དགྲ་ཟོར་གྱི་ལྷུག་རྩོམ་བདམས་བཀོད།

དགྲ་ཟོར།(གསེར་རྟ) 琼迈文学网 2023-09-05

   ངའི་པིར་མིང་ལ་དགྲ་ཟོར་ཟེར་ཏེ། གསེར་རྟ་རྫོང་ཁོངས་ཀྱི་འབྲོག་པ་ཡིན། སློབ་གྲྭ་ཆུང་འབྲིང་འཕུར་མ་ལྡིང་གིས་བཏོན། རྗེས་སུ་པེ་ཅིན་ནས་ལོ་གཉིས་ལྷག་དང་ལྷ་ས་ནས་ལོ་གཅིག་ལྷག་ལ་རོལ་མོའི་སྐོར་ལ་སློབ་སྦྱོང་བྱས་པའི་ཁུལ་ཡིན། ཁྲིན་ཏུའུ་ནས་ལོ་གཉིས་ལ་དགེ་རྒན་སྐུ་རྒྱབ་ཚུལ་ཁྲིམས་ཀྱི་མདུན་ནས་བོད་ཀྱི་ཆོས་ལུགས་རོལ་མོའི་སྐོར་ལ་སློབ་སྦྱོང་བྱས། དུས་མཚུངས་སུ་བོད་ཀྱི་འབྲོག་སྡེ་གཙོ་བྱས་པའི་དམངས་ཁྲོད་སོ་སོ་ནས་དགེ་རྒན་དུ་མ་བསྟེན་ནས་ས་གནས་ཀྱི་རོལ་ཆ་དང་དམངས་གཞས་སོགས་ལ་ཡང་རྒྱུས་ལོན་དང་ཟིན་འགོད་ཀྱི་ལས་ཀ་འདི་ད་ལྟའི་བར་བྱས་ནས་ཡོང་ཞིང་ལོ་བཞི་ཙམ་འདས་ཟིན།  འདི་ལྟར་གཅིག་པུར་ལམ་ལ་ཆས་པ་ནས་ལམ་ནས་བྱུང་བའི་སྐྱིད་སྡུག་གི་གཏམ་རྒྱུད་སྣ་ཚོགས་སུ་ལ་བཤད་དགོས་མ་ཤེས་པར་ཡི་གེར་བྲིས་ཤིང་མ་འོངས་པའི་རང་ཉིད་ལ་དྲན་རྟེན་དུ་བཞག་པ་ཡིན།

