སྙན་བུའི་རང་ཉིད་དང་འབྲེལ་བའི་སྙན་ངག་བཅུ།

སྙན་བུ། 琼迈文学网 2023-03-26
སྙན་བུ།   མཚོ་སྔོན་པོའི་ཉེ་འགྲམ་ནས་འཚར་ལོངས་བྱུང་།   གོ་རབས་པའི་སྐད་གཉིས་རྩོམ་པ་པོ།  བརྩམས་ཆོས་གཙོ་བོར་སྙན་དེབ་《བདག་གི་རྟ་ཕོ་》 《ང་ལམ་ལ་ཆས་འདོད་》དང་།  སྒྲུང་འབྲིང་དེབ་《རི་མོའི་ནང་གི་ཨ་ཕ་》བཅས་ཡོད།  སྒྲུང་ཐུང་བསྡུས་དེབ་ 《སོར་གདུབ་》མི་རིང་བར་པར་བསྐྲུན་བྱ་འཆར་ཡིན།   ཉེ་བའི་ལོ་ཤས་རིང་རྩོམ་རིག་གི་བྱ་དགའ་རེ་ཟུང་ཡང་ཐོབ།   ད་ལྟ་པེ་ཅིན་ན་འཁོར་བ་སྐྱོང་ཞོར་གསར་རྩོམ་ལ་གཞོལ་མུས་སུ་ཡོད།

རང་ཉིད་ལ་སྨྲས་པ།
 
ང་རང་ཁྱོད་ཚོས་བཤད་པའི་གངས་འདབས་སུ་ལོག་མི་འདོད
དེ་ནི་སུ་ཡང་སླེབས་ཐུབ་ས་ཞིག་ཡིན་གྱི་འདུག
གངས་རི་ནི་སུ་ཡང་སླེབས་མི་ཐུབ་པའི་གནས་ཤིག་ཡིན་ཚེ
ང་རང་ད་གཟོད་གངས་འདབས་སུ་ལོག་ནས་རང་གི་བླ་རི་ལ་གསོལ་བ་འདེབས་འདོད
 
ང་རང་དེ་ཉིད་སྟོང་བསམ་རེད་ཟེར་མཁན་ལ་ཉན་མི་འདོད
ངས་སྟོང་བསམ་ཁྲོད་ནས་སངས་རྒྱས་པའི་མི་ཞིག་ཤེས་ཀྱི་ཡོད
ང་རང་སང་ཉིན་ངེས་པར་འཆི་སྲིད་པ་ཤེས་ནའང
དེ་རིང་སྔར་བཞིན་ཧུར་བརྩོན་བྱེད་པའི་ཨུ་ཚུགས་དེ་ལ་དགའ་མོས་ཡོད
 
ང་རང་ཐོབ་ན་དགའ་ཞིང་མ་ཐོབ་ན་སྐྱོ་བ་དེ་འདྲ་བྱེད་མི་འདོད
གལ་ཏེ་དེ་ལས་ལྡོག་པར་གྱུར་ན་ཅུང་ཟད་དགའ་བར་ཨེ་འགྱུར་གྲང
ང་རང་གཙང་འགྲམ་དུ་གནས་པའི་ཁེར་རྐྱང་གི་རྡོ་བ་དེ་བྱེད་མི་འདོད
རྡོ་བའི་ཁོག་ཏུ་ལྷུང་ལྷུང་དུ་འབབ་པའི་གཙང་བོ་དེ་ཡིན་ན་བསམས
 
ང་རང་སེང་གེའི་ང་རྒྱལ་ལ་ཡིད་སྨོན་མི་འཆོར
ང་རྒྱལ་ནང་དུ་ཚུལ་འཆོས་དང་ཟོལ་རྫུ་ཡང་བསྐུངས་འདུག
ང་རང་གྲོག་འབུར་ཕལ་བ་ཞིག་གི་རྐང་རྗེས་ལ་ཡི་རང་སྐྱེ
རྐང་རྗེས་ནང་དུ་བརྩེ་བ་དང་ཆོད་སེམས་ཀྱིས་ཁེངས་འདུག
 
