རྨོག་རུ་སངས་རྒྱས་རྒྱ་མཚོའི་སྙན་ངག་བདམས་བཀོད།

རྨོག་རུ་སངས་རྒྱས་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-10-30

1012_2.jpg

   རྩོམ་པ་པོ་མཚམས་སྦྱོར།  

   རྨོག་རུ་སངས་རྒྱས་རྒྱ་མཚོ། སྨྱུག་མིང་ལ་སྤྲང་ཀོག་དང་གངས་བུ་སེང་ཕྲུག ཟླ་བའི་རྒྱལ་མཚན་སོགས་སུ་འབོད། ཕྱི་ལོ་༡༩༩༦ལོར་མཚོ་སྔོན་པོའི་ལྷོ་འགྲམ་རྨོག་རུ་ཞེས་པ་ནས་སྐྱེས། ཆུང་དུས་སུ་སློབ་གྲྭ་འགྲིམ་ནས་ཆབ་འགག་ཏུ་སློབ་ཆུང་མཐར་ཕྱིན། ཕྱིས་སུ་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དྷཱིཿ ཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་མགོས་གཏུགས། སྔར་ཕྱིར། ནང་བསྟན་གཞུང་ལུགས་མགོ་བསྡུས་གྲྭ་ནས་བཟུང་སྟེ། རྣམ་འགྲེལ། གྲུབ་དོན་ས་གསུམ། ཕར་ཕྱིན་སོགས་ལ་ཐོས་བསམ་ཙམ་རེ་བྱེད་ཞོར་དུ། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས།  སུམ་རྟགས་དག་གསུམ་དང་། ད་དུང་།  སྙན་ངག་གཞུང་ལུགས་སོགས་གཙོས་ཐ་སྙད་རིག་གནས་ཀྱི་སྐོར་ལའང་སྦྱངས་པ་ཅུང་ཙམ་བྱས། འབྲས་རྟགས་སུ། ༢༠༡༦ ལོར་པེ་ཅིང་གི་རྒྱལ་ཡོངས་གཅིག་གྱུར་དུས་དེབ་གྲགས་ཅན《མི་རིགས་ཀྱི་རྩོམ་རིག》 ཏུ་སྙན་ངག་དུ་མ་བདམས་བཀོད་དང་། ༢༠༡༥ལོར་བོད་ལྗོངས་ཀྱི་རིག་གནས་དུས་དེབ་གྲགས་ཅན། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 དུ་སྙན་ངག་ཆེད་འགོད་དང་བཅས་ནས་ངོ་སྤྲོད་བྱས་པ་དང་། ཀན་ལྷོའི་རིག་གནས་དུས་དེབ་གྲགས་ཅན། 《 ཟླ་ཟེར》དང་། མཚོ་སྔོན་མཚོ་ནུབ་ཀྱི་སྙན་ངག་དུས་དེབ་གྲགས་ཅན《གངས་རྒྱན་མེ་ཏོག》 བོད་ཀྱི་སྒེར་གཉེར་ལོ་དེབ《གུར་ཀུམ་ཆུན་པོ》 སོགས་གཙོ་བྱས་པ་དང་། ༢༠༡༤ལོ་ནས་བཟུང་བོད་ཡིག་གི་དྲ་བ"བཙན་པོ་མགར་གྱི་དྲ་བ"རུ་བསྟུད་མར་སྙན་ངག་སྐོར་ཐེངས་བྱས་ནས་ཐེངས་བཅོ་ལྔ་ལ་བདམས་བཀོད་བྱས། དེ་མིན་ད་དུང"མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ"དང་། "རྫ་ཆུའི་རླབས་སྒྲ" "མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ" "ལུག་ཚང་དཔལ་ཡོན་དྲ་བ"སོགས་སུ་རྩོམ་མང་པོ་བཀོད། ད་ལྟ་མདོ་སྨད་དྷཱིཿ ཚ་དགོན་ཆེན་དུ་སློབ་གཉེར་བྱེད་བཞིན་མཆིས་སོ།།

           ༄༅།།ཤེས་རབ་ལྷ་མཆོག་འཇམ་དཔལ་དབྱངས་དངོས་གངས་ཅན་ཚད་མའི་སྟོན་པ་བཅོམ་ལྡན་བུ་རམ་ཤིང་བའི་ལུང་དང་རྟོགས་པའི་བསྟན་པའི་རང་ལུགས་པ་ཆེན་པོ་འཇམ་མགོན་རྒྱལ་བ་གཉིས་པ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་སྐུ་འབུམ་བྱམས་གླིང་ལ་བསྟོད་པ་སྙན་དབྱངས་གཡས་འཁྱིལ་དུང་གི་སྒྲ་དབྱངས།

དབྱིག་འཛིན་གསེར་གྱི་ཞུན་མར་ཐིམ་པའི་མདོ་སྔགས་སྦྲང་རྩིའི་ཟུངས་བཅུད་ཀྱིས། །
རེ་སྨོན་དད་པའི་སྤུ་ལོང་གཡོ་བཞིན་རྣམ་དག་བློ་མིག་སྒོ་མོ་འབྱེད། །
བདེ་དགའི་དཔལ་ཡོན་འོད་དུ་འཁྱུད་པའི་ངུར་སྨྲིག་འདུས་པའི་ལང་ཚོ་ཉིད། །
སྲིད་གསུམ་ཁྲོད་དུ་གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བའི་མཚན་སྙན་འབར། །
གཡོ་མེད་བདེན་སྟོང་ཆོས་ཉིད་ངང་ཚུལ་ལྟ་བ་རྟོགས་པའི་མཉམ་བཞག་སེམས། །
སྒྱུ་མའི་ལུང་ནས་གཅིག་ཏུ་སྒོམ་ཏེ་ཏིང་འཛིན་ཀློང་ལ་མངོན་ཞུགས་པའི། །
རྟེན་འབྱུང་འོ་མའི་ལང་ཚོར་སྐྱོམས་པའི་འགངས་ཆེན་གནས་འདིའི་སྐྱེ་བོ་དག།
རྒྱུད་མངས་གསེར་གྱི་སྐུད་པའི་བར་ནས་དབྱངས་ཀྱི་ང་རོར་བདག་གིས་བསྡེབ། །
ཆོས་ཀྱི་མངོན་མཐོའི་ལུས་ལ་གཞོལ་བའི་རིགས་གསུམ་སྒྱུ་འཕྲུལ་དག་པའི་སྡེ། །
དད་པའི་ཡིད་སྲུབས་མདངས་ལས་འཁྲུངས་པའི་ཆོས་སྤྲིན་ཁང་བཟང་ཡིད་འོང་ཅན། །
དུས་གསུམ་ཕྱོགས་བཅུའི་སྐྱེ་འཕགས་གཞོན་ནུའི་ཐུགས་བསྐྱེད་གསེར་གྱི་གོ་ཆ་ཡིས། །
ཟླ་མེད་མཛེས་ལྡན་ཆོས་ཀྱི་དཀྱིལ་འཁོར་འཛམ་གླིང་ཡོངས་ཀྱི་གཙུག་གི་རྒྱན། །
ཕུལ་བྱུང་ལེགས་ཚོགས་ཨུ་དུམ་ཝ་རའི་འཛུམ་བརྒྱ་རྒོད་པའི་འོད་སྣང་འབུམ། །
དགེ་འཕེལ་མདངས་ལྡན་ལུང་གིས་བསྔགས་པའི་བྱིན་རླབས་མཚོ་མོ་ལྟེམ་འཁྱིལ་བའི། །
ལུང་བསྟན་ཆོས་ཀྱི་ཤེས་ཕྱིན་འདབ་མ་ཡོངས་སུ་འཁེབས་པའི་ཞིང་མཆོག་ལ། །
བསླབ་གསུམ་ནོར་བུའི་ཆུ་འཛིན་གཡོ་བའི་སྟངས་སྟབས་གར་བཅས་རྒྱན་དུ་ངོམ། །
ཁྱད་འཕགས་རི་བོ་དགེ་ལྡན་གདྒཱའི་དག་བྱེད་བརྩེ་ལྡན་གཡོ་བའི་རླབས། །
རྒྱལ་ཆེན་དོན་ཀུན་འགྲུབ་པའི་བསྟི་གནས་བྱམས་པ་གླིང་ལ་སྒེག་གིས་འཕྱོ། །
བསླུ་མེད་མདོ་རྒྱུད་རྒྱ་མཚོར་བསྟིམ་པའི་རབ་མཛེས་ལང་ཚོ་མངོན་བརྗིད་པ། །
སྔོན་ཚེ་གངས་ཅན་སྐྱེལ་ཚལ་ཡོངས་ལ་ཞིབ་ཏུ་བསྒྲེངས་ཚེ་དཀོན་པའི་ཡུལ། །
མ་འཇིག་དུས་ངན་སྙིག་མའི་ཀློང་གི་གདོད་མའི་རྨད་བྱུང་རིན་ཆེན་ཚོམ། །
སྲིད་ཞིའི་ཁམས་ན་ཆེས་ཆེར་མཛེས་པའི་ཟིལ་ནོན་མཆོག་གི་རྩེར་སོན་པའི། །
གུས་ཡུལ་འཇམ་མགོན་བླ་མའི་གདན་སའི་ཕྱི་ནང་ཀུན་གྱི་མཛེས་སྡུག་ལ། །
སྨྱུག་རྩལ་མེ་ཏོག་ཟེའུ་འབྲུའི་རྡུལ་གྱིས་ཡིད་དབང་འཕྲོག་པའི་རྒྱན་དུ་བཅོས། །
ངག་རིག་བསྟོད་པ་བསིལ་ཟེར་འགྱེད་པའི་ལང་ཚོའི་གཟི་དཔལ་མདངས་བརྒྱ་ཡིས༎
ཐོབ་དཀའ་དྲི་བྲལ་བཅུད་ལྡན་སྦྲང་ཆར་དངོས་གྲུབ་མཆོག་གི་དགའ་སྟོན་ལ༎
གནས་མཆོག་དག་ལྡན་ལིམ་བིའི་ཚལ་ནས་སྙན་དབྱངས་འབུམ་གྱི་གྲེ་འགྱུར་འདིས༎
མི་མཇེད་བདག་པོའི་ཞིང་ཁམས་སྟུག་པོར་དཔག་བསམ་འབྲས་བུས་ཁྱབ་གྱུར་ཅིག།
གསུང་སྐྱེས་ཆོས་ཀྱི་རྒྱལ་བོའི་འཁྲུངས་གནས་བསོད་ནམས་དཔུང་ཤུགས་མཐོ་བའི་ཞིང་།།
མཛད་བཟང་རི་མོ་རྣམ་པར་བཀྲ་བའི་ཡིད་འཕྲོག་གསེར་ཡིག་འོད་དུ་འཁྱུགས། །
ཐུབ་བསྟན་སྣང་བའི་ལང་ཚོའི་དྲེགས་པ་སྲིད་འདིར་བལྟམས་པའི་རྔམ་བརྗིད་ཀྱིས། །
ཞིང་འདིའི་རྡོ་རྗེའི་གུར་གྱི་བདག་པོའི་བཏང་སྙོམས་གཤིས་ལུགས་རྒྱན་དུ་བཏགས། །
མདོ་རྒྱུད་ཆོས་ཀྱི་རྔ་སྒྲ་མཐོ་བའི་བསམ་སྒོམ་སྒྲུབ་པའི་མུ་ཏིག་ཚོམ། །
ལོག་རྟོག་ར་རའི་དྲི་མ་དང་བྲལ་བཅུ་ཕྲག་རིན་ཆེན་འཛོམས་པའི་གནས། །
མི་ཕྱེད་དད་པའི་སྙིམ་དང་འདྲེས་པའི་བློ་བཟང་རྒྱལ་བསྟན་བཀྲ་བའི་འཛུམ། །
ཀུན་ཤེས་ལང་ཚོའི་རབ་ཏུ་རྒྱན་པས་ས་གསུམ་དགའ་བའི་དཔལ་དུ་གྱུར། །
ཡིད་འཕྲོག་རྟེན་འབྲེལ་གསེར་ཞུན་ལང་ཚོས་རབ་ཏུ་མཛེས་པའི་བ་གམ་ལ། །
སྙན་པའི་ཚངས་པ་འབུམ་གྱི་གདངས་ལས་ལེགས་བྱས་དཔལ་གྱི་དབྱངས་རྟ་དང་། །
ཚིག་གི་མེ་ཏོག་བསུང་ཞིམ་དྲི་ཡིས་རྐང་དྲུག་དགའ་ཚལ་རབ་བསྔགས་པ། །
དད་པའི་དཔལ་གྱིས་དགེ་བའི་ཚུལ་དུ་ཐར་བར་བགྲོད་པའི་རྒྱུ་རུ་བསྔོས། །
ཤེས་རིག་པདྨའི་སྐྱེ་སྒེག་ལང་ཚོ་མཐའ་གཞིའི་རྒྱན་ཏུ་མཛེས་པར་བསྲིངས།།
མ་བཅོས་ལེགས་པའི་མཛེས་པའི་ཆ་བྱེད་རྟེན་འབྲེལ་དཀར་པོའི་ཀློང་ནས་འཕོས།།
གངས་ཅན་མ་མའི་བྱམས་བརྩེའི་འོད་སྣང་ཡོངས་སུ་གནས་འདིའི་སྲོག་ལ་བབས།།
གཅེས་པའི་མུ་ཏིག་འཛིན་མར་འཐོར་བའི་གཡང་གི་ནོར་བུ་མངོན་པར་མཛེས།།
ཐུགས་ཀྱི་རིན་ཆེན་ཕྲ་ཤན་མང་པོས་ཕྱི་ནང་བདེ་དགའི་མཛེས་སྡུག་བཅོས།།
བརྩེ་བའི་མཚོན་ཆ་མུ་ཏིག་རང་མདངས་གཡང་གི་སྣང་བའི་འཁོར་དུ་འཁྲུངས།།
བསིལ་ལྡན་ཆར་བའི་འཇའ་ཚོན་ཀློང་ན་བརྩེ་བའི་རྨུ་ཐག་འོད་ཀྱིས་འཁྱུགས།།
རེ་བའི་ལང་ཚོའི་མཚར་སྡུག་འོད་སྟོང་འཛིན་མའི་ཁྱོན་ལ་གྲགས་པས་འབར།།
ཞུ་བའི་ཡིག་འབྲུའི་བརྗོད་བྱར་བབས་པའི་ཁྱེད་ཀྱི་མངོན་འཕགས་ལང་ཚོ་ནི།།
ཉམས་ལྡན་འོ་མ་འཕྱུར་སྟངས་བཞིན་དུ་དཀར་དཀར་ལྦུབ་བའི་མདངས་དང་མཚུངས།།
སྐོམ་པའི་གདུང་བ་སེལ་བའི་ཕྱིར་དུ་དུས་བཞིའི་ཟིལ་ཤུགས་ཁྲོད་དུ་འགྱིང་།།
མངོན་བརྗིད་བཅུད་ལྡན་ཁྱེད་ཀྱི་སྲོག་ཤིང་གངས་རིའི་རྩེ་ལ་ནམ་ཀུན་མཐོ།།
དཀའ་བའི་སྤྱོད་པ་གཏན་དུ་སྤོངས་པའི་རིག་སྨྲའི་དཔུང་ཚོགས་འདི་ན་བཞུད།།
རིས་མེད་འགྲོ་བར་གཅིག་ཏུ་ཕན་པའི་བསྟན་འཛིན་སྐྱེས་བུ་འདི་རུ་བཞུགས།།
སྒྱུ་མའི་འཇིག་རྟེན་ཐོལ་གྱིས་བརྒལ་བའི་ཆོས་ཀུན་ཉམས་སུ་ལེན་པ་ཡི།།
འཇམ་མགོན་བླ་མའི་གདན་ས་འདི་ལ་ཞི་བདེ་ཤེས་རིག་མེ་ཏོག་འཐོར།།
རྟོགས་དཀའ་དམ་པའི་ཆོས་ཀྱི་སྙིང་བོས་རྒྱུ་བའི་འཇིག་རྟེན་དཀར་པོར་བསྒྱུར།།
བསླུ་མེད་བླ་མའི་བྱིན་རླབས་དྲོད་མོས་བླུན་རྨོངས་མུན་པའི་དྲ་བ་བཅད།།
ངེས་འབྱུང་སྤུ་རིས་གྱེན་དུ་གཡོ་བཞིན་འཁྲུལ་མེད་སྙིང་གི་གདན་སྟེང་དུ།།
བཀའ་དྲིན་ཆེ་བའི་སློབ་དཔོན་དང་བཅས་གཞན་དག་ཡུལ་འདིའི་ཀུན་ལ་བཀུར།།

         ___ ཞེས་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་བསྐྱངས་ཕྱག་འཚལ་བཞིན་པའི་བར་གསེང་དུ་ལེགས་པར་བྲིས་པ་དགེ་ལེགས་འཕེལ།

                 ༄༅།། མཆོད་བསྟོད་ལྷུན་གྲུབ་སྤོབས་པའི་མགྲིན་དབྱངས།

                                           _____ ལྷ་མོ་དབྱངས་ཅན་མ་ལ།
                                  
སྙིང་རྗེ་སིལ་མའི་མེ་ཏོག་འཛུམ་དཀར་ཕྲེང་། །
རྣམ་པར་མཛེས་པའི་འཁྲི་ཤིང་གསར་བའི་སྟེང་། །
མགོ་ལྕོག་ཕོན་པོའི་མཚར་སྡུག་མངོན་བཞད་དུས། །
ཟླ་མེད་ལྷ་མོའི་འཇམ་གཉེན་གོམ་སྒྲ་ལྷོད། །
གཞན་ཕན་ལྷག་བསམ་བྱེ་བ་མདངས་ཀྱི་གཟུགས། །
ངག་རིག་དྲི་གཞོན་རྟེན་འབྱུང་ཚོགས་སུ་གྲུབ། །
འཆི་མེད་རྗེ་བོའི་དངོས་གྲུབ་རིན་ཆེན་ཆབ། །
རྟོགས་སད་འཛུམ་ལྡན་ལྷ་མོའི་རྒྱན་དུ་འཕྱོ། །
སྐྱོ་མེད་དགའ་ཞིང་འཕྱོ་ལྡིང་མགྲིན་སྙན་ཅན། །
སྤྱན་ཞགས་འཛུམ་དཀར་འོད་ཀྱི་ཐིག་ལེ་བཅས། །
ཟུར་མིག་རྣམ་འགྱུར་ཕུང་བོའི་རྐང་གདུབ་ཀྱིས། །
ན་ཆུང་འཛུམ་དཀར་རྩི་ཡི་རྡུལ་མང་བརྡོལ། །
ག་བུར་དོ་ཤལ་འཛུམ་ཟེར་རྩེ་དགའི་ཀློང། །
སྣ་མང་མེ་ཏོག་ཚོན་བརྒྱའི་དྲི་བསུང་ཅན། །
བྱང་ཆུབ་སྙིང་བོའི་མཁའ་ལ་བདེར་གཤེགས་པའི། །
དབྱངས་ཅན་ངག་གི་རྒྱལ་མོའི་ལང་ཚོ་བརྗིད། །
སྨྲེང་སྐྱོའི་སྤྲིན་དཀར་བཅད་པའི་ཐུགས་རྗེ་འཛུམ། །
བསིལ་ལྗོངས་འཛིན་མར་ཟོལ་མེད་མདངས་ཀྱིས་ཤར། །
མཛའ་སེམས་བརྩེ་ཆེན་སྙིང་རྗེ་དཀྱིལ་འཁོར་ལས། །
མཁོ་རྒུའི་ཡོ་ལང་ཡིད་འོང་འཛུམ་དཀར་འཁྱིལ། །
གསལ་རྫོགས་རིག་བྱེད་དར་མའི་ཀློང་ཉིད་ལས། །
སྙན་དབང་དགེ་བའི་དཔྱིད་ཀྱི་ལང་ཚོ་བཞིན། །
རྟག་བརྟན་གཡུ་མདོག་མདངས་ཀྱི་དོ་ཤལ་ཕྲེང་། །
སྲིད་གསུམ་སྒྱུ་འཕྲུལ་གར་དུ་བསྡུས་ཤིང་སྤྲོས། །
ཟག་མེད་ལམ་གྱི་ཐར་བའི་རི་སུལ་ན། །
དྲོ་འཇམ་བྱང་ཆུབ་སེམས་ཀྱི་རྒྱན་ཆ་སྤྲས། །
མཛད་བཟང་འཇའ་ཚོན་གསར་བའི་གུར་ཕུབ་ནས། །
རྨད་བྱུང་མཁྱེན་དང་བརྩེ་བའི་གཟི་འོད་འཕྲོ། །
སོ་སྐྱེས་ཆུ་རིས་མིག་གི་དགའ་སྟོན་ལ། །
ཡིད་འོང་བཞིན་བཟང་པད་དཀར་མདངས་དང་བཅས། །
མི་ཤེས་གདོང་མུན་མཐུག་པ་སྒྲིབ་པའི་ངོར། །
སྣང་སྲིད་དངུལ་དཀར་མུ་ཏིག་རྒྱན་དུ་ངོམ། །
འཛུམ་པའི་ནགས་ལྗོངས་མེ་ཏོག་པང་དུ་ལེན། །
རབ་གསལ་ཡེ་ཤེས་འོད་སྣང་ཐུགས་ལ་འཇགས། །
ཕྱོགས་ཀུན་མཛེས་པའི་རྩེ་མོའི་དབུ་འཛིན་པ། །
རོལ་རྩེད་གར་མཁས་བརྩེ་འཛུམ་ཡིད་དུ་སྨིན། །
བདེ་གཤེགས་གོམ་འགྲོས་བཟང་བོའི་གསང་རུམ་ལས། །
སྙན་ལྡན་རིན་ཆེན་ནོར་བུའི་བང་རིམ་བརྩིགས། །
མཐོན་མཐིང་རལ་བའི་མུ་འཁྱུད་དབུས་ལམ་དུ། །
སྟོང་ཉིད་སྙིང་རྗེ་ཆེན་པོའི་དབུ་ལྕོག་ལྡེམ། །
དྭངས་གསལ་ཤེལ་དཀར་རྒྱན་ཕྲེང་རོལ་སྒེག་གིས། །
ཀུན་རྫོགས་སྲིད་གསུམ་མཛེས་རྒུའི་ལང་ཚོ་འཛིན། །
ཟབ་དོན་རྒྱུད་མང་དབྱངས་ཀྱི་དགེ་མཚན་ལས། །
ཚངས་སྲས་བུ་མོ་མགྲིན་པའི་གཏེར་དུ་འགྱིང་། །
འཕྲོག་བྱེད་བཅུ་དྲུག་གཞོན་ནུའི་དྲི་ཞིམ་འཐུལ། །
རིས་མེད་བྱིན་རླབས་སྙིང་བོའི་ཆུ་འཛིན་འཁྲིགས། །
མུན་སེལ་འོད་སྣང་དགའ་མའི་དྲོད་ཁོལ་གྱིས། །
མཛེས་ལྡན་སྤྲིན་ཕུང་འཁྱིལ་བའི་ཡུལ་དུ་འདྲེན། །
བྱུར་དམར་ཕྲེང་བས་འཁྱུད་པའི་སྒེག་ལྡན་ལུས། །
འབྱོར་ལྡན་གསེར་དངུལ་ཚོགས་ཀྱིས་རབ་རྒྱན་དུས། །
ངེས་འབྱུང་བློ་མིག་ངོས་ཀྱི་ཡིད་འཕྲོག་མ། །
དཔྲལ་བའི་མིག་དང་ཁོང་བའི་སྙིང་དུ་དཔྱངས། །
ཟླ་བའི་སྙིང་དང་ཉི་མའི་མིག་བཞིན་དུ། །
འཛིན་མའི་གཟི་བྱིན་མཐུག་པོའི་མཐུ་དང་བཅས། །
ཟླ་ཤེལ་རབ་ཏུ་བརྩེགས་པའི་ཕོ་བྲང་དུ། །
བརྩེ་དགའི་ངུར་སྨྲིག་འོད་ཀྱི་རོལ་རྩེད་འཕྱོ། །
ཞལ་མཛེས་སྟོན་ཟླའི་མདངས་ཀྱི་ཨུཏྤལ་མིག།
སྨིན་གྲོལ་པདྨའི་ཚལ་དུ་བརྟན་གཡོ་དུས། །
གསེར་ཞུན་སྣང་བས་གྲུབ་པའི་གཤོག་ལྡན་དག།
དགའ་མགུས་དྲངས་པའི་བརྩེ་གླུ་སྙིང་ནས་ཐལ། །
འཛུམ་ལྡན་རྐང་འཐུང་གཞོན་ནུའི་ལང་ཚོ་བཅས། །
སྐབས་གསུམ་དྲི་མེད་ནོར་བུའི་རྣ་ཆ་གཡོ། །
བྲེལ་བའི་ཡིད་ཀྱི་སྦྲང་རྩིའི་འཚོ་བཞེས་པའི། །
རྗེས་ཆགས་བདག་གི་མིག་འབྲས་སྙིང་ནས་འདུད། །
            
                     ༢༠༡༦   ༠༤   ༡༦ སྡེ་ཚ་རུ་བྲིས།
1012_6.jpg

                ༈ དབེན་མགུར་དྲང་སྲོང་དགྱེས་པའི་རྒྱུད་མངས།

བདེ་ཆེན་བརྩེ་བའི་འོད་སྣང་འཁྱིལ་བའི་གནས།  །
སྒྲིབ་བྲལ་སྤངས་པའི་ཆ་ལྡན་དབེན་པའི་ཞིང་།  །
སྐྱོན་སེལ་དག་པའི་ཕོ་བྲང་བདེ་བའི་ཁམས། །
དུས་གསུམ་སྲོད་ཀྱི་འཆར་སྣང་འཕེལ་བའི་དཔྱིད། །
སྡུག་ཀུན་ཉེར་བར་ཞི་བ་གྲོལ་བའི་གཞི། །
རྟེན་འབྲེལ་རྟགས་ཀྱིས་བདེན་སྟོང་སྒྲུབ་པའི་ཆོས། །
ཤེས་རབ་དཔྱོད་པའི་མིག་གིས་རྒྱང་འཇལ་ཚེ། །
སྣང་བ་སྲིད་པའི་ཁམས་ནས་མགུར་ཞིག་ཐལ། །
ཉེས་པ་སྐྱོན་གྱི་གཤེད་མ་བློ་ངོར་བསྟར། །
མི་འདོད་རྐྱེན་གྱི་ཆགས་སྡང་མངོན་པར་གྲུབ། །
ཚེ་ཡི་རིང་ཐུང་དུས་ཡུན་བར་མཚམས་སུ། །
སྐྱོ་སྡུག་གར་གྱི་ཚ་ཟེར་ལམ་ལམ་འཕྲོ། །
ཆོས་ལྡན་འགངས་ཆེན་གཙུག་ནོར་སུན་འཕྱུང་ཞིང་། །
ཆོས་མིན་ལོག་པའི་ས་བོན་སྙིང་ནས་དུངས། །
ཞེན་པའི་བློ་དམན་འདི་གའི་སྣང་བ་ཉིད། །
སྲེད་པས་བདག་གིར་བཟུང་ནས་མགུར་དུ་བཞེངས། །
དེའི་ཚེ་མིག་ཆུའི་དོ་ཤལ་ཕྲེང་བ་བསྟར། །
འགྱོད་སེམས་ཤོག་དཀར་ཐིག་ཕྲེང་དེད་ནས་བཞུར། །
མྱོས་བྱེད་བདུད་རྩིའི་བཟི་ཁ་མེད་པས་རྐྱེན། །
ཐ་མའི་ཟུག་རྔུ་དབུགས་ཀྱི་རྒྱུན་ནས་བབས། །
ཆོས་ཉིད་ལྷགས་རླུང་བཙན་པོའི་མཐུ་དང་བཅས། །
གཉོམ་དུང་ཟག་བཅས་ཕུང་བོ་འཁོར་བར་འཁོར། །
བཟོད་དཀའ་སྲིད་པའི་སྡང་སེམས་ཕྲ་མོ་འདི། །
མགུར་ཆུང་རྒྱུད་མངས་དབྱངས་ཀྱི་མཚམས་སུ་འཕུར། །
འཆིང་གྲོལ་ཀློག་པའི་འོད་དང་སྤོངས་པའི་ཟེར། །
འབྱོར་བཅུའི་མངོན་མཐོའི་རྟེན་ལ་མེད་པས་རྐྱེན། །
གཞོམ་མེད་སྨག་གནག་གྲིབ་མས་བཀག་ཙ་ན། །
ཨེན་ཙམ་དབེན་པའི་འཆར་སྣང་མགུར་དུ་བླངས། །
ལེགས་གྲུབ་འོད་དུ་བསྡུས་པའི་བློ་གསལ་མིག།
མཚན་ལྡན་མགོན་གྱི་བདེན་པའི་བློ་ནས་གནང་། །
འོན་ཏེ་བརྩོན་པའི་རྒྱུན་ཐག་ཐུང་བས་རྐྱེན། །
སྤ་ཆས་*རིན་ཆེན་ཁོ་ལག་ཆ་ཚང་སྟོང་། །
འཕངས་འབྲས་རྣམ་ཤེས་ལས་ཉོན་དབང་གིས་གྲུབ། །
རུས་ཀྱི་ཟུངས་བཅུད་རིང་ནས་རྒས་ཀྱིས་ཟད། །
ན་བའི་ན་བུན་ཚོར་འདུའི་སྤུབས་ནས་འཁྲིགས། །
འཆི་བའི་རྨི་ལམ་མགུར་ཆུང་དབྱངས་སུ་འདྲེས། །
བདེ་ལྡན་རྣམ་ཀུན་མཁྱེན་པའི་མཚན་ཉིད་དབེན། །
ཚད་གྲུབ་རྣམ་དཔྱོད་དཔུང་ཤུགས་ནུས་པ་ཞན། །
བསླུ་མེད་སྟོན་པའི་རྗེས་སུ་ཞུགས་པ་ལས། །
བླང་དོར་ཤེས་རབ་རྩལ་ཞིག་གང་ནས་འཁྲུངས། །
མི་ཧྲེང་དབེན་པའི་བརྩེ་གླུའི་འགྱུར་ཁུག་ཁྲོད། །
མཚར་གཏམ་འུར་བརྗོད་ཟོས་སྒྲོས་གང་ཡོད་ཀྱང་། །
བྱས་རྗེས་ཆུ་ཐིག་ཙམ་ཞིག་མ་བསམས་པར། །
གང་འདོད་བློ་ལ་ཤར་བ་ཐོལ་གྱིས་བྲིས། །
ཐར་བློའི་འཁྲི་ཤིང་གོ་འཕང་མ་རེག་པར། །
ཞེན་ཆགས་མགུར་རྟའི་རྨུག་སྒྲས་ས་ཆེན་གཤགས། །
གང་བྱས་སྒྲིག་འཛུགས་ལམ་གྱི་ཐིག་གཏོར་ནས། །
གང་འདོད་རྣམ་རྟོག་སྤོབས་པས་མགུར་དབྱངས་འཐེན། །
སྨྲ་བསམ་བརྗོད་ལས་འདས་པའི་ཡིད་འགྱུའི་ཁྲོད། །
རྟེན་འབྱུང་གསེར་གྱི་མུ་ཏིག་འཐོར་བའི་གནས། །
དབེན་འཇགས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ། །
འདུ་བྲལ་སྐྱོ་སྡུག་སེམས་གཤིས་མགུར་དུ་འཁྱུག།
ཟླུམ་གཟུགས་ཟླ་བའི་མིག་ཆུས་མྱ་ངན་ཞུ། །
ཁྲི་གདུགས་ཉི་མའི་འོད་ཀྱིས་བདེ་སྐྱིད་ཞུ། །
དེ་བཞིན་སྐར་མའི་མདའ་ཡིས་བརྩེ་བ་ཞུ། །
འོན་ཀྱང་བདག་གི་མགུར་གྱིས་དབེན་པ་འཚོལ། །
རེས་མོས་ཉིན་མཚན་འཁོར་བའི་ཀློང་ཡངས་ནས། །
ཅོལ་ཆུང་བདག་ལ་འཇིགས་རུང་ང་རོས་གསིག།
བདེ་འཇགས་ཕ་རོལ་སྙིང་བོའི་གདེངས་ཀ་ལ། །
གསོལ་འདེབས་ལན་བརྒྱར་གྲོལ་བའི་སྨོན་ལམ་གདབ། །
དྭངས་པའི་འཆད་པ་བསྟུན་པ་ཆེར་མ་བསྐྱེད། །
ཚིག་སྦྱོར་དོན་ལ་རྩོམ་པའི་རྒྱུན་མ་ཐོན། །
བགྲོད་པའི་ལམ་ལ་རྩོད་པའི་དཔའ་མ་བསྲིང་། །
རེ་བའི་སྙིམ་པ་བདག་ལ་ཡོད་མ་ཡིན། །
ལྔ་རིག་ཆུ་གཏེར་ཕ་རོལ་བརྒལ་མ་ནུས། །
རྒྱུན་བཟང་བློ་རིག་འབྱེད་པའི་ཐབས་མ་ཤེས། །
སྒྱུ་མའི་ནགས་ཀློང་འགྱུ་བའི་སྨུག་ལོང་ཁྲོད། །
མཁྲེགས་འཛིན་ལོ་ཟླ་སྙིང་ཁའི་མཚམས་སུ་བཞུད། །
འཕྱ་བའི་འཛུམ་ཟེར་དམན་པའི་བློ་ལ་འཕྲོས། །
གཤིས་བཟང་གནས་ལུགས་སྒེར་གཅོད་བློ་ཡིས་བཅོམ། །
སེམས་གཅོང་མགུར་གླུའི་དོན་གྱི་དྲང་བདེན་ཉིད། །
རྒྱལ་ཁམས་བདེ་དགའི་དཔལ་ཡོན་ངོས་སུ་ཕོབས། །
ཕྱོགས་རིས་སྤུ་ལོང་ཚིག་གིས་མ་རྒྱན་པར། །
མཐོང་ཐོས་མྱོང་བས་གྲུབ་པའི་དབེན་པའི་མགུར། །
རང་འཚང་གཤེ་གཤེ་སྐད་ཀྱིས་བསྒྲགས་པ་ཡང་། །
དབེན་པའི་སྣང་བ་ཙམ་གྱི་ཆེད་དུ་མིན། །          
བདེན་འཛིན་དྲ་བ་དྲ་ཕྱེད་འཐེན་པའི་ལམ། །
བློ་ཆེན་དཀྱིལ་འཁོར་རྡུལ་ཚོན་མེད་པའི་ཁམས། །
ཀྱེ་མ་བདག་གིས་འཚོལ་བའི་དབེན་པ་འདི། །
ཞིབ་ཏུ་བསམས་ན་ཁུ་སིམ་གནས་སུ་གཏོགས། །
ལེགས་བཤད་དྲི་བཟང་འཐུལ་བའི་དགའ་ཚལ་ཞིག།
རིགས་པའི་ནགས་ཀློང་ཁམས་སུ་སྙིང་ལ་སྒོམ། །
ཟིལ་གནོན་བརྒལ་བརྟག་འཛུམ་གྱི་མཚར་སྡུག་གིས། །
ཡིད་འོང་རིན་ཆེན་ཁང་བཟང་གར་ཏུ་བསྒྱུར། །
བློས་བཅོས་གསེར་གྱི་ཞུན་མའི་གེ་སེར་འཛུམ། །
རིས་མེད་དབེན་པའི་ཞིང་དུ་མ་རྙིངས་པར། །
མོས་པ་སྙིང་ནས་གཅེས་པའི་དབེན་གྲོགས་ལ། །
སྤྲོ་བའི་དཔལ་ཡོན་ཞིག་གི་ཚབ་ཏུ་ཕུལ། །
དགེ་ལེགས་མདངས་བརྒྱའི་བཅུད་བསྡུས་སྙིང་རྗེ་འོད། །
མཛའ་གཅུགས་ཞུམ་མེད་འོ་མཚོའི་རླབས་སྲུབས་ནས། །
འཇོམས་བྱེད་རྣམ་གཡེང་ལ་སོགས་མི་མཐུན་ཀུན། །
ཐལ་བའི་རྡུལ་དུ་བརླག་པའི་འཕྲིན་ལས་བཅོལ། །
བརྗིད་ཆགས་ངུར་སྨྲིག་བ་གམ་ཁང་ཆེན་དུ། །
ནོར་བུའི་གཟི་དཔལ་འཕྲོ་བའི་བཤེས་གཉེན་ལས། །
ཐུགས་རྗེའི་ཟེགས་མ་འཐོར་བའི་ཟབ་མཚོ་ཉིད། །
ཀུན་རྨོངས་དབེན་པའི་ཚལ་གྱི་གཏེར་དུ་མཆིས། །
སྙན་ཚིག་དབྱངས་ཀྱི་དིང་གླིང་ཁེར་འབུད་ཀྱིས། །
གསུང་འཕྲིན་དྲི་བཟང་དབུ་འཁྱུད་ཚུར་ལ་བསུ། །
ཀྱེ་ཧུད་བསམ་སྒོམ་འཚོལ་བའི་དབེན་ལྗོངས་འདིར། །
ཡིད་འགུགས་བདུད་ཀྱི་བར་ཆད་ཕྱོགས་སུ་འཕུར། །
མཁྱེན་དཔྱོད་སྤོབས་པའི་འོད་ཚོགས་མེད་པའི་ཁམས། །
བདེན་འཛིན་སྙེ་མའི་མགོ་ལྕོག་ལྡེམ་པའི་ཞིང་། །
ཕྱོགས་བྲལ་རིན་ཆེན་འཕྲ་ཚོམ་དབེན་པ་ལ། །
རྫོགས་ལྡན་གསེར་གྱི་ཉི་མ་ཤར་བར་སྨོན། །
སྤྲོས་བྲལ་ནོར་བུ་འཐོར་བའི་རི་སུལ་ལྗོངས། །
བྱམས་བརྩེའི་ཙན་དན་ལོ་མ་ལྷུང་བའི་ཡུལ། །
ཡང་དག་དམ་པའི་ཆོས་ཀྱི་འཛིན་མའི་གཞིར། །
དགའ་མགུའི་དབེན་མགུར་རྒྱུད་མངས་དབྱངས་སུ་འདྲེས། །
སྤྱི་གཙུག་སྤྲིན་དཀར་གདན་གྱི་ཡང་སྟེང་དུ། །
དོན་ཟབ་ཤེས་བྱའི་གནད་ལ་དབང་འབྱོར་བའི། །
མཚུངས་མེད་དབེན་པའི་དྲང་སྲོང་ཞབས་སེན་ལ། །
མི་ཕྱེད་དད་པའི་སྤུ་ལོང་གྱེན་དུ་གཡོ། །
མི་བསྲུན་རྒོད་པོའི་སྙིགས་མའི་དན་རྟགས་ཅན། །
ཞི་བར་འདུལ་མཛད་ཐབས་ཤེས་འོད་འཛིན་པའི། །
དབེན་པའི་ནགས་སུ་ཞུགས་པའི་སྒོམ་ཆེན་པ། །
ཞི་བདེའི་གྲས་སུ་དྲང་བདེན་མགུར་དུ་ལེན། །
ཡིད་འཛིན་སྣང་དག་དཀྱིལ་འཁོར་རབ་རྫོགས་ཤིང་། །
ཀུན་ཉོན་རྨོངས་པའི་དྲ་བ་རབ་བསལ་བའི། །
པདྨའི་དྲི་བཟང་ལྡང་བའི་རྩེ་དགའི་ཀློང་། །
དབེན་པའི་དྲང་སྲོང་འབུམ་གྱི་རྣམ་དཔྱོད་འགྲན། །
ཀུན་རྫོབ་སྒྱུ་མའི་ཤེས་བྱེད་དཔེ་དག་གིས། །
དོན་དམ་བདེན་སྟོང་ངེས་དོན་ཐབས་སུ་འཕེན། །
ཆུ་ནང་ཟླ་གཟུགས་རྫུན་མའི་སྣང་བརྙན་ལས། །
དབེན་པའི་བློ་ལ་ཅུང་ཙམ་སོར་མོས་བསྣུན། །
ཇི་སྲིད་བར་ཏུ་འགྲོ་དྲུག་མངོན་བསྒྱུར་ཅིང་། །
བདེན་གཉིས་བླང་དོར་མིག་གི་ལང་ཚོས་བཟི། །
ཐར་བར་གྱུར་ཅིག་མ་རིག་ཁམས་ཀྱི་བདག།
དབེན་པའི་སྒོམ་པ་ནང་བཞིན་དབང་ཐོབ་ཤོག།
སྐྱོ་ངལ་བགྲེས་རྒུད་འཚོ་བའི་མེ་ལོང་དུ། །
འཇིག་རྟེན་སིལ་སྙན་རོལ་མོའི་འགྱུར་ཁུག་གིས། །
རང་སེམས་བ་སྤུའི་ཁུང་གི་བུ་ག་ཡང་། །
དྲུག་འགྱུར་ཚངས་པའི་གླུ་བཞིན་སྙིང་ནས་བཀུག།
སྐྱོ་དགའི་ཤུགས་སྒྲ་འབྱིན་པའི་མཁྲེགས་འཛིན་སེམས། །
ཕན་བདེའི་བདུད་རྩིའི་ཟུངས་བཅུད་མ་བཞེས་པར། །
ལོ་དང་ཟླ་བ་མཐུད་པའི་ཚེ་གཞུང་ན། །
མཐའ་ཀླས་ཡིད་ཅན་དབེན་པའི་སྣང་བ་འབྲི། །
བསོད་ནམས་དུམ་བུར་ཆགས་པའི་དབེན་གནས་སུ། །
གསར་བཞད་ཟིལ་བ་འཐུང་བའི་མེ་ཏོག་ཚོམ། །
ཡང་ཡང་འཛུམ་དཀར་ཟོལ་གྱིས་མཛེས་བཀྲམ་ན། །
དབེན་པའི་བློ་རྣམས་གཡོ་བའི་གར་ཏུ་མཆིས། །

མཆན། * སྤ་ཆས་ཞེས་པ་ནི་རྒྱན་ཆའི་བརྡ་རྙིང་ལ་གོ་དགོས།
        ______ ཞེས་ཡབ་རྗེ་བླ་མ་པཎྚི་ཏ་ཆེན་མོ་ཞྭ་དམར་རྡོ་རྗེ་འཆང་མཆོག་གི་ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་པའི་ཟླ་མེད་ནོར་བུའི་ཡིད་འོང་ཁང་བཟང་ཆེན་མོ། ངོ་མཚར་གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བའི་གདན་ས་ཁྱད་པར་ཅན་དྷཱིཿཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ། དུས་མཐའི་སྙན་ངག་པའི་གྲལ་མཐའ་བ་རྨོག་རུ་སངས་རྒྱས་རྒྱ་མཚོའམ་ཟླ་བའི་རྒྱལ་མཚན་སོགས་སུ་འབོད་པས། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་འཆར་སྣང་གང་དྲན་དག་ཐོལ་གྱིས་བྲིས་པ་དགེ་ལེགས་འཕེལ།

               ༈ ཤིས་པ་བརྗོད་པའི་སྙན་ཚིག་བཀྲ་ཤིས་སྙིང་གི་འོད་སྣང་།                

བཀྲ་ཤིས་གསེར་གྱི་ཉི་མའི་དཀྱིལ་འཁོར་ལ། །
བཀྲ་ཤིས་སྤྲིན་གྱི་རྒྱལ་མཚན་དབང་མེད་འཁོར། །
བཀྲ་ཤིས་འཇའ་ཚོན་སྣ་ལྔས་ཡོངས་སྐོར་ཏེ། །
བཀྲ་ཤིས་སྙན་པའི་ཚིག་ཕྲེང་གཅིག་ཏུ་བསྟར། །
བཀྲ་ཤིས་དགེ་བའི་ས་བོན་གཤིན་པོ་ཡིས། །
བཀྲ་ཤིས་རྟེན་འབྱུང་འོ་མ་ཤིས་པར་གྲུབ། །
བཀྲ་ཤིས་གཡང་གི་དྲི་བཟང་ཐིག་ལེ་ཅན། །
བཀྲ་ཤིས་ངོ་མཚར་མེ་ལོང་ངོགས་སུ་འཇོ། །
བཀྲ་ཤིས་བསམ་དོན་རི་མོའི་གུར་ཁང་ན། །
བཀྲ་ཤིས་ལྷུན་གྲུབ་བུ་མོའི་ཟུར་མིག་རྒོད། །
བཀྲ་ཤིས་དོ་ཤལ་རིན་ཆེན་མུ་ཏིག་ཡང་། །
བཀྲ་ཤིས་བདེ་ལེགས་ངང་དུ་སིལ་བར་འཐོར། །
བཀྲ་ཤིས་སྙོམས་འཇུག་བདེ་བའི་ཏིང་འཛིན་གྱིས། །
བཀྲ་ཤིས་དབྱངས་ཀྱི་སྐུད་པ་སེང་ངེར་དཀྲོལ། །
བཀྲ་ཤིས་མེ་ཏོག་འདབ་བརྒྱ་གྲོལ་བའི་གཞི། །
བཀྲ་ཤིས་འབྲུ་སྣ་མང་པོས་ཤིས་བར་འཕེལ། །
བཀྲ་ཤིས་ལེགས་བཤད་གཡུ་ཡི་རྒྱན་ཕྲེང་ན། །
བཀྲ་ཤིས་ཞི་བདེའི་འཛུམ་གྱི་སྣང་བ་གྲོལ། །
བཀྲ་ཤིས་གང་བསམ་དགེ་ལེགས་འོད་དཀར་ཡང་། །
བཀྲ་ཤིས་རྟེན་འབྲེལ་རྒྱུ་ཡིས་དགེ་བར་བསྔོ། །
བཀྲ་ཤིས་དྭངས་གསལ་ཆུ་མིག་དགུ་འཁྱིལ་ན། །
བཀྲ་ཤིས་གསེར་མིག་ཉ་ཡི་འཁྱུག་རྩལ་ངོམ། །
བཀྲ་ཤིས་ཁ་གཡང་སྔོན་མོའི་མཐོན་མཐིང་ཡང་། །
བཀྲ་ཤིས་དབྱར་མཚོ་བཞིན་དུ་རབ་ཏུ་རྒྱས། །
བཀྲ་ཤིས་པི་ཝང་སྒྲ་དབྱངས་སྙན་མོ་ཡིས། །
བཀྲ་ཤིས་རྟེན་འབྲེལ་དབྱངས་ཀྱི་ང་རོ་སྒྲོགས། །
བཀྲ་ཤིས་སྣོད་བཅུད་ཁམས་ཀྱི་འདུས་བྱས་དག། །
བཀྲ་ཤིས་སྤྲོས་ཀུན་ཆོས་ཀྱི་དབྱིངས་སུ་ཞི། །
བཀྲ་ཤིས་ཆུ་འཛིན་གོས་ཀྱི་མགུལ་རྒྱན་ཉིད། །
བཀྲ་ཤིས་གཏེར་མཛོད་འཛིན་མའི་ཁྱོན་ལ་བཏང་། །
བཀྲ་ཤིས་ཀུན་རྟོག་ཡིད་ཀྱི་རྨི་ལམ་ཡང་། །
བཀྲ་ཤིས་མེ་ཏོག་བཀྲ་བའི་རྒྱན་དུ་སྤུད། །
བཀྲ་ཤིས་དངོས་ཀུན་སྣང་བའི་སྙིང་པོ་མཆོག།
བཀྲ་ཤིས་ཕྱོགས་ལྷུང་བྲལ་བའི་མཐུ་ཡིས་བྱུགས། །
བཀྲ་ཤིས་འཕགས་པ་སྤྱན་རས་གཟིགས་དབང་ལ། །
བཀྲ་ཤིས་རྒྱ་ཆེན་གཏིང་གི་ནོར་བུས་རྒྱན། །
བཀྲ་ཤིས་རྐང་དྲུག་འདབ་གཤོག་གཡོ་བའི་ཚལ། །
བཀྲ་ཤིས་ཆུ་སྐྱེས་བཞད་པའི་དོ་ར་རེད། །
བཀྲ་ཤིས་འཛུམ་གྱིས་མཛེས་པའི་གེ་སེར་ཉིད། །
བཀྲ་ཤིས་ཤིས་པ་སྩོལ་བའི་བྱིན་གྱིས་རློབས། །
བཀྲ་ཤིས་ཚིག་གི་སྤུ་ཉག་གཡོ་ཙམ་གྱིས། །
བཀྲ་ཤིས་ཤིས་པའི་ཚིག་རྒྱན་སྒེག་ཏུ་གཡོ། །
བཀྲ་ཤིས་ལེགས་པའི་གཏམ་གྱི་ཆོ་འཕྲུལ་གྱིས། །
བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་ལམ་འདེབས། །

                          ༢༠༡༦ .༠༡ .༠༥ ཉིན་རྨོག་རུ།
1012_3.jpg

               ༈ རབ་དཀར་འཛུམ་བརྒྱ་གྲོལ་བའི་མེ་ཏོག

ཐུབ་པའི་བསྟན་བརྒྱུད་མཛེས་གཅིག་གངས་ཀྱི་རྒྱན། །
དབེན་གསུམ་ནགས་རྫོབ་འདབ་བརྒྱ་སྙིང་གི་འབྲུ། །
རབ་དཀར་དོ་ཤལ་ཕྲེང་བས་འགུལ་དུ་དཔྱངས། །
ལྷུན་པོ་གངས་ཀྱི་གཞུང་ལ་བྱམས་ཀྱིས་འཁྱིལ། །
རྒྱུད་མངས་དབྱངས་ཀྱི་རོལ་ཆས་འགུལ་བྱེད་པའི། །
བདག་སེམས་འདབ་བརྒྱ་མེ་ཏོག་བཞད་པའི་དཔལ། །
མཛེས་སྡུག་བསོད་ནམས་རྡུལ་གྱིས་ཆེར་སྦགས་དུས། །
ཚོར་མེད་སོར་རྩེ་དག་ཀྱང་འཛུམ་གྱིས་ཁེངས། །
རྫོགས་ལྡན་གསེར་གྱི་ཉི་གཞོན་གསར་བ་ཡིས། །
ལེགས་ཚོགས་སྤྲིན་གྱི་མེ་ཏོག་ལང་ཚོར་གྱོན། །
ལྷུན་གྲུབ་ཆོས་དབྱིངས་སྔོན་མོའི་ཀློང་ཉིད་ལས། །
ཤིས་ཚིག་གཡུ་ཡི་མུ་ཏིག་འཛིན་མར་སིམ། །
འཇའ་ཚོན་གུར་གྱི་དཀྱིལ་འཁོར་སྙན་གྱིས་སྒེག།
མཁྱེན་རབ་སྟོང་གི་སྤྱན་གྱིས་བདག་ཏུ་བསྐྱངས། །
ཆོས་ཀྱི་མེ་ཏོག་འཛུམ་པའི་དོ་ར་ན། །
སེར་མོ་བན་གྱི་མགུར་དབྱངས་མཁའ་ལ་ཟུག།
ཟབ་མོ་དབྱངས་ཀྱིས་ཆོ་གས་འཛུམ་རིས་གྲོལ། །
བདེ་བླག་ནོར་བུའི་གཟི་དཔལ་སྙིང་ལ་འབར། །
དགའ་བའི་བང་མཛོད་འཛིན་པའི་བདག་གི་འཛུམ། །
ངོ་མཚར་ལྷ་ཆེན་མཆོག་ཀྱང་སྨོན་པས་བཟི། །
མཐུན་པའི་དར་དཀར་ཡོལ་བ་དགུང་དུ་འཕྱུར། །
ཚེ་ཡི་བདུད་རྩི་རིལ་བུས་འབྱུང་ཁམས་གསོ། །
དཀའ་གནས་རྣོ་རུ་བརྡར་བའི་བདག་གི་སེམས། །
སྤྲོ་བའི་སྒྱུ་མའི་རྒྱ་མཚོའི་སྟེང་དུ་འཕྱོ། །
གཏན་འབེབས་ཆོས་ཀྱི་ཐིག་ལེ་མ་ཟིན་ཡང་། །
ཕྱི་ནང་བཀྲ་ཤིས་དགེ་མཚན་འབུམ་ཕྲག་གིས། །
ཐོས་འཚོལ་བཙུན་པའི་གཟུགས་བརྙན་འཛིན་པའི་བདག།
ཕྱི་དགའ་ནང་དགའ་དགའ་བའི་འཛུམ་རིས་འཕེལ། །
རྟོགས་ལྡན་རྣལ་འབྱོར་དགྱེས་པའི་དྲིལ་ཆུང་གིས། །
ཕན་བདེ་དབྱངས་ཀྱི་ང་རོ་གར་དུ་བསྒྱུར། །
ཨེ་མ་རིས་མེད་ལྷ་གཅིག་མགོན་པོ་ཀྱང་། །
བདེན་གྲུབ་སྒྱུ་མའི་ཞིང་དུ་འཛུམ་གྱིས་བཞད། །
འབྲོག་རི་གངས་ཀྱི་ར་བའི་ནང་རོལ་ན། །
སེང་ཆེན་མཆེ་སྡེར་ངར་མོས་ས་ཆེན་གཤགས། །
འོན་ཀྱང་སེམས་ཀྱི་སྨོན་འདུན་གླུར་དྲངས་ན། །  
གཡུ་རལ་སྔོན་མོས་གཟི་དཔལ་འཛུམ་དུ་མངོན། །
ཆགས་བྲལ་ཟག་མེད་བདེ་བའི་ཏིང་འཛིན་བཞིན། །
ཟས་ནོར་ཁམས་དང་བསྟུན་ནས་སྙིང་ལ་གསོལ། །
ཞུ་འཕྲིན་འཛུམ་བརྒྱའི་མེ་ཏོག་དབྱངས་སུ་དཀྲོལ། །
ཨེ་མ་དགའ་བའི་སྟེང་ལ་སྤྲོ་བ་སྣོན། །
ཐོས་འཛིན་རྩལ་གྱི་འབྱོར་བས་རབ་དབེན་ཡང་། །
སྔོན་བསགས་ལས་ཀྱིས་མངོན་མཐོའི་གོ་འཕང་ཐོབ། །
བདེན་སྟོང་ངེས་ལེགས་ཞིང་ས་གཤིན་པོ་ལ། །
དེ་རིང་རེ་བའི་འཛུམ་གྱིས་སྤུ་ལོང་གཡོ། །
སེམས་ཀྱི་མུན་པ་ཅིག་ཅར་འོད་ཀྱིས་ཁྱབ། །
སྙིང་སྟོབས་ཆུ་འཛིན་གྱ་གྱུར་རླུང་གིས་གཡོ། །
དགེ་ཚོགས་ལྷུན་པོའི་སྤོ་ལ་མ་འཛེག་ཀྱང་། །
སྣང་བའི་འཛུམ་བརྒྱ་མེ་ཏོག་རུམ་ལ་གྲོལ། །
ཡིད་འཕྲོག་གོས་བཟང་ཡོལ་བས་རབ་ཀླུབས་ཤིང་། །
ཁྲུས་གཙང་མེ་ལོང་འོད་ཀྱིས་དག་བྱས་པའི། །
འཛུམ་བརྒྱའི་མེ་ཏོག་རང་གྲོལ་བསྟི་བའི་གནས། །
བདག་གི་གློ་སྙིང་བར་མཚམས་སྤྲོ་བས་བཟི། །

                 ༈བདེན་པའི་དངོས་གྲུབ་སློང་བའི་རོལ་མོ།                                       

མཁྱེན་པའི་རྣམ་དཔྱོད་གཅིག་ཏུ་བསྡུས་པའི་དགེ་ལེགས་འོད་དཀར་སྣང་བ་འབུམ།།
འཇའ་སྤྲིན་འཁྲིགས་པའི་ཀློང་ལས་བལྟམས་ཏེ་མཚར་སྡུག་སྲིད་ཞིའི་གཙུག་ཏུ་ཤར།།
ཟླ་བྲལ་ངོ་མཚར་མཚན་དཔེའི་འོད་ཀྱིས་སྒེག་བཅས་རྒྱུད་མངས་དབྱངས་སུ་དཀྲོལ།།
ཀྱེ་མ་སྐལ་བཟང་སྐྱེ་བོའི་ཚོགས་རྣམས་བརྩེ་བའི་སྤྱན་གྱིས་བདག་ཏུ་སྐྱོངས།།
ཟབ་རྒྱས་དམ་ཆོས་དབྱིངས་སུ་མངོན་བརྗིད་ཅིང་།
ཟབ་ཡངས་རྣམ་དཔྱོད་འབྲུག་སྒྲ་མཆོག་ལྡན་པའི།།
ལྷན་སྐྱེས་སྙན་འགྱུར་མགྲིན་པའི་ཆོ་ག་ཡིས།།
ལུས་ངག་མུན་པའི་མདུད་པ་ཕྱེས་གྱུར་ཅིག།
དྲི་བྲལ་ཆུ་འཛིན་གཡོ་བའི་ལྷ་ལམ་དུ།།
གཞན་ཕན་ལྷག་བསམ་གར་གྱིས་རབ་རྩེན་དུས།།
གཙུག་གི་རྒྱན་དུ་བཀུར་བའི་ཚངས་སྲས་མས།།
འདོད་དགུའི་དངོས་གྲུབ་དྭངས་མ་ཆར་དུ་སྩོལ།།
རྨད་བྱུང་ཐུགས་བསྐྱེད་རླབས་ཀྱིས་ཡོངས་བསྐོར་ཞིང་།།
གྲངས་མེད་ཤེས་བྱའི་དཀྱིལ་འཁོར་རབ་རྫོགས་པའི།།
སུམ་རྩེན་ཁྱད་འཕགས་མཁྱེན་པའི་གཟི་འོད་ཀྱིས།།
ཐོས་བྲལ་བླུན་པོའི་རྨོངས་པ་སེལ་གྱུར་ཅིག།
གང་གི་མཐའ་ཡས་སྣང་བའི་སྙིང་རྗེ་ལ།།
བདག་སོགས་འགྲོ་བའི་དད་པའི་སྤུ་གཡོ་ཞིང་།།
འདྲེན་བྱེད་འགག་མེད་ཆོས་ཀྱི་རང་སྒྲ་ཉིད།།
སྐྱེ་བའི་སྐྱེ་བ་རྟག་ཏུ་བརྟན་གྱུར་ཅིག།
ཆོས་དབྱིངས་སྔོན་མོའི་བླ་བྲེ་བྱེ་བའི་དབུས།།
རྣམ་པར་རྩེན་པའི་སྒེག་པའི་ཉམས་སྟབས་ཀྱི།།
འབྲལ་མེད་ཐུགས་རྗེ་སྙིང་ཀའི་ས་བོན་ལ།།
བདག་སྟེ་འཁོར་བའི་གྲལ་མཐས་ལོངས་སྤྱོད་ཤོག།
ཕུལ་བྱུང་སྙིང་རྗེ་པད་ཚལ་བཞད་མཛད་པའི།།
གཡོ་མེད་ཀུན་གྱི་གཞི་རྟེན་དགེ་བའི་ཚོགས།།
ལེགས་བྱས་བདུད་རྩི་རྒྱ་མཚོས་རླབས་འཕྱོ་བ།།
དད་ལྡན་འགྲོ་རྣམས་བློ་གྲོས་ཆེན་པོས་སྐྱོངས།།
མཛེས་སྡུག་ཟག་མེད་ལང་ཚོས་རབ་ཁེངས་ཤིང་།།
མཐོན་མཐིང་ཆུ་འཛིན་ལེབ་མོའི་འཇུག་ངོགས་སུ།།
བསྙོན་མེད་སྐྱིལ་ཀྲུང་བདེ་བའི་ཏིང་འཛིན་གྱིས།།
རབ་འབྱམས་ཞིང་གི་ཚོགས་རྣམས་འགུག་པར་བྱེད།།
དབང་མེད་དད་པས་འདུས་པའི་སྤྲིན་ཕུང་གིས།།
དྲེགས་པའི་མདངས་ལྡན་མཛེས་སྐུ་གཞོན་ནུ་ལ།།
མི་ཕྱེད་དད་པའི་འདབ་བརྒྱ་རྒོད་ཙ་ན།།
གདུང་བ་སེམས་ལ་བརྣགས་པ་བསལ་གྱུར་ཅིག།
མི་འབྲལ་དགེ་བའི་བསོད་ནམས་མཚར་སྟོང་གིས།།
སྡུག་བསྔལ་གཏིང་མེད་རྣམ་དཔྱོད་ཆེར་དྲངས་ནས།།
ཀྱེ་མ་སྐྱོན་ལྡན་བློ་ཆུང་བྱིས་རྣམས་ལ།།
བརྒལ་བརྟག་རིན་ཆེན་རིལ་བུས་སྐྱོབས་མཛོད་ཅིག།
མཐར་ཐུག་ཞི་བདེའི་དབྱིངས་སུ་ཐར་བ་ཡི།།
དཀའ་གནད་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ།།
ཐུགས་རྗེ་ཕྱག་གི་པདྨ་མའི་དྲི་ངད་ཀྱིས།།
སྐལ་ལྡན་བུང་བའི་འབོད་པ་བྱིན་གྱིས་རློབས།།
རེ་ལྟོས་རེ་བའི་སྙིང་ཆུང་གསེང་གི་མདངས།།
ངེས་དོན་སེམས་ཀྱི་གཤིས་ཀར་མཐུན་པའི་ལྷ།།
ལྷུན་གྲུབ་གཞོན་པའི་མཛེས་སྐུའི་ཆར་དྲངས་ན།།
ཆོས་མཐུན་མན་ངག་སྐུད་པ་བདག་ལ་དཀྲོལ།།
ཞིང་འདྲེན་འོད་ལྔ་འབར་བའི་དཀྱིལ་སྟེང་དུ།།
མཛད་འཕྲིན་གདུལ་བྱའི་གཟི་བྱིན་སྐར་ཚོམ་བཞིན།།
རྣམ་འདྲེན་ཐུབ་དབང་བསྟན་པའི་རྒྱན་གྱུར་བ།།
ཁྱེད་ཀྱི་གཟི་བརྗིད་དྲོད་མོས་བདག་སྐྱོངས་ཤིག།
འཕོ་མེད་འོད་མདངས་འཁྱུགས་པའི་གསེར་གྱི་སྐུ།།
ཟབ་ལམ་མཁྱེན་པའི་སྒྲོ་གུར་ངོགས་སུ་བཞུགས།།
རྡོ་རྗེ་སེམས་བསྐྱེད་ལྟ་བུའི་འོད་སྟོང་གི།
སྡེ་སྣོད་རྣམ་གསུམ་ཆོས་སྒྲས་བདག་ཟུངས་ཤིག།།

             ༈རི་སུལ་སྙན་པའི་མགུལ་རྒྱན།
                                              
ཡིད་འོང་འཛམ་བུའི་འཛིན་མའི་དཀྱིལ་དབུས་སུ། །
བསིལ་ལྗོངས་དངན་པའི་སྙན་འགྱུར་འགྱུར་ཁུགས་ལ། །
སྔོན་མེད་སྙན་རྒུའི་དྲག་མཆོངས་གོམ་སྒྲ་ཡིས། །
ཡིད་གཅུགས་མགུལ་རྒྱན་རོལ་མོར་ཤིས་པ་སྩོལ། །
ཉམས་འགྱུར་བག་ཡངས་ལྷོད་པོའི་རིག་བྱེད་གླུ། །
དག་པའི་སྐྱེལ་ཚལ་སྔོན་མོའི་ཀློང་དུ་དྲངས། །
གཡའ་བྲལ་མཐོན་མཐིང་རལ་བའི་ངོ་མཚར་འཛུམ། །
སྙིང་ལ་མ་བཟོད་དགའ་བའི་དཔལ་དུ་བཤམས། །
མ་བསླད་དྭངས་བསིལ་མཁའ་དབུགས་ཟུངས་ཁྲག་ཅན། །
ལྷུན་ཆགས་ས་མཐོ་ཡུལ་གཙང་བསོད་ནམས་ཞིང་། །
ལྷན་སྐྱེས་མཚར་སྡུག་རེ་སྨོན་འཆོར་བའི་གནས། །
ཞི་འཇམ་གཉིད་དུ་ཡུར་བའི་རི་སུལ་ལྗོངས། །
རྨིག་ལྡན་སུག་བཞིའི་སེམས་ཁམས་འཕྲོད་པའི་ཁམས། །
སྐྱིད་སྐྱིད་ཅི་དགར་རོལ་ཆོག་བསྟི་བའི་གནས། །
སྲིད་པའི་ཟློས་གར་མེད་པའི་རི་སུལ་ལྗོངས། །
སྐྱེ་བ་འདི་ལ་ཞེན་ཆགས་ལྕི་མོས་བསྟོད། །
ལྷུང་ལྷུང་ཆུ་མོའི་ཤག་སྒྲས་སྐྱོ་སྡུག་སེལ། །
ཁྲ་ཆིལ་མེ་ཏོག་འཛུམ་གྱིས་སྤྲོ་བ་བསུ། །
སུས་ཀྱང་མ་མཐོང་རི་སུལ་དབེན་འཇགས་འདི། །
ང་དང་འདབ་ཆགས་ཚོགས་ཀྱི་གནས་སུ་གྱུར། །
མེ་ཏོག་རྣམས་ཀྱིས་གཅིག་ལྟ་གཅིག་བྱེད་ཅིང་། །
མཛེས་སྡུག་ཟེའུ་འབྲུས་རྐང་དྲུག་ཕྱེ་ལེབ་འགུག།
མར་གད་མཚོན་རྩིའི་པུར་ཁས་རབ་བྱུགས་པའི། །
ཨེ་མ་རང་བྱུང་ལང་ཚོས་བདག་བློ་འགུག།
དབྱར་བྱེའུའི་སྣ་ཚོགས་སྐོར་དང་སྐོར་ཐེངས་ཀྱིས། །
ནམ་མཁའི་ངོས་སུ་ཀུན་རྟོག་རི་མོ་འབྲི། །
སྤྲིན་དཀར་ལེབ་མོ་དབུགས་ཀྱིས་དེད་འདྲ་བའི། །
རྣམ་རྟོག་གྲི་གུ་བར་མེད་སྙིང་དུ་འཁོར། །
ཚ་ཟེར་ལམ་ལམ་ལྗོན་པའི་གསེབ་ཏུ་འཕྲོ། །
ངེས་མེད་བདག་བློ་དེ་ཡི་ཀློང་དུ་ཞུགས། །
ཟིལ་བའི་མུ་ཏིག་ཕྲེང་བསྟར་བསྒྲིགས་པ་ཡི། །
རི་སུལ་སྣང་བའི་གཟུགས་བརྙན་མིག་ཏུ་མངོན། །
ཞེན་ཆགས་རྣམ་རྟོག་མཐའ་ཡས་དཔག་མེད་ཀྱི། །
སྙན་པའི་ཚིག་རྒྱན་ལྦུ་བའི་ལང་ཚོ་འཕྱུར། །
འཁྲུལ་སྣང་བློ་ལ་ཤར་བའི་འཛིན་སྟངས་སོགས། །
རང་བྱུང་སྐྱེ་མཆེད་ལས་གཞན་གཞན་མ་མཆིས། །
དབང་ཕྱུག་ཆེན་པོའི་བློ་ཡི་གཡོ་བ་དང་། །
སྤྱི་ཡི་གཙོ་བོ་ཡང་ན་ལས་དབང་སོགས། །
གང་འདོད་རང་གི་འདུན་མེས་གཙོ་ཆེ་བའི། །
གང་དེའི་བྱེད་པོས་འདི་ལྟར་བཞེངས་པ་མཚར། །
སྙེམས་ལྡན་སྲིད་པའི་དོ་ཤལ་རིན་ཆེན་ཚོགས། །
དཔྲལ་བའི་མིག་ལ་དགའ་སྟོན་དཔྱིད་དུ་སྦྲུམས། །
ཞོ་གསར་ལྷུན་པོའི་བརྗིད་ཉམས་ཕྲེང་མཛེས་ཡིས། །
ལྷུན་གྲུབ་སྙན་པའི་མགུལ་རྒྱན་མཆོག་ཏུ་འབར། །
བསུང་ཞིམ་དྲི་བཟང་དགའ་མའི་འདོད་འཇོའི་ལུས། །
ཤེལ་དཀར་མེ་ཏོག་བཞད་པའི་ཞིང་དུ་མྱོས། །
རབ་དཀར་ལྷག་བསམ་དྲོད་མོའི་ཐུགས་རྗེའི་འོད། །
རི་སུལ་དབེན་པའི་ཁམས་སུ་ཚར་དུ་དངར། །
མཚར་སྡུག་ལང་ཚོས་བཏུམས་པའི་ངུར་སྨྲིག་ཀློང་། །
ཕལ་བའི་རང་གཏམ་བཅུད་ཀྱི་བདེན་པས་སྤྲས། །
ལྔ་ཟུང་རིག་པའི་སྦྲང་རྩིའི་རོ་མངར་ལ། །
བརྩོན་པའི་ཐབས་ཤེས་ལྗགས་ཀྱིས་རེག་མ་བྱུང་། །
རབ་མཛེས་སྒེག་ལྡན་ཆུ་འཛིན་ཕོན་པོའི་རྩེར། །
འདྲེན་བྱེད་འགྲོ་བའི་ཁམས་ཀྱི་རྒྱལ་བ་བཞུགས། །
གསེར་མདོག་པདྨོའི་འཛུམ་བརྒྱའི་སྣང་བ་ཡིས། །
སྲིད་ཞིའི་མྱང་འདས་ལ་སོགས་གདུང་བ་སེལ། །
བགྲེས་པའི་ཁུ་སིམ་རི་སུལ་དབེན་པ་རུ། །
རབ་སྙན་ཁུ་བྱུག་སྐད་ཅོར་མདངས་བརྒྱ་ཡི། །
བྲེལ་བའི་དབྱར་རྔ་བརྡུངས་བའི་དཔྱིད་དཔལ་གྱིས། །
བརྩེ་འཛུམ་སྨིན་ལེགས་མཛེས་མའི་བརྟུལ་ཞུགས་འཛིན། །
ཏིང་འཛིན་རོལ་མོ་འཇེབས་པའི་ནགས་ལྗོངས་སུ། །
སྨུག་ལོང་དབྱངས་ཡིག་འཁྱིལ་བའི་ན་བུན་འཐིབས། །
འཇམ་གཉེན་གེ་སར་རྡུལ་གྱི་ཚོགས་པ་ཡིས། །
མི་ཕྱེད་དད་པའི་སྙིང་ལ་ཚོན་རྩི་བྱུགས། །
མེ་ཏོག་ཚོམ་བུར་བཀྲ་བའི་ནགས་ཀྱི་ལྗོངས། །
བརྩེ་འཛུམ་འོད་དུ་འཕྱུར་བའི་རི་སུལ་ཁམས། །
གུར་ཀུམ་གསར་བའི་རྡུལ་གྱི་ཀློང་བརྡོལ་བའི། །
ཀྱེ་མ་རང་བྱུང་ཁམས་ཀྱིས་འཇོ་སྒེག་འཛིན། །
བས་མཐའི་ཕྱི་མིག་དྲན་པ་སྤྲིན་ལ་འདྲེས། །
སྤྲིན་པ་དཀར་ཡོལ་དམར་ཡོལ་རླུང་གིས་དེད། །
མི་རྟག་རང་བཞིན་བཙན་པོའི་མཐུ་འོག་ཏུ། །
གཉོམ་པའི་མི་ཉིད་སྡུག་གི་འཁོར་གྱིས་སྐོར། །
འཁྲུལ་བྲལ་དོན་དམ་དཔྱོད་པའི་རྙེད་དོན་ལ། །
ཤེས་རབ་རྩལ་གྱི་བླང་དོར་རྣོན་པོ་དབེན། །
ཅི་ཙམ་འབད་ཀྱང་འབྲས་རྟགས་མི་མངོན་པ། །
སྔོན་མའི་ལས་དང་འབྲེལ་བའི་བརྡ་རུ་མཆིས། །
བྱས་བསགས་ཚེ་རབས་འདི་གའི་ཚོར་བའི་ཁྲོད། །
རི་སུལ་ལུང་བའི་སྣ་ཚོགས་འདོད་འཇོའི་སེམས། །
འཕྲལ་ཡུན་ཀུན་ནས་ཡང་ཡང་དྲན་པ་ན། །
སྙན་པའི་སྡེབ་སྦྱོར་ཚིག་ལ་ཁོ་བོས་བསྒྲིགས། །
     
____ ཞེས་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་བའི་ཚེས་བཞི་ཉིན་ཙོང་ཁའི་ས་འཛིན་ཆེན་པོའི་ལྷོ་ཞོལ་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ་མདོ་སྨད་བྱང་གི་དབེན་གནས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ་རྨོག་རུ་སངས་རྒྱས་རྒྱ་མཚོའམ་ཟླ་བའི་རྒྱལ་མཚན་དུ་འབོད་པས་ལེགས་པར་བྲིས་པ་ཛ་ཡནྟུ །།།།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོག་རུ་སངས་རྒྱས་རྒྱ་མཚོའི་སྙན་ངག་བདམས་བཀོད།

2016-10-30 རྨོག་རུ་སངས་རྒྱས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།