བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་གཉིས་པ)

པད་མ་གཡང་སྐྱིད་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-22

པད་མ་གཡང་སྐྱིད། པིར་མིང་ལ་ཆར་ཐིགས་དང་ནག་མོ་སོགས་སུ་འབོད། མོ་ནི་སྙན་ངག་འབྲི་བར་དགའ་ཞིང་སྙན་ངག་གིས་མོའི་གསོན་ཚུགས་སུ་གྲུབ་པའི་ཚེ་ཡི་ལྗོན་པ་སྲུང་ཞིང་སྐྱོབ་ཀྱིན་ཡོད་པར་སྙམ་ཡོད།

མི་དེ་དག

ང་ཡི་ས་གཞི་ལྗང་ནེམ་མེར་གཏོང་བའི།
ཆར་ཟམ་ཟིམ་དང་འདྲ་ལ། ཉི་དྲོད་འཇམ་པོ་དང་འདྲ་བའི། མི་དེ་དག
མི་དེ་དག  ད་ཆ་གང་དང་གང་དུ་ཁ་ཁུ་སིམ་མེར་གནས་ཡོད།

ང་རང་ལ་ཆོས་ཉིད་ཀྱི་འཇམ་ས་སྟོན་པའི།
འོད་ཆེམ་ཆེམ་ཀྱི།  བསིལ་ཤུར་ཤུར་གྱི་མི་དེ་དག
མི་དེ་དག  ད་ཆ་གང་དུ་ཞི་ཞིང་འཇམ་པོར་གནས་ཡོད།

ང་ཡི་ཁེར་རྐྱང་གི་གྲིབ་གཟུགས་ངོས་སུ།
རི་དྭགས་བཞིན་རྒྱུ་བའི། སྐར་ཚོགས་བཞིན་གསལ་བའི་མི་དེ་དག
མི་དེ་དག  ད་ཆ་གང་དང་གང་གི་ཕྱོགས་སུ་ལྷོད་གྱི་ལེར་གནས་ཡོད།

ཉེ་བར་མཁོ་ཞིང་ཉེ་བར་གནས་སྲིད་ཀྱི་མི་དེ་དག  
མི་དེ་དག  ང་ཡི་ས་གཞི་དང་ནམ་མཁར་བྲལ་བར་གྱུར་ཏམ།
                         ༢༠༢༡-༦-༤

གཅན་མེ་ཏོག མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན།ད་ལྟའི་བར་གཞུང་ཡིག་ལོ་ཙཱ་དང་དག་ཞུས།  གནའ་དཔེ་འཚོལ་སྡུད་སོགས་ཀྱི་བྱ་བ་གཉེར། སྔ་ཕྱིར་གཞུང་ཡིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་ཁག་ཅིག་བྲིས་ནས་གཞུང་སྒེར་གྱི་དུས་དེབ་ཏུ་བཀོད་ཅིང་།  གཟེངས་སྐྱེས་ཀྱང་རེ་གཉིས་ཤིག་རེག་མྱོང་།   གཞན་ཡང་བོད་རྒྱ་སྐད་གཉིས་ཀྱིས་བྲིས་པ་དང་བསྒྱུར་བའི་སྙན་ངག་དང་ལྷུག་རྩོམ་མང་པོ་ཡང་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་ཏུ་བཀོད། འགྱུར་རྩོམ《འཇིག་རྟེན་འདིར་ང་ལ་ཆེས་སྙིང་ཉེ་བའི་མི་དེ་བཞུད་སོང》ཞེས་པར2017ལོའི་མི་རིགས་རྩོམ་རིག་ལོ་ཙཱའི་བྱ་དགའ་ཐོབ།   འགྱུར་དེབ《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་པའི་འཕྲིན་ཡིག》ལ་བོད་ཁམས་ཡོངས་ཀྱི་ཀློག་པ་པོ་མང་པོས་དགའ་བསུ་ཐོབ།  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

སེམས་འགྱུའི་ཆག་རོ།
        
ཉིན་ཞག་ལོ་ལས་རིང་དོན་ཅི
གྲང་ངར་རུས་རྐང་དུ་ཟུག་དོན་ཅི
འཚོ་བར་བྲོ་བས་སྟོང་དུས
སེམས་པའི་རེ་བའི་འོད་ཕྲན་དེའང
རང་ཁྱིམ་གྱི་འོད་དུ་འཐིམ་ཐབས་བྲལ