ང་རང་འཇིག་རྟེན་འདིའི་ཚེ་སྲོག་ཡོད་དོ་ཅོག་ལས
འདི་ནི་དུག་ཅན་འདི་ནི་ཀླ་ཀློ་ཞེས་ངན་པར་བལྟ་མི་འདོད
ང་རང་ནམ་ཞིག་ཚེ་ཡི་བསྐལ་བ་སྟོང་བར་གྱུར་དུས་ན
སླར་ཡང་ཚེ་སྲོག་གང་རུང་དུ་སྐྱེ་ནས་བདག་གཞན་གཉིས་ཀ་གཅེས་སུ་འཛིན་པར་འདོད
                                  2022.7.17
 
རྒྱང་རིང་།
 
ད་ལྟ་ང་དང་ཐག་ཤིན་ཏུ་ཉེ་བ་ནི་ཤོག་ལྷེ་གཅིག་ག་ལེར་ཕར་སློག་བཞིན་པའི་ལག་གི་སྙན་དེབ་ཆུང་ངུ་འདི་ཡིན་མོད
ཡིག་འབྲུ་འདི་དག་དུས་རབས་བཅུ་དགུ་པའི་སྟོད་ལ་བརྩམས་ཤིང་རྩོམ་པ་པོའང་དུས་རབས་དེ་ལ་གཤེགས
ད་ལྟ་ང་རང་རྐུབ་སྟེགས་སུ་བསྡད་ནས་ཕོ་ལོ་སུམ་ཅུ་བརྒལ་བའི་རང་གི་ཐང་ཆད་པའི་མིག་ཟུང་འཕུར་ཙམ་བྱས་མོད
མིག་ཟུང་འདི་ནི་ལོ་རབས་དགུ་བཅུའི་སྟོད་ལ་ཐོག་མར་ཕྱེས་ཤིང་མདངས་གསལ་ལ་མཐོང་ངོ་ཅོག་མཚར་མཚར་དུ་ལྟ
ད་ལྟ་ངའི་མཁྲིག་མའི་སྟེང་འགུལ་བཞིན་པའི་དུས་ཚོད་ཀྱི་གཙང་བོ་མཚན་མོའི་གཞུང་དུ་ཁུ་སིམ་མེར་འབབ་ནའང
གཙང་བོ་འདིའི་འགོ་ཁུངས་གངས་ལ་ཐུག་ཅིང་གངས་རི་ནི་བསྐལ་བ་སྟོང་གི་སྔ་རོལ་ནས་མཐོ་ཞིང་བརྗིད་པར་ཆགས
ང་ཅི་མི་སྙམ་པར་ཡར་ལངས་ཏེ་སྒེའུ་ཁུང་ཕྱེས་ནས་བལྟས་ཚེ་སུ་ཞིག་གི་ཞལ་རས་དང་འདྲ་བའི་ཟླ་བ་ཤར་འདུག
སླར་ཡང་བྱམས་བརྩེའི་ངང་བྱིལ་བྱིལ་ཐེངས་ཤིག་གཏོང་སྙམ་ཡང་ཟླ་བ་ལོ་ཟླ་རིང་མོ་ཞིག་གི་སྤྲིན་རྒྱབ་ཏུ་ཡིབས་སོང
ཕངས་སེམས་སྐྱེ་བཞིན་པའི་ང་ཡིས་རང་སེམས་གསོ་བཞིན་སླར་ཡང་རང་གི་འདུག་སྟེགས་སུ་བསྡད་མོད
རང་ཉིད་དང་ཐག་ཤིན་ཏུ་ཉེ་བའི་མདུན་གྱི་ཀ་ཅ་ཡོད་དོ་ཅོག་ཀྱང་རྨི་ལམ་དུ་མཐོང་བ་བཞིན་རེ་ཞིག་འཛིན་ཐབས་བྲལ
                                   2023.2.21
 
