་རྒན་གྱི་སྣང་བརྙན་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་།
   “ཨ་ཕ། ང་ལ་ཡང་གྲི་ཞིག་ཉོ་རོགས”མཚན་མོ་དེའི་རྗེས་ནས་ངས་ཕ་རྒན་ལ་དེ་ལྟར་རེ་ཞུ་བྱས།
   “གྲི་རིང་བོ་ཁྱོད་ལ་གཡུགས་པའི་རྩལ་ད་དུང་མེད་པས། ངས་ཁྱོད་ལ་སང་ཉིན་སྐྱེར་མདའ་སྐྱེར་གཞུ་ཞིག་བཟོ་ཡོང་།”ཕ་རྒན་གྱིས་དེ་ལྟར་ཟེར།
   “སྐྱེར་མདའ་སྐྱེར་གཞུས་ཁ་དམ་གསོད་ཐུབ་བམ”ངས་མ་རངས་བར་དེ་ལྟར་བཤད།
  “ལོས་སོད”ཕ་རྒན་གྱིས་ཐོད་པར་གཉེར་མདུད་ཅིག་རྒྱག་བཞིན་ཧ་ཅང་བདེན་པའི་ཚུལ་དུ་“སྔོན་ཆད་གླིང་གེ་སར་རྒྱལ་པོ་ལོ་ཆུང་ཆུང་ཡིན་དུས་ཀྱང་སྐྱེར་མདའ་སྐྱེར་གཞུ་བཟུང་ནས་ཕ་རོལ་མང་པོ་ཆམ་ལ་ཕབ་མྱོང་བ་རེད”ཟེར།

                བཞི།

  ཉི་མ་ཚང་ལ་ནུབ་རྗེས། རི་ཀླུང་ཀུན་དེ་མ་ཐག་གྲིབ་མདངས་ནག་པོ་ཞིག་གིས་ཡོངས་སུ་བཟུང་བྱུང་། མགོ་ཐོག་གི་བར་སྣང་ལེབ་མོ་དེ་མདོག་སྔོན་པོ་ནས་མཐིང་ནག་ཏུ་གྱུར་ཅིང་། སྐར་མ་གྱོད་གཏུགས་ཟེར་བའི་བྱང་ཕྱོགས་ཀྱི་སྐར་མ་དེ་ཡང་རིམ་གྱིས་མི་གསལ་བ་ནས་གསལ་བར་གྱུར། སྐར་མ་གྱོད་གཏུགས་ཤར་ནས་ཅང་མི་འགོར་བར། མཐིང་ནག་གི་བར་སྣང་དུ་རྒྱུ་སྐར་གྱི་ཕྲ་ཚོམ་ཁྲ་ཆིལ་དགུ་ཆིལ་དུ་ཤར་ངེས་པ་དང་། དེ་ལ་གྱོད་གཏུགས་སུ་འབོད་དོན་ཡང་སྐར་མ་དེས་མཚན་གྱི་བར་སྣང་དུ་སྐར་མ་ཡོད་ཚད་སྐད་བཏང་ནས་འཚང་ཀ་རྒྱག་ཏུ་འཇུག་པས་རེད་ཟེར། ད་དུང་ཡུན་རིང་མི་འགོར་བར་བྱང་སྐར་སྤུན་བདུན་དང་། སྐར་མ་ཕུང་བོ་སྐེ་འཁྱོགས་སོགས་ཀྱང་བར་སྣང་གི་འཚང་ཀའི་གསེབ་ཏུ་ཤར་ཡོང་ངེས།
  “གནམ་གྱི་སྐར་མ་འདི་དག་ལ་ཞིབ་ཏུ་ལྟོས་དང་ལྟད་མོ་ཆེན་པོ་ཡོད་པ་རེད”ཕ་རྒན་གྱིས་སྔོན་ཆད་དེ་ལྟར་མཚན་ལ་ནུབ་འཚལ་འཐུང་ནས་རྡོ་ཁང་གི་ཕྱི་རུ་ཐོན་དུས། ལྷས་འདབས་ནས་གཅིན་པ་གཏོང་བཞིན་མགོ་བོ་བར་སྣང་དུ་དགྱེ་སྟེ་ང་ལ་དེ་ལྟར་བཤད་མྱོང་།