པད་སྒྲོན་སྐྱོ་གླུ།

  ཟླ་དྲུག་པའི་ཟླ་མཇུག་ལ། ང་རང་སྐྱིད་ཆུའི་སྨད་རྒྱུད་ཀྱི་སྡེ་བ་ཞིག་ཏུ་ཡོད། སྡེ་བ་དེ་ལྷ་ས་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་སོ་དྲུག་གི་སར་ཡོད་ཅིང་།ཆུ་ཤུར་རྫོང་གི་མངའ་ཁོངས་སུ་གནས་པ་ཡིན།ལྷ་ས་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་ཙམ་སོང་ན་།ཆུ་ཤུར་རྫོང་དུ་སླེབས་ཐུབ་ལ།ཧི་མ་ལའི་རི་རྒྱུད་དང་གངས་ཏི་སེའི་རི་རྒྱུད་གཉིས་འབྲེལ་མཚམས་ནི།སྐྱིད་ཆུ་དང་ཡར་ཀླུང་གཙང་བོའི་འདྲེས་མཚམས་ཀྱི་ཆུ་ཤུར་རྫོང་དུ་ཡོད།སྡེ་བ་འདིའི་མིང་ལ་ཚལ་སྣེ་སྡེ་བ་ཟེར།ང་རང་སྡེ་བ་དེ་ནས་ཟླ་གཅིག་ལྷག་བསྡད་པ་ཡིན།སྡེ་བ་དེ་དང་འདབས་འབྲེལ་བའི་སར་ལག་རྩལ་སློབ་གྲྭ་ཞིག་ཡོད་ཅིང་དེར་ངའི་དགེ་རྒན་པདྨ་ཚེ་རིང་ལགས་བཞུགས།རྒན་པདྨ་ཚེ་རིང་ལགས་ཀྱི་བཀོད་སྒྲིག་འོག་ངས།སྡེ་བ་འདིའི་ཁྱིམ་ཚང་ཞིག་ལ་ཁང་པ་སྟོང་བ་ཞིག་གཡར་ནས་བསྡད་ཡོད་ལ།ཉིན་མོར་སློབ་གྲྭའི་ནང་ཁོང་གི་སར་སློབ་ཁྲིད་ཞུ་རུ་འགྲོ་དགོས་ཡོད།སྤྱིར་ན་ནིང་ང་རང་པེ་ཅིན་ན་ཡོད་དུས་ནས།དགེ་རྒན་པདྨ་ཚེ་རིང་ལགས་ཀྱི་སར་ཡོང་འདོད་ཀྱི་འདུན་པ་ཡོད་ན་ཡང་།རྗེས་སུ་དགེན་ཚེ་རིང་བརྟན་གྱིས།ལྷ་ས་རང་ནས་ཡིན་པའི་རྒན་ཟླ་བ་ཚེ་རིང་ལགས་ཀྱི་སར་འགྲོ་རྒྱུ་གཏན་ཁེལ་བྱས་འདུག་པས་དེ་བཞིན་བྱས་པ་ཡིན།ཟླ་བ་སྔོན་མར་དགེ་རྒན་ཟླ་བ་ཚེ་རིང་ལགས།ལས་ཀའི་དགོས་དབང་གིས་ཧྲང་ཧེ་ལ་བུད་སོང་བས།ང་སྐྱིད་ཆུའི་སྨད་རྒྱུད་ཀྱི་ཚལ་སྣེ་སྡེ་བ་འདིར་རྒན་པདྨ་ཚེ་རིང་ལགས་ཀྱི་སར་ཡོང་བ་ཡིན།དུས་སྐབས་འདིར་ངའི་མཆིན་པ་བཤའ་བཅོས་བྱས་ནས་རིང་པོ་མིན་རྐྱེན།སྨན་པས་ཀྱང་།ལས་ཀ་ལྕི་མོའི་རིགས་ལ་འཛེམ་པ་དང་གཉིད་ཀྱིས་འདང་དགོས་ཚུལ་སོགས།ཡང་ནས་ཡང་དུ་ནན་བཤད་བྱས་བྱུང་བས།ངས་ཁམས་གཡེང་བྱེད་རྒྱུ་མང་ཙམ་བྱས་པ་ཡིན་ལ།ཚལ་སྣེ་སྡེ་བ་དང་ཐག་ཉེ་བའི་དགོན་སྡེ་དང་གནའ་ཤུལ་སོགས་སུའང་།ཁོམ་སྐབས་རྣམས་སུ་རང་གི་དགའ་ཕྱོགས་ལྟར་འཁོར་བ་ཡིན།ལོ་འདི་ཚོར་ཁེར་འགྲོ་ཁེར་འདུག་དང་།ཁེར་ཟ་ཁེར་བཤད།ཐ་ན་ཁེར་དགོད་ཚུན་ཆད་ཀྱང་གོམས་གཤིས་ཤིག་ཏུ་གྱུར་འདུག།དབུས་ལ་སླེབས་པ་ནས་ད་ལྟའི་བར་དུ་ངས་མི་སྣ་གཉིས་ལ་དོ་སྣང་བྱུང་།གཅིག་ནི་པད་སྒྲོན་དང་གཞན་དེ་ནི་དྭགས་པོ་གླང་དུ་ཤིང་མཁན་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས་པའི་ཨ་ཇོ་རྣམ་རྒྱལ་ལགས་རེད།ཁོང་གི་ཕ་མ་གཉིས་ཉིན་ལྟར་ནགས་ཁྲོད་དུ་ཤིང་གཅོད་པར་བསྐྱོད་དགོས་སྟབས།སྐྱེས་ནས་ཟླ་འགའ་ལས་མ་འགོར་བའི་བྱིས་པ་ཤིང་གཅོད་སར་ཁྲིད་ནས།ཆུ་འགྲམ་དུ་བསྙལ་ཏེ་ཁོང་གཉིས་ནགས་ཁྲོད་དུ་ཤིང་གཅོད་པར་སོང་རྗེས།ཕྲུ་གུའི་མིག་གཉིས་ཁྭ་ཏས་བཏོན་སོང་བས་ཨ་ཅོ་རྣམ་རྒྱལ་ཁོང་གིས་མི་ཚེ་གང་བོར་འོད་སྣང་མཐོང་མ་ཐུབ་པ་རེད།ཡིན་ན་ཡང་།ཁོང་གི་ཕ་དང་ཨ་ཁུ་གཉིས་ཀས་སྒྲ་སྙན་དཀྲོལ་ཤེས་ཀི་ཡོད་སྟབས།ཨ་ཇོ་རྣམ་རྒྱལ་ལགས་ཀྱིས།ཆུང་དུས་ནས་སྒྲ་སྙན་སློབ་སྦྱོང་གནང་བ་དང་།ཁོང་ལོ་ན་བཅུ་ལ་སླེབས་སྐབས་ཕ་མ་གཉིས་ཀྱང་རིམ་གྱིས་འདས།ཁོ་རང་འཁྱམས་ནས་ལྷ་སར་ཡོང་ཞིང་།ཉིན་མོ་མི་ཚོའི་སྒོ་འགྲམ་ནས་བསྡད་དེ་སྒྲ་སྙན་དཀྲོལ་བཞིན་ལྟོ་སློང་བ་དང་།མཚན་མོ་སྐྱིད་རས་ས་ཁུལ་དུ་དར་གླིང་སློབ་གྲྭ་ཟེར་བ་ཞིག་ཡོད་པ་དེའི་སྒོ་རའི་ཟུར་ཞིག་ནས།ཁྱི་དང་མཉམ་དུ་ཉལ་བ་རེད་ཟེར།ཡིན་ན་ཡང་ཕྱིས་སུ་ཁོང་དགའ་ལྡན་ཕོ་བྲང་སྐབས་ནས་གསར་འཛུགས་མཛད་པའི་བོད་ཀྱི་རོལ་ཚོགས་ནང་མའི་སྐྱིད་སྡུག་ཞེས་པའི་རོལ་ཚོགས་དེའི་མགོ་འཛིན་ཡང་མཛད་མྱོང་བ་རེད་ལ།ཨ་ཅོ་རྣམ་རྒྱལ་ལགས་འདས་རྗེས་ནང་མའི་སྐྱིད་སྡུག་གི་རོལ་ཚོགས་དེ་ཡང་འཐོར་བ་རེད།གལ་ཏེ།མི་ཞིག་གིས་ང་ལ་ཁྱོད་ཀྱིས་དམིགས་བསལ་དུ་ཁོང་གཉིས་ཀྱི་མི་ཚེ་ལ་དོ་སྣང་བྱེད་དོན་ག་རེ་ཡིན་ནམ་འདྲི་ན།ང་ལ་གསལ་ཐང་ཐང་གི་ལན་ཞིག་སྟེར་རྒྱུ་མེད་ན་ཡང་ཐང་མོད།ཡིན་ན་ཡང་ངའི་སེམས་སུ་ནམ་ཡང་།དེ་ནི་ཕལ་ཆེར་ང་ཚོའི་ལས་དབང་ལ་འདྲ་ས་མང་བས་ཡིན་སྲིད་སྙམ་ཡོད།