ང་རང་ཐེངས་མང་པོར།
 
ང་རང་ཐེངས་མང་པོར་གཅིག་པུ་ཡིན
སྐྱེལ་བསུ་བྱེད་མཁན་ཡོད་ནའང
ལམ་བར་དུ་ང་ནམ་ཡང་གཅིག་པུ་ཡིན
ངས་རང་ཉིད་གཅིག་པུ་འགྲོ་བཞིན་པའི
ང་དང་འདྲ་བ་མང་པོ་ཡང་མཐོང་མྱོང་ཡོད
ཡིན་ཡང་དེ་ཚོ་ནི་ངའི་ལམ་གྲོགས་མིན
 
ང་རང་ཐེངས་མང་པོར
བསམ་གཞིག་ལ་གཤོག་པ་ཐོགས་པའི་ལམ་བར་དུ
སེམས་ཁྲལ་གཅིག་རྩེག་ཉིས་བརྩེགས་ཀྱི་ལམ་བར་དུ
ཞི་འཇམ་དང་གྱེས་ཐག་རིང་བའི་ལམ་བར་དུ
རི་སྤྱང་ཇི་བཞིན་ལམ་བར་དུ
རྨོངས་བའི་ལམ་བར་དུ
 
ངས་རང་ཉིད་ལ་ལྐོག་ལབ་ཤབ་ཤུབ་རེ་སྨྲས
ལམ་བར་དུ    ཐེངས་མང་པོར་རྣ་བ་བླགས་ནས
ངས་རང་གི་ངལ་དུབ་སོགས་ལ་མཉན
ང་རང་ཐེངས་མང་པོར་ཅིས་ཀྱང་གང་ཞིག་ལ་འགྲོ་དགོས་པར་མཆིས
ཡིན་ཡང    དེ་ནི་ང་རང་ཐེངས་མང་པོར
ཅིས་ཀྱང་གང་ཞིག་ནས་ངལ་གསོ་དགོས་པ་དང་མི་འདྲ
 
ལམ་བར་དུ་མིང་བཏགས་ཟིན་པའི་ཡུལ་ལྗོངས་དང་རི་བོ
ལྕགས་དྲས་བསྐོར་བའི་རི་དྭགས་གླིང་ཀ་དང་ཡི་དྭགས
མོ་ཊ་དང་རྡོ་སྣུམ་ས་ཚིགས   འཁོར་བགེགས་ལས་སྲོག་ཉེན་ཐར་བའི་མི
ལམ་བར་དུ་མེ་ཏོག་དང་རླུང    རྡོ་བ་དང་མེ
ཇི་སྲིད་བར་དུ་ཉམས་པ་མེད་པའི་ས་རྡུལ་དང་འོད
ཇི་སྲིད་བར་དུ་གནས་ཐབས་མེད་པའི་ཡི་གེ་དང་ཁྲིམས
 
ལམ་བར་དུ་མཐོང་ངོ་ཅོག་ལས་ང་ལ་མཚར་སྣང་ཆེ་ཤོས་ནི
སྒྲ་མེད་པའི་ངང་ང་ཡི་ཕྱི་བཞིན་འབྲངས་འོང་བའི་གྲིབ་མ་རེད
ཉིན་དཀར་ང་ཡི་གཟུགས་པོའི་ཚད་ལས་མེད་པའི
མཚན་མོར་ང་ཡི་མུན་པ་ཧྲིལ་བོ་འཐུང་བའི    གྲིབ་མ་རེད
 