  དེ་དུས། ངས་མགོ་ཐོག་གི་སྐར་མ་དེ་དག་ངོ་ཤེས་སོང་པ་བཞིན། གཞི་ནས་ནུབ་ཀྱི་སྐར་མ་དེ་ངོ་ཤེས་པ་ཡིན་ཏེ། སྐར་ཚོགས་ཀྱི་འཚང་ཁ་ཤིག་ཤིག་དང་རྒྱང་དུ་གྱེས་པའི་ནུབ་ཀྱི་ནམ་མཁའི་མཐའ་ཞིག་ན། སྐར་མ་འོད་ཆེན་ཞིག་གསལ་ལམ་ལམ་ཏུ་ཁེར་རྐྱང་གིས་འཚེར་བཞིན་ཡོད་ཅིང་། ཕ་རྒན་གྱིས་ང་ལ་སྐར་མ་དེའི་མིང་ལ་སྐར་མ་མཛོ་འདོགས་ཟེར་ཞེས་བཤད་བྱུང་བ་དང་། སྐར་མ་དེས་དེ་ལྟར་མཐོངས་དབྱིངས་ཀྱི་སྐར་ཚོམ་ཡོད་ཚད་ལ་སོ་སྲུང་བྱས་ཡོད་པ་རེད་ཟེར། དེ་ནས་བཟུང་། ངས་ནུབ་ཀྱི་སྐར་མ་དེ་ལ་ཡང་དང་ཡང་བལྟས་པ་ཡིན། ནུབ་ཀྱི་ནམ་མཁའ་དེ་ནི་རྒྱང་ཐག་རིང་ཞིང་དུས་ནམ་ཡང་ནག་དིབ་སེར་གནས། གནམ་གྱི་ཡོལ་རས་སྟོང་བ་དེར་སྐར་མ་མཛོ་འདོགས་ཀྱིས་མིག་ཟུང་ལྷེམ་ལྷེམ་བྱེད་བཞིན་གནས། སྐར་མ་དེའི་འོག་ན་ངའི་དྲན་གདུང་ཁྲོད་ཀྱི་གྲོང་ཚོ་ཡོད་ཅིང་། གྲོང་ཚོའི་ནང་དུ་དུས་རྒྱུན་དུ་ང་ལ་བྱམས་བྱམས་བྱེད་པའི་མ་རྒན་ཡོད། ད་དུང་ང་ལ་ངོ་དགའ་སྤྲེལ་ལད་བྱེད་པའི་རྩེད་གྲོགས་དེ་ཚོ་ཡོད། ཡིན་ན་ཡང་། ང་དུས་ཚོད་རིང་བོ་ཞིག་ལ་ཤར་གྱི་རི་མགོ་འདི་ནས་ལུས་ཏེ་ནུབ་ཀྱི་སྐར་མ་དེའི་འོག་གི་གྲོང་ཚོར་འགྲོ་རྒྱུ་མ་བྱུང་།
   “ད་ནི་སྐར་མ་ཡང་ཤར་ཡོང་བས། མཚན་ལམ་བརྒྱབ་ན་ཁྱོད་མི་སྐྲག་གམ”ཕ་རྒན་གྱིས་ང་ལ་ཡང་བསྐྱར་དེ་ལྟར་དྲིས་ཡོང་།
   “མི་སྐྲག”ངས་དེ་ལྟར་བཤད།
  དེ་ནས་ཕ་རྒན་གྱིས་སྐྱེར་གཞུ་དེ་ངའི་ལུས་ལ་གཟུར་ནས་ཁུར་ཏུ་བཅུག་པ་དང་། སྤྱང་པགས་ཀྱིས་བཟོས་པའི་སྟག་དོང་དེ་ངའི་སྐེད་པར་བཏགས་པ་དང་། དེའི་ནང་ལ་སྐྱེར་མདའ་ཁ་ཤས་བླུགས། ཡང་རྒྱང་བཀྱེད་ནས་ངའི་ཚུགས་ཀར་མགོ་བོ་གཡོན་ནས་ལྟ་ཙམ་བྱས་པ་དང་། ཅི་ཞིག་སེམས་ལ་འཁོར་སོང་བ་ལྟར་རྡོ་ཁང་དུ་འཛུལ་ཅིང་། ཕྱིར་ཐོན་ཡོང་དུས་ལག་ཏུ་རྩིགས་ངོས་སུ་བཀལ་ཡོད་པའི་གྲི་རིང་དེ་བཟུང་ཡོང་།
  “གྲི་འདི་རིང་དྲགས་ནས་ཁྱོད་ཀྱིས་སྐེད་པར་འདོགས་མི་ཐུབ་པ་འདྲ”ཕ་རྒན་གྱིས་དེ་ལྟར་ཟེར།