  ང་སྡོད་སའི་སློབ་གྲྭའི་ཁ་གཏད་ཀྱི་སྐྱིད་ཆུའི་ཕ་རོལ་ན་གནམ་དང་།ཚུར་ནང་ན་སྙེ་ཞེས་པའི་ལུང་པ་ཡོད།སྤྱི་ལོའི་དུས་རབས་བཅུ་གཉིས་པར།འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་བཏབ་པའི།དཔལ་འབྲུག་པ་བཀའ་བརྒྱུད་པའི་གདན་ས་ཆེན་མོ་གནམ་འབྲུག་སེ་བ་བྱང་ཆུབ་ཆོས་གླིང་དགོན་ནི།གནམ་ཞེས་པའི་ལུང་པ་འདིའི་ནང་དུ་སྤྱི་ལེ་ཉེར་ལྔ་ཙམ་སོང་བའི་སར་ཡོད།དེབ་སྔོན་དུ་དཔལ་འབྲུག་པ་བའི་བསྟན་པ་འདི་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་ཅེས་གསུངས་ཤིང་།འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ནི་འདི་ནས་ཕར་དར་བ་ཞིག་རེད།སྙེ་ཕུ་ཤུག་གསེབ་དགོན་ཞེས་པའི།སྙེ་ཕུ་ནི།ལུང་པའི་ཕུ་རུ་བཏབ་པས་ཡིན་ལ། ལྷ་ས་ལྟེ་བ་བྱས་པའི་ལུང་པ་མང་པོ་ཞིག་ལ།མིང་འདོགས་སྐབས་དཔེར་ན།གན།གྲིབ།ཚལ།ཀྲི།ཞལ།ལྗང་།ཐང་སོགས་ཀྱིས་མཚོན་པའི།མིང་ལ་ཡིག་འབྲུ་གཅིག་ཅན་མང་པོ་འདུགལུང་པ་དེའི་ཕུ་རུ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས།ཆུང་བརྒྱད་གྲས་ཀྱི་ཤུགས་གསེབ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ།དགྱེར་སྒོམ་ཚུལ་ཁྲིམས་སེང་གེས་བཏབ་པའི་སྙེ་ཕུ་ཤུག་གསེབ་དགོན་པ་དང་།ཀློང་ཆེན་པའི་གདན་ས་ཡོད།གཞན་ཡང་།དེབ་དཀར་དུ།རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས།སྟོད་སྨད་ཀྱི་རྐུན་ཆེན་བཏུལ།གར་ལོག་གི་ཕོ་ཉས་ཕྱག་འཚལ་ཞེས་པའི་སྐབས་ཀྱི།ཕོ་བྲང་འོན་ཅང་རྡོ་ཞེས་པའང་།ཚལ་སྣེ་ཡུལ་ཚོའི་འཕྲང་གོང་གྲོང་ཚོར་ཡོད་འདུགརྒོངས་མོ་དེར་ངས་གཞས་ཞིག་ལ་ཉན་ཞོར་སྡེ་བ་འདིའི་མཐའ་སྐོར་དུ་སོང་བ་ཡིན་མོད།གློ་བུར་དུ་དགོན་པ་འདི་དང་ཐོད་ཐུག་བྱུང་ལ།འོན་ཅང་རྡོ་ཞེས་པའི་མིང་དེ་མཐོང་མ་ཐག་ངའི་ཡིད་ལ་དེབ་དཀར་ནང་གི་ཚིག་དེ་དྲན་སོང་།ཡིན་ན་ཡང་འདི་གར་ཡོད་པ་སྐབས་དེར་མ་གཏོགས་མ་ཤེས།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེད་དེ་བསམ་བློ་བཏང་ན།ཁྲི་རལ་བ་ཅན་གྱི་སྐབས།འདིར་ལྷ་ཁང་དགུ་ཐོག་ཅིག་བཞེངས་པའི་མཚན་ལ།འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཞེས་འབོད་པར་གྲགས་ལ།བོད་བཙན་པོའི་དུས་མཇུག་གི།ཆབ་སྲིད་དང་ཆོས་གཞུང་བསྒྱུར་སའི་ལྟེ་བ་ཞིག་ཡིན་མོད།ད་ལྟ་ལྷ་ཁང་རྙིང་བ་ཞིག་དང་།རྡོ་རིང་བཏོན་ཤུལ་གྱི་རུས་སྦལ་རྐྱང་བ་ཞིག་ལས་ཅི་ཡང་མི་འདུག་ལ།ཐ་ན་སྡེ་བ་འདིའི་མི་རྣམས་ཀྱིས་ཀྱང་མཐོང་ཆེན་པོ་གང་ཡང་མི་སྤྲོད་པར་བསྐྱུར་འདུག