དངན་པ་ཐེངས་གཅིག་འཐེན་རྗེས་སླར་ཡང་བགྲོད་དགོས་པའི་ལམ་བར་དུ
བདེ་སྐྱིད་ཕྲན་ཙམ་ཐོབ་རྗེས་སླར་ཡང་ཡལ་འགྲོ་བའི་ལམ་བར་དུ
ལྷན་འཛོམས་དང་གྱེས་བྲལ་མཉམ་དུ་གཤིབ་པའི་ལམ་བར་དུ
དགོད་སྒྲ་དང་ངུ་དངངས་ལྷན་དུ་འདྲེས་པའི་ལམ་བར་དུ
 
ང་རང་ཐེངས་མང་པོར
དད་པ་རྩེ་གཅིག་བྱེད་པའི་མི་དག་ལ་ཡིད་སྨོན་ཤོར
ཡིན་ཡང་སྒེར་ཕན་གྱི་སླད་དུ་མི་དག་གིས་ཁྱོད་ཤི་ང་གསོན་བྱེད
ང་རང་ཐེངས་མང་པོར
འགྲུལ་བཞུད་པ་དག་གི་རྒྱང་སྐྱོད་ལ་ཡི་རང་སྐྱེས་མྱོང
ཡིན་ཡང་འཆི་བ་ནི་འགྲུལ་བཞུད་མཐའ་དག་གི་ས་ཚིགས་མཐའ་མ་ཡིན
 
ས་ཚིགས་དེ་ལམ་བར་གྱི་གནས་ག་ལ་བ་ཞིག་ཏུ་ཡོད་ཟེར
ང་རང་ཐེངས་མང་པོར་གཅིག་པུ་ངང་ལམ་བར་དུ
ཁེར་དགོད་རེ་བྱེད་བཞིན     འཆི་བ་དྲན་གྱིན་དྲན་གྱིན་སོང
                                2023.3.16

ང་གང་ལའང་རྒྱུས་མངའ་མེད།
 
ང་རང་ཆེས་ལྷོ་ཕྱོགས་ཀྱི་ས་ཆར
བསྡད་མྱོང་མེད
དེ་བས་ལོ་ཧྲིལ་བོ་གཅིག་གི་ཚ་དྲོད་དང
ཉིན་འབབ་མཚན་འབབ་ཀྱི་ཆར་བ་ལ
རྒྱུས་མངའ་མེད
 
བྱང་ཕྱོགས་སུ་བསྡད་ཡུན་རིང་བས
སྐབས་རེར་ཚེ་སྲོག་ཡོད་དོ་ཅོག་ལ
ཇི་ལྟར་རྒས་ན་དེ་ལྟར་མཛེས་པའི་དཔྱིད་ཀ་*དང
ཇི་ལྟར་རྒས་ན་དེ་ལྟར་འཁྱག་པའི་དགུན་ཁ་ཡང་ཡོད་སྣང་འཆར
 
གཅིག་བྱས་ན་ང་རང་འཆུགས་ཡོད་ཀྱང་སྲིད
ཡིན་ཡང་ཅིའི་ཕྱིར་རྨི་ལམ་དུ
ཆེས་ལྷོ་ཕྱོགས་ཀྱི་དགུན་ཁའི་འཁྱམས་རོམ་དང
གས་ཆག་ཤོར་བའི་བརྩེ་དུང་གི་ཀེང་རུས་རྨི་དགོས་སམ
 
ཅིའི་ཕྱིར་དཔྱིད་ཀ་དང་ལྗང་བུ་དང་རྒྱ་མཚོ་མིན་ནམ
ཕལ་ཆེར་ང་རང་བྱ་དངོས་མང་པོར་རྒྱུས་མངའ་མེད་པས་ཡིན་སྲིད
 