  “ང་ལ་སྐྱེར་མདའ་སྐྱེར་གཞུ་ཡོད་པས་ཆོག གྲི་ཁྱོད་ཀྱིས་ཉར་ནས་མཚན་ལ་།ང་ཀིར་ཁ་གཏད་བཅག་ཆོག”ངས་དེ་ལྟར་བཤད་མ་ཐག རང་གིས་ནོངས་བཟོས་པ་ཚོར། ཡིན་ན་ཡང་བློ་ཡིད་ལས་འདས་པ་ཞིག་ནི་ཕ་རྒན་གྱིས་ང་ལ་བཤད་ནོར་ཤོར་ནས་ཁ་དམ་ཞེས་མི་འབོད་པར་སྤྱང་ཀི་ཞེས་བཤད་པ་དེར་ཆད་པ་ཅི་ཡང་བཅད་མ་སོང་། ཁོས་མ་ཐོས་པ་ནང་བཞིན་“འོ་ན་ལག་སྒྲོན་བཟུང་ནས་རྒྱུགས”ཟེར།
  “ལག་སྒྲོན་མི་དགོས། ངས་སྐར་འོད་འོག་ནས་ལམ་གསལ་བོ་མཐོང་ཡོང་།”ངས་དེ་ལྟར་བཤད།
  རི་མགོ་འདི་ནས་ནུབ་གྱི་གྲོང་ཚོའི་ནང་དུ་བགྲོད་པའི་ལམ་ཀ་ནི་སྒང་གཤོང་དང་ལུང་ཤུར་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། ད་ལྟའི་བར་དུ་ང་གཅིག་པུ་ལམ་ཀ་དེ་བརྒྱུད་ནས་འགྲོ་མྱོང་མེད་ཀྱང་། རྣམ་ཀུན་དར་མ་དག་དང་ལྷག་པར་དུ་ཕ་རྒན་དང་མཉམ་དུ་ཡར་འགྲོ་མར་འགྲོ་ཐེངས་མང་བྱས་མྱོང་བས། ལམ་ཕྲན་དེ་ཇི་ལྟར་གྱ་གྱུ་དང་དཀྱོགས་མཚམས། མཐོ་དམའ་སོགས་མང་ན་ཡང་ང་ལ་ལམ་འཛོལ་ཅི་ཡང་བྱུང་མི་སྲིད། དེ་བས་ཀྱང་ང་ནི་གྲོང་ཚོའི་ནང་དུ་ལོག་ཐུབ་པས། ད་ནི་སེམས་སུ་མྱུར་ཏུ་ལམ་ལ་ཆས་ན་བསམས།
   “ངས་ཁྱོད་མར་ཙམ་སྐྱེལ་ཡོང་།”ཕ་རྒན་གྱིས་གདོང་བ་ནག་རོག་གེར་དེ་ལྟར་བཤད།
  དེ་ནས་ང་དང་ཕ་རྒན་གཉིས་ཀྱིས་ལུག་ལྷས་ཀྱི་འདབས་རོལ་ནས་གཤམ་ལ་འཐེན་ཡོད་པའི་ལམ་ཕྲན་དེ་དེད་དེ་ཁ་ནུབ་ལ་གཏད་ནས་སོང་། སྲོད་ཀྱི་མུན་པ་དེར་ངང་རྒྱུད་རིང་བོ་ཅི་ཡང་མི་འདུག་པར་ཡུད་ཙམ་མ་འགོར་བར་ཐག་རིང་གི་རྫ་རི་ནག་མདོག་གི་ཐིག་རིས་ཙམ་དུ་གྱུར་ཅིང་། ཐག་ཉེ་སའི་མཐོང་ལམ་ཡང་མག་མོག་ཏུ་གྱུར་སོང་། ཕ་རྒན་གྱིས་ང་ལུག་ལྷས་དང་རིང་ཙམ་དུ་ཡོད་པའི་ཉག་ཁ་དེ་བར་དུ་སྐྱེལ། ཁོས་ལམ་བར་དུ་ང་ལ་སྐད་ཆ་ཅི་ཡང་མི་བཤད།
  “ཁྱོད་འདི་ནས་མར་སོང་ན། མཚམས་རེར་ཁ་ཕྱོགས་མི་ཤེས་ན། མགོ་བཀྱགས་ནས་གནམ་ལ་ལྟོས་དང་། དེ་ནས་ནུབ་མཐའི་སྐར་མ་མཛོ་འདོགས་དེ་མཐོང་སྲིད། སྐར་མ་དེའི་ཕྱོགས་གཟས་ནས་སོང་ན་ཁྱིམ་ལ་སླེབ་ངེས”ཕ་རྒན་གྱིས་ཉག་ཁའི་ཟུར་གྱི་དེའུ་འབུར་དེའི་ཐོག་ནས་ང་ལ་ནུབ་ཀྱི་སྐར་མ་དེ་བསྟན་བྱུང་།