ཉི་མ་འོད་ཀྱིས་འཚེར་བའང
སེམས་པའི་མཁའ་ལ་དྲོད་ཀྱིས་སྙོབ་པའི་ཕྱག་སོར་ཅི་ལ་མིན
ཟླ་བ་མག་མོག་ཏུ་འཛུམ་པ
ཡིད་མཚོར་ལྷུང་བའི་ན་བུན་བན་བུན་ཅི་ལ་མིན
འཇིག་རྟེན་གྱི་སྣང་ངོ་ཅོག
དབྱངས་རྟ་དང་ཁ་དོག་གཅིག་ལ་བཞུར་དུས
ཉི་མར་ཅི་ཁག   ཟླ་བ་ལའང
དེ་ལྟར་བསམ་གཞིག་གི་རྟ་ཁ་གློད་དུས
སྨྲ་བརྗོད་ཀྱིས་ཕོངས་པའི་སེམས་ཚོར་ཡོད་ཚད
མཛའ་ཞིང་རྟོན་པའི་རུམ་ཁོང་དུ་བསྙལ་བར
འཁྲེན་པའི་ངལ་བ་གསོ་བའི་སྐལ་བར་སྨིན

བརྩེ་བའི་དབྱར་གཞུང་གི་ཉག་ཁ་བརྒྱུད་རྗེས
ང་ཁོ་ནར་དབང་བའི་ནམ་མཁར
སེམས་ཀྱིས་བྲན་པའི་ཐ་སྙད་ཀྱིས
སྟོན་ལྗོངས་ཀྱི་སེར་ལོ་སྤྱུགས་ཀིན་འདུག

མར་བཟའ་བློ་སྒྲོལ། མདོ་སྨད་ཐང་སྐོར་གྱི་འབྲོག་མོ་ཞིག་ཡིན།
 
མི་ཚེའི་ད་ཚོད་ཅིག

ཁང་སྟོང་དེའི་ནང་དུ་མཛེས་སྡུག་གི་རྨི་ལམ་ཤོང་ཐབས་བྲལ།
ཆགས་སྡང་བླུག་སའི་སྙིགས་ཟོམ་སྐྱོར་དགོས་མི་འདུག
སེམས་པ་ཤུལ་དུ་བཞག་སྟེ་ལ་མོ་རྒྱག་དགོས་ཡང་མི་འདུག
ཕྱིར་ལ་ལོག་ཐབས་མེད་པར་ཐུགས་ནོངས་གང་ཡང་མི་དགོས།
སོ་སོའི་ཞེ་གྱོང་ལ་འབབ་སོ་མེད་པ་ནི།
ཡོལ་བའི་ངོས་ཀྱི་ཉི་ཟླ་འཁྱག་པར་གྱུར་པས་ལོས་ཡིན།

བདེ་སྐྱིད་དང་ཐུག་ཙམ་གྱིས་ལུས་པོ་སྦྲིད་པར་བྱེད་པའི་ན་ཚོད།
དུས་ཚོད་ཀྱི་རྨ་ཁར་འཚང་བའི་གཙང་པོ་ནག་ནག
ཧབ་ཆ་ཡལ་རྗེས་ཀྱི་མི་སེམས་གྲང་མོ།
ཏག་ཏག་ལོ་ན་གཞོན་དུས་ཀྱི་སྣང་བ་སྐྱོར་བྱེད་དག
རི་མོའི་ངོ་ན་མཆོང་བའི་གཟིག་མོ་ཐིག་ལེ་ཅན་དེ་ཨང་།

ཁྱོད་ཀྱི་ཁེར་རྐྱང་གི་ནང་དུ་སེང་གེ་རྨས་མ་ཞིག་བསྐུང་འདུག
གཡུ་རལ་གྱི་ནང་དུ་རྟ་ཁྱུ་ཞོགས་པའི་སྲོད་ཀ་ལྷོད་མོ་ཞིག་ཀྱང་བབས་འདུག
ཚེ་ཡི་སྐུད་པ་རེ་རེས་འཁེལ་བའི་སྐྱོ་ཡུས་ཀྱི་ནམ་ཚ་དག
ཕྱི་འཕྲོར་ལུས་པའི་མེ་ལོང་དུ་འཛར་གྱིན།
ཨམ་ཕྲག་ནང་གི་ན་ཚོད་འཁྱག་པ་དེ་བཙེམ་པར་བརྩོན།