འོ    རྒྱུས་མངའ་ཡོད་མི་སྲིད  
འདི་ལ་ཐེ་ཚོམ་སྐྱེས་མི་དགོས་ཏེ
གཞན་ཞིག་ལྟ་ཅི   
ང་ནི་རང་གི་སྲིབ་ངོས་སུ་སྡོད་པའི་མི་དེར་ཡང
རྒྱུས་མངའ་མི་འདུག
མི་དེ་རྟག་པར་རང་ཉིད་དང་ཤིན་ཏུ་འདྲ་བོ་ཡོད་ནའང
                                2022.4.6
                                   *ཡུས་ཞིའུ་ཧྭ་ཡི་སྙན་ཚིག་ཅིག

 ཁུ་སིམ་དྭངས་མའི་ཁྲོད་དུ།
 
ཤེམ་བྷོར་སི་ཁའི་ཁ་སང་གི་སྙན་ངག་དག་གིས
བདག་གི་དེ་རིང་གི་མཚན་མོ་འདི་སླར་ཡང་ཁུ་སིམ་ལ་སྤྲད་བྱུང
 
ཁུ་སིམ་ཁྲོད་ངོ་ཤེས་པའི་རྣམ་ཤེས་མཐའ་དག
སླར་ཡང་བར་སྣང་གི་ཟླ་བའི་ཕྱོགས་སུ་ག་ལེར་འཕུར་སོང
 
གལ་སྲིད་མཚན་མོ་དཀྱུས་མ་གཅིག་གི་ཁུ་སིམ་དྭངས་མ་འདི
ཉིན་དཀར་བརྒྱ་ཕྲག་གི་འོད་ཀྱི་གཙང་བོ་ལས་ཀྱང་རིང་སྲིད་ན
 
ནམ་གུང་འདིར་སྨིན་ཐག་ཆོད་པའི་རྨི་ལམ་གྱི་བིམ་པ་གཅིག
མུན་པའི་ལྗོན་གསེབ་ནས་དམར་ལམ་ལམ་དུ་གཡོ་སྲིད་དམ
 
དུས་རབས་འདིའི་སྐྱི་གཡའ་བ་ཁྲི་ཕྲག་ནང་གི་སྐར་ཆ་གཅིག་གི་ནང
ང་ཚོ་གཡུལ་འཁྲུག་དང་སྐད་ཅོར་ལས་རྒྱང་དུ་བཀྱེད་དེ་ཞི་གནས་ངང་སྡོད་ཐུབ་ན
 
ཡིན་ཡང་ཆེས་ཐོབ་པར་དཀོན་པའི་མཛེས་སྡུག་གི་དོན་སྙིང་མདུན་དུ
རྐང་ལག་རང་དབང་མེད་པར་འདར་སིག་སིག་བྱེད་མཁན་ད་དུང་ག་ཚོད་ཡོད
                                2022.12.2

ཤིན་ཏུ་འཁྱག་པའི་གཞས།
 
ཤིན་ཏུ་འཁྱག་པའི་མིག་ཟུང་ནང་དུ་དགུན་ཁ་བསླེབས་འདུག
ཡིན་ཡང་ང་ལྷག་བསམ་རྣམ་དག་གིས་གཉིད་དུ་ཡུར་ན
ག་ལེར་འབུས་བཞིན་པའི་ལྗང་སྨྱུག་མཐོང་ཐུབ
 
མཁྲིག་མའི་ཆུ་ཚོད་ཁེགས་ནས་ཉིན་ཞག་གྲངས་མེད་འགོར
ཡིན་ཡང་ངས་རྣ་བ་གླན་ནས་ཞིབ་ཏུ་ཉན་ན
ཡང་ཞིང་དལ་བའི་ཐག་སྒྲ་ཐོས་ཐུབ
 
ས་སྟེང་འདིའི་ལང་ཚོ་མཐའ་དག་ལ་ལྟེབ་གཉེར་ཆགས་འདུག
ཡིན་ཡང་ཁྱོད་ཟེར་བ་ཞིག་དྲན་པའི་གཏིང་ནས་འཛུམ་འོང་ན
ངས་སླར་ཡང་འོ་ཞིམ་པོ་ཞིག་གི་མངར་ཁ་མྱོང་ཐུབ
 