  “ཡ་ཡ”ངས་དེ་ལྟར་བཤད་ནས་ལམ་དུ་ཆས་རྩིས་བྱས།
  “ཁྱོད་ཕོ་གསར་ཆགས་ཡོད་པས། ལམ་ནས་སྐྲག་མི་དགོས”ཨ་ཕས་ང་ལ་དེ་ལྟར་ཟེར་བ་དང་། སླར་ཡང་ངའི་རྒྱབ་ཏུ་ཁུར་བའི་སྐྱེར་མདའ་སྐྱེར་གཞུ་དེ་དམ་དུ་བསྡམས་ཙམ་བྱས། སྐྱེར་མདའ་སྐྱེར་གཞུ་དེ་ནི་ཕ་རྒན་གྱིས་རྫ་སིལ་གྱི་རྡོ་གསེབ་ཏུ་སྐྱེས་པའི་སྐྱེར་བ་ཞེས་པའི་སྐྱེས་དངོས་དེ་གྲི་ཡིས་བཅད་པ་དང་། དེ་ནས་ལྷས་འདབས་ཀྱི་མེ་ཐོའི་འོག་ཏུ་བཅུག་ནས་རིང་ཙམ་འགོར་རྗེས་བསྲིངས་འགུག་མཉེན་མོར་གྱུར་བ་ན། ཤུན་ལྤགས་བཀོག་ཅིང་སྣེ་གཉིས་ལ་གྲི་ཡིས་ཤུར་མོ་བཟོས། དེ་ལ་བལ་ཐིག་བཏགས་ནས་གཞུ་རུ་བཀུག་པ་ཡིན་ཞིང་། སྐྱེར་མདའ་ཡང་སྐྱེས་དངོས་དེའི་གསེང་ནས་ཤིན་ཏུ་དྲང་མོར་སྐྱེས་པའི་སྦོམ་ཕྲ་ལ་མཛུབ་མོ་ཙམ་ཡོད་པ་བཅད་ནས་སྣེ་འབིག་འབིག་བཟོས་ཤིང་། སྣེ་གཅིག་ལ་མདའ་ལྟོང་བཟོས་པ་ཞིག་ཡིན། ངས་དེ་ནས་བཟུང་། སྐྱེར་མདའ་སྐྱེར་གཞུ་བཀུག་སྟེ་ཐག་ཉེ་རིང་གི་དམིགས་འབེན་མང་པོར་ཡང་ཡང་བརྒྱབ་པ་ཡིན། ཡིན་ན་ཡང ་། ད་ལྟའི་བར་དུ་ངས་མདའ་མོ་དེ་ཡིས་བྱེའུ་གཅིག་ཀྱང་གསོད་མ་ཐུབ།ངས་སྐྱེར་མདའ་སྐྱེར་གཞུ་དེ་ཁུར་དེ་ཁ་ཕྱིར་ལྟོས་མེད་པར་ནུབ་ཀྱི་གྲོང་ཚོའི་ནང་དུ་ལོག་པའི་ལམ་དུ་ཞུགས། ལམ་བར་དུ་མཚན་གྱི་སྨག་རིམ་སྟུག་ནས་སྟུག་ཏུ་ཕྱིན་སོང་། རི་མགོའི་རྡོ་ཁང་དང་རྒྱབ་ཏུ་ལུས་པའི་ཕ་རྒན་དང་རིང་ནས་རིང་དུ་གྱུར་སོང་། ངས་ནུབ་ཀྱི་མཁའ་མཐའ་ན་འཚེར་བའི་སྐར་མ་དེ་མཐོང་བྱུང་། དེ་ནས་སྐར་མ་དེའི་འོག་ཏུ་ཆགས་ཡོད་པའི་གྲོང་ཚོའི་ནང་ནས་གློག་བརྙན་སྟོན་པའི་སྐད་སྒྲ་རླུང་གིས་འཁུར་ཡོང་བ་ཐོས། ངས་སྐད་སྒྲ་ཐོས་པ་ལས་གྲོང་ཚོའི་ནང་གི་ཁྱིམ་ཚང་རེ་རེའི་སྒེའུ་ཁུང་ལས་མཆེད་ཡོང་བའི་གློག་འོད་མཐོང་མི་ཐུབ་སྟེ། དེ་ནི་གློག་འོད་དེ་དག་གྲོང་ཚོའི་ནང་གི་ཁྱིམ་ཚང་རེ་རེའི་མཁར་གྱང་མཐོན་པོ་དང་མཁར་གྱང་གི་མཐའ་རུ་མཐོན་པོར་སྐྱེས་པའི་ཡུལ་སྡོང་གི་ཡལ་ཀ་དང་ལོ་མས་སྒྲིབ་པ་རེད། གང་ལྟར་ཀྱང་ངས་སྐར་འོད་མག་མོག་གི་འོག་ནས་ལམ་ཕྲན་ལུག་གི་རྒྱུ་མ་ལྟ་བུ་དེ་དེད་ནས་ལ་ཐུར་ནས་ཐུར་ཏུ་བསྐྱོད། དེ་ལྟར་བསྐྱོད་དུས། སྣང་བ་ཞིག་ལ་རི་ཀླུང་དེ་དག་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། ང་རང་ཉིད་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་སོང་། ཐ་ན་ལམ་འགྲམ་དུ་སྐྱེས་པའི་སྤེན་མ་དང་། སུ་རུ། ཨ་དཀར་གྱི་ཤིང་སོགས་ཀྱང་ཇེ་རིང་ནས་ཇེ་རིང་དུ་གྱུར་ཅིང་། ནག་རྫིབ་སྟུག་པོ་ཞིག་ཏུ་གྱུར་སོང་། ནག་རྫུབ་སྟུག་པོ་དེ་དག་གི་ཁོང་གསེང་ཞིག་ཏུ་ཁ་དམ་ཀྱིས་མིག་འོད་སྔོ་ཤལ་ལེར་ང་ལ་བལྟས་ཡོད་པའི་ཉམས་སྣང་ཞིག་ཀྱང་རིམ་གྱིས་ཞེ་ལ་ཡང་ཡང་འཁོར་ཅིང་། ང་ནི་རིམ་གྱིས་སྐྲག་དངངས་འགོག་མེད་ཅིག་གི་དབང་དུ་གྱུར་སོང་།
  “ཀི_”ངས་ལམ་བར་ནས་རང་གིས་རང་ལ་སྙིང་ཕུར་བརྡབས་པའི་ཆེད་དུ་ཀི་ཞིག་བཏབ་པ་ཡིན།
  “ཀི_”ངས་རང་གི་རྒྱབ་ཕྱོགས་ཀྱི་མཐོ་ས་ཞིག་ནས་དེ་ལྟར་ཕ་རྒན་གྱི་ཀི་སྒྲ་ཐོས་བྱུང་། ཕ་རྒན་གྱི་ཀི་སྒྲ་དེ་ནི་ལྷིང་འཇགས་ཀྱི་མཚན་ལམ་འདི་ནས་གསལ་ལྷང་ལྷང་གིས་མཆེད་ཡོང་བ་དང་། ཐག་ཉེ་རིང་གི་རི་སུལ་དེ་དག་ནས་དེ་མ་ཐག་བྲག་ཅར་འཁོར་བྱུང་། དེ་ནི་ཅི་འདྲའི་ཟིལ་ཤུགས་ལྡན་པ་ཞིག་རེད་ཨང་། ངའི་སྣང་བ་ཞིག་ལ་ཕ་རྒན་གྱི་ཀི་སྒྲ་དང་འགྲོགས་ནས་རི་ཀླུང་དེ་དག་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་སོང་བ་དང་། ང་རང་ཉིད་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་། ངས་རྒྱབ་ཏུ་འཁུར་བའི་མདའ་གཞུ་ཇེ་དྲང་དུ་གཏོང་ཙམ་བྱས་པ་དང་གོམ་པ་སྔར་ལས་མགྱོགས་པོར་ནུབ་ཀྱི་ཕྱོགས་སུ་བསྐྱོད།
  ནུབ་ལ་བསྐྱོད་པའི་ལམ་ཀ་ཀྱག་ཀྱོག་གིས་རིང་ནས་རིང་དུ་བསྲིངས།
  “ཀི_”མཚམས་ཤིག་ལ་ངས་སླར་ཡང་ཀི་ཞིག་བཏབ་པ་ཡིན།
   “ཀི_”ངས་དེ་མ་ཐག་ཕ་རྒན་གྱིས་ཐག་རིང་གི་མཐོ་ས་དེ་ནས་ཀི་ལན་སྤྲད་ཡོང་བ་ཐོས། དེ་ལྟར་ང་མདུན་ནས་མདུན་དུ་བསྐྱོད་དུས། ངས་མཚམས་རེར་ཁ་ཕྱི་མིག་སློག་ནས་ཤར་གྱི་རི་མགོ་མཐོ་ས་དེར་ལྟ་དུས། མུན་ནག་གི་ཀློང་དུ་གློག་སྒྲོན་གྱི་འོད་ཅིག་ངའི་ཕྱོགས་སུ་འཕྲོ་ཙམ་འཕྲོ་ཙམ་བྱེད་པ་མཐོང་། གློག་འོད་དེ་མཐོང་བས་ང་ནི་སེམས་ཀྱི་ཞེད་སྣང་མ་ལུས་རང་བཞིན་གྱིས་ཞི་ཞིང་། ལུས་སེམས་གཉིས་ཀ་ཡང་ཟོར་ལྡན་པར་གྱུར། ངས་དབང་མེད་དུ་ཕ་རྒན་ནང་བཞིན་སྣ་གླུ་ཐ་ཐོར་ཞིག་བླངས་ནས་བསྐྱོད། མཚན་མོ་འདིར་ཤར་གྱི་རི་སིལ་དེ་ནས་གློག་སྒྲོན་གྱི་འོད་ཅིག་འཕྲོ་ཙམ་འཕྲོ་ཙམ་བྱེད་ཅིང་ཀི་སྒྲ་སྦོམ་པོ་ཞིག་གྲགས་ཙམ་གྲགས་ཙམ་བྱེད་ལ། ཤར་ནས་ནུབ་ལ་འཐེན་པའི་ལམ་ཕྲན་ལུག་གི་རྒྱུ་མ་ལྟ་བུ་དེ་རུ་ངའི་ཕྱི་མིག་དང་ཀི་ལན་ཕྲ་མོ་དེ་ཡང་ཡང་གྲགས། དེ་ལྟར་ལམ་དུ་སྐྱོད་དུས། ངའི་སྣང་བ་ཞིག་ལ་རྒྱབ་ཕྱོགས་སུ་ལུས་པའི་ཕ་རྒན་ནི་ནུབ་མཐའི་བར་སྣང་དུ་ཤར་ཡོད་པའི་ཁེར་རྐྱང་གི་སྐར་མ་མཛོ་མདོགས་དང་མཚུངས་བར། མདུན་ཕྱོགས་སུ་ཡོད་པའི་གྲོང་ཚོའི་ནང་གི་ངེད་ཚང་གི་ཁྱིམ་གཞིས་ལ་དུས་ནམ་ཡང་དེ་ལྟར་སོ་སྲུང་བྱས་ཡོད་པར་སྙམ། དེ་ལྟར་སྙམ་པས། ལོ་བཅུ་ལ་སོན་པའི་ང་ཡི་བློ་ཁ་བདེ་མོས་ངང་མཚན་ལམ་བརྒྱབ།
  དེ་དུས་ནུབ་ཀྱི་མཁའ་མཐའ་ན་སྐར་མ་མཛོ་འདོགས་ལམ་ལམ་འཚེར་ཞིང་། དེའི་འོག་ན་ངའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དེས་ང་ལ་སྒུག་ཡོད་སྲིད།

                                                                                           ༢༠༡༥ལོའི་ཟླ་༧པའི་ཚེས་༩ཉིན་པེ་ཅིང་ནས།

མཆན། 1བ་མ། ཨ་མདོའི་ཡུལ་སྐད་དེ་ཟས་གཡོས་སྦྱོར་བྱེད་སའི་རྒྱུ་ཧ་ཡང་གི་སྣོད་ཆས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་གསར་བ། ནུབ་ཀྱི་སྐར་མ།

2015-09-05 ལྷ་བྱམས་རྒྱལ། ༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།