རྨེ་རུ་མགོན་པོ་སྐྱིད།  སྤྱི་ལོ༡༩༨༣ལོར་མདོ་སྨད་ཤར་ཅོ་ནེའི་ཆོས་དཔལ་ཞིང་ནས་སྐྱེས།   སྤྱི་ལོ ༢༠༠༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་རིག་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་ན་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྤྱི་ལོ ༢༠༡༧ལོར《ཟླ་ཟེར》རྩོམ་སྒྲིག་ཁང་གི་ལོ་འཁོར་བྱ་དགའ་དང་《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་ཕུལ་བྱུང་འཕྲིན་གཏོང་བའི་བྱ་དགའ་སོགས་ཐོབ་པར་མ་ཟད། ༢༠༡༨ལོའི་དབྱར་ཁར་སྙན་དེབ་ཐོག་མ《ལན་བུ་མའི་འཁྲེང་སེམས》ཞེས་པ་མི་ཡུལ་དུ་བརྩེ་སེམས་ཀྱི་ལེགས་སྐྱེས་སུ་ཕུལ་མྱོང་།

ཁྱེད་ལས་མཛེས་པ་མི་འདུག                  

བུ་མོ། ཟིལ་བ་ཁྲོམ་ཁྲོམ་གྱི་མེ་ཏོག
མིག་ན་བུང་བ་འཛུམ།
བུང་བས་བདེ་སྡུག་གི་གཤོག་པ་གར་ལ་བསྒྱུར།
མི་ཡུལ་ལུང་བ་རུ།
ཁྱོད་ལས་མཛེས་པ་མི་འདུག 
ཁྱོད་ནི་ཀེམ་ཀེམ་དུ་གཡོ་བའི།
དྲི་བསུང་ཤིག་ཤིག་གི་མེ་ཏོག་དེའོ།
 
མནའ་མ། ནས་འབྲུ་ལྡེམ་ལྡེམ་གྱི་སྙེ་མ།
སྐྲ་ལོར་སྐྲ་ཆ་མཛེས།
སྐྲ་ཆ་ཡག་མོས་རིགས་རྒྱུད་ཀྱི་གཡང་ཁ་འཛིན།
འཁོར་བའི་ཞིང་ཁམས་སུ།
ཁྱོད་ལས་མཛེས་པ་མི་འདུག  
ཁྱོད་ནི་ཚེ་སྲོག་གི་ནོར་བུ་དུད་པའི།
འབྲས་བུ་ཏིག་ཏིག་གི་སྙེ་མ་དེའོ།
 
ཨ་མ།  དར་ལྕེ་ལྷབ་ལྷབ་ཀྱི་ཁྱིམ་ཚང་དེ་ཨང་།
ཐུགས་ལ་འཇིག་རྟེན་ཤོང་།
ཁམས་གསུམ་གྱི་བརྩེ་བ་དྲིལ་བའི་མཐུ་བོ་ཆེ།
འཇིག་རྟེན་གསུམ་དུ།
ཁྱོད་ལས་མཛེས་པ་མི་འདུག  
 
ཁྱོད་ནི་ཕྱག་སྟོང་སྤྱན་སྟོང་གི།
སྨོན་པའི་ནང་དུ་འགྲོ་དྲུག་བཞུགས་པའི་ལྷ་སྐུ་དེ་ཡིན།
      ༢༠༢༡ལོའི་ཟླ༣པའི་ཚེས༨ཉིན་གུར་ཡག་ཐང་ནས་བུད་མེད་དུས་ཆེན་ལ་ཐོལ་བྱུང་དུ་སྦྱར།

སྒྲོལ་མ་འཚོ་ནི་ཕ་ཡུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་གསེར་འོད་སྡེ་བར་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》དང《སྦྲང་ཆར།》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》《གངས་རྒྱན་མེ་ཏོག》《ཁམས་པའི་རྩོམ་རིག་སྒྱུ་རྩལ》《རི་བོ་ཉི་ཟླ》《གསེར་གྱི་ལྷ་དར》སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
 
རྒྱང་རིང་།

རྒྱང་རིང་ཟེར་བ    རྨི་ལམ་ཞིག་མ་རེད
དེ་ནི་ཡིད་འོང་གི་འཆར་ཡན་ཞིག་རེད

བརྩེ་དུང་   རྟག་བརྟན་དུ་རློམ་སྟེ
ཕན་ཚུན་གྱི་ཡིད་སེམས་བཀུག་པ་བཞིན

རྒྱང་རིང་ཟེར་བ    སྔ་རྟིང་ཕྱིན་པའི
བར་ཐག་ཅིག་ཀྱང་མ་རེད
དེ་ནི་གྱ་གྱུར་གཡོ་བའི་སེམས་འགྱུ་ཞིག་རེད

བརྩེ་དུང་དང་ངང་སྒུག་དབར་ལ
ག་ལེར་ལྷུང་བའི་འགལ་འདུ་བཞིན

རྒྱང་རིང་ཟེར་བ    རིང་ཚད་འཇལ་བའི
བློ་ཡི་སྡེ་ཚན་ཞིག་མ་རེད
དེ་ནི་ཡིད་ལ་སྨོན་པའི་སེམས་ཀྱི་འཆར་སྒོ་ཞིག་རེད

སྣང་ངོར་བརྐོས་པའི་སེམས་ཀྱི་དྲན་པ
སྐབས་སྐབས་འཕེལ་བའི་ཡིད་ཀྱི་དྲན་ཤེས་བཞིན

རྒྱང་རིང་ཟེར་བ   རི་ཐང་ཆོད་པའི
ལམ་ཐག་ཅིག་ཀྱང་མ་རེད
དེ་ནི་སྨིག་རྒྱུ་ལྟ་བུའི་དྲན་པ་ཞིག་རེད

དབྱངས་ལྷ་མོ།  དངོས་མིང་ལ་བྱང་ཆུབ་བཟང་མོ་ཟེར། མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་དུ་སྐྱེས་པ་དང་ད་ཆ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད། རྒྱུན་པར་རྩོམ་འབྲི་བར་དགའ་བ་དང་སྒྱུ་རྩལ་ལ་དེ་བས་དགའ་བ། “དཔེ་དེབ་ཁྲི་ཕྲག་ཀློག་པ་དང་ལེ་དབར་ཁྲི་ཕྲག་བསྐྱོད་པ”ཞེས་པའི་ལེགས་བཤད་ལ་དད་པ་བྱེད་ཀྱི་ཡོད་ལ། ཁྱིམ་ཚང་གི་ཁོར་ཡུག་བཟང་པོས་ཁོང་མོར་དཔེ་ཀློག་ལ་དགའ་བའི་གོམས་གཤིས་ཤིག་ཆགས་སུ་བཅུག་ཡོད། 《བུད་མེད》དང་།《ཆང་དང་སྙན་ངག》《རང་གཤིས་དང་མཛེས་རྩལ》《ཁེར་རྐྱང་གི་འཇིག་རྟེན》《ཁོ་མོ་ནི་སྒྱུ་རྩལ་བ་ཞིག་ཡིན》ཞེས་པ་སོགས་སྙན་ངག་བརྩམས་ཆོས“བོད་མིའི་རིག་གནས་དྲ་བ”དང་།《བོད་ཀྱི་སྙན་ངག》《བོད་རིགས་ཀྱི་སྙན་ངག》སོགས་ཚགས་པར་དང་དུས་དེབ་ཀྱི་དྲ་རྒྱའི་རྩོམ་རིག་ལས་སྟེགས་སུ་བཀྲམ་ཞིང་།2016ལོར《དབྱངས》ཞེས་པའི་སྙན་དེབ་ཅིག་རྩོམ་སྒྲིག་བྱས་ཡོད།

ང་ལ་གུ་ཡངས་གནང་རོགས།
                        
---ང་ལ་རང་ལུགས་ཤིག་ཡོད།                 

ང་ཚོས
འཚོ་བའི་གར་སྟེགས་འདིར་འཁྲབ་ཀྱིན་པའི
དགའ་སྐྱོ་ཆགས་སྡང་གི་གདོང་འབག་འདི་དག
འདི་དག་ཡོད་ཚད་ངོ་མའི་འཁྲབ་གཞུང་ཞིག་ཡིན་ན
སྡུག་བསྔལ་དང་མ་དག་པ་ཡོད་ཚད་བསུབ་བཏང་སྲིད
སྐབས་འགར་ཁུ་སིམ་མེར
འཁྲབ་གཞུང་འདི་འདིར་ལྟ་བཞིན་ངུའང་སྲིད
ལན་འགར་ང་རྒྱལ་དང་བཅས
མིག་རྩ་དམར་པོར་ཡང་འགྱུར་སྲིད
ཧེ་་་་ངོ་ཚ་མེད་པའི
འཁྲབ་གཞུང་འདིའི་སྣེ་ཁྲིད་པ
ང་ལ་གུ་ཡངས་གནང་རོགས
གུ་ཡངས་ཐེངས་གཅིག་གནང་རོགས