  སྟོང་ལོ་ཉི་ཤུའི་ཟླ་བཅུ་གཉིས་པའི་ཚེས་མཇུག་ལ།ང་རང་ཡོན་ཆེན་མོའི་རྒྱལ་ས་པེ་ཅིན་ནས།ཐང་གི་རྒྱལ་ས་ཁྲང་ཨན་བརྒྱུད་དེ།ཙོང་ཁའི་གནའ་མཁར་ཟི་ལིང་ནས།མཐོ་བོད་བཙན་པོའི་རྒྱལ་ས།སྐྱིད་ཤོད་ལྷ་སའི་གཞུང་དུ་བགྲོད་པའི་མེ་འཁོར་དུ་བསྡད་དེ་ཡོང།འདི་ནས་ལུགས་ལྡོག་གིས་བརྩིས་པའི་མི་ལོ་གཉིས་ཀྱི་སྔོན་དུ།ང་རང་རྨི་ལམ་གྱིས་ཁྲིད་དེ་བྱང་གི་རྒྱལ་ས་སྟེ།ཕ་ཡུལ་ནས་ལམ་ཐག་ལེ་བར་སྟོང་ཕྲག་གིས་ཆོད་པའི་ས་མཐའི་གྲོང་ཁྱེར་དེར་ལོག་ཅིང་།ཉིན་དེར་སླར་ཡང་རྨི་ལམ་གྱིས་ཁྲིད་དེ་མདོ་དབུས་མཐོ་སྒང་གི་གྲོང་ཁྱེར་ལྷ་སར་ལོག་པའི་མེ་འཁོར་དུ་ཡོད།མེ་འཁོར་གྱི་དྲྭ་མ་ལས་མཐོང་བའི་རི་མཐོན་པོ་དང་ཆུ་ཆེན་པོ།མཐའ་ཡས་པའི་སྤང་ཐང་དང་།གྲོང་དང་གྲོང་ཁྱེར་སོགས་ལམ་གྱི་མཛེས་པ་མང་པོ།མིག་གིས་བཏུས་ཤིང་སེམས་སུ་བཅུས་ནས་ཡོང་།སྔོན་མ་ཕ་ཡུལ་ནས་རྐང་པ་བརྒྱབས་ནས་དབུས་ལ་འགྲོ་མཁན་དགཉིན་ལམ་དགུ་བཅུ་འགོར་ན་མགྱོགས་པོར་བརྩི་ཞིང་།རྡོའི་ཐབ་ཀ་ཉིས་བརྒྱ་བདུན་ཅུ་ཙམ་བཙུགས་ན་གཟོད་དབུས་ལྷ་སར་སླེབས་ཐུབ་པའི་བཤད་སྲོལ་ཡོད།སྐབས་དེར་མཁའ་ལམ་དང་ལྕགས་ལམ་མེད་རྐྱེན།ཁོང་ཚོས་རྐང་པ་བརྒྱབ་ནས་བྱང་ལམ་དང་ལྷོ་ལམ་བརྒྱུད་དེ་ལྷ་སར་འགྲོ་ཞིང་།ཇོ་ཤཱཀ་རྣམ་གཉིས་ལ་ཐོད་པ་གཏུགས་ནས།ཤི་གསོན་གཉིས་ཀྱི་སྐྱིད་སྡུག་ཞུ་གི་རེད་ལ།ལྷོ་ལམ་དང་བྱང་ལམ་འདི་གཉིས།ཐང་བོད་གནའ་ལམ་དང་ཡང་འབྲེལ་རྐྱེན་གནའ་ནས་ད་བར་དུ།གདུགས་ཅན་བླ་མ་དང་ཏོག་ཅན་དཔོན་པོ།བཙན་པོའི་བཀའ་ཡིག་བསྣམས་པའི་ཕོ་ཉ་ནས་གོང་མའི་གསེར་ཡིག་འཛིན་པའི་བྱ་མ་རྟ་སོགས།ལམ་འདི་བརྒྱུད་དེ་འགྲོ་བ་ཡིན།མདོར་ན་ལམ་འདི་ནི་བཙན་པོའི་མངའ་ཐང་མཐའ་རུ་བསྐྱེད་པའི་དཔའ་བོ་དམག་གི་གཤར་ལམ་དང་།མཐའ་བཞིའི་རྒྱལ་ཁབ་གཉེན་དུ་བསྡེབས་པའི་སྲིད་པའི་གཉེན་ལམ་དཀར་པོའང་ཡིན་པ་རེད།ངའི་རྡོག་འོག་ནས་རྒྱང་རིང་ལ་འཐེན་པའི་ལམ་ཆེན་འདི།ག་དུས་བརྒལ་ཚར་རམ་བསམ།རྒྱང་རིང་ནས་སེམས་ཁོང་ལ་ཟུག་པའི་རེ་བའི་རྨི་ལམ་འདི།ནམ་ཞིག་མངོན་དུ་འགྱུར་སྲིད་དམ་བསམ།རྨི་ལམ་གང་ཞིག་གི་ཆེད་གོམ་པ་ཕྱི་ལ་སྤོས་པ་ནས།གཉེན་དང་ཕུ་ནུ་མང་པོ་ཞིག་གི་སེམས་པའི་ཕྱི་རུ་གྱེས་པ་ནས།མཐོ་རིམ་གྱི་སློབ་གྲྭ་དུ་མ་ཞིག་ལས་རྒྱང་ཕུད་དུ་བཏང་བ་ནས།མདོར་ན་མང་པོ་ཞིག་གི་སེམས་ནང་ནས་ཆ་མི་མཚུངས་བའི་གྲུ་གསུམ་ཞིག་ཏུ་གྱུར་པ་ནས།དྲང་ལྡོག་གཉིས་ཀ་ནས་སྤྲད་པའི་གནོན་ཤུགས་དེ།སེམས་ཤུགས་སུ་གྱུར་ཅིང་ང་ལ་རང་གི་རྨི་ལམ་དེ།ཅིས་ཀྱང་འཚོལ་སྙེག་བྱེད་དགོས་པའི་གནས་ལུགས་ལ།གོ་བ་གཏིང་ཟབ་མོ་ཞིག་རྙེད་དུ་བཅུག་ཅིང་།ལམ་ཁ་འདིར་གོམ་ཁ་སྤོ་བའི་སེམས་ཐག་བཅད།མ་ལགས་ཀྱིས་ཁ་པར་སླེབས་ཐེངས་རེར།ད་ཁྱོད་ཀྱིས་འགྲུབ་ཡོང་རྒྱུ་མེད་པའི་ལས་དེ་འགྲུབ་དུས།ང་འཇིག་རྟེན་དཀར་ངོགས་འདི་ན་ཡོད་མིན་ཡང་ཅི་གོ་ཟེར།འདི་ལྟར་གཅིག་པུར་ལམ་ལ་ཆས་དུས་རྒྱུན་དུ་ཡིད་ལ་དྲན་ཡོང་བ་ནི་མི་ལའི་རྣམ་ཐར་ནང་གི་ཚིག་དུམ་འགའ་ཡིན།གང་གི་ཚེ་བུ་མི་ལ་རས་པ་གཙང་ལ་མཐུ་སློབ་ཏུ་འགྲོ་སྐབས་རོགས་སུ་མངའ་རིས་དོལ་པོ་ནས་ཡིན་པའི་གཅེས་ཕྲུག་ལྔ་ཡོད་ཅིང་ཨ་མ་མྱང་ཚ་དཀར་རྒྱན་གྱིས་ངའི་བུ་འདི་སྙིང་རུས་ཡེ་མེད་དོ།།ཁྱེད་གྲོགས་པོ་རྣམས་ཀྱིས་སྐུལ་ལྕགས་གྱིས་ལ་མཐུ་ཤིན་ཏུ་མཁས་པ་ཞིག་སློབ་ཤོག་ཅེས་བཤད་ལ།ཁྱད་པར་དུ་བུ་མི་ལ་རས་པ་ཟུར་དུ་བཀར་ནས་མ་གཅིག་དང་བུ་གཅིག་འབྲལ་མི་ཕོད་པར་ཨ་མས།ཁོང་གི་ལག་པ་ནས་བཟུང་སྟེ་བཅང་བཅང་བྱས་ཤིང་།མགྲིན་པ་མཆི་མས་བརྣངས་ཞོར།བུ།ཁོང་ཚོའི་མཐུ་དང་ཨུ་ཅག་གི་མཐུ་མི་འདྲའོ།།ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག་འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག་ཅེས་བཤད་པ་རེད།ངའི་ཡིད་ལ་རྒྱུན་དུ་སྐད་ཆ་དེ་འཁོར་ཡོང་།

  ལྷ་ཞོལ་བྱེ་མའི་དཀྱིལ་ལ།།
      བུ་མོ་འདྲ་མིན་སྣ་ཚོགས།།
      མདོག་གཞུང་ལ་མོ་རྒྱག་མཁན།།
      པད་སྒྲོན་གཅིག་པུ་ཡིན་འགྲོ།།

  ལོ་རབས་བརྒྱད་ཅུ་པའི་ནང་།ལ་སྟོད་ལྷོ་བྱང་གཉིས་ལས།བྱང་ཕྱོགས་ལྷ་རྩེ་ངམ་རིང་ཁུལ་དུ་བྱུང་བའི་གཞས་འདི་དང་ངེད་གཉིས་བར་གྱི་གཏམ་རྒྱུད་ཅིག་བཤད་ཚེ།ང་རང་པེ་ཅིན་དུ་སྡོད་སྐབས་ནས་གླེང་དགོས་པ་འདྲ།བོད་རིག་པ་ཞིབ་འཇུག་གླིང་དུ་སྡོད་སྐབས།གཟའ་མཇུག་རྣམས་སུ་ང་དགེ་རྒན་ཚེ་རིང་བརྟན་ལགས་ཀྱི་སར་ཡོང་ནས།རྒན་ཁོང་གིས་དཀའ་བ་ཆེན་པོས་བསྡུ་རུབ་བྱས་པའི་བོད་ཀྱི་དམངས་ཁྲོད་སོ་སོའི་གཞས་ཚིག་དག་ལ་ངས་ཞུ་དག་དང་ཡིག་གཏགས་བགྱི་རོགས་བྱེད་སྐབས།ངས་ཐོག་མར་པད་སྒྲོན་སྐྱོ་གླུ་ཞེས་པའི་གཞས་ཚིག་མཐོང་བ་ཡིན།ད་ལྟ་བལྟས་ན་སྐབས་དེའི་གཞས་ཚིག་ཁ་ཚང་མི་འདུག་ནའང་།

  མདོག་གཞུང་ལ་མོ་རྒྱག་མཁན།།
      པད་སྒྲོན་གཅིག་པུ་ཡིན་འགྲོ།།
      ཆུ་ལ་ལྷགས་པ་བརྒྱབ་ནས།།
      རིལ་མ་མཐའ་ལ་བཏོན་སོང་།། ལྟ་བུས་ངའི་སེམས་ལ་བག་ཆགས་ཤིག་བཞག་སོང་མོད།ཚིག་འདི་དག་གདངས་གང་འདྲ་ཞིག་ལ་སྦྱར་ནས་བླངས་ཡོད་མེད་ལ་ངས་བསམ་བློ་གཏོང་མ་མྱོང་།ཕྱིས་སུ་ང་རང་ཚལ་སྣེ་སྡེ་བར་སྡོད་པའི་སྔ་གཞུག་ལ།ངས་ཐོག་མར་ལྷོ་ཁ་ནས་ཡིན་པའི་ཚེ་རིང་གཡང་འཛོམས་ལགས་ཀྱིས།གཞས་འདི་སྙན་ཐག་ཆོད་ཅིག་བླངས་འདུག་པ་དེར།ཡང་ནས་ཡང་དུ་ཉན་པ་ཡིན།དབྱངས་རྟ་དེ་ལྷ་སའི་སྦུ་རག་བཞིན་ངའི་དབང་རྩ་ཐམས་ཅད་ལ་ཁྱབ་ཅིང་སྦྲིད་པར་བྱས།དེ་ལས་ཀྱང་ཞང་ཞུང་སྒྱུ་རྩལ་ཚོགས་པའི།ཨ་ཅག་མཚོ་མོ་སྐྱིད་ལགས་ཀྱིས་གཙང་གི་མི་ལ་ལྷན་སྐྱེས་སུ་མངའ་བའི་གྲེ་འགྱུར།འཚེར་ཞིང་གསལ་བའི་སྐད་ངག་གིས་བཏང་བ་དེ།སྙན་པའི་མཐར་ཐུག་པ་ཞིག་ཡིན།མ་གཞི་དབུས་དང་གཙང་ཁམས་སོགས།ས་གནས་སོ་སོའི་སྐད་གཤིས་མི་འདྲ་བས་གཙང་གི་དམངས་གཞས་ཡིན་ན།གཙང་པ་རང་གི་མིས་བཏང་བ་ཡིན་ན་བྲོ་བ་ལྷག་མ་ཞིག་ཐོན་ཐུབ་པ་འདྲ་ལ།དེ་བཞིན་དུ་སྨར་ཁམས་ཀྱི་དམངས་གླུ་དང་ཨ་མདོའི་རྡུང་ལེན་སོགས།ས་ཆ་རང་གི་མིས་བླངས་ཚེ།འགྱུར་ཁུགས་འདེགས་འཇོག་སོགས་ཀྱི་སྐབས།སོ་སོ་ལ་སོ་སོའི་ཚབ་བྱེད་མི་བཏུབ་པའི་ཁྱད་ཆོས་མི་འདྲ་བ་རེ་འདུག་སྙམ་ལ།ཡུན་རིང་པོར་སྦྱང་བ་གནད་དུ་སྨིན་པ་བྱས་མེད་ཚེ།སོ་སོའི་ཚབ་སུས་ཀྱང་མི་འོང་བ་མངོན་གསལ་དོད་ལ།ཡི་གེ་ཀློག་སྟངས་དང་སྐད་ཀྱི་འབྱིན་སྟངས་མི་འདྲ་བས།ཨ་མདོའི་མིས་དབུས་ཀྱི་ནང་མ་སྟོད་གཞས་ལྟ་བུ་ཞིག་བླངས་ནའང་།དེ་དབུས་ཀྱི་ནང་མ་སྟོད་གཞས་ཡིན་དང་མིན་གྱི་ལ་ལུང་བཅོ་བརྒྱད་བཤད་འདུག་པ་དེའང་།མཐར་གཏུག་ན་དོན་མེད་ཀྱི་རྩོད་པ་ཞིག་ཏུ་ཟད་དེ།ཡུལ་ཕྱོགས་སོ་སོའི་གཞས་ཀྱི་དབྱངས་གཤིས་མི་འདྲ་བ་ལ།ལྷན་ཅིག་སྐྱེས་པའི་གྲེ་འགྱུར་འདྲ་མིན་གྱི་དབང་གིས།དཔེར་ན་ལྷ་སར་དར་བའི་སྟོད་གཞས་ཀྱི་ཐོག་མའི་སྒྲ་དབྱངས་འགྱུར་ཁུག་གཙེར་ཞིང་མདུད་པ་དེ།རིམ་བཞིན་ལྡེངས་ཤིང་འགྱུར་བ་ཞིག་ལ་འགྱུར་ལྡོག་བྱུང་བ་དང་།ཐ་སྙད་ཀྱི་ཐོག་ནས་ཀྱང་དལ་གཞས་ལ་རྒྱང་གཞས་དང་།མགྱོགས་གཞས་ལ་འཁྲུག་གཞས་ཞེས་པའི་མིང་བཏགས་པ་སོགས་ཀྱང་།མདོེར་དེད་ན་ས་གནས་སོ་སོའི་སྐད་གཤིས་མི་འདྲ་བས་བྱུང་བ་མིན་ནམ།རང་བྱུང་ཁོར་ཡུག་ས་བབ་མཐོ་བ་དང་།བ་ཚྭ་ཅན་གྱི་ཆུ་མང་བའི་ས་ཁུལ་གྱི་མི་ཕལ་ཆེ་བའི་སྐད་རང་ཤུགས་ཀྱིས་གཙེར་ཙམ་ཡོད་པས།།གཙེར་ཞིང་མདུད་པ་མངའ་རིས་པ།།ཞེས་དང་།དབུས་པ་རྣམས་ཀྱིས་ལྡེངས་ཤིང་འགྱུར།།གཙང་པ་འཚེར་ཞིང་གསལ་བ་ཡིན།།།ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་།།ཞེས་སྔོན་གྱི་མཁས་པས་གསུངས་ལ་དམངས་ཁྲོད་སོ་སོའི་གཞས་ལ་ཞིབ་མོར་ཉན་ནའང་བདེན་ཨང་སྙམ་པ་རེ་འདུག་མོད།མི་ཚེ་བོད་ཀྱི་དབྱངས་རོལ་ལ་བསྟིམས་པའི་ངའི་དགེ་རྒན་སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ་ལགས་ཀྱིས་ལོ་ངོ་བརྒྱད་བརྒྱའི་སྔ་གཞུག་ད་ལྟ་བལྟས་ན་གོ་ལྡོག་པ་ལྟ་བུ་ཞིག་ཏུ་གྱུར་འདུག་གསུངས་སོང་།གང་ལྟར་སྣང་སེམས་དྲག་ཏུ་སྐྱོམ་ཡོང་བའི་གཞས་འདི།ད་ལྟ་ངས་ཕལ་ཆེར་ཐེངས་བརྒྱ་ཕྲག་འགའ་ཤས་ལ་ཉན་ཚར།དེ་ལས་ཀྱང་།རྟོག་པ་འཆར་ཡན་གྱི་ཀློང་ནས་མ་གཏོགས་མྱངས་མི་ཐུབ་པའི།གཞས་འདིའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་དེ་ཚོར།ངས་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས་བྱུང་།དུས་ཚོད་འདི་འདྲའི་སྒང་ལ་ང་ལ་མཚོན་ན།སོག་རིགས་ཀྱི་གཞས་མ་བདེ་ཆེན་ཐར་སྣ黛青塔娜ལགས་ཀྱིས་བཏང་བའི寂静的天空ལས་གཞན།ངས་ཐེངས་མང་པོར་ཡང་ནས་བསྐྱར་དུ་ཉན་འདོད་པའི་གཞས་ནི།པད་སྒྲོན་སྐྱོ་གླུ་ཡིན་པ་འདྲ།མ་གཞི་སོག་རིགས་ཀྱི་གཞས་ལ་ཉན་པར་དགའ་བ་ནི།སོག་པོ་ཡང་རྩྭ་ཐང་གི་མི་རིགས་ཤིག་ཡིན་པས་ཡིན་སྲིད་ལ།འདི་འདྲ་ཞིག་ང་ལ་གྲོགས་པོ་ཞིག་གིས་ཀྱང་བཤད་མྱོང་བ་འདྲ།

  རྒན་པདྨ་ཚེ་རིང་ལགས་ཀྱིས་ང་ལ།པད་སྒྲོན་སྐྱོ་གླུ་ཞེས་པའི་གཞས་འདིའི་ཁྲོད་ཀྱི་པད་སྒྲོན་མོ་རང་།ད་དུང་འཇིག་རྟེན་འདིར་ཡོད་ལ་ལོ་གཅིག་གི་སྔོན་དུ།ཁོང་དངོས་སུ་འཕྲད་མྱོང་ཟེར།སྤྲིན་ལག་མཐིལ་འདྲ་ཞིག་མེད་སར་ཐོག་ལྟ་རེ་འདྲ་ཞེས་པའི་སྐད་ཆ་འདི་སྐབས་དེའི་ངའི་སེམས་ཁམས་མཚོན་བྱེད་དུ་བཀོལ་ཆོག་པ་འདྲ།ང་རང་རྦད་དེ་འཐོམས་སོང་།ཡུལ་དུས་ཀྱི་བར་སྟོང་བརྒལ་ནས་མངོན་སུམ་གྱི་འཇིག་རྟེན་འདི་ལས་མངོན་སུམ་མ་ཡིན་པའི་བརྩམས་སྒྲུང་ནང་གི་འཇིག་རྟེན་དེར་ཚུད་སོང་།།རེད་རྒྱུད་སྐུད་ཐོག་གི་རྣམ་ཤེས་ཞེས་པའི་བརྩམས་སྒྲུང་དེ་རེད།ངས་ཉིན་མོ་དངོས་ཡོད་འཚོ་བའི་ཁྲོད་ནས་པད་སྒྲོན་བཙལ་ཞིང་མཚན་མོ་དངོས་མེད་བརྩམས་སྒྲུང་ཁྲོད་ཀྱི་པད་སྒྲོན་བཙལ།

  ལྷ་ཞོལ་བྱེ་མའི་དཀྱིལ་ལ།།
      བུ་མོ་འདྲ་མིན་སྣ་ཚོགས།།
      མདོག་གཞུང་ལ་མོ་རྒྱག་མཁན།།
      པད་སྒྲོན་གཅིག་པུ་ཡིན་འགྲོ།།
      ཆུ་ལ་ལྷགས་པ་བརྒྱབས་ནས།།
      རིལ་མ་མཐའ་ལ་ཕུད་སོང་།།
      ཡབ་ཡུམ་བཀའ་མོལ་གནང་ནས།།
      བུ་མོ་མི་ལ་སྟེར་བྱུང་།།
      ནོར་ཁང་སྤ་རྭའི་སྦུག་ན།།
      འཇོལ་མོས་འཇོལ་སྐད་རྒྱག་གིས།།
      འཇོལ་མོའི་འཇོལ་སྐད་མ་རེད།།
      པད་སྒྲོན་སྐྱོ་བའི་སྐྱོ་གླུ།།
      མི་ཚོས་ཚོང་པ་ཡིན་ཟེར།།
      ཟླ་གཅིག་ཟླ་གཉིས་སླེབས་ཀྱིས།།
      ནོར་ཁང་སྲས་ཆུང་སྐུ་ཞབས།།
      ལོ་ལ་སྐད་ཆ་བསྐྱོན་བྱུང་།།
      ཡར་ལ་བལྟས་ན་བྲག་རེད།།
      མར་ལ་བལྟས་ན་ཆུ་རེད།།
      བྲག་ཆུ་གཉིས་ཀྱི་བར་ནས།།
      པད་སྒྲོན་གཅིག་པུར་ལུས་སོང་།།
      འཕྲང་དེ་ཡ་ཙེ་འཕྲང་ལ།།
      ང་དང་ཨ་ཇོ་གཞིས་ཆུང་།།
      ཚེ་རིང་རྒྱ་མོ་ཨོ་ཤེ།།
      པད་སྒྲོན་བསུ་བར་ཕེབས་དང་།། པད་སྒྲོན་གྱིས་གཞས་ཏེ་བཏང་ཚར་དུས་མོའི་མིག་འདབ་བརླན་སོབ་སོབ་ཀྱི་མཆི་མས་གང་ཡོད་ལ།མོའི་པཱ་ལགས་ཀྱི་འདྲེན་བྱེད་ཀྱི་མཐའ་ལ་ཆགས་པའི་གཉེར་རིས་དག་ཀྱང་རློན་པར་གྱུར་འདུག།སྐབས་འདིར་བརྩམས་སྒྲུང་ནང་གི་པད་སྒྲོན་དང་།མོའི་ཨ་ཕ་གཉིས་མདོག་གཞུང་ལ་མོའི་ལབ་ཙེའི་སར་ཡོད།ངའི་ཡིད་ལ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས།པད་སྒྲོན་གྱི་མི་ཚེའི་གཏམ་རྒྱུད་བརྗོད་བྱ་བྱས་པའི་བརྩམས་སྒྲུང་ནང་གི་ཚིག་དེ་འཁོར་བྱུང་། བརྩམས་སྒྲུང་ནང་གི་པད་སྒྲོན་དང་མོའི་པཱ་ལགས་གཉིས་མདོག་གཞོང་ལ་མོའི་ལང་ཙེའི་སར་ཐོན་དུས།པཱ་ལགས་ཀྱིས་པད་སྒྲོན་ལ་ཨུ་གཉིས་རྒྱུན་དུ་ལ་འདི་བརྒྱད་ནས་འགྲོ་སྐབས།གཞས་ཤིག་གཏོང་རྒྱུ་ཡོད་པ་དེ།དེ་རིང་ཁྱོད་ཀྱིས་དྲན་ནམ་ཞེས་པར།པད་སྒྲོན་གྱིས་གཞས་འདི་མགོ་ནས་མཇུག་བར་ཐེང་གཅིག་བཏང་བ་རེད་ལ།ཕ་ལགས་ཀྱིས་སྔམ་པ་རིང་བོ་ཞིག་འཐེན་རྗེས།ཁྱོད་ལ་པད་སྒྲོན་ཞེས་པའི་མིང་འདི་འདོགས་དུས་ཁྱོད་ཀྱི་ལས་དབང་ཡང་གཏམ་རྒྱུད་འདིའི་ནང་གི་པད་སྒྲོན་གྱི་ལས་དབང་ལྟ་བུ་ཞིག་ཏུ་འགྱུར་སྙམ་མེད་ལ།ད་ཡིན་ན་ཡོད་ཚད་འཕྱི་ཚར་འདུག་ཅེས་བཤད་བྱུང་།

  བརྩམས་སྒྲུང་ནང་དུ་པད་སྒྲོན་ཞེས་པའི་མི་སྣ་གཉིས་ཡོད་ཅིང་།གཅིག་ནི་ད་ལྟ་གཞས་གཏོང་བཞིན་པའི་ཁོ་མོ་སྟེ་བརྩམས་སྒྲུང་འདིའི་རྩོམ་པ་པོས་བློས་བསླངས་བྱས་པའི་པད་སྒྲོན་གྱི་བསྡུས་གཟུགས་དང་། གཞན་དེ་ནི་མོའི་པཱ་ལགས་ཀྱིས་མོ་ལ་བཤད་པའི་གཞས་འདི་ཐོག་མར་ལེན་མཁན་གྱི་པད་སྒྲོན་སྟེ་བརྩམས་སྒྲུང་འདིའི་གཞི་བཅོལ་སའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་པད་སྒྲོན་རེད། བརྩམས་སྒྲུང་ནང་གི་པད་སྒྲོན་ཡུལ་གྱུར་གཞས་མ་ཞིག་ཡིན་ལ།དངོས་ཡོད་ཁྲོད་ནས་ཀྱང་མོའི་འཚོ་བ་ནི་དེ་འདྲ་ཞིག་ཡིན་སྐད།ཁོ་མོའི་མི་ཚེ་ནི།དུས་རྒྱུན་རྐང་པ་བརྒྱབ་ནས་གནམ་གྱི་གོས་དང་ས་ཡིས་སྟན་བྱས་ཏེ།ཡུལ་ངེས་མེད་དུ་འཁྱམ་ནས་སྒྲ་སྙན་རྡུང་ཞོར་།གཞས་བཏང་ནས་འཚོ་བ་རོལ་མཁན་ཞིག་རེད། ངས་ཡིད་སྨོན་འཆོར་མྱོང་བའི་འཚོ་བའང་འདི་འདྲ་ཞིག་ཡིན། དབུས་དང་གཙང་གི་མིའི་ཁྲོད་དུ་འཚོ་བ་འདི་འདྲ་རོལ་མཁན་ད་ལྟ་ཡང་མང་པོ་འདུགབརྩམས་སྒྲུང་འདིའི་རྩོམ་པ་པོས།པད་སྒྲོན་སྐྱོ་གླུ་ཞེས་པའི་གླུ་གཅིག་གིས་མི་རབས་སྔ་ཕྱི་ཅན་གྱི་བུ་མོ་གཉིས་ཀྱི་མི་ཚེའི་སྐྱོ་གར་མཚོན་པར་བྲིས་པ་འདིས།དོན་གྱིས ་གཙང་ཁུལ་གྱི་བུ་མོ་ཚོའི་ལས་དབང་གཅིག་ཡིན་པའི་འབྲི་ཐབས་སྤྱད་ནས་བྲིས་པ་ཡིན་པ་འདྲ།གང་ལྟར་།ད་ཡིན་ན་ངས་བརྩམས་སྒྲུང་ཁྲོད་ཀྱི་བྱུང་རིམ་ཕྲ་མོ་ཚུན་ཆད་ལ་ཡང་།རྟག་པ་མཐའ་བཟུང་གིས་དངོས་བྱུང་འབའ་ཞིག་ཡིན་པའི་ཁྲུན་ཐག་བཅད་ཚར་ལ།ཚོར་ཡན་རགས་པ་འདི་ཉིད་དབང་བཙན་པར་བྱས་ཏེ།རྣམ་རྟོག་གི་སྤྲོས་པ་རྒྱ་ཆེ་ནས་ཆེ་རུ་བཏང་ནས།འགྲུབ་མི་སྲིད་པའི་འཆར་ཡན་ཁྲོད་ཀྱི་སྟོང་འདང་རིང་མོ་ཞིག་གི་དབུ་ཡང་བསླངས། མིང་ལ་པད་སྒྲོན་འབོད་པའི་བུ་མོ་ཞིག་གིས།ཐོག་མར་ཁོ་མོའི་རང་གི་ལས་དབང་མཚོན་པའི་པད་སྒྲོན་སྐྱོ་གླུ་ཞེས་པའི་གཞས་འདི་འདྲ་ཞིག་བཏང་བ།མི་རབས་འགའི་རྗེས་ཀྱི་དེ་རིང་།སླར་ཡང་མིང་ལ་པད་སྒྲོད་ཞུ་བའི།གཙང་ལ་སྟོད་ཀྱི་བུ་མོ་འདིས་ཀྱང་ལས་བསྐོས་དེ་འདྲ་ཞིག་ཕྲག་པར་ལེན་དུས།འཁོར་བའི་ཆུ་ཆེན་གྱི་རྦ་རླབས་འཕྱུར་འཕྱུར།།འཇག་སྐྱའི་ཁེར་རྐྱང་གི་གདུང་གླུ་ཤུག་ཤུག།གཞས་འདིས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་གྱི་ཆ་ཤས་གང་ཞིག་དྭངས་བར་བྱས་ཡོད་དམ།

  བར་སྐབས་ཤིག་ལ།རྒན་པདྨ་ཚེ་རིང་ལགས་ཀྱིས་ང་ལ།མོ་རང་རྣམ་སྲས་གླིང་ཁུལ་བདུན་པར་ཡོད་པའི་གནས་ཚུལ་ཞིག་ཀྱང་བཤད་སོང་།སྐབས་དེར་ང་རང་ལྷ་སར་ཡོད།ང་ཆེད་དུ་རྣམ་སྲས་གླིང་ཁུལ་བདུན་པར་སོང་ནས་དྲིས་པར།གླིང་འདིར་མི་གྲངས་ལྔ་བརྒྱ་ལྷག་ཡོད་ཟེར།ངས་ཁང་པ་རེ་རེའི་སྒོ་བརྡུངས་ནས་དྲིས།ལ་ལས་སུན་སྣང་གི་ཐོད་པའི་གཉེར་མདུད་བསྡུ།ལ་ལས་ཁོང་ཁྲོའི་མིག་ཟུང་འབུར་དུ་བཏོད་ནས་ལྟ།ལ་ལས་དོགས་ཟོན་གྱི་རྗེས་འདེད་གཏོང་།སྒོ་གཏན་དུ་མི་འབྱེད་མཁན་མང་ཤོས་རེད།ཚིག་རྩུབ།འཁང་ར།ཟུར་ཟ་སོགས་མང་དུ་མྱང་མཐར་གྱི་འབྲས་བུ་ནི་མོ་རང་སླར་ཡང་མ་རྙེད་པ་དེ་རེད།མི་གྲངས་ལྔ་བརྒྱ་ལྷག་གི་ཁང་སྒོ་བརྡུངས་ནས་མཚམས་འདིར་ཐོན་དུས་ས་ཡང་རུབ་འདུག།ཐབས་ཟད་དེ་མངགས་གཏོང་ཁང་ལ་པད་སྒྲོན་ཞེས་པའི་མི་འདི་ཁྱོད་ཚོའི་ཁུལ་འདིར་འདུག་པས།ང་ལ་མོ་འདིར་ཡོད་མེད་ཅིག་བལྟ་རོགས་ཞུས་པར།ཐོག་མར་ངའི་གདོང་ལ་ཕུར་ཚུགས་སུ་བལྟས་ཏེ།ཁྱོད་མོའི་ག་རེ་ཡིན་ནམ་ཟེར།མཐར་པད་སྒྲོན་ངེད་གཉིས་བར་འབྲེལ་བ་ཅི་ཡང་མེད་པ་ཤེས་རྗེས།བཙལ་ཆོག་གི་མ་རེད་ཅེས་སུན་སྣང་དང་མཐོང་ཆུང་གི་ཉམས་དང་བཅས་ཏེ་བཤད་སོང་།རྐྱེན་འདི་དག་གིས།ངའི་ཉིན་གཉིས་ཀྱི་སློབ་ཁྲིད་ལ་ཡང་རྗེས་ལུས་ཐེབས་སོང་།ཕྱི་ཉིན་སློབ་ཁྲིད་ལ་འགྲོ་སྐབས།དགེ་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་དགོད་ཞོར་དུ་ང་ལ།ཁྱོད་ཀྱིས་ཧན་ཤར་མའི་སྐབས་ཀྱི་ཚོའོ་ཚོའོ曹操་བཙལ་ནས་ཡོང་ཐུབ་བམ་ཟེར། ཕྱིས་སུ་དགེ་རྒན་ཁོང་གིས་ཀྱང་ནུས་ཤུགས་ཡོད་དགུས་ང་ལ་པད་སྒྲོན་འཚོལ་རོགས་བྱས།ཤིག་གསེབ་དགོན་གྱི་སྐུ་ཕྱོགས་འཇིགས་མེད་བསྟན་འཛིན་ལགས་ངའི་གྲོགས་པོ་ཡིན།ཁོའི་ཕ་ཡུལ་ནི་ཡར་འབྲོག་ནས་ཡིན་ལ།ཁོའི་ཕ་ཡུལ་དུ་པད་སྒྲོན་གྱི་སྐོར་ལ་གསལ་ཆ་ཡོད་པའི་རྒན་མོ་ལོ་ལོན་ཞིག་འདུག་ཅེས་གསུངས་སྐད།ང་ཁོང་དང་མཉམ་དུ་ཡར་འབྲོག་ལ་ཐེངས་གཅིག་སོང་།ཕྱི་དྲོའི་དུས་ཚོད་བཞི་ཙམ་ལ་ང་ཚོ་ཚལ་སྣེ་ནས་མལ་གྲོ་གུང་དཀར་རྫོང་ལ་སླེབས་ཤིང་དེ་ནས་ལྷོ་ཁ་སྣ་དཀར་རྩེའི་རྫོང་ཁོངས་སུ་ཡོད་པའི་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་སྟོང་ར་སྡེ་བར་སླེབས་དུས་མུན་ཅུང་རུབ་འདུག།ཁོང་གི་ཁྱིམ་མི་ཚོས་ཁ་ལག་གྲ་སྒྲིག་བྱས་ནས་བསྒུག་འདུག།སྟབས་མི་ལེགས་པ་ཞིག་ལ་ང་རང་རྒན་མོ་ལོ་ལོན་དེར་འཕྲད་མ་སོང་།དེ་བས་རེ་བའི་རྟ་ཁ་ཕྱིར་མི་དཀྲི་ཐབས་མེད་དུ་ཆག་སོང་།ཕྱི་དྲོ་དེར་ང་རང་ཕྱིར་ལྷ་སར་འགྲོ་འདོད་མི་འདུག།དགེ་རྒན་ལ་ཉིན་འགའི་གནང་བ་ཞུས་རྗེས།སྒེར་གྱི་མོ་ཊ་ཞིག་ཏུ་བསྡད་ནས།ཐད་ཀར་པད་སྒྲོན་གྱི་ཕ་ཡུལ།གཙང་ལ་སྟོད་ཕྱོགས་སུ་སོང་།སྐྲ་ལོར་དུང་སྐུད་དམར་སྨིག་གི་ལན་བུ་བསླས་ཤིང་།དབུ་ལ་སྤ་སྐོར་དང་པང་གདན་དམར་ཁྲ་བརྒྱབ་པའི།ལ་སྟོད་ལྷོ་བྱང་གི་བུ་མོ་དག་མཐོང་ཐེངས་རེར་ངས་པད་སྒྲོན་ཡིད་ལ་དྲན།པད་སྒྲོན་གྱི་མི་ཚེ་དོན་དངོས་སུ་ག་འདྲ་ཞིག་ཡིན་ནམ་སྙམ།ངས་མོ་རང་རྙེད་སྲིད་དམ།

  ཉི་མ་གཅིག་སོང་གཉིས་སོང་།མོ་རང་རྙེད་ཐབས་མི་འདུག།མོའི་ཕ་ཡུལ་དངོས་ནི་ད་ལྟའི་ངམ་རིང་རྫོང་བསྟར་རྒྱས་གྲོང་ཚོ་ཡིན་པ་ཁོ་ན་ཙམ་ལས།མོའི་ཕྱོགས་ཀྱི་གནས་ཚུལ་གཞན་གཅིག་ཀྱང་གོ་མ་སོང་།ཡང་བསྐྱར་ཕྱིར་ལྷ་སར་མི་ལོག་ཐབས་མེད་ཆགས།

  སྤོབ་པའི་གཟེངས་མཐོ་དམན། ཤེས་དཔྱོད་ཀྱི་དབལ་རྣོ་མིན། སྙིང་སྟོབས་ཀྱི་གོ་ཆ་བརྟན་མིན། ཐོས་བརྩོན་གྱི་རྟགས་འབྲས་བཟང་ངན་སོགས་རