རྨ་འོད་ཀྱིས་༢༠༡༨ལོར་བརྩམས་པའི་སྙན་ངག་དང་གཞས་ཚིག་བདམས་བཀོད།

              མཎ་རྡོག་གོ

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
མི་ཆེན་ལ་སེམས་ཆེན་དང
མི་ཆུང་ལ་སེམས་ཆུང་ཨེ་ཡིན

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
དེ་ནི་རྡོ་ཆུ་ལ་འཕངས་པའི
གཉེར་རིས་དང་འདྲའམ
མར་མེ་ལ་བསྲེག་པའི
ཚག་སྒྲ་དང་མཚུངས་སམ
མི་ཞིག་དབང་དང
རྒྱུ་ལ་བརྟེན་པ་ནས
སེམས་ཀྱང་ཆེ་བ་ནས
ཆེ་བར་བཟོ་ཐུབ་བམ

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
སེམས་མཐའ་ཡས་པ་དེ
གཤིས་མཐའ་ཡས་པ་དང་འདྲའམ
ལན་རེར་མི་མང་བོས
མ་གྱུར་སེམས་ཅན་ཟེར་ནས
མིག་བཙུམ་བཙུམ་ཙམ་བྱ་མོད
དོན་དངོས་སུ་སེམས་ནང་དུ་
གྲོག་མའི་སུག་རྗེས་ཙམ་ཡང་མི་ཤོང་བ་ཅི་ཡིན

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
དེས་རི་རབ་ཞིག་སྒུལ་བ་བཞིན་
གཙང་བོ་ཞིག་སེམས་རྔུབས་པ་བཞིན
མི་མང་བོ་ཞིག་སེམས་ལ་བརྟེན་ནས་ལྷ་རུ་གྲུབ་ལ
ལྷ་མང་བོ་ཞིག་སེམས་ལ་བརྟེན་ནས་འདྲེ་རུ་གྱུར་སོང་ཨང

སེམས་ལ་འཆི་བ་ཨེ་ཡོད
སེམས་ལ་གསོན་པ་ཨེ་ཡོད
སེམས་ལ་ཤི་གསོན་གྱི་གདམ་ཀ་ཨེ་ཡོད
སེམས་པ་རི་ལ་ཤོར་སོང་ཟེར
རི་སྒང་ལ་གནས་བཏབ་ཀྱང
རི་ཞོལ་གྱི་སྡེ་བར་ཅེར་ནས
ལྕགས་གཞུ་ལྕགས་མདའ་སྤྲད
མི་ཚེ་འཇའ་གུར་ལྟ་བུ་ན
མི་གཤིས་གནམ་གཤིས་ལྟ་བུ་ན
མགུར་ཞིག་བཞེངས་ཀྱང་རུང
གཞས་ཤིག་བཏང་ཡང་ཆོག
སེམས་ཀྱི་ཁ་དོག་ག་འདྲ་ཡིན
སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན

                      ༢༠༡༨–༡༠–༢༦

              གནམ་སའི་ཀ་བ།

                              ———མཁས་དབང་ནམ་མཁའི་ནོར་བུ་ཚང་ལ།

ཁྱོད་ནི་ནམ་མཁའ་སྟེ
འོད་ཀྱིས་ས་ཁེབས་པ་བྱུང
སའི་སྙིང་བོ་ཁབ་ཏུ་བཞེས་ནས
ས་ལ་ལྕགས་རི་བརྩེགས་ཤིང
གཙང་བོ་དྲངས་ནས
ས་ཡི་བདག་པོ་མཛད

ཁྱོད་ནི་ས་གཞི་སྟེ
ཤེད་ཀྱིས་གནམ་འདེགས་པར་བྱས
གནམ་ལ་འཇའ་ཚོན་བཏབ་ཅིང
སྤྲིན་གྱི་ཚོམ་བུ་ཐང་མར་བརྡལ
ཉི་ཟླ་གཙུག་ལ་བཀུར་ནས
ལྷ་ནི་ལྷ་དང་མི་ནི་མི་སྟེ
ལྷ་མི་གཉིས་ནམ་ཡང
འབྲལ་བ་མེད་པར་འགྲེལ

ཁྱོད་ནི་ས་སྟེ
ཁྱོད་ནི་གནམ་སྟེ
ཁྱོད་ནི་གནམ་ས་སྦྲེལ་བའི
ཡིད་བཞིན་ནོར་བུའི་ཀ་བ་དེའོ

                    ༢༠༡༨–༩-༢༨

              ཚེར་མའི་མལ་སྟན།
                 

གཉིད་མི་ཁུགས་པ་དེ
སེམས་རྡུལ་ཤར་རེ་རྒྱུག་པས་ཡིན
ལུས་གདན་ཐོག་དང
སེམས་རྟ་ཐོག་ལྟ་བུ་དེས
མི་ནི་སྙི་མོ་སྙི་མོ་བྱས་སོང

མཚན་མོ་དེ་ཡོལ་བ་ཞིག
དེ་བཞིན་ཉིན་མོའང་ཡོལ་བ་ཞིག
ཡོལ་བ་དཀར་ནག་གཉིས་སུ
མི་ནི་ཁ་ངོ་དམར་ལ
ཁ་རླངས་སྐྱ་བའི་གར་བ་དེ
ཉིན་མོ་དཀར་ས་ནས
ནག་ལས་རྐྱང་རྐྱང་གཉེར་ལ
མཚན་མོ་ནག་ས་ནས
རང་སེམས་སུ་དཀར་རྩི་ཙམ་ཡང
གཏོང་འདུན་མེད

རྒས་སླ་བ་དེ
ལོ་ཟླས་ཕབ་པ་མ་ཡིན
འཁོར་བའི་ནག་དོང་ནས
མྱངས་པ་དང་གོམས་པས
བཙིར་བཙིར་ན
ཕྱིའི་གདོང་ཤུན་དང
ནང་གི་སེམས་ཤུན
ནེ་ལོ་མཉེད་མ་འདྲ

འཆི་བདག་དེ་ཞགས་པ་ཞིག་ཡིན་ཟེར
གློ་བུར་དུ་བཤའ་ལུག་འཛིན་འཛིན་བྱ
བཀྱིགས་ཐག་གྲོལ་ན
འཕག་འཚག་ཀྱང་མེད་པར་བྱས་འགྲོ
སྐབས་རེར་དེ་ཡང
སྐྱིད་སྐྱིད་འདྲ་བའི་སྣང་བ་བྱུང

མི་ཁོམ་པ་ནས་མི་འདང་བ་དག་མཐོང་ན
མེ་ནང་དུ་བདེ་བ་འཚོལ་མཁན་དེ
འབུ་མེ་ལྕེབས་མ་རེད
མི་མེ་ལྕེབས་རེད

ལས་རི་མོ་ལྟ་བུ་ཡིན
དེ་རེ་རེའི་ཐོད་པ་ལ
སྔ་ས་ནས་ཕབ་ཡོད་ཟེར་ན
ངའི་ཐོད་པའི་རི་མོ་གྱ་མ་གྱུ
ལག་པས་བྲིས་སམ་རྐང་བས་ཕབ

བསོད་ནམས་ཇི་ལྟར་སྤུངས
བདེ་སྐྱིད་ཇི་ལྟར་བརྐོ
མི་སེམས་མིས་ཟོས་ན
ཁ་གདངས་པ་ཙམ་ལས
ལྕེ་འགུལ་བ་མཐོང་སྲིད་དམ

                    ༢༠༡༨-༩-༢༡



               གཡུ་ལོའི་ཞིང་།
                 
ཞོགས་པར་ཉི་འོད་ཞིག་རྒྱག་པར་རེ་བས་སྒུག་ཡོད
འོད་ཀྱི་སྣེ་མོ་དེ་མདའ་བཞིན་སྙིང་ལ་ཟུག་ན་བསམ་ཡོད
སྙིང་དྲོན་པོ་དྲོན་པོ་དེ་ལག་མཐིལ་ཏུ་བླངས་ནས
མེ་ཏོག་གི་སྒམ་བུ་བཞིན་གཡུ་ལོའི་ཞིང་ལ་འབུལ་འདོད

ཞིང་དེ་ན་སྒྲོལ་མ་བཞུགས
སྔོན་ཆད་སྐུ་མདོག་ལྗང་ཁུ་ཡིན
གཡས་སྐུམ་གཡོན་བསྐྱངས་ཀྱིས་བཞུགས་ཡོད
མེ་ཆུ་རླུང་གསུམ་གྱི་འཇིགགས་པ་དག
རེ་རེ་བཞིན་བསྒྲལ་ཡོད

ད་ཆ་ཞལ་རས་སྔོན་པོ་ཡིན
མལ་ཐུལ་སྔོ་ཁྲ་བསྣབས་ནས་གཟིམ་ཡོད
ཤ་དང་རུས་པའི་བརྩེ་བ་དེ་ལྕགས་ཀྱུ་ལྟ་བུ་ཡིན
དགྲ་བགེགས་བར་ཆད་ཀྱི་འཚེ་བ་དག
རེ་རེ་བཞིན་གནམ་ལ་དཔྱངས་སུ་བཏགས་ཡོད

སྔོན་ཆད་ཀྱི་དད་པ་་ཞེས་པ་དེ
ད་ལྟ་དུངས་པ་རུ་འབོད་ཆོག
གང་ཡང་སྙིང་ལ་ཞུགས་པ་ནས
རུས་ལ་འཐིམས་པ་ནས
བྱིན་རླབས་ཀྱི་ཚན་ཁ་མེ་རི་འབར་འབར་རེད
 
ད་ནངས་ནམ་གསལ་བ་ནས་བཟུང
ཞིང་དེ་ཡིད་ལ་སྒོམ་དགོས་བྱུང
དེ་རིང་གཟའ་མཇུག་ཡིན་པས
ཞིང་དེའི་སྲང་ལམ་ན
མི་ཚོགས་ཀྱི་འདུ་འཛིའི་དཀྱིལ་ན
སུ་ཞིག་ཁེར་རྐྱང་དུ་ཕེབས་པ་བསམ་ན
ཞིང་དེ་རང་གི་ལག་མཐིལ་དུ་བཞེངས་ན་འདོད

                         ༢༠༡༨–༩–༡༥

               སྙིང་བོའི་གཟུངས་འཇུག

ནམ་མཁའ་དེ་ང་ལ་གཡར་རོགས་ཞུ
ང་ཁྱོད་ཀྱི་བར་སྣང་བྱ་ཆོག
བྱ་ཁྱུ་དཀར་བོ་དེ་འཕུར་ས་བྱ་ཆོག
གཤོག་པ་མཉེན་པོ་རེ་ལྡེམ་ས་བྱ་ཆོག

མི་ཞིག་དྲན་ཐུབ་པ་དེ་ལ་ཅི་ཟེར
དྲན་པ་སྐུང་ཐུབ་པ་དེ་ལ་ཅི་ཟེར
ལོ་ཨ་ལོང་ཡང་ལོང་སྦྲེལ་ན
དུས་ཚོད་ནི་སྨྲེང་བ་བསྲིངས་པའི
མེ་ལོང་ཞིག་དང་འདྲ
རྨ་ཁ་རྣག་པའི་ཉི་ཐིག་ཞིག་དང་འདྲ
ལོ་ན་ཚོད་ཡོལ་ཡང
ཞེ་སྣང་བའི་སྨུག་པ་གྱི་ལི་ལི

ངས་མེ་ལོང་ཞིག་བཟོས་ཡོད
དེ་ལ་ཁྱོད་ཕབ་ཡོད
ཁྱོད་ཀྱི་འཛུམ་རིས་ཕབ་ཡོད
མི་ཞིག་ལ་མི་ཚེ་གཅིག་ལ
སྐས་མགོ་འཛུགས་ཡ་དང
སྐས་རྟིང་སྐྱོར་ཡ་ག་ཙམ་ཡོད
 
ངས་མེ་ལོང་ཞིག་བཟོས་ཡོད
མེ་ལོང་གི་ཡུ་བ་སྙིང་ལ་བཏབ་ཡོད
སྙིང་དེ་དང་མེ་ལོང་དེ
རུས་པ་དང་མཉམ་དུ་མཆོད་པར་བྱ

ངས་མེ་ལོང་དེ་ཡང་ཡང་འཕྱིད་ཡོད
འཕྱིད་བཞིན་འཕྱིད་བཞིན
ཁྱོད་ཀྱི་ཐོད་ལ་བཙུགས་ཡོད
དེ་ནི་ཉིན་རྒྱུན་ཁྱོད་ཀྱི་འགྲོ་འདུག་སྤྱོད་པའི་
བརྙན་འཕྲིན་ལྟ་བུ་ཡིན

ང་ཡང་མེ་ལོང་དུ་འཛུལ་ཡོད
མེ་ལོང་གི་འཆར་ངོས་སུ
ཚོན་མདོག་གིས་ཤར་ཡོད
དེ་ཡང་ཁྱོད་ལ་སུན་སྣང་མེད་པའི
གནའ་སྒྲུང་ལྟ་བུར་འགྱུར་བར་ཤོག

མེ་ལོང་དེ་སྲུང་བར་གྱིས་དང
མི་ཚེ་དེ་སྲུང་བར་གྱིས་དང
ཚེ་སྲོག་དེ་སྲུང་བར་གྱིས་དང
མེ་ལོང་དེའི་དཀྱིལ་ལ
ངའི་སྙིང་དམར་བོའི
གཟུངས་འཇུག་འབུལ་ཡོད

                  ༢༠༡༨ ༧ ༢༤

               ཐུན་མོང་གི་མིག

                      —-སྟག་ཚ་མཆོག་སྤྲུལ་རིན་པོ་ཆེ་ལ།

ཉིན་འདི་དག་ཏུ
པེ་ཅིང་ན་ཚོགས་ཆེན་ཡོད་ཟེར
ཕ་ཡུལ་ལ་ཅུང་དམ་དྲག་བརྒྱབ་འདུག

སྤྱིར་བཏང་དུ་ཕ་ཡུལ་ནས
པེ་ཅིང་མི་མཐོང་བ་བཞིན
པེ་ཅིང་ནས་ཕ་ཡུལ་ཡང་མཐོང་དཀའ་ཚོད་འདུག
ཡིན་ཡང་མི་ནི་མིག་གིས་གྲུབ་ཅིང
མིག་ཅེར་ཅེར་ན
ཕ་ཡུལ་ནས་པེ་ཅིང་གི་གློ་མཆིན་མི་གསལ་ཡང
པེ་ཅིང་ནས་ཕ་ཡུལ་ལག་པ་རྐོ་རྐོའི་མཐིལ་ཡིན་ཚོད་རེད

ཚོགས་ཆེན་དུ
སྐུ་དགྱེས་ཡོད་པ་མཐོང་དུས
གསུང་ལྷོད་ཡོད་པ་ཐོས་དུས
ཐུགས་ཟབ་མོས་ཕ་ཡུལ་དང
རི་ཆུ་ཡང་ཡང་གླེང་བར་མཇལ་དུས
ལན་རེར་སངས་རྒྱས་དང་ཉེ་རིང་ཞེས་པ་དྲན་སོང
སྐབས་རེར་བྱམས་བརྩེ་དང་སྙིང་རྗེ་ཟེར་བ་མྱངས་སོང
གང་ལྟར་སྔོན་ཆད་ཡུལ་མི་ཚོ་པེ་ཅིང་དུ་འབྱོར་ན
ཕྱིར་ཕ་ཡུལ་གླེང་མཁན་ཉུང་ཉུང་ཡིན་ཡ་སྐུ་རིན་པོ་ཆེ

ཚོགས་ཆེན་དུ
མིག་དང་རྣ་སོགས་དབང་བོའི་ཚོགས་སམ
ཡང་ན་ལུས་དང་ངག་སོགས་སྒོ་མོ་ཀུན་ཏུ
ལོངས་སྤྱོད་གནམ་ཐེགས་པ་རེ་དང
ས་ཁེབས་པ་རེ་མྱངས་དང་མྱོང་ངེས་རེད
ཐུགས་ཞིབ་པར་གྱིས་དང
ཕ་ཡུལ་ནས་པེ་ཅིང་ལ་ཕེབས་པ་དག་གམ
ཕ་ཡུལ་ནས་པེ་ཅིང་ལ་ཕུལ་བ་དག
ད་ལྟ་པེ་ཅིང་དུ་བདེ་བར་བཞུགས་སམ་གསུང་རིན་པོ་ཆེ

དེ་རིང་ཕ་ཡུལ་ལ་ཁ་བ་མཐུག་པོ་བབས་འདུག
ཡུལ་མི་ཚོས་གྲང་འདར་རྒྱག་པ་དེ
པེ་ཅིང་ནས་མཐོང་ངམ
མཚམས་མཚམས་སུ་མིག་ཟེར་བ་འདི
རང་ཉིད་ཁོ་ནར་ལྟ་བྱེད་ཅིག་ཏུ་གྲུབ་ཡོད
དེ་བཞིན་པེ་ཅིང་གི་མིག་ཀྱང
ཤ་མིག་དེ་འདྲ་ཡིན་ནམ་ཐུགས་རིན་པོ་ཆེ

ཞིབ་འདང་བརྒྱབ་ན
ང་ཚོ་ལ་ཐུན་མོང་གི་མིག་གཅིག་ཡོད
ཞིབ་འདང་བརྒྱབ་ན
ང་ཚོ་ལ་ཐུན་མོང་གི་མིག་གཅིག་ཡོད་པ་ནས
སྒེར་གཤིས་དང་རིང་ནས་བཀྱེད་ཡོད
ཞིབ་འདང་བརྒྱབ་ན
སུ་ལའང་ཐུན་མོང་གི་མིག་གཅིག་ཡོད་པར་ཅི་འདྲ་རེ་ཨང
སྐུ་རིན་པོ་ཆེ གསུང་རིན་པོ་ ཐུགས་རིན་པོ་ཆེ

                                  ༢༠༡༨ ༣ ༡༨



             དབྱར་ཨེ་ཐོན་ཐལ།

 དབྱར་ཨེ་ཐོན་ཐལ
མེ་ཏོག་གི་གདན་ཆ་གང་ན་ཡོད
མཛུབ་མོ་ནང་ལ་བཀུག་དུས
ཁ་བ་མང་པོ་ཞིག་བབས་པ་དྲན་སོང
ཆར་ཞོད་དང་ཆུ་ལོག་ཀྱང་མང་བ་དྲན་སོང

མཛུབ་མོ་ནང་ལ་བཀུག་དུས
ད་ལོ་ཉ་མང་བོ་ཞིག་རྐྱེན་ལམ་དུ་སོང་བ་དེ
འབུ་མང་བོ་ཁངས་ཞབས་ནས་རུལ་བ་དེ
ཁངས་ཞོད་རྒྱུན་མི་ཆད་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད

དབྱར་ཨེ་ཐོན་ཐལ
མཐོ་རྒྱུགས་ཁངས་མ་ཆར་དེས
ངའི་སྐྱེད་ཚལ་ལ་གྲང་བ་བཏབ་སོང
གློག་མིག་ལྷ་མ་འདྲེ་དེས
ངའི་རྨི་ལམ་ལ་ཡོལ་རས་རྒྱབ་སོང
ཕ་མ་འདར་གྱིན་པ་དེ
དགེ་རྒན་འདར་གྱིན་པ་དེ
སློབ་རའང་འདར་གྱིན་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད

དབྱར་ཁོ་ན་སྒུག་ནས
དགུན་མང་པོ་ཞིག་རྫོགས་སོང
དགུན་གྱི་གྲུ་ཁ་རེ་རེ་ནས
དབྱར་མ་དྲན་པ་གཅིག་ཀྱང་མེད

ཁུ་བྱུག་གྲག་ཉིན་དེར
དགའ་བ་ཚད་མེད་སྐྱེ་མྱོང
མེ་ཏོག་དང་ཉི་འོད་མཉམ་དུ་གྲོལ་སྣང་བྱུང
སྤྲིན་དཀར་ལེབ་མོ་ཞིག་བསིལ་གདུགས་བཞིན
བར་སྣང་དུ་འཁྱིལ་བ་དྲན་ན
དབྱར་ལས་སྙིང་ཉེ་བ་ཞིག་མེད་པ་བསམ་སོང
དབྱར་ལས་ཡིད་མགུ་བ་ཞིག་མེད་པ་གྲུབ་སོང
དབྱར་ཁོ་ན་ལ་ཕྱི་མཛེས་ནང་མཛེས་ཀྱིས་འཚོ་ཆོག་པ་སྙམ་བྱུང

མདང་དགོང་ཡང་བསྐྱར་ཁངས་མ་ཆར་ཞིག་བབས
དེ་ནི་མཐོ་རྒྱུགས་ལ་ཕྱི་ཁྲུས་ནང་ཁྲུས་བརྒྱབ་པ་དང་འདྲ
དྲི་གཞི་ནག་ལ་སློབ་མ་དཀར་བ་དེས
སེམས་གྲང་མོ་ཆུ་འདྲ་བ་བྱས་སོང
དབྱར་ཨེ་ཐོན་ཐལ
                        ༢༠༡༨ ༦ ༦

              ཕ་ཐུན་པའི་བདུན་ཚར།

                                ———བུ་མོ་བསྟན་འཛིན་ཀུན་བཟང་ལ།
                               
ལོ་དེའི་ནམ་ཟླ་ག་འདྲ་ཡིན་པ།།
ཆུ་དང་ཆར་བ་ག་ཙམ་རྒྱས་པ།།
ལོ་དང་སྙེ་མ་ཅི་འདྲ་ལྡེམ་པ།།
སུ་དང་གང་ལ་དཔའ་གདེང་མེད་ཀྱང་།།
སྐྱབས་སའི་དཀོན་མཆོག་བསླུ་བ་མེད་པ།།
མཆོད་པའི་དགྲ་ལྷ་གཡེལ་བ་མེད་པ།།
བཏབ་པའི་ས་བོན་ལྷད་པ་མེད་པ།།
དེ་རིང་དངོས་སུ་མཐོང་བ་དགའ་སོང་།།

ཚེ་སྔོན་ལས་ཀྱི་རླུང་ཁ་དེད་ནས།།
ཚེ་འདིའི་ལས་ལ་གདམ་ག་རྒྱབ་ནས།།
འབད་དང་རྩོལ་བའི་དངོས་གྲུབ་བརྟེན་ན།།
སུ་དང་གང་ལ་ཕམ་པ་ཆུང་འདུག
འདི་ཡང་རྒྱུ་འབྲས་འཁྲུལ་བ་མེད་པ།།
འདི་ཡང་གཏན་ཚིག་ཞིག་པ་མེད་པ།།
འདི་ཡང་དམ་བཅའ་སུབ་པ་མེད་པ།།
དེ་རིང་རིས་སུ་ཤར་བ་སྤྲོ་སོང་།།

མི་ཚེའི་རིང་ཐུང་དཔག་པ་མེད་ཀྱང་།།
མི་བཞིན་འཁྱོངས་པ་སྙིང་བོའི་སྙིང་ཡིན།།
སྙིང་འདི་བཞུགས་ན་ག་དུས་ཡིན་ཡང་།།
སུ་དང་གང་ལ་འཕྲད་ཀྱང་རྒྱལ་ཡོང་།།
སྔོན་ཚེ་ཕ་ཡིས་འདི་ལྟར་གདམས་མྱོང་།།
དེ་རིང་ངས་ཀྱང་དེ་བཞིན་གདམས་ཆོག།
སྐྱ་ཚང་ཁྱིམ་གཞིའི་གདམས་པ་དྲོན་པོ།།
ནམ་ཡང་འཁྱག་པར་མ་གཏོང་བུ་མོ།།

ཐོབ་དང་རྒྱུ་ཡི་སྨུག་པའི་གྲོང་ན།།
རྫུན་དང་ཕྲ་མའི་ཁོ་ལག་རྫོགས་པ།།
གཞི་དང་གཤིས་ཀ་འཁོས་ཆུང་འདྲ་བ།།
སུ་དང་གང་ལ་བལྟས་ཀྱང་སྣང་ཡང་།།
ཨ་མའི་བུ་ལ་རུས་ཚུགས་དམ་དགོས།།
རང་ཚུགས་གང་སར་རལ་བའི་སྡར་མ།།
ད་ཆ་ཕན་ལ་ཁྱིམ་འདིར་འབྱུང་མེད།།
ཁྱིམ་གྱི་བྱུང་རབས་སྐྱོང་དགོས་བུ་མོ།།

མི་ཚེ་དོན་ཡོད་གླེང་མཁན་མང་བ།།
དེ་བཞིན་འདོད་མོས་སྣ་ཚོགས་འཁྲིལ་བ།།
གནའ་ནས་ཡོད་ལ་ད་ལྟ་འཁྲིགས་པ།།
སུ་དང་གང་ལ་དྲིས་ཀྱང་འཆད་ཡོང་།།
མདོར་རྩ་དོན་ཡོད་དོན་མེད་བྱ་བ།།
ཁྲི་ལ་ཁྲི་དང་འབུམ་ལ་འབུམ་ཡིན།།
གང་ལྟར་སྔ་མར་གདམས་པའི་ལས་ཀ།
ད་ནས་མགོ་མཇུག་མཚུངས་དགོས་བུ་མོ།།

སློབ་ཆེན་སློབ་ར་ཡངས་དོག་གཉིས་ཡིན།།
སློབ་མའི་གཞིས་ཁྱིམ་ཆེ་ཆུང་གཉིས་ཡིན།།
གཙོ་བོ་རང་གི་བསམ་གཞིགས་ཡངས་དགོས།།
ལས་དང་བསྐལ་བའི་འདུན་པ་ཆེ་དགོས།།
བུ་དང་བུ་མོའི་བགོ་སྐལ་གཅིག་ཡིན།།
ཐོས་དང་བརྩོན་པའི་བགོ་བཤའ་རྒྱག་དགོས།།
ཁ་འདོན་ཕྱག་གི་ཨ་ལོང་སྦྲེལ་བཞིན།།
མཆོག་གསུམ་སྙིང་ནས་བཀུར་དགོས་བུ་མོ།།

གསུམ་པར་གསུམ་པའི་ཐུན་པ་ཆེ་བ།།
ཨ་ཕ་ཐུན་པའི་ཐུན་པ་ཚེགས་པ།།
ཐུན་དང་ཐུན་པའི་རླུང་ནག་བར་ན།།
ཨ་ཕ་སྲུང་བའི་ཐུན་པ་མང་བ།།
གང་ལྟར་མིག་གིས་སྐྱེལ་བ་རྒྱབ་ནས།།
འབྲོང་གི་རྫི་རིའི་ཁོག་པ་བརྟོལ་ཡོད།།
བུ་མོ་དལ་གྱིས་ལམ་ལ་ཆས་སོང་།།
མ་དང་མཁའ་འགྲོས་སྐྱེལ་མ་མཛོད་ཅིག།

                           ༢༠༡༨ ༣ ༡༦

             ལྷ་ས་ནས་དགུ་ཐུག་འཐུང་བ།

དགུ་ཐུག་འཐུང་རྗེས
ད་གཟོད་ཉི་མ་ལྷ་ས་འདི་ཡང
དགུ་ཐུག་ཞིག་ཡིན་པ་སྣང་སོང

པོ་ཏ་ལ་དང་ལྕགས་པོ་རི
གཙུག་ལག་ཁང་དང་ར་མོ་ཆེ
ཡིད་ཚིམ་ལ་ལུས་བདེ་བ
རྟེན་འབྲེལ་དང་ཕྱྭ་གཡང་གི
དགུ་ཐུག་ཞིག་ཡིན་པ་ཚོར

དགུ་ཐུག་ཏུ་ང་ལ་གྲོ་མ་ཞིག་ཐོབ
དེ་ནི་ཁ་དྲོ་བ་དང་ལས་དགེ་ལ
སང་ལོ་ཡང་ལབ་ཐོག་ནས་རྟར་རྒྱུག་པ་མཚོན

དགུ་ཐུག་ཏུ་ང་ལ་ལ་ཕུག་ཅིག་ཐོབ
དེ་ནི་ལོ་རྗེས་མར་ཡང་དྲ་སྟེང་ནས
ཉམས་སྣང་གིས་ཕྱེན་གཏོང་བ་མཚོན

དགུ་ཐུག་ཏུ་ང་ལ་རྩྭ་ཐུར་གཅིག་ཐོབ
དེ་ནི་ཕག་ལྟར་ཉལ་ལ
ཁྱི་ལྟར་ཟ་བ་མཚོན

དགུ་ཐུག་ཏུ་ང་ལ

ཞིབ་འདང་ཞིག་རྒྱབ་ན
དགུ་ཐུག་དེ་འུ་ཅག་གི་མཉམ་འཛོམས་ལྟ་བུ་རེད
གྲོ་མ་དང་ལ་ཕུག་དང་རྩྭ་ཐུར་དག
འུ་ཅག་གི་ཁ་ལག་པ་དང
མགོ་རྐང་བའི་འགུལ་སྟངས་རེད

ཨོ་དགུ་ཐུག་རྒྱགས་ཚད་ཅིག་འཐུང་དགོས
དེ་ནི་རང་གཞན་ཀུན་ལ
བཀྲ་ཤིས་པ་དང་དོན་འགྲུབ་པའི་ཚོགས
རེ་རེ་བཞིན་བསུ་བ་དང་འདྲ

དགུ་ཐུག་འཐུང་རྗེས
ཐོབ་པ་དག་ཤོག་སྦག་གིས་བརྫང་རྗེས
ཁོང་གིས་ཕྱག་དང་དར་གྱིས
ཚན་ཆེ་བའི་བྱིན་རླབས་བསྩལ་རྗེས
དགུ་གོམ་གསུམ་སྤོས་ན
དོན་གསུམ་འགྲུབ་པའི་མོ་དཔྱད་དེ་ཡང
ལུང་བསྟན་ལྟ་བུ་ཡིན་པ་དྲན་སོང

                      ༢༠༡༨ ༢༡༤

              མྱི་ན་འདི།

ཞོགས་པར་གཉིད་སྐྱིད་པོ་རྒྱག་མྱོང
རྨི་ལམ་དུ་མེ་ཏོག་གི་ཞྭ་དང
མེ་ཏོག་གི་གོས་དང་ལྷམ་སོགས་བསླས

ཉིན་གུང་ཡོལ་བ་ན
ཕ་མ་གཉིས་སྒོར་ཕུད་རྗེས
སྙིང་ཉེ་ཟེར་བ་ཞིག་ཁྱིམ་ལ་བསུས

ཕྱི་དྲོ་རྐང་བས་ས་དང
ལག་པས་རྡོ་སློག་རྗེས
གཅེར་བུར་ལམ་ལ་ཆས

                ༢༠༡༨ ༢ ༧

               བྲང་དེ་སྐུང་ལྟ་བུ་ཡིན།

རྐང་བ་གཉིས་ཁྱིམ་ལ་བཅག་པ་ནས
ལག་པ་གཉིས་སུ་དཀར་ཡོལ་བསྣམས་པ་ནས
བྲང་ན་སེམས་ཡོད་པ་ཏོག་ཙམ་དང
མེད་པའང་ཏོག་ཙམ་མ་རེད

མགོ་བོ་ནང་དུ་སྒུར་རྗེས
མིག་གཉིས་ཐབ་ལ་གཏད་རྗེས
མི་ནི་ལྟོ་འདུན་འབར་བ་སྟེ
ཁྲག་ཤེད་ག་ཙམ་མཐོ་ཡང
ཁ་ཞག་གྱི་ལེ་དག་འདོར་ཐུབ་ཀྱི་མེད

ཅུང་ཙམ་ཡང་འཁྱག་པར་དོགས་ནས
ཁ་ཐུམ་མཆུ་ཐུམ་བརྩེགས་རྗེས
ཨེན་ཙམ་ཡང་ཐོབ་པར་རེ་ནས
རྡོག་སྣེར་རྡོག་པ་བསྟུད་རྗེས
རང་ཉིད་རང་གི་མེ་ལོང་དུ་ཆགས་པ་དེ
བྲང་ནས་སེམས་ཀྱིས་ཐུ་བཏུམ་བརྒྱབ་པ་དང་མཚུངས

ཕྱི་རོལ་ན་རླུང་བུ་ལྡང
རླུང་ཆེ་བ་བྲང་ལ་ཟུག་དུས
བྲང་སྐྱིབ་ཆུང་ཆུང་དེས
རླུང་ཁོགས་པ་མི་འདུག
རླུང་དེར་གཤོག་པ་ཡོད་པ་འདྲ་ལ
གཤོག་པ་དེ་ཡང་བྲང་གིས་བཟོས་པ་འདྲ་སོང

རླུང་འབབ་ས་དང
རླུང་འཚུབ་ས་ནས
ཕ་མ་མིང་སྲིང་ཚོ
རླུང་གིས་མགོ་རྔ་འགྱེལ་བ་བསམ་ན
བྲང་ན་སེམས་ཡོད་པ་ཏོག་ཙམ་དང
མེད་པའང་ཏོག་ཙམ་མ་རེད

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་དང
སྐུང་དེ་ན་མཛའ་བརྩེ་དང
ཕྱི་ཐག་གི་རླངས་པ་འཐུལ

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་དང
སྐུང་དེ་ན་ཞེ་སྡང་དང
ཕྲག་དོག་གི་ན་བུན་འཁྲིགས

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་ཡིན་ན
བྲང་ན་སེམས་ཨེ་ཡོད
སེམས་ན་དྲོད་ཨེ་ཡོད

               ༢༠༡༨ ༡ ༡༤



               བླ་ན་མེད་པའི་སློབ་གསོ་རྒྱལ་གྱུར་ཅིག

ཁྲག་ལ་དྭངས་སྙིགས་སེལ་བ་དེ
རྐང་ལ་བཅུད་དང་རུས་ལ་སྲ་ཆགས་པའི་ཆེད་དོ
ཁྲག་དྭངས་ཤིང་ཁྲག་གི་རྒྱུ་ལམ་ཡངས་ན
རྩ་ལམ་བསང་ཞིང་ལུས་དང་ཁམས་བདེ་བར་འབྱུང་ངོ
 
ཟས་བཅུད་དང་ལྡན་པར་བྱ
ཚོད་དང་ཐུན་དང་བསྟུན་པར་བྱ
ཟས་ཟ་བ་དེ་ལུས་བདེ་བའོ
ཁམས་དང་མོས་པ་བསྐྱེད་ནུས་པའོ
བློ་དང་ཤེས་རབ་བརྡར་བྱང་བའོ
སྤོབས་དང་སྟོབས་དང་མཐུ་སོགས་རྒྱས་པའོ

རུས་པ་དཀར་པོ་ལ
ཤོ་མིག་ནག་པོ་མི་དབབ་བོ
ཤ་དམར་ཁྲག་དམར་དེ
རྫས་ངན་གྱིས་མི་སྦང་ངོ
ལྷུ་ཆེན་ལྷུ་ཆུང་གི་རྩིགས་པར
ཨར་འདམ་མི་སྦྱོར་རོ

མགོ་དེ་འགྱིག་གི་སྣོད་དང
ཁ་དེ་སྙིགས་ཟེའུ་ལྟ་བུ་མ་ཡིན་ནོ
མིག་གཉིས་འབྱེད་པ་ཙམ་གྱིས
ཡོད་ཚད་མཐོང་སྲིད་པ་དེ་འཁྲུལ་ལོ

ལག་པ་གཉིས་འགུལ་བའོ
རྐང་བ་གཉིས་འགུལ་བའོ
མི་ཡང་འགུལ་ནས་སྐྱོད་པའོ
མུ་ནས་མུ་རུ་འགུལ་ནས་བསྐྱོད་པ་དེ་ཆོས་ཉིད་དོ

                     ༢༠༡༨  ༡  ༡

              བལ་དཀར་བོའི་ཁ་བཏགས།

ལོ་དེར་དབྱར་ཁ་ཁ་བ་དཀར་བོ་བབས
ལོ་དེར་དབྱར་ཁ་ཁ་བཏགས་དཀར་བོ་བཟོས
མི་སེམས་ཀྱི་དཀར་ནག་དེ
སྣམ་བུ་དཀར་ནག་གི་འཐག་དང་འདྲ
བསོད་ནམས་ཀྱི་དཔུང་ཅི་འདྲ་མཐུག་ན
རྟེན་འབྲེལ་གྱི་མཐུ་དེ་འདྲ་མོད་པོ་མོད་པོ་ཡིན

ལོ་དེར་ཆོས་དཀར་བོའི་ཞིང་ནས
ལུག་དཀར་བོའི་བལ་གྱིས
སེམས་དཀར་བོ་འཐག་ལ་བྲན་སོང
ཁ་ཆུ་གཡས་སུ་འཁྱིལ
རྟེན་འབྲེལ་གཡས་སུ་འཁྱིལ
ལྷ་ཆེན་པོའི་མཛད་འཕྲིན་གཡས་སུ་འཁྱིལ
བོད་ཆེན་པོའི་དབང་ཐང་གཡས་སུ་འཁྱིལ
གངས་དཀར་བོ
ཆོས་དཀར་བོ
བོད་དཀར་བོ
བལ་དཀར་བོའི་ཁ་བཏགས་དཀར་བོ

མི་ནི་བློ་གྲོས་དཀར་བོ་འཐག་མཁན་དང
ལྷ་ནི་ལོ་རྒྱུས་དཀར་བོ་སྩོལ་མཁན་ཡིན

ལོ་དེར་དབྱར་ཁ་ཁ་བ་དཀར་བོ་བབས
ལོ་དེར་དབྱར་ཁ་ཁ་བཏགས་དཀར་བོ་བཟོས
བྱིན་རླབས་ཀྱི་ཆེ་ཆུང་དེ
ཡིད་ཆེས་དཀར་ནག་གི་རི་མོ་འདྲ
གཞན་ཕན་གྱི་སེམས་ཇི་འདྲ་ཡངས་ན
དགེ་བའི་ལས་འབྲས་དེ་འདྲ་འཛོམས་པོ་འཛོམས་པོ་ཡིན

ལོ་དེར་ཆོས་དཀར་བོའི་ཞིང་ནས
ལུག་དཀར་བོའི་བལ་གྱིས
སེམས་དཀར་བོ་འཐག་ལ་བྲན་ཡོད
ཁ་ཆུ་གཡས་སུ་འཁྱིལ
རྟེན་འབྲེལ་གཡས་སུ་འཁྱིལ
ཡབ་ཆེན་པོའི་བློ་གྲོས་གཡས་སུ་འཁྱིལ
ཡུམ་ཆེན་མོའི་ཤེས་རབ་གཡས་སུ་འཁྱིལ
གངས་དཀར་བོ
ཆོས་དཀར་བོ
བོད་དཀར་བོ
བལ་དཀར་བོའི་ཁ་བཏགས་དཀར་བོ

མི་ནི་ཁ་བཏགས་དཀར་བོ་འཐག་མཁན་དང
ལྷ་ནི་དངོས་གྲུབ་དཀར་བོ་སྩོལ་མཁན་ཡིན

                 ༢༠༡༨•༦•༢༡  ཅེན་ཡན་ནས།

              ཨ་ལ་ཡེ།

ཨ་ལ་ཡེ།
སྟོད་ཀྱི་གངས་རི་དཀར་པོ།།
སྲིད་པ་ཆགས་པའི་ཀ་བ།།
ཀ་མགོ་ལྷ་ལ་གདམས་ཡོད།།
ཀ་རྟིང་ཀླུ་ལ་བཅོལ་ཡོད།།
ལྷ་ཀླུ་གཙུག་ལ་བཀུར་བའི།།
དམ་ཚིག་རི་མོར་ཕབ་ཡོད།།
རི་མོ་གསལ་དང་མི་གསལ།།
འགྲེལ་བཤད་གནང་དགོས་ཨེ་འདུག།
ཨ་ལ་ཡེ།འཇིག་རྟེན་ཆེ་ཆུང་མི་གླེང་།།མི་ཚེའི་རིང་ཐུང་མི་གླེང་།།
ང་ཚོ་དེ་རིང་འཛོམས་པ།།དུས་དང་བསྐལ་བ་ཡིན་སོང་།།
ཆང་འདི་ཡར་ལ་ཁྱོགས་དང་།ལས་དང་དབང་ཐང་ལ།
གཞས་འདི་དབྱངས་ལ་དྲོངས་དང་།བསྐལ་བ་ཡར་འགྲོ་ལ།

ཨ་ལ་ཡེ།
སྨད་ཀྱི་གཡུ་མཚོ་སྔོན་པོ།།
འདོད་རྒུ་འབྱུང་བའི་གཏེར་མཛོད།།
གཏེར་སྣ་ལྷ་ཡིས་གནང་ཡོད།།
གཏེར་བདག་ཀླུ་ཡིས་མཛད་ཡོད།།
ལྷ་ཀླུ་གྲོགས་ལ་སྡོངས་པའི།།
སྡེ་བཞིའི་རྩིག་པ་བཏང་ཡོད།།
རྩིག་པ་བརྟན་དང་མི་བརྟན།།
འགྲེལ་བཤད་གནང་དགོས་ཨེ་འདུག།
ཨ་ལ་ཡེ།ཚེ་སྔོན་བསགས་པ་མི་གླེང་།།ད་ལྟའི་དར་རྒུད་མི་གླེང་།།
ང་ཚོ་དེ་རིང་འཛོམས་པ།།ཚེ་དང་བསོད་ནམས་ཡིན་སོང་།།
ཆང་འདི་ཡར་ལ་ཁྱོགས་དང་།བཀྲ་ཤིས་རྟེན་འབྲེལ་ལ།
གཞས་འདི་དབྱངས་ལ་དྲོངས་དང་།ཚེ་རིང་ལོ་བརྒྱ་ལ།
                          ༢༠༡༨-༢-༢༨་ལ་མེ་འཁོར་ནས།
            

               རྒྱ་སྟག་མིག་བཞི།

རི་མགོ་སྨུག་པས་གཡོག་དུས།།
ཁྱོད་ནི་སེང་གེའི་འགྱིང་ཡ་ཡིན།།
རི་རྩེར་ཉི་འོད་ཕོག་དུས།།
ཁྱོད་ནི་ལྷ་ཡི་ལྗོན་པ་ཡིན།།
ཁྱོད་ཀྱི་མིང་ལ་སེང་ཁྱི་དཀར་པོ་ཟེར།།

མཚོ་མོར་འགྲམ་དར་ཆགས་དུས།།
ཁྱོད་ནི་དོམ་གྱི་འགྱིང་ཡ་ཡིན།།
མཚོ་མཐའི་ལྗང་ལོ་འབུས་དུས།།
ཁྱོད་ནི་ཀླུ་ཡི་གཏེར་མདུང་ཡིན།།
ཁྱོད་ཀྱི་མིང་ལ་དོམ་ཁྱི་ནག་པོ་ཟེར།།

སྤང་ལ་རླུང་ནག་འཚུབ་དུས།།
ཁྱོད་ནི་སྟག་གི་འགྱིང་ཡ་ཡིན།།
སྤང་གཞུང་སྦྲ་ཡིས་རྒྱན་དུས།།
ཁྱོད་ནི་འབྲོག་གི་སྲུང་བ་ཡིན།།
ཁྱོད་ཀྱི་མིང་ལ་རྒྱ་སྟག་དམར་པོ་ཟེར།།

དགུན་གྲང་བ་ཆེ་དུས
ཁྱོད་ནི་ལྕགས་ཀྱིས་བཞེངས་པ་འདྲ
དབྱར་ཚ་བ་རྒོད་དུས
ཁྱོད་ནི་རྡོ་ཡིས་གྲུབ་པ་འདྲ

དུས་ཚིགས་བཞི་ལ
བྱང་སེམས་ཀྱིས་འགྲོ་ལ་གཟིགས་པ་ཁྱོད
ཉིན་མཚན་ཀུན་ལ
ལྷག་བསམ་གྱིས་གཞན་དོན་གཉེར་བ་ཁྱོད
བོད་རུ་བ་ཚང་གི་སྲུང་བ་བཙན་པོ
ངའི་གཡང་གི་རྒྱ་སྟག་མིག་བཞི
                ༢༠༡༨-༢-༢༦ལ།
 

              ཚེ་རིང་གཞས་ཆུང་ལ།

ལྷ་ས་ལྷ་ཡི་ཞིང་ལ།
ལྷ་མིའི་རྟེན་འབྲེལ་དབྱིངས་ལ།།
ཨ་ཇོ་ལྷ་ཡི་སྲས་ལ།
ལྷ་ཕྱག་ལན་གསུམ་མཆོད་ཡོད།།
བཀྲ་ཤིས་ནམ་མཁའ་ལ།

ལས་འབྲས་བསླུ་བ་མེད་པ།།
དཀར་ནག་ཁྲ་ལ་ལྡེམ་པ།།
ཨ་ཇོ་བསླུ་བ་མེད་པ།།
འོད་གསལ་མཁའ་ནས་གསོན་དང་།།
ཚེ་རིང་གཞས་ཆུང་ལ།

སྐྱེ་བ་སྔ་ཕྱི་གཉིས་ལ།།
སྐྱེ་ཚུལ་ག་འདྲ་ཡིན་པ།།
ཨ་ཇོ་ཕྱི་གསལ་ནང་གསལ།།
གསལ་ཁ་འདེབས་པ་གནང་རོགས།།
བཀྲ་ཤིས་ནམ་མཁའ་ལ།

བར་སྐོར་པ་ཏྲའི་རི་མོ།།
ཁྲ་ལ་ཕྲ་རྒྱན་བཏབ་པ།།
ཨ་ཇོ་ཕྲ་རྒྱན་མཛེས་རྒྱན།།
སྙིང་གི་རུས་ལ་འབྱོན་དང་།།
ཚེ་རིང་གཞས་ཆུང་ལ།

སྐྱིད་ཆུ་མར་ལ་འབབ་པ།།
ལས་ཀྱི་རླུང་ཁ་འདྲ་བ།།
ཨ་ཇོ་ཡར་ལ་བཞུགས་པ།།
རྟེན་འབྲེལ་བསླུ་བ་མ་གནང་།།
བཀྲ་ཤིས་ཉི་མ་ལ།

བཙན་པོའི་སྐུ་མཁར་ངོས་ལ།།
གདུང་རབས་དཔའ་མཛངས་མཚར་བ།།
ཨ་ཇོ་ནོར་བུའི་གླིང་ལ།།
གླིང་ག་གཏོང་ལ་ཕེབས་རོགས།།
ཚེ་རིང་གཞས་ཆུང་ལ།
བཀྲ་ཤིས་ཉི་མ་ལ།

               ༢༠༡༨ ༢  ༡༢
 

              ང་ཚོ་སུ་ལས་མཛེས་པ།

ནམ་མཁའ་ཡར་ལ་གཟིགས་དང་།།ཉི་མའི་འཛུམ་བརྒྱ་གྲོལ་ཡོད།།
འོད་ཀྱི་གུར་ཁྱིམ་ཕུབ་ཡོད།།དྲོད་འཇམ་ཤགས་ཤགས་ཕབ་ཡོད།།

ཁྱོད་ནི་ཉི་མའི་སྲས་ཡིན།།ང་ཡང་ཉི་མའི་སྲས་ཡིན།།
ང་ཚོ་མཉམ་དུ་འཛོམས་པ།།འཛམ་གླིང་དྲོ་བའི་གཞི་ཡིན།།
 
ལས་ཀྱིས་བགོས་པའི་ལུས་འདི།།ག་འདྲ་ཡིན་ཡང་ཡིན་ཆོག
སེམས་ཀྱིས་བཏབ་པའི་མེ་ཏོག།ཟིལ་བ་ཁྲོམ་མེར་བཞད་ཡོད།།

དབང་བོ་ཚང་དང་མི་ཚང་།།ཕྱི་ཡི་རི་མོ་ཙམ་རེད།།
ནང་སེམས་གཙང་བའི་མི་དེ།།ལྷ་མིའི་ཐུགས་ཀྱི་སྲས་ཡིན།།

སྐྱོ་སྐྱོ་ཆགས་དགོས་མི་འདུག།སྤྲོ་སྤྲོ་ཞེ་དྲག་གནོང་དང་།།
ང་ཚོའི་སེམས་ཀྱི་འཇིག་རྟེན།།སུ་དང་གང་ལས་མཛེས་པ།།

ནམ་མཁའ་ཡར་ལ་གཟིགས་དང་།།ཟླ་བའི་བསིལ་འཇམ་གྲོལ་ཡོད།།
འོད་ཀྱི་གུར་ཁྱིམ་ཕུབ་ཡོད།།བསིལ་འཇམ་ཤགས་ཤགས་ཕབ་ཡོད།།

ཁྱོད་ནི་ཟླ་བའི་སྲས་ཡིན།།ང་ཡང་ཟླ་བའི་སྲས་ཡིན།།
ང་ཚོ་མཉམ་དུ་འཛོམས་པ།།འཛམ་གླིང་བསིལ་བའི་གཞི་ཡིན།།

ཚེ་སྔོན་བསགས་པའི་ལུས་ལ།།ཞེན་ཆགས་སྐྱེ་རིན་མི་འདུག།
ད་ཆ་གཅེས་པའི་སྲོག་ལ།།རིན་ཐང་འཛོམས་པ་གནང་དགོས།།

མི་ཡི་རི་མོ་ནང་ཡིན།།ནང་གི་འཇོན་ཐང་འཛོམས་དགོས།།
བློ་དང་ཤེས་རབ་ལྡན་པ།།མི་ཡི་ནང་གི་མི་ཡིན།།

ཕྱི་རོལ་མཐོང་དང་མི་མཐོང་།།ཕྱི་ཡི་རྣམ་པ་ཙམ་རེད།།
ནང་སེམས་མཐོང་བའི་ང་ཚོ།།སུ་དང་གང་ལས་མཛེས་པ།།

                             ༢༠༡༨–༡༠–༡༩

འདིར་སྤྱད་པའི་འདྲ་པར་དག་དྲ་ལམ་ཁག་ནས་བཤུས། པར་དབང་ལ་གནོད་ན་དེ་མུར་བསུབ་ཆོག

 

རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱིས་༢༠༡༨ལོར་བརྩམས་པའི་སྙན་ངག་དང་གཞས་ཚིག་བདམས་བཀོད།

2018-11-11 རྨ་འོད། ཀློག་གྲངས། མཆན ཡོད།

              མཎ་རྡོག་གོ

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
མི་ཆེན་ལ་སེམས་ཆེན་དང
མི་ཆུང་ལ་སེམས་ཆུང་ཨེ་ཡིན

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
དེ་ནི་རྡོ་ཆུ་ལ་འཕངས་པའི
གཉེར་རིས་དང་འདྲའམ
མར་མེ་ལ་བསྲེག་པའི
ཚག་སྒྲ་དང་མཚུངས་སམ
མི་ཞིག་དབང་དང
རྒྱུ་ལ་བརྟེན་པ་ནས
སེམས་ཀྱང་ཆེ་བ་ནས
ཆེ་བར་བཟོ་ཐུབ་བམ

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
སེམས་མཐའ་ཡས་པ་དེ
གཤིས་མཐའ་ཡས་པ་དང་འདྲའམ
ལན་རེར་མི་མང་བོས
མ་གྱུར་སེམས་ཅན་ཟེར་ནས
མིག་བཙུམ་བཙུམ་ཙམ་བྱ་མོད
དོན་དངོས་སུ་སེམས་ནང་དུ་
གྲོག་མའི་སུག་རྗེས་ཙམ་ཡང་མི་ཤོང་བ་ཅི་ཡིན

སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན
དེས་རི་རབ་ཞིག་སྒུལ་བ་བཞིན་
གཙང་བོ་ཞིག་སེམས་རྔུབས་པ་བཞིན
མི་མང་བོ་ཞིག་སེམས་ལ་བརྟེན་ནས་ལྷ་རུ་གྲུབ་ལ
ལྷ་མང་བོ་ཞིག་སེམས་ལ་བརྟེན་ནས་འདྲེ་རུ་གྱུར་སོང་ཨང

སེམས་ལ་འཆི་བ་ཨེ་ཡོད
སེམས་ལ་གསོན་པ་ཨེ་ཡོད
སེམས་ལ་ཤི་གསོན་གྱི་གདམ་ཀ་ཨེ་ཡོད
སེམས་པ་རི་ལ་ཤོར་སོང་ཟེར
རི་སྒང་ལ་གནས་བཏབ་ཀྱང
རི་ཞོལ་གྱི་སྡེ་བར་ཅེར་ནས
ལྕགས་གཞུ་ལྕགས་མདའ་སྤྲད
མི་ཚེ་འཇའ་གུར་ལྟ་བུ་ན
མི་གཤིས་གནམ་གཤིས་ལྟ་བུ་ན
མགུར་ཞིག་བཞེངས་ཀྱང་རུང
གཞས་ཤིག་བཏང་ཡང་ཆོག
སེམས་ཀྱི་ཁ་དོག་ག་འདྲ་ཡིན
སེམས་ཀྱི་ཆེ་ཆུང་ག་འདྲ་ཡིན

                      ༢༠༡༨–༡༠–༢༦

              གནམ་སའི་ཀ་བ།

                              ———མཁས་དབང་ནམ་མཁའི་ནོར་བུ་ཚང་ལ།

ཁྱོད་ནི་ནམ་མཁའ་སྟེ
འོད་ཀྱིས་ས་ཁེབས་པ་བྱུང
སའི་སྙིང་བོ་ཁབ་ཏུ་བཞེས་ནས
ས་ལ་ལྕགས་རི་བརྩེགས་ཤིང
གཙང་བོ་དྲངས་ནས
ས་ཡི་བདག་པོ་མཛད

ཁྱོད་ནི་ས་གཞི་སྟེ
ཤེད་ཀྱིས་གནམ་འདེགས་པར་བྱས
གནམ་ལ་འཇའ་ཚོན་བཏབ་ཅིང
སྤྲིན་གྱི་ཚོམ་བུ་ཐང་མར་བརྡལ
ཉི་ཟླ་གཙུག་ལ་བཀུར་ནས
ལྷ་ནི་ལྷ་དང་མི་ནི་མི་སྟེ
ལྷ་མི་གཉིས་ནམ་ཡང
འབྲལ་བ་མེད་པར་འགྲེལ

ཁྱོད་ནི་ས་སྟེ
ཁྱོད་ནི་གནམ་སྟེ
ཁྱོད་ནི་གནམ་ས་སྦྲེལ་བའི
ཡིད་བཞིན་ནོར་བུའི་ཀ་བ་དེའོ

                    ༢༠༡༨–༩-༢༨

              ཚེར་མའི་མལ་སྟན།
                 

གཉིད་མི་ཁུགས་པ་དེ
སེམས་རྡུལ་ཤར་རེ་རྒྱུག་པས་ཡིན
ལུས་གདན་ཐོག་དང
སེམས་རྟ་ཐོག་ལྟ་བུ་དེས
མི་ནི་སྙི་མོ་སྙི་མོ་བྱས་སོང

མཚན་མོ་དེ་ཡོལ་བ་ཞིག
དེ་བཞིན་ཉིན་མོའང་ཡོལ་བ་ཞིག
ཡོལ་བ་དཀར་ནག་གཉིས་སུ
མི་ནི་ཁ་ངོ་དམར་ལ
ཁ་རླངས་སྐྱ་བའི་གར་བ་དེ
ཉིན་མོ་དཀར་ས་ནས
ནག་ལས་རྐྱང་རྐྱང་གཉེར་ལ
མཚན་མོ་ནག་ས་ནས
རང་སེམས་སུ་དཀར་རྩི་ཙམ་ཡང
གཏོང་འདུན་མེད

རྒས་སླ་བ་དེ
ལོ་ཟླས་ཕབ་པ་མ་ཡིན
འཁོར་བའི་ནག་དོང་ནས
མྱངས་པ་དང་གོམས་པས
བཙིར་བཙིར་ན
ཕྱིའི་གདོང་ཤུན་དང
ནང་གི་སེམས་ཤུན
ནེ་ལོ་མཉེད་མ་འདྲ

འཆི་བདག་དེ་ཞགས་པ་ཞིག་ཡིན་ཟེར
གློ་བུར་དུ་བཤའ་ལུག་འཛིན་འཛིན་བྱ
བཀྱིགས་ཐག་གྲོལ་ན
འཕག་འཚག་ཀྱང་མེད་པར་བྱས་འགྲོ
སྐབས་རེར་དེ་ཡང
སྐྱིད་སྐྱིད་འདྲ་བའི་སྣང་བ་བྱུང

མི་ཁོམ་པ་ནས་མི་འདང་བ་དག་མཐོང་ན
མེ་ནང་དུ་བདེ་བ་འཚོལ་མཁན་དེ
འབུ་མེ་ལྕེབས་མ་རེད
མི་མེ་ལྕེབས་རེད

ལས་རི་མོ་ལྟ་བུ་ཡིན
དེ་རེ་རེའི་ཐོད་པ་ལ
སྔ་ས་ནས་ཕབ་ཡོད་ཟེར་ན
ངའི་ཐོད་པའི་རི་མོ་གྱ་མ་གྱུ
ལག་པས་བྲིས་སམ་རྐང་བས་ཕབ

བསོད་ནམས་ཇི་ལྟར་སྤུངས
བདེ་སྐྱིད་ཇི་ལྟར་བརྐོ
མི་སེམས་མིས་ཟོས་ན
ཁ་གདངས་པ་ཙམ་ལས
ལྕེ་འགུལ་བ་མཐོང་སྲིད་དམ

                    ༢༠༡༨-༩-༢༡



               གཡུ་ལོའི་ཞིང་།
                 
ཞོགས་པར་ཉི་འོད་ཞིག་རྒྱག་པར་རེ་བས་སྒུག་ཡོད
འོད་ཀྱི་སྣེ་མོ་དེ་མདའ་བཞིན་སྙིང་ལ་ཟུག་ན་བསམ་ཡོད
སྙིང་དྲོན་པོ་དྲོན་པོ་དེ་ལག་མཐིལ་ཏུ་བླངས་ནས
མེ་ཏོག་གི་སྒམ་བུ་བཞིན་གཡུ་ལོའི་ཞིང་ལ་འབུལ་འདོད

ཞིང་དེ་ན་སྒྲོལ་མ་བཞུགས
སྔོན་ཆད་སྐུ་མདོག་ལྗང་ཁུ་ཡིན
གཡས་སྐུམ་གཡོན་བསྐྱངས་ཀྱིས་བཞུགས་ཡོད
མེ་ཆུ་རླུང་གསུམ་གྱི་འཇིགགས་པ་དག
རེ་རེ་བཞིན་བསྒྲལ་ཡོད

ད་ཆ་ཞལ་རས་སྔོན་པོ་ཡིན
མལ་ཐུལ་སྔོ་ཁྲ་བསྣབས་ནས་གཟིམ་ཡོད
ཤ་དང་རུས་པའི་བརྩེ་བ་དེ་ལྕགས་ཀྱུ་ལྟ་བུ་ཡིན
དགྲ་བགེགས་བར་ཆད་ཀྱི་འཚེ་བ་དག
རེ་རེ་བཞིན་གནམ་ལ་དཔྱངས་སུ་བཏགས་ཡོད

སྔོན་ཆད་ཀྱི་དད་པ་་ཞེས་པ་དེ
ད་ལྟ་དུངས་པ་རུ་འབོད་ཆོག
གང་ཡང་སྙིང་ལ་ཞུགས་པ་ནས
རུས་ལ་འཐིམས་པ་ནས
བྱིན་རླབས་ཀྱི་ཚན་ཁ་མེ་རི་འབར་འབར་རེད
 
ད་ནངས་ནམ་གསལ་བ་ནས་བཟུང
ཞིང་དེ་ཡིད་ལ་སྒོམ་དགོས་བྱུང
དེ་རིང་གཟའ་མཇུག་ཡིན་པས
ཞིང་དེའི་སྲང་ལམ་ན
མི་ཚོགས་ཀྱི་འདུ་འཛིའི་དཀྱིལ་ན
སུ་ཞིག་ཁེར་རྐྱང་དུ་ཕེབས་པ་བསམ་ན
ཞིང་དེ་རང་གི་ལག་མཐིལ་དུ་བཞེངས་ན་འདོད

                         ༢༠༡༨–༩–༡༥

               སྙིང་བོའི་གཟུངས་འཇུག

ནམ་མཁའ་དེ་ང་ལ་གཡར་རོགས་ཞུ
ང་ཁྱོད་ཀྱི་བར་སྣང་བྱ་ཆོག
བྱ་ཁྱུ་དཀར་བོ་དེ་འཕུར་ས་བྱ་ཆོག
གཤོག་པ་མཉེན་པོ་རེ་ལྡེམ་ས་བྱ་ཆོག

མི་ཞིག་དྲན་ཐུབ་པ་དེ་ལ་ཅི་ཟེར
དྲན་པ་སྐུང་ཐུབ་པ་དེ་ལ་ཅི་ཟེར
ལོ་ཨ་ལོང་ཡང་ལོང་སྦྲེལ་ན
དུས་ཚོད་ནི་སྨྲེང་བ་བསྲིངས་པའི
མེ་ལོང་ཞིག་དང་འདྲ
རྨ་ཁ་རྣག་པའི་ཉི་ཐིག་ཞིག་དང་འདྲ
ལོ་ན་ཚོད་ཡོལ་ཡང
ཞེ་སྣང་བའི་སྨུག་པ་གྱི་ལི་ལི

ངས་མེ་ལོང་ཞིག་བཟོས་ཡོད
དེ་ལ་ཁྱོད་ཕབ་ཡོད
ཁྱོད་ཀྱི་འཛུམ་རིས་ཕབ་ཡོད
མི་ཞིག་ལ་མི་ཚེ་གཅིག་ལ
སྐས་མགོ་འཛུགས་ཡ་དང
སྐས་རྟིང་སྐྱོར་ཡ་ག་ཙམ་ཡོད
 
ངས་མེ་ལོང་ཞིག་བཟོས་ཡོད
མེ་ལོང་གི་ཡུ་བ་སྙིང་ལ་བཏབ་ཡོད
སྙིང་དེ་དང་མེ་ལོང་དེ
རུས་པ་དང་མཉམ་དུ་མཆོད་པར་བྱ

ངས་མེ་ལོང་དེ་ཡང་ཡང་འཕྱིད་ཡོད
འཕྱིད་བཞིན་འཕྱིད་བཞིན
ཁྱོད་ཀྱི་ཐོད་ལ་བཙུགས་ཡོད
དེ་ནི་ཉིན་རྒྱུན་ཁྱོད་ཀྱི་འགྲོ་འདུག་སྤྱོད་པའི་
བརྙན་འཕྲིན་ལྟ་བུ་ཡིན

ང་ཡང་མེ་ལོང་དུ་འཛུལ་ཡོད
མེ་ལོང་གི་འཆར་ངོས་སུ
ཚོན་མདོག་གིས་ཤར་ཡོད
དེ་ཡང་ཁྱོད་ལ་སུན་སྣང་མེད་པའི
གནའ་སྒྲུང་ལྟ་བུར་འགྱུར་བར་ཤོག

མེ་ལོང་དེ་སྲུང་བར་གྱིས་དང
མི་ཚེ་དེ་སྲུང་བར་གྱིས་དང
ཚེ་སྲོག་དེ་སྲུང་བར་གྱིས་དང
མེ་ལོང་དེའི་དཀྱིལ་ལ
ངའི་སྙིང་དམར་བོའི
གཟུངས་འཇུག་འབུལ་ཡོད

                  ༢༠༡༨ ༧ ༢༤

               ཐུན་མོང་གི་མིག

                      —-སྟག་ཚ་མཆོག་སྤྲུལ་རིན་པོ་ཆེ་ལ།

ཉིན་འདི་དག་ཏུ
པེ་ཅིང་ན་ཚོགས་ཆེན་ཡོད་ཟེར
ཕ་ཡུལ་ལ་ཅུང་དམ་དྲག་བརྒྱབ་འདུག

སྤྱིར་བཏང་དུ་ཕ་ཡུལ་ནས
པེ་ཅིང་མི་མཐོང་བ་བཞིན
པེ་ཅིང་ནས་ཕ་ཡུལ་ཡང་མཐོང་དཀའ་ཚོད་འདུག
ཡིན་ཡང་མི་ནི་མིག་གིས་གྲུབ་ཅིང
མིག་ཅེར་ཅེར་ན
ཕ་ཡུལ་ནས་པེ་ཅིང་གི་གློ་མཆིན་མི་གསལ་ཡང
པེ་ཅིང་ནས་ཕ་ཡུལ་ལག་པ་རྐོ་རྐོའི་མཐིལ་ཡིན་ཚོད་རེད

ཚོགས་ཆེན་དུ
སྐུ་དགྱེས་ཡོད་པ་མཐོང་དུས
གསུང་ལྷོད་ཡོད་པ་ཐོས་དུས
ཐུགས་ཟབ་མོས་ཕ་ཡུལ་དང
རི་ཆུ་ཡང་ཡང་གླེང་བར་མཇལ་དུས
ལན་རེར་སངས་རྒྱས་དང་ཉེ་རིང་ཞེས་པ་དྲན་སོང
སྐབས་རེར་བྱམས་བརྩེ་དང་སྙིང་རྗེ་ཟེར་བ་མྱངས་སོང
གང་ལྟར་སྔོན་ཆད་ཡུལ་མི་ཚོ་པེ་ཅིང་དུ་འབྱོར་ན
ཕྱིར་ཕ་ཡུལ་གླེང་མཁན་ཉུང་ཉུང་ཡིན་ཡ་སྐུ་རིན་པོ་ཆེ

ཚོགས་ཆེན་དུ
མིག་དང་རྣ་སོགས་དབང་བོའི་ཚོགས་སམ
ཡང་ན་ལུས་དང་ངག་སོགས་སྒོ་མོ་ཀུན་ཏུ
ལོངས་སྤྱོད་གནམ་ཐེགས་པ་རེ་དང
ས་ཁེབས་པ་རེ་མྱངས་དང་མྱོང་ངེས་རེད
ཐུགས་ཞིབ་པར་གྱིས་དང
ཕ་ཡུལ་ནས་པེ་ཅིང་ལ་ཕེབས་པ་དག་གམ
ཕ་ཡུལ་ནས་པེ་ཅིང་ལ་ཕུལ་བ་དག
ད་ལྟ་པེ་ཅིང་དུ་བདེ་བར་བཞུགས་སམ་གསུང་རིན་པོ་ཆེ

དེ་རིང་ཕ་ཡུལ་ལ་ཁ་བ་མཐུག་པོ་བབས་འདུག
ཡུལ་མི་ཚོས་གྲང་འདར་རྒྱག་པ་དེ
པེ་ཅིང་ནས་མཐོང་ངམ
མཚམས་མཚམས་སུ་མིག་ཟེར་བ་འདི
རང་ཉིད་ཁོ་ནར་ལྟ་བྱེད་ཅིག་ཏུ་གྲུབ་ཡོད
དེ་བཞིན་པེ་ཅིང་གི་མིག་ཀྱང
ཤ་མིག་དེ་འདྲ་ཡིན་ནམ་ཐུགས་རིན་པོ་ཆེ

ཞིབ་འདང་བརྒྱབ་ན
ང་ཚོ་ལ་ཐུན་མོང་གི་མིག་གཅིག་ཡོད
ཞིབ་འདང་བརྒྱབ་ན
ང་ཚོ་ལ་ཐུན་མོང་གི་མིག་གཅིག་ཡོད་པ་ནས
སྒེར་གཤིས་དང་རིང་ནས་བཀྱེད་ཡོད
ཞིབ་འདང་བརྒྱབ་ན
སུ་ལའང་ཐུན་མོང་གི་མིག་གཅིག་ཡོད་པར་ཅི་འདྲ་རེ་ཨང
སྐུ་རིན་པོ་ཆེ གསུང་རིན་པོ་ ཐུགས་རིན་པོ་ཆེ

                                  ༢༠༡༨ ༣ ༡༨



             དབྱར་ཨེ་ཐོན་ཐལ།

 དབྱར་ཨེ་ཐོན་ཐལ
མེ་ཏོག་གི་གདན་ཆ་གང་ན་ཡོད
མཛུབ་མོ་ནང་ལ་བཀུག་དུས
ཁ་བ་མང་པོ་ཞིག་བབས་པ་དྲན་སོང
ཆར་ཞོད་དང་ཆུ་ལོག་ཀྱང་མང་བ་དྲན་སོང

མཛུབ་མོ་ནང་ལ་བཀུག་དུས
ད་ལོ་ཉ་མང་བོ་ཞིག་རྐྱེན་ལམ་དུ་སོང་བ་དེ
འབུ་མང་བོ་ཁངས་ཞབས་ནས་རུལ་བ་དེ
ཁངས་ཞོད་རྒྱུན་མི་ཆད་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད

དབྱར་ཨེ་ཐོན་ཐལ
མཐོ་རྒྱུགས་ཁངས་མ་ཆར་དེས
ངའི་སྐྱེད་ཚལ་ལ་གྲང་བ་བཏབ་སོང
གློག་མིག་ལྷ་མ་འདྲེ་དེས
ངའི་རྨི་ལམ་ལ་ཡོལ་རས་རྒྱབ་སོང
ཕ་མ་འདར་གྱིན་པ་དེ
དགེ་རྒན་འདར་གྱིན་པ་དེ
སློབ་རའང་འདར་གྱིན་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད

དབྱར་ཁོ་ན་སྒུག་ནས
དགུན་མང་པོ་ཞིག་རྫོགས་སོང
དགུན་གྱི་གྲུ་ཁ་རེ་རེ་ནས
དབྱར་མ་དྲན་པ་གཅིག་ཀྱང་མེད

ཁུ་བྱུག་གྲག་ཉིན་དེར
དགའ་བ་ཚད་མེད་སྐྱེ་མྱོང
མེ་ཏོག་དང་ཉི་འོད་མཉམ་དུ་གྲོལ་སྣང་བྱུང
སྤྲིན་དཀར་ལེབ་མོ་ཞིག་བསིལ་གདུགས་བཞིན
བར་སྣང་དུ་འཁྱིལ་བ་དྲན་ན
དབྱར་ལས་སྙིང་ཉེ་བ་ཞིག་མེད་པ་བསམ་སོང
དབྱར་ལས་ཡིད་མགུ་བ་ཞིག་མེད་པ་གྲུབ་སོང
དབྱར་ཁོ་ན་ལ་ཕྱི་མཛེས་ནང་མཛེས་ཀྱིས་འཚོ་ཆོག་པ་སྙམ་བྱུང

མདང་དགོང་ཡང་བསྐྱར་ཁངས་མ་ཆར་ཞིག་བབས
དེ་ནི་མཐོ་རྒྱུགས་ལ་ཕྱི་ཁྲུས་ནང་ཁྲུས་བརྒྱབ་པ་དང་འདྲ
དྲི་གཞི་ནག་ལ་སློབ་མ་དཀར་བ་དེས
སེམས་གྲང་མོ་ཆུ་འདྲ་བ་བྱས་སོང
དབྱར་ཨེ་ཐོན་ཐལ
                        ༢༠༡༨ ༦ ༦

              ཕ་ཐུན་པའི་བདུན་ཚར།

                                ———བུ་མོ་བསྟན་འཛིན་ཀུན་བཟང་ལ།
                               
ལོ་དེའི་ནམ་ཟླ་ག་འདྲ་ཡིན་པ།།
ཆུ་དང་ཆར་བ་ག་ཙམ་རྒྱས་པ།།
ལོ་དང་སྙེ་མ་ཅི་འདྲ་ལྡེམ་པ།།
སུ་དང་གང་ལ་དཔའ་གདེང་མེད་ཀྱང་།།
སྐྱབས་སའི་དཀོན་མཆོག་བསླུ་བ་མེད་པ།།
མཆོད་པའི་དགྲ་ལྷ་གཡེལ་བ་མེད་པ།།
བཏབ་པའི་ས་བོན་ལྷད་པ་མེད་པ།།
དེ་རིང་དངོས་སུ་མཐོང་བ་དགའ་སོང་།།

ཚེ་སྔོན་ལས་ཀྱི་རླུང་ཁ་དེད་ནས།།
ཚེ་འདིའི་ལས་ལ་གདམ་ག་རྒྱབ་ནས།།
འབད་དང་རྩོལ་བའི་དངོས་གྲུབ་བརྟེན་ན།།
སུ་དང་གང་ལ་ཕམ་པ་ཆུང་འདུག
འདི་ཡང་རྒྱུ་འབྲས་འཁྲུལ་བ་མེད་པ།།
འདི་ཡང་གཏན་ཚིག་ཞིག་པ་མེད་པ།།
འདི་ཡང་དམ་བཅའ་སུབ་པ་མེད་པ།།
དེ་རིང་རིས་སུ་ཤར་བ་སྤྲོ་སོང་།།

མི་ཚེའི་རིང་ཐུང་དཔག་པ་མེད་ཀྱང་།།
མི་བཞིན་འཁྱོངས་པ་སྙིང་བོའི་སྙིང་ཡིན།།
སྙིང་འདི་བཞུགས་ན་ག་དུས་ཡིན་ཡང་།།
སུ་དང་གང་ལ་འཕྲད་ཀྱང་རྒྱལ་ཡོང་།།
སྔོན་ཚེ་ཕ་ཡིས་འདི་ལྟར་གདམས་མྱོང་།།
དེ་རིང་ངས་ཀྱང་དེ་བཞིན་གདམས་ཆོག།
སྐྱ་ཚང་ཁྱིམ་གཞིའི་གདམས་པ་དྲོན་པོ།།
ནམ་ཡང་འཁྱག་པར་མ་གཏོང་བུ་མོ།།

ཐོབ་དང་རྒྱུ་ཡི་སྨུག་པའི་གྲོང་ན།།
རྫུན་དང་ཕྲ་མའི་ཁོ་ལག་རྫོགས་པ།།
གཞི་དང་གཤིས་ཀ་འཁོས་ཆུང་འདྲ་བ།།
སུ་དང་གང་ལ་བལྟས་ཀྱང་སྣང་ཡང་།།
ཨ་མའི་བུ་ལ་རུས་ཚུགས་དམ་དགོས།།
རང་ཚུགས་གང་སར་རལ་བའི་སྡར་མ།།
ད་ཆ་ཕན་ལ་ཁྱིམ་འདིར་འབྱུང་མེད།།
ཁྱིམ་གྱི་བྱུང་རབས་སྐྱོང་དགོས་བུ་མོ།།

མི་ཚེ་དོན་ཡོད་གླེང་མཁན་མང་བ།།
དེ་བཞིན་འདོད་མོས་སྣ་ཚོགས་འཁྲིལ་བ།།
གནའ་ནས་ཡོད་ལ་ད་ལྟ་འཁྲིགས་པ།།
སུ་དང་གང་ལ་དྲིས་ཀྱང་འཆད་ཡོང་།།
མདོར་རྩ་དོན་ཡོད་དོན་མེད་བྱ་བ།།
ཁྲི་ལ་ཁྲི་དང་འབུམ་ལ་འབུམ་ཡིན།།
གང་ལྟར་སྔ་མར་གདམས་པའི་ལས་ཀ།
ད་ནས་མགོ་མཇུག་མཚུངས་དགོས་བུ་མོ།།

སློབ་ཆེན་སློབ་ར་ཡངས་དོག་གཉིས་ཡིན།།
སློབ་མའི་གཞིས་ཁྱིམ་ཆེ་ཆུང་གཉིས་ཡིན།།
གཙོ་བོ་རང་གི་བསམ་གཞིགས་ཡངས་དགོས།།
ལས་དང་བསྐལ་བའི་འདུན་པ་ཆེ་དགོས།།
བུ་དང་བུ་མོའི་བགོ་སྐལ་གཅིག་ཡིན།།
ཐོས་དང་བརྩོན་པའི་བགོ་བཤའ་རྒྱག་དགོས།།
ཁ་འདོན་ཕྱག་གི་ཨ་ལོང་སྦྲེལ་བཞིན།།
མཆོག་གསུམ་སྙིང་ནས་བཀུར་དགོས་བུ་མོ།།

གསུམ་པར་གསུམ་པའི་ཐུན་པ་ཆེ་བ།།
ཨ་ཕ་ཐུན་པའི་ཐུན་པ་ཚེགས་པ།།
ཐུན་དང་ཐུན་པའི་རླུང་ནག་བར་ན།།
ཨ་ཕ་སྲུང་བའི་ཐུན་པ་མང་བ།།
གང་ལྟར་མིག་གིས་སྐྱེལ་བ་རྒྱབ་ནས།།
འབྲོང་གི་རྫི་རིའི་ཁོག་པ་བརྟོལ་ཡོད།།
བུ་མོ་དལ་གྱིས་ལམ་ལ་ཆས་སོང་།།
མ་དང་མཁའ་འགྲོས་སྐྱེལ་མ་མཛོད་ཅིག།

                           ༢༠༡༨ ༣ ༡༦

             ལྷ་ས་ནས་དགུ་ཐུག་འཐུང་བ།

དགུ་ཐུག་འཐུང་རྗེས
ད་གཟོད་ཉི་མ་ལྷ་ས་འདི་ཡང
དགུ་ཐུག་ཞིག་ཡིན་པ་སྣང་སོང

པོ་ཏ་ལ་དང་ལྕགས་པོ་རི
གཙུག་ལག་ཁང་དང་ར་མོ་ཆེ
ཡིད་ཚིམ་ལ་ལུས་བདེ་བ
རྟེན་འབྲེལ་དང་ཕྱྭ་གཡང་གི
དགུ་ཐུག་ཞིག་ཡིན་པ་ཚོར

དགུ་ཐུག་ཏུ་ང་ལ་གྲོ་མ་ཞིག་ཐོབ
དེ་ནི་ཁ་དྲོ་བ་དང་ལས་དགེ་ལ
སང་ལོ་ཡང་ལབ་ཐོག་ནས་རྟར་རྒྱུག་པ་མཚོན

དགུ་ཐུག་ཏུ་ང་ལ་ལ་ཕུག་ཅིག་ཐོབ
དེ་ནི་ལོ་རྗེས་མར་ཡང་དྲ་སྟེང་ནས
ཉམས་སྣང་གིས་ཕྱེན་གཏོང་བ་མཚོན

དགུ་ཐུག་ཏུ་ང་ལ་རྩྭ་ཐུར་གཅིག་ཐོབ
དེ་ནི་ཕག་ལྟར་ཉལ་ལ
ཁྱི་ལྟར་ཟ་བ་མཚོན

དགུ་ཐུག་ཏུ་ང་ལ

ཞིབ་འདང་ཞིག་རྒྱབ་ན
དགུ་ཐུག་དེ་འུ་ཅག་གི་མཉམ་འཛོམས་ལྟ་བུ་རེད
གྲོ་མ་དང་ལ་ཕུག་དང་རྩྭ་ཐུར་དག
འུ་ཅག་གི་ཁ་ལག་པ་དང
མགོ་རྐང་བའི་འགུལ་སྟངས་རེད

ཨོ་དགུ་ཐུག་རྒྱགས་ཚད་ཅིག་འཐུང་དགོས
དེ་ནི་རང་གཞན་ཀུན་ལ
བཀྲ་ཤིས་པ་དང་དོན་འགྲུབ་པའི་ཚོགས
རེ་རེ་བཞིན་བསུ་བ་དང་འདྲ

དགུ་ཐུག་འཐུང་རྗེས
ཐོབ་པ་དག་ཤོག་སྦག་གིས་བརྫང་རྗེས
ཁོང་གིས་ཕྱག་དང་དར་གྱིས
ཚན་ཆེ་བའི་བྱིན་རླབས་བསྩལ་རྗེས
དགུ་གོམ་གསུམ་སྤོས་ན
དོན་གསུམ་འགྲུབ་པའི་མོ་དཔྱད་དེ་ཡང
ལུང་བསྟན་ལྟ་བུ་ཡིན་པ་དྲན་སོང

                      ༢༠༡༨ ༢༡༤

              མྱི་ན་འདི།

ཞོགས་པར་གཉིད་སྐྱིད་པོ་རྒྱག་མྱོང
རྨི་ལམ་དུ་མེ་ཏོག་གི་ཞྭ་དང
མེ་ཏོག་གི་གོས་དང་ལྷམ་སོགས་བསླས

ཉིན་གུང་ཡོལ་བ་ན
ཕ་མ་གཉིས་སྒོར་ཕུད་རྗེས
སྙིང་ཉེ་ཟེར་བ་ཞིག་ཁྱིམ་ལ་བསུས

ཕྱི་དྲོ་རྐང་བས་ས་དང
ལག་པས་རྡོ་སློག་རྗེས
གཅེར་བུར་ལམ་ལ་ཆས

                ༢༠༡༨ ༢ ༧

               བྲང་དེ་སྐུང་ལྟ་བུ་ཡིན།

རྐང་བ་གཉིས་ཁྱིམ་ལ་བཅག་པ་ནས
ལག་པ་གཉིས་སུ་དཀར་ཡོལ་བསྣམས་པ་ནས
བྲང་ན་སེམས་ཡོད་པ་ཏོག་ཙམ་དང
མེད་པའང་ཏོག་ཙམ་མ་རེད

མགོ་བོ་ནང་དུ་སྒུར་རྗེས
མིག་གཉིས་ཐབ་ལ་གཏད་རྗེས
མི་ནི་ལྟོ་འདུན་འབར་བ་སྟེ
ཁྲག་ཤེད་ག་ཙམ་མཐོ་ཡང
ཁ་ཞག་གྱི་ལེ་དག་འདོར་ཐུབ་ཀྱི་མེད

ཅུང་ཙམ་ཡང་འཁྱག་པར་དོགས་ནས
ཁ་ཐུམ་མཆུ་ཐུམ་བརྩེགས་རྗེས
ཨེན་ཙམ་ཡང་ཐོབ་པར་རེ་ནས
རྡོག་སྣེར་རྡོག་པ་བསྟུད་རྗེས
རང་ཉིད་རང་གི་མེ་ལོང་དུ་ཆགས་པ་དེ
བྲང་ནས་སེམས་ཀྱིས་ཐུ་བཏུམ་བརྒྱབ་པ་དང་མཚུངས

ཕྱི་རོལ་ན་རླུང་བུ་ལྡང
རླུང་ཆེ་བ་བྲང་ལ་ཟུག་དུས
བྲང་སྐྱིབ་ཆུང་ཆུང་དེས
རླུང་ཁོགས་པ་མི་འདུག
རླུང་དེར་གཤོག་པ་ཡོད་པ་འདྲ་ལ
གཤོག་པ་དེ་ཡང་བྲང་གིས་བཟོས་པ་འདྲ་སོང

རླུང་འབབ་ས་དང
རླུང་འཚུབ་ས་ནས
ཕ་མ་མིང་སྲིང་ཚོ
རླུང་གིས་མགོ་རྔ་འགྱེལ་བ་བསམ་ན
བྲང་ན་སེམས་ཡོད་པ་ཏོག་ཙམ་དང
མེད་པའང་ཏོག་ཙམ་མ་རེད

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་དང
སྐུང་དེ་ན་མཛའ་བརྩེ་དང
ཕྱི་ཐག་གི་རླངས་པ་འཐུལ

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་དང
སྐུང་དེ་ན་ཞེ་སྡང་དང
ཕྲག་དོག་གི་ན་བུན་འཁྲིགས

མི་ཞིག་སྐྱེས་པ་ནས
བྲང་དེ་སྐུང་ལྟ་བུ་ཡིན་ན
བྲང་ན་སེམས་ཨེ་ཡོད
སེམས་ན་དྲོད་ཨེ་ཡོད

               ༢༠༡༨ ༡ ༡༤



               བླ་ན་མེད་པའི་སློབ་གསོ་རྒྱལ་གྱུར་ཅིག

ཁྲག་ལ་དྭངས་སྙིགས་སེལ་བ་དེ
རྐང་ལ་བཅུད་དང་རུས་ལ་སྲ་ཆགས་པའི་ཆེད་དོ
ཁྲག་དྭངས་ཤིང་ཁྲག་གི་རྒྱུ་ལམ་ཡངས་ན
རྩ་ལམ་བསང་ཞིང་ལུས་དང་ཁམས་བདེ་བར་འབྱུང་ངོ
 
ཟས་བཅུད་དང་ལྡན་པར་བྱ
ཚོད་དང་ཐུན་དང་བསྟུན་པར་བྱ
ཟས་ཟ་བ་དེ་ལུས་བདེ་བའོ
ཁམས་དང་མོས་པ་བསྐྱེད་ནུས་པའོ
བློ་དང་ཤེས་རབ་བརྡར་བྱང་བའོ
སྤོབས་དང་སྟོབས་དང་མཐུ་སོགས་རྒྱས་པའོ

རུས་པ་དཀར་པོ་ལ
ཤོ་མིག་ནག་པོ་མི་དབབ་བོ
ཤ་དམར་ཁྲག་དམར་དེ
རྫས་ངན་གྱིས་མི་སྦང་ངོ
ལྷུ་ཆེན་ལྷུ་ཆུང་གི་རྩིགས་པར
ཨར་འདམ་མི་སྦྱོར་རོ

མགོ་དེ་འགྱིག་གི་སྣོད་དང
ཁ་དེ་སྙིགས་ཟེའུ་ལྟ་བུ་མ་ཡིན་ནོ
མིག་གཉིས་འབྱེད་པ་ཙམ་གྱིས
ཡོད་ཚད་མཐོང་སྲིད་པ་དེ་འཁྲུལ་ལོ

ལག་པ་གཉིས་འགུལ་བའོ
རྐང་བ་གཉིས་འགུལ་བའོ
མི་ཡང་འགུལ་ནས་སྐྱོད་པའོ
མུ་ནས་མུ་རུ་འགུལ་ནས་བསྐྱོད་པ་དེ་ཆོས་ཉིད་དོ

                     ༢༠༡༨  ༡  ༡

              བལ་དཀར་བོའི་ཁ་བཏགས།

ལོ་དེར་དབྱར་ཁ་ཁ་བ་དཀར་བོ་བབས
ལོ་དེར་དབྱར་ཁ་ཁ་བཏགས་དཀར་བོ་བཟོས
མི་སེམས་ཀྱི་དཀར་ནག་དེ
སྣམ་བུ་དཀར་ནག་གི་འཐག་དང་འདྲ
བསོད་ནམས་ཀྱི་དཔུང་ཅི་འདྲ་མཐུག་ན
རྟེན་འབྲེལ་གྱི་མཐུ་དེ་འདྲ་མོད་པོ་མོད་པོ་ཡིན

ལོ་དེར་ཆོས་དཀར་བོའི་ཞིང་ནས
ལུག་དཀར་བོའི་བལ་གྱིས
སེམས་དཀར་བོ་འཐག་ལ་བྲན་སོང
ཁ་ཆུ་གཡས་སུ་འཁྱིལ
རྟེན་འབྲེལ་གཡས་སུ་འཁྱིལ
ལྷ་ཆེན་པོའི་མཛད་འཕྲིན་གཡས་སུ་འཁྱིལ
བོད་ཆེན་པོའི་དབང་ཐང་གཡས་སུ་འཁྱིལ
གངས་དཀར་བོ
ཆོས་དཀར་བོ
བོད་དཀར་བོ
བལ་དཀར་བོའི་ཁ་བཏགས་དཀར་བོ

མི་ནི་བློ་གྲོས་དཀར་བོ་འཐག་མཁན་དང
ལྷ་ནི་ལོ་རྒྱུས་དཀར་བོ་སྩོལ་མཁན་ཡིན

ལོ་དེར་དབྱར་ཁ་ཁ་བ་དཀར་བོ་བབས
ལོ་དེར་དབྱར་ཁ་ཁ་བཏགས་དཀར་བོ་བཟོས
བྱིན་རླབས་ཀྱི་ཆེ་ཆུང་དེ
ཡིད་ཆེས་དཀར་ནག་གི་རི་མོ་འདྲ
གཞན་ཕན་གྱི་སེམས་ཇི་འདྲ་ཡངས་ན
དགེ་བའི་ལས་འབྲས་དེ་འདྲ་འཛོམས་པོ་འཛོམས་པོ་ཡིན

ལོ་དེར་ཆོས་དཀར་བོའི་ཞིང་ནས
ལུག་དཀར་བོའི་བལ་གྱིས
སེམས་དཀར་བོ་འཐག་ལ་བྲན་ཡོད
ཁ་ཆུ་གཡས་སུ་འཁྱིལ
རྟེན་འབྲེལ་གཡས་སུ་འཁྱིལ
ཡབ་ཆེན་པོའི་བློ་གྲོས་གཡས་སུ་འཁྱིལ
ཡུམ་ཆེན་མོའི་ཤེས་རབ་གཡས་སུ་འཁྱིལ
གངས་དཀར་བོ
ཆོས་དཀར་བོ
བོད་དཀར་བོ
བལ་དཀར་བོའི་ཁ་བཏགས་དཀར་བོ

མི་ནི་ཁ་བཏགས་དཀར་བོ་འཐག་མཁན་དང
ལྷ་ནི་དངོས་གྲུབ་དཀར་བོ་སྩོལ་མཁན་ཡིན

                 ༢༠༡༨•༦•༢༡  ཅེན་ཡན་ནས།

              ཨ་ལ་ཡེ།

ཨ་ལ་ཡེ།
སྟོད་ཀྱི་གངས་རི་དཀར་པོ།།
སྲིད་པ་ཆགས་པའི་ཀ་བ།།
ཀ་མགོ་ལྷ་ལ་གདམས་ཡོད།།
ཀ་རྟིང་ཀླུ་ལ་བཅོལ་ཡོད།།
ལྷ་ཀླུ་གཙུག་ལ་བཀུར་བའི།།
དམ་ཚིག་རི་མོར་ཕབ་ཡོད།།
རི་མོ་གསལ་དང་མི་གསལ།།
འགྲེལ་བཤད་གནང་དགོས་ཨེ་འདུག།
ཨ་ལ་ཡེ།འཇིག་རྟེན་ཆེ་ཆུང་མི་གླེང་།།མི་ཚེའི་རིང་ཐུང་མི་གླེང་།།
ང་ཚོ་དེ་རིང་འཛོམས་པ།།དུས་དང་བསྐལ་བ་ཡིན་སོང་།།
ཆང་འདི་ཡར་ལ་ཁྱོགས་དང་།ལས་དང་དབང་ཐང་ལ།
གཞས་འདི་དབྱངས་ལ་དྲོངས་དང་།བསྐལ་བ་ཡར་འགྲོ་ལ།

ཨ་ལ་ཡེ།
སྨད་ཀྱི་གཡུ་མཚོ་སྔོན་པོ།།
འདོད་རྒུ་འབྱུང་བའི་གཏེར་མཛོད།།
གཏེར་སྣ་ལྷ་ཡིས་གནང་ཡོད།།
གཏེར་བདག་ཀླུ་ཡིས་མཛད་ཡོད།།
ལྷ་ཀླུ་གྲོགས་ལ་སྡོངས་པའི།།
སྡེ་བཞིའི་རྩིག་པ་བཏང་ཡོད།།
རྩིག་པ་བརྟན་དང་མི་བརྟན།།
འགྲེལ་བཤད་གནང་དགོས་ཨེ་འདུག།
ཨ་ལ་ཡེ།ཚེ་སྔོན་བསགས་པ་མི་གླེང་།།ད་ལྟའི་དར་རྒུད་མི་གླེང་།།
ང་ཚོ་དེ་རིང་འཛོམས་པ།།ཚེ་དང་བསོད་ནམས་ཡིན་སོང་།།
ཆང་འདི་ཡར་ལ་ཁྱོགས་དང་།བཀྲ་ཤིས་རྟེན་འབྲེལ་ལ།
གཞས་འདི་དབྱངས་ལ་དྲོངས་དང་།ཚེ་རིང་ལོ་བརྒྱ་ལ།
                          ༢༠༡༨-༢-༢༨་ལ་མེ་འཁོར་ནས།
            

               རྒྱ་སྟག་མིག་བཞི།

རི་མགོ་སྨུག་པས་གཡོག་དུས།།
ཁྱོད་ནི་སེང་གེའི་འགྱིང་ཡ་ཡིན།།
རི་རྩེར་ཉི་འོད་ཕོག་དུས།།
ཁྱོད་ནི་ལྷ་ཡི་ལྗོན་པ་ཡིན།།
ཁྱོད་ཀྱི་མིང་ལ་སེང་ཁྱི་དཀར་པོ་ཟེར།།

མཚོ་མོར་འགྲམ་དར་ཆགས་དུས།།
ཁྱོད་ནི་དོམ་གྱི་འགྱིང་ཡ་ཡིན།།
མཚོ་མཐའི་ལྗང་ལོ་འབུས་དུས།།
ཁྱོད་ནི་ཀླུ་ཡི་གཏེར་མདུང་ཡིན།།
ཁྱོད་ཀྱི་མིང་ལ་དོམ་ཁྱི་ནག་པོ་ཟེར།།

སྤང་ལ་རླུང་ནག་འཚུབ་དུས།།
ཁྱོད་ནི་སྟག་གི་འགྱིང་ཡ་ཡིན།།
སྤང་གཞུང་སྦྲ་ཡིས་རྒྱན་དུས།།
ཁྱོད་ནི་འབྲོག་གི་སྲུང་བ་ཡིན།།
ཁྱོད་ཀྱི་མིང་ལ་རྒྱ་སྟག་དམར་པོ་ཟེར།།

དགུན་གྲང་བ་ཆེ་དུས
ཁྱོད་ནི་ལྕགས་ཀྱིས་བཞེངས་པ་འདྲ
དབྱར་ཚ་བ་རྒོད་དུས
ཁྱོད་ནི་རྡོ་ཡིས་གྲུབ་པ་འདྲ

དུས་ཚིགས་བཞི་ལ
བྱང་སེམས་ཀྱིས་འགྲོ་ལ་གཟིགས་པ་ཁྱོད
ཉིན་མཚན་ཀུན་ལ
ལྷག་བསམ་གྱིས་གཞན་དོན་གཉེར་བ་ཁྱོད
བོད་རུ་བ་ཚང་གི་སྲུང་བ་བཙན་པོ
ངའི་གཡང་གི་རྒྱ་སྟག་མིག་བཞི
                ༢༠༡༨-༢-༢༦ལ།
 

              ཚེ་རིང་གཞས་ཆུང་ལ།

ལྷ་ས་ལྷ་ཡི་ཞིང་ལ།
ལྷ་མིའི་རྟེན་འབྲེལ་དབྱིངས་ལ།།
ཨ་ཇོ་ལྷ་ཡི་སྲས་ལ།
ལྷ་ཕྱག་ལན་གསུམ་མཆོད་ཡོད།།
བཀྲ་ཤིས་ནམ་མཁའ་ལ།

ལས་འབྲས་བསླུ་བ་མེད་པ།།
དཀར་ནག་ཁྲ་ལ་ལྡེམ་པ།།
ཨ་ཇོ་བསླུ་བ་མེད་པ།།
འོད་གསལ་མཁའ་ནས་གསོན་དང་།།
ཚེ་རིང་གཞས་ཆུང་ལ།

སྐྱེ་བ་སྔ་ཕྱི་གཉིས་ལ།།
སྐྱེ་ཚུལ་ག་འདྲ་ཡིན་པ།།
ཨ་ཇོ་ཕྱི་གསལ་ནང་གསལ།།
གསལ་ཁ་འདེབས་པ་གནང་རོགས།།
བཀྲ་ཤིས་ནམ་མཁའ་ལ།

བར་སྐོར་པ་ཏྲའི་རི་མོ།།
ཁྲ་ལ་ཕྲ་རྒྱན་བཏབ་པ།།
ཨ་ཇོ་ཕྲ་རྒྱན་མཛེས་རྒྱན།།
སྙིང་གི་རུས་ལ་འབྱོན་དང་།།
ཚེ་རིང་གཞས་ཆུང་ལ།

སྐྱིད་ཆུ་མར་ལ་འབབ་པ།།
ལས་ཀྱི་རླུང་ཁ་འདྲ་བ།།
ཨ་ཇོ་ཡར་ལ་བཞུགས་པ།།
རྟེན་འབྲེལ་བསླུ་བ་མ་གནང་།།
བཀྲ་ཤིས་ཉི་མ་ལ།

བཙན་པོའི་སྐུ་མཁར་ངོས་ལ།།
གདུང་རབས་དཔའ་མཛངས་མཚར་བ།།
ཨ་ཇོ་ནོར་བུའི་གླིང་ལ།།
གླིང་ག་གཏོང་ལ་ཕེབས་རོགས།།
ཚེ་རིང་གཞས་ཆུང་ལ།
བཀྲ་ཤིས་ཉི་མ་ལ།

               ༢༠༡༨ ༢  ༡༢
 

              ང་ཚོ་སུ་ལས་མཛེས་པ།

ནམ་མཁའ་ཡར་ལ་གཟིགས་དང་།།ཉི་མའི་འཛུམ་བརྒྱ་གྲོལ་ཡོད།།
འོད་ཀྱི་གུར་ཁྱིམ་ཕུབ་ཡོད།།དྲོད་འཇམ་ཤགས་ཤགས་ཕབ་ཡོད།།

ཁྱོད་ནི་ཉི་མའི་སྲས་ཡིན།།ང་ཡང་ཉི་མའི་སྲས་ཡིན།།
ང་ཚོ་མཉམ་དུ་འཛོམས་པ།།འཛམ་གླིང་དྲོ་བའི་གཞི་ཡིན།།
 
ལས་ཀྱིས་བགོས་པའི་ལུས་འདི།།ག་འདྲ་ཡིན་ཡང་ཡིན་ཆོག
སེམས་ཀྱིས་བཏབ་པའི་མེ་ཏོག།ཟིལ་བ་ཁྲོམ་མེར་བཞད་ཡོད།།

དབང་བོ་ཚང་དང་མི་ཚང་།།ཕྱི་ཡི་རི་མོ་ཙམ་རེད།།
ནང་སེམས་གཙང་བའི་མི་དེ།།ལྷ་མིའི་ཐུགས་ཀྱི་སྲས་ཡིན།།

སྐྱོ་སྐྱོ་ཆགས་དགོས་མི་འདུག།སྤྲོ་སྤྲོ་ཞེ་དྲག་གནོང་དང་།།
ང་ཚོའི་སེམས་ཀྱི་འཇིག་རྟེན།།སུ་དང་གང་ལས་མཛེས་པ།།

ནམ་མཁའ་ཡར་ལ་གཟིགས་དང་།།ཟླ་བའི་བསིལ་འཇམ་གྲོལ་ཡོད།།
འོད་ཀྱི་གུར་ཁྱིམ་ཕུབ་ཡོད།།བསིལ་འཇམ་ཤགས་ཤགས་ཕབ་ཡོད།།

ཁྱོད་ནི་ཟླ་བའི་སྲས་ཡིན།།ང་ཡང་ཟླ་བའི་སྲས་ཡིན།།
ང་ཚོ་མཉམ་དུ་འཛོམས་པ།།འཛམ་གླིང་བསིལ་བའི་གཞི་ཡིན།།

ཚེ་སྔོན་བསགས་པའི་ལུས་ལ།།ཞེན་ཆགས་སྐྱེ་རིན་མི་འདུག།
ད་ཆ་གཅེས་པའི་སྲོག་ལ།།རིན་ཐང་འཛོམས་པ་གནང་དགོས།།

མི་ཡི་རི་མོ་ནང་ཡིན།།ནང་གི་འཇོན་ཐང་འཛོམས་དགོས།།
བློ་དང་ཤེས་རབ་ལྡན་པ།།མི་ཡི་ནང་གི་མི་ཡིན།།

ཕྱི་རོལ་མཐོང་དང་མི་མཐོང་།།ཕྱི་ཡི་རྣམ་པ་ཙམ་རེད།།
ནང་སེམས་མཐོང་བའི་ང་ཚོ།།སུ་དང་གང་ལས་མཛེས་པ།།

                             ༢༠༡༨–༡༠–༡༩

འདིར་སྤྱད་པའི་འདྲ་པར་དག་དྲ་ལམ་ཁག་ནས་བཤུས། པར་དབང་ལ་གནོད་ན་དེ་མུར་བསུབ་ཆོག

 

རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།