དམངས་གཙོ་སྒྲོལ་མ། མིང་དངོས་ལ་ལྷ་མོ་ཞེས་འབོད་པ་དང་ཕ་ཡུལ་མགོ་ལོག་ཏུ་སྐྱེས།

ཚ་སྲེག་སྲེག་གི་ཚོར་སྣང་འདི།
 
སྐྱ་རེངས་རྫོགས་ཏེ་ཉི་མ་འཆར་ལ་ཉེ
རང་བྱུང་ཁམས་ཀྱི་ལྷིང་འཇགས་ལ་འཐིམ་ནས
དྭངས་གཙང་གི་མཁའ་དབུགས་རྔུབ་ཀྱིན
མཚོ་དེའི་ཕྱོགས་སུ་དངན་པ་རེ་ཤོར
 
བགས་ཆགས་དང་བཅས་ལས་ཀྱི་ལམ་བཅད་ཕྱིར
ཚ་སྲེག་སྲེག་གི་ཚོར་སྣང་འདི་
སྨྲེ་སྔགས་ཟློ་བཞིན
དྲན་པ་གླེང་བཞིན
མིག་ཆུ་འབྱིད་ཞོར
ཡིད་གདུངས་ཏེ་ཡི་མུག་པར་གྱུར
 
མཚོ་དེ་ལ་མ་ཆགས་མ་ཞེན་མ་འཁྲུལ་ན་བསམ་མོད
འོན་ཏེ
འཛུམ་དམུལ་ལེར་ཡོད་པའི་ངོ་གདོང་དེ
མཚོ་དེ་རུ་ནུབ་རྗེས
ཡོད་ཚད་འཕྱི་སོང་བ་འདྲ
        ༢༠༢༡. ༦. ༡༨ཉིན།

པདྨ་སྒྲོལ་མ། སྨྱུག་མིང་ལ་སྨྱུག་ཐོགས་ལྷ་མོ་ཟེར། ཕ་ཡུལ་དཀར་མཛེས་ཡིན། ལོ་བརྒྱད་ཀྱི་སྟེང་ནས་ཕ་ཡུལ་གྱི་ལྟེ་བའི་སློབ་ཆུང་དུ་ཀ་ཁའི་འབྲི་ཀློག་གི་མགོ་བརྩམས་ཤིང་། མུ་མཐུད་དུ་དཀར་བོད་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྒོ་ཐེམ་འགྲིམས་མྱོང་། དགའ་ཕྱོགས་ནི་སྙན་ངག་གྱེར་འདོན་དང་མདོ་འཛིན། རྩོམ་འབྲི་དང་པར་ལེན་སྒྱུ་རྩལ་སོགས་ཡིན། 2010ལོ་ནས་བཟུང་སྟེ་གསར་རྩོམ་གྱི་ལས་ལ་ཞུགས་བས་བརྩམས་ཆོས་མི་ཉུང་བ་ཞིག་ཚགས་དེབ་སྟེང་དུ་འགོད་ཐུབ་པ་བྱུང་། ད་སྐབས་ཤེས་རིག་གི་གཤོག་ཟུང་རྒྱས་བཞིན་པའི་ཤེས་བྱའི་སློང་མོ་བ་ཞིག་གོ།
 
ཁེར་ལབ།

དུས་ཚོད་ཀྱི་སྒལ་གཞུང་ཀློང་ནས།
ང་ལ་ཐོབ་ཤོར་གྱི་དགའ་སྐྱོ་གང་མང་ཡོད་ལ།
ངས་སྨག་རུམ་གྱི་མུན་པ་ལ་གདོང་གཏད་ནས།
མཚར་སྡུག་ཡིད་འོང་གི་ལང་ཚོའི་མྱུ་གུས།
རྒྱང་རིང་གི་མགྲོན་པོ་བསུ་བ་བཞིན།
བཅོས་མིན་གྱི་དགའ་བས་བསུ་མ་བྱེད།
ངས་རི་རྩེ་ནས་འཆར་བའི་ཉི་གཞོན་ལ།
མཛེས་སྡུག་ཡལ་མེད་ཀྱི་བསམ་བློ་རབ་རིབ་ཏེ།
མདང་ནུབ་ཀྱི་རྨི་ལམ་གྱི་ངོ་གདོང་བཤད།
འཚོ་བའི་ངོ་གདོང་སྐྱ་བོའི་གྲུ་ཟུར་དེ་དག་ལས།
ངས་བསམ་གཞིག་གི་སེམས་སྒྲ་དེ་རྣལ་དུ་ཕབ་ནས།
མཐའ་འཁོར་གྱི་ཡོད་ཚད་ལ་ཧྲིག་གེར་ཅེར་བཞིན།
རི་སྤྱང་བཞིན་ཤོར་སོང་བའི་མི་བུ་དེ་དག་དང་།
ཡིག་འབྲུ་གསོན་པོའི་སྙན་ངག་ལ་གླན་བཞིན་པའི་ལོ་ཟླ་དེ་དག
ཡང་ན་བསམ་བློའི་གཤིན་ས་ལ་མེ་ཏོག་བཞད་པའི་དབྱར་ཟླ་དྲུག་པ་དྲན་བཞིན།
དྲན་གདུང་གི་སྙིང་གསོན་པོ་དེ་ཟླ་བ་ཁེར་འགྲོ་ལ་འཁྱུད་བཞིན།
མཁུར་མགོ་ནས་མིག་ཆུ་རྡོག་པོ་དག་ཕྲེང་ཐག་ཆད་པ་བཞིན་བཞུར་བྱུང་ལ།
ངས་ད་གཟོད་རང་ཉིད་ནི།
ནམ་ཡང་སད་མེད་ཀྱི་རྨི་ལམ་རྨིས་རྒྱུ་ལ་དགའ་མཁན་ཞིག་ཡིན་པ་རྟོགས་བཞིན།
ཆག་གྲུམ་སོང་བའི་དྲན་པ་ཐར་ཐོར་ལ།
བཀྲག་མདངས་རྨང་ནས་ཡལ་སོང་བའི་བེམ་པོའི་རུས་རྐང་བཞིན།
གཡོ་ཟོལ་གྱི་རྫུན་བབས་ཕྲ་མོ་དེས།
ང་ལ་ངུ་སླ་བའི་ངོ་གདོང་ཞིག་དང་།
དགོད་སླ་བའི་ངོ་གདོང་ཞིག་བྱིན་ལ།
སེམས་པ་འདི་ལ་སྙི་ལ་མཁྲེགས་ཤིང་འཇམ་ཡང་རྩུབ་པའི་ཚོར་བ་ཞིག་བྱིན་པས།
ནམ་ཡང་སྲིད་པའི་སྒང་འདི་ནས།
སྙིང་ཆུང་ལ་བཟོད་སྒོམ་མེད་པར་སྨོན།

བྱིས་རྫི་བོད་མོ། མིང་དངོས་ལ་སངས་རྒྱས་འཚོ་ཟེར། ལོ་རབས་བདུན་ཅུ་བའི་དུས་མཇུག་ཏུ་མདོ་སྨད་དུ་ཀླུ་ཆུ་སྔོན་མོའི་མགོ་ཁུངས་ཏེ། ཀླུའི་ཆབ་བྲག་ཅེས་པའི་འབྲོག་སྡེ་ཞིག་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། དྲིན་ཆེན་ཕ་མའི་བཀའ་དྲིན་འོག་སློབ་གྲུར་འགྲིམ་པའི་སྐལ་བཟང་ཐོབ་པས། སློབ་ཆུང་དང་སློབ་འབྲིང་སོགས་རིམ་པར་བརྒྱུད་ནས་༢༠༠༣ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་བསླབ་གནས་བླངས་ནས་མཐར་ཕྱིན། ད་ལྟ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སྐད་ཡིག་དགེ་རྒན་དཀྱུས་མ་ཞིག་གི་ལས་གནས་ན་རང་གི་ནུས་ཚོད་ཀྱིས་ཞབས་ཞུ་རེ་སྒྲུབ་བཞིན་ཡོད།
 
ཁོམ་ལོང་མེད་པའི་རྣམ་ཤེས་ལྡོམ་པོ།

དེ་དགོང་ཡང་སྔར་བཞིན།
ཡོད་ཚད་ཁུ་སིམ་མེར་ཡོད་པའིི་མཚན་གཞུང་འདི་ན།
རྣམ་ཤེས་ལྡོམ་པོ་འདིས།
སུ་དང་གང་ཞིག་གི་དོན་དུ་ཚེགས་མང་བོ་མང་བོ་ཞིག་མྱོང་བཞིན་གདའ།
 
དེ་དགོང་ཡང་སྔར་བཞིན།
ཡོད་ཚད་ནག་ཐོམ་མེར་ཡོད་པའི་མཚན་གཞུང་འདི་ན།
ཁོམ་ལོང་མེད་པའི་རྣམ་ཤེས་ལྡོམ་པོ་འདིས།
སྤྲེའུ་རི་ལས་བབས་པའི་གར་ཆུང་དེ་བསྐྱར་དུ་འཁྲབ་བྱུང་།
 
དེ་དགོང་ཡང་སྔར་བཞིན།
ཡོད་ཚད་ལྷིང་འཇགས་སེ་ཡོད་པའི་ནམ་གུང་འདི་ན།
ཁོམ་ལོང་མེད་པའི་རྣམ་ཤེས་ལྡོམ་པོ་འདི།
བྱིས་པ་པྲ་ཆལ་ཞིག་དང་འདྲ་བར།
དྲོད་ཀྱིས་གཏམས་པའི་བྲང་གཞུང་གི་མལ་སྟན་ལས་བུད་དེ།
ཟླ་འོད་མེད་པའི་མཚན་ལྗོངས་ན་མཚར་སྣང་གིས་བཟི་འདུག
 
དེ་དགོང་ཡང་སྔར་བཞིན།
ཡོད་ཚད་འཇམ་ཅག་གེར་ཡོད་པའི་འཇིག་རྟེན་འདི་ན།
ཁོམ་ལོང་མེད་པའི་རྣམ་ཤེས་ལྡོམ་པོ་འདིས།
གནས་ལུགས་དང་རྒྱུ་འབྲས་ཀྱི་རྒྱ་མ་ཕར་ལ་སྤྲད་དེ།
བདག་འཛིན་གྱི་ཁུར་བོ་ལྕི་མོ་དེ་ཤེད་ཀྱིས་འདེགས་བཞིན་ཡོད།
 
དེ་དགོང་ཡང་སྔར་བཞིན།
ཁོམ་ལོང་མེད་པའི་རྣམ་ཤེས་ལྡོམ་པོ་འདི།
བརྩེ་བ་དང་དུང་བས་དབུལ་བའི་འཇིག་རྟེན་པ་ཞིག་གི་ཁྱིམ་ན།
གྲང་ཤུལ་ཤུལ    འདར་སུག་སུག    ལྟོགས་ལྷང་ངེར   གཉོམ་དུང་ངེར།
                       ༢༠༢༡  ༤  ༡༤ཉིན།

འདབ་དྲུག མིང་དངོས་ལ་གཡུ་སྒྲོན་འཚོ་རུ་འབོད། ཕ་ཡུལ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཡིན། ༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་རིམ་པར་སློབ་སྦྱོང་བྱེད་བཞིན་ཡོད།《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》དང《སྦྲང་ཆར།》《མཚོ་སྔོན་བོད་ཡིག་གསར་འགྱུར།》《གངས་རྒྱན་མེ་ཏོག》སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ།

སང་ཉིན་གྱི་གནམ་གཤིས་ནི་རོལ་དབྱངས་ཤིག་ཡིན་སྲིད།
                                           
སེམས་པ་བླགས་ནས་མ་འོངས་པར་ཉན་དུས
སང་ཉིན་ནི་ཁུ་སིམ་ལ་འདྲེས་པའི་སྨུག་པ་ལང་ལོང་ཞིག་རེད
མ་འོངས་པའི་ཆར་བ་དེ་འཁྱག་སིབ་བེར་ཁྱོད་ཀྱི་ཡ་ཆུང་དུ་བབས
ཤིན་ཏུ་འཁྱག་པའི་རོལ་དབྱངས་ཤིག་གིས་ཁྱོད་ཀྱི་སེམས་པ་བརླན་པར་བྱས 

སང་ཉིན་འབར་ཁམས་ལ་ཆར་བ་ཆུང་ཆུང་ཞིག་འབབ་སྲིད
ཡང་ན་ཆར་བ་ཆེན་པོ་ཞིག་འབབ་སྲིད    གང་ལྟར
ཨམ་ཅོག་ཆུ་ཡིས་བཀང་རྗེས་སྔར་བཞིན་མིག་ཟུང་བཙུམ་ནས་གང་ལ་མཉན
སེམས་པ་ཚུར་ཕྱོགས་སུ་བསྲིངས་ནའང་འཇིག་རྟེན་གྱི་གསང་བ་མང་པོ་ཞིག་ཐོས་མི་ཐུབ
དེ་དག་ནི་སང་ཉིན་གྱི་གནམ་གཤིས་དང་འདྲ་ལེ

སང་ཉིན་གྱི་གནམ་གཤིས་ནི་དངོས་གནས་གསང་བ་ཞིག་ཡིན་སྲིད
ཡང་ན་གཏམ་རྒྱུད་ལྟ་བུའི་རོལ་དབྱངས་ཤིག་ཡིན་སྲིད
ལྷ་ཡུལ་དུ་འཐེན་པའི་ལམ་བུའི་ཁུགས་སོ་ན་སང་ཉིན་གྱི་ཆར་བ་ལྟེམས་ཡོད
སང་ཉིན་ནི་ཐག་ཉེ་ཐག་ཉེ་ན    སྙིམ་པར་ལྷུང་བའི་ཆུ་ཐིགས་གྲང་མོ་ཞིག

རྣམ་ཤེས་ལ་སིམ་པའི་རོལ་མོ་འཁྱགས་རེངས་སུ་གྱུར་རྗེས
མགོ་བོ་སང་ཉིན་གྱི་གནམ་གཤིས་ལྟ་བུའི་མུན་པ་ལ་བསྙེས་ནས་ཡུན་རིང་འགོར
    ༢༠༡༨.༡༠.༢༧མཚན་ལ་གློག་བརྙན<<ང་ཡི་ཆང་གསོལ་རོགས>>ལ་བལྟས་རྗེས།

བྱང་འབྲོག་མོ། མིང་དངོས་ལ་ཚེ་རིང་བདེ་སྐྱིད་དུ་འབོད། བོད་ལྗོངས་ནག་ཆུར་སྐྱེས།  སྔ་རྗེས་སུ་སྙན་ངག་པ་བྱ་གཞུང་དབྱངས་བྷ་ལགས་ཀྱིས་གཙོ་སྒྲུབ་གནང་བའི《དགེ་འོས་ཚགས་པར》གཙོ་བྱས《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》སོགས་སུ་སྙན་ངག་འགའ་སྤེལ། ཉིས་སྟོང་བཅུ་བཞི་ནས་ད་བར་སློབ་ཆུང་དགེ་རྒན་གྱི་ལས་ཀར་གཉེར་མུས་སོ།།                                                            

ལས་ཀྱི་ལམ་ཁ་འགྲིག་པའི་མི་དེ།

མེ་ཏོག་གི་ནམ་ཟླ་ཡལ་བར་ཉེ་དུས་ཤིག
ཁྱེད་རང་མེ་ཏོག་ཅིག་གི་ཚུལ་དུ་ངའི་པང་ཁར་འཁྲུངས།
དེ་དུས་ཤིག་ནས་བཟུང་།
ཁྱེད་རང་དུས་ཚིགས་ངེས་མེད་དུ་ངའི་གློ་བའི་ཉིན་སྲིབ་བར་གྱི་མེ་ཏོག་ལ་གྱུར།
སྙིང་ཆུང་འདབ་མའི་སྒང་གི་མུ་ཏིག་དཀར་ཆུངའང་ཁྱེད་ཡིན།
མི་ཚེ་ཡི་ན་ཚོད་ཡག་དུས་ཤིག་ལ།
ཁྱེད་རང་ངའི་དགའ་ཡ་སྐྱོ་རོགས་ཀྱི་གྲོགས་སུ་ལེགས་པོ་བྱོན་སོང་།
དེ་ཚོད་ཅིག་ནས་བཟུང་།
ང་རང་ཉིན་མཚན་དབྱེར་མེད་དུ་ཁྱེད་ཀྱི་བདེ་སྡུག་འཚོ་བའི་རྫི་བོ་རུ་གྱུར།
སྐྱེ་གཟུགས་ལང་ཚོ་དྭངས་མའི་ཤ་ཁྲག་གི་ཕུད་ཀྱང་ཁྱེད་ཡིན།
འཁོར་བ་ལས་ཀྱི་ཐང་ཆེན་ཕྱེད་ཙམ་བརྒལ་བའི་དུས་ཤིག་ལ།
ཁྱེད་རང་སྲོག་གི་གཡང་རྟེན་ལྟར་གྱིས་ཚེ་ཡི་ནོམ་པར་བསྐོས་སོང་།
དེ་འདྲ་ཞིག་ནས་བཟུང་།
ང་གཉིས་སྐྱེ་བ་འདི་ལ་ལས་ཀྱི་ལམ་ཁ་འགྲིག་སོང་།
ཨ་མ་དགའ་དགའ་སྙིང་ནས་དགའ་ཡོད།
གཅེས་ཕྲུག་སྐྱིད་སྐྱིད་ཚེ་གཅིག་སྐྱིད་ཅིག

             2020.8.25ཉིན་བུ་མོ་གངས་གཡང་བཟང་མོའི་སྐྱེས་སྐར་ལ་བྲིས།

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་གཉིས་པ)

2021-06-22 པད་མ་གཡང་སྐྱིད་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།