དེ་ལྟ་ནའང    ང་རང་སྐབས་མང་པོ་ཞིག་ལ་དྲན་པ་ཡམ་ཡོམ་དང
དབུགས་ཀྱི་འབྱིན་རྔུབ་ཁྲོད་ནས་མི་རྟག་པ་ཡིས་འཚང་ཁ་རྒྱག
ཁེར་རྐྱང་གི་འདབ་ལོ་ཁྲག་ཁྲིག་ཀྱང་ཡུལ་གྱར་ལས་སྐྱེས་ཤིང་ཡུལ་གྱར་ལས་ལྷུང
 
ཉམ་ཐག་པའི་ང་ནི་རང་གི་ད་ལྟ་བའི་དུར་ཁྲོད་དུ་འགྲེང་ནས
ཆེས་མཇུག་མཐའི་གདུང་སེམས་མཉམ་སྐྱེད་བྱེད་དུས
འཚོ་བའི་ཀོ་གྲུ་གཏོང་མཁན་མང་པོ་གཅིག་འཕྲོར་གཅིག་ཏུ་མི་སྣང་བར་ཡལ་ཞིང
སྐྲ་རྩེའི་ང་རྒྱལ་དང་རུས་རྐང་གི་བློ་ཐག་རྦད་ཆོད་སྔ་མོ་ནས་བོར་བརླག་ཐེབས་འདུག
                                 2022.12.3
 
 སྟོན་ཁ་ཐེངས་ཉེར་དགུ་བའི་ཕྱི་དྲོ།
 
སྟོན་ཁ་ཐེངས་ཉེར་དགུ་བའི་ཕྱི་དྲོར
ང་སྤྱི་གླིང་ཞིག་ཏུ་ཡོད
མཛེས་ལྗོངས་ནི་རྒྱང་རིང་གི་གཉེན་མི་དག་དང་འདྲ
ས་སྲོད་སླེབ་ལ་ཉེ་དུས་ལྷག་ཏུ་འདྲ་སྣང་སྟེར
ངས་མིག་ཟུང་ཅེ་རེར་ཕར་ནས་ཕར་ལ་བལྟས
 
བུ་མོ་ཞིག་ཞི་འཇམ་ངང་ངའི་ཕྱོགས་སུ་སླེབས་འོངས
དེ་ནི་སྟོན་ཁ་ཐེངས་བཅོ་བརྒྱད་པའི་ཕྱི་དྲོ་ཞིག་ཡིན
ང་རང་ལྗོན་འོག་ཏུ་བསྡད་ཅིང
རྨི་ལམ་ཐེངས་ཤིག་རྨིས་པ་ལྟ་བུའི་མཚར་སྣང་སྐྱེས
མཇུག་མཐར་བུ་མོས་ང་ཡི་དྲན་གདུང་ཁུར་ནས་གཏན་དུ་གྱེས
 
ངས་ཐེངས་དང་པོར་གྱེས་བྲལ་གྱི་ཚོར་བ་མྱངས་བྱུང
སྟོན་ཁ་ཐེངས་བདུན་པའི་ཕྱི་དྲོ་དེར
ཨ་ཕས་ང་རང་གསང་སྟབས་ཀྱིས་བཅའ་སྡོད་སློབ་གྲྭར་བསྐྱལ
རྒྱང་ཐག་ཤིན་ཏུ་རིང་བའི་སྟོན་ཁ་དེའི་ཕྱི་དྲོ་ནས་བཟུང
ང་རང་མི་ཚེ་གང་བོར་གཞན་ཡུལ་གྱར་མགོ་བརྩམས
 
ང་ངུས་བྱུང    ཉམ་ཆུང་བའི་ང
སྟོན་ཁ་ཐེངས་དང་པོའི་ཕྱི་དྲོ་དེར་ཡང་བསྐྱར་ངུས་བྱུང
གཅིག་བྱས་ན་ཕོ་བ་ལྟོགས་ཡོད་ཀྱང་སྲིད
ཡིན་ཡང་ངས་ཀྱང་རང་ཉིད་ལྟོགས་ན་ངུ་སྲིད་པ་ཤེས་ཀི་མེད
སྐབས་དེ་དུས    ང་རང་ད་དུང་ཨ་མ་ལགས་ཀྱི་པང་ན་ཡོད

ང་ལམ་ལ་ཆས་འདོད།
 
ངས་སྙིང་སྟོབས་སྐྱེད་འདོད་དུས    སྡོང་པོ་ཞིག་དྲན་བྱུང
སྡོང་པོ་དྲན་མ་ཐག   དགུན་ཁ་བསླེབས་བྱུང
ནམ་ཟླ་ཇི་འདྲའི་འཁྱགས་ཨང     ཡལ་ག་སྔར་ལྟར་བརྟན་པོར་གནས
 
ངས་དགུན་ཁ་དྲན་མ་ཐག    ཁ་བ་ཉིན་འབབ་མཚན་འབབ་བྱས་བྱུང
ལྷབ་ལྷུབ་ཀྱི་ཁ་བ་དྲན་ཚེ     སེམས་སུ་དཔྱིད་ཀ་ཚེས་ཤིང་མེ་ཏོག་རྣམ་པར་བཞད
 
ང་ལམ་ལ་ཆས་འདོད་དུས     ངས་བྱ་ཞིག་དྲན་བྱུང
བྱ་ཞིག་དྲན་དུས   ང་ནི་གཞི་ནས་མཚོ་མཐའ་རུ་སླེབས་འདུག
 
ངས་རྒྱང་རིང་དྲན་དུས    རྒྱང་རིང་ནི་ཕ་ཡུལ་རེད
ཕ་ཡུལ་དྲན་མ་ཐག     ང་རང་གཞི་ནས་མགྲོན་པོ་ཞིག་ཏུ་གྱུར་ཚར
                               2022.1.0
 
 ཡང་དེའི་རྗེས་སུ།
 
དེ་ནི་ལོ་ཞིག་གི་སྟོན་མཇུག་ཡིན།
ངས་དེབ་ཅིག་གི་ཁ་ཕྱེ་མ་ཐག
བྱིའུ་ཆུང་ཞིག་ག་ལེར་འཕུར་ལམ་དུ་ཞུགས་ཤིང་།
ནམ་མཁས་རང་ཉིད་སྔར་ལས་ཀྱང་རྒྱ་ཆེ་བར་བཏང་།
སྟོན་མཇུག་ནི་རྒྱང་བཞུད་ལ་འཚམ་པའི་དུས་ཤིག་མིན་ཡང་སྲིད།
འོན་ཀྱང་བྱིའུ་ཆུང་རང་གི་ཕ་ཡུལ་དུ་ལོག་ན་བསམས།
 
ཡང་དེའི་རྗེས་སུ།
ངས་དེབ་ཅིག་གི་ཁ་ཕྱེ་མ་ཐག
ང་ནི་རང་གི་སྟོན་མཇུག་ཏུ་སླེབས་འདུག
ཐང་ཆད་པའི་གྲིབ་གཟུགས་ཤིག་ཡོད་པ་དེ་ང་རང་རེད།
སྡོང་ལོ་དག་ཕྱོགས་དང་ཕྱོགས་སུ་གྱེས་པའི་སྐབས་དེར།
བྱིའི་ཆུང་ཞིག་ངའི་མགོ་ཐོག་གི་སྡོང་མགོ་རུ་བབས་བྱུང་།
                                 2021.10.26

 སྙན་ངག་འདི་བྲིས་རྗེས་ངས་རང་ལ་གུ་ཡངས་གནང་ཟིན།
 
སོང་ཟིན་པའི་རྐང་རྗེས་མཐའ་དག་རེ་རེ་བཞིན་གཤིབ་ནས
ས་རུ་འགྱེལ་བ་དང་བསྒྱེལ་བའི་གནས་ལ་ས་རྟགས་བཀོད་ནས
སྨྲས་ཟིན་པའི་སྐད་ཆ་དག་ལ་ཡང་བསྐྱར་རིགས་པ་བཀར་ནས
བདེན་པ་བདེན་པའི་ཕྱོགས་དང་རྫུན་ཡང་རྫུན་སར་བཞག་ནས
 
ཞེ་འགྱོད་དང་འཁང་ཡུས་དང་རང་རློམ་དང་ཨུ་ཚུགས་སོགས
རྩ་བ་བསྔོགས་ནས་རྩེ་མོ་དང་ཡལ་ག་བཅས་པ་གཅིག་ཏུ་སྤུངས་ནས
བརྩེ་དུང་དང་ལས་འབྲས་དང་རྨི་ལམ་དང་དྲན་གདུང་སོགས
མགོ་ཁུངས་བཙལ་ནས་གོ་རིམ་དང་མཇུག་འབྲས་ཡོད་ཚད་བསྐྱར་དུ་བཅོས་ནས
 
གྲིབ་མའི་ནང་དུ་སྡོད་ཡུན་རིང་བའི་དབུགས་ཀྱི་མདུད་པ་བཤིག་ནས
སོ་དཀར་པགས་འཛུམ་གྱི་ཤུན་ལྐོགས་བཤགས་བྱེད་ཚིག་གི་གྲི་ཆུང་བརྡར་ནས
ལྷ་ལ་དད་གུས་དང་སྐབས་རེར་དད་ལོག་བྱེད་པའི་ཐེ་ཚོམ་གྱི་སྤྲིན་རྒྱ་གཏོར་ནས
རྫུན་ཁྱེར་ལོང་ཁྲིད་དང་ཁ་ཞེ་གཉིས་སུ་གྱེས་པའི་ཅོལ་ཆུང་གི་ཁྱིམ་བྱ་བདའ་ནས
 
མཛེས་པ་དང་སྡིག་པའི་ལྐོག་གྱུར་གྱི་གསང་བ་ཡོད་དོ་ཅོག་དང
ཡང་བ་དང་ལྕི་བའི་མངོན་སུམ་གྱི་གདོང་འབག་མ་ལུས་བ་དང
ཡང་ན་གཤོག་རུ་ཆད་པའི་འདབ་ཆགས་ཤིག་དང་ཅུང་ཟད་ཆ་འདྲ་བ་དེ
ཡང་ན་ལྕགས་ཐག་དྲུད་པའི་སྒོ་ཁྱི་ཞིག་དང་ཧ་ལམ་ཁྱད་མེད་པ་དེ
 
བསྐྱུར་མ་ཐུབ་པར་ཡོད་ཅིང་སྙིང་པོས་དབེན་པའི་གད་སྙིགས་ཀྱི་ཕུང་བོ་དག
འདོར་ཅི་ཐབས་སུ་འབད་ཅིང་དམིགས་ས་གཅིག་ལ་སྙེག་པའི་རང་དབང་གི་སེམས་པ་འདིས
ཕལ་བ་ཕལ་ཆེར་ངོས་བཟུང་དང་རིགས་དབྱེ་དང་བརྡར་ཤ་བཅད་ནས
ཡ་ན་ཡུན་གྱིས་གཙང་སེལ་དང་དྲག་སྐྱེད་དང་ལེགས་འགྲུབ་འབྱུང་ངེས
                                  2021.1.22

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་བུའི་རང་ཉིད་དང་འབྲེལ་བའི་སྙན་ངག་བཅུ།

2023-03-26 སྙན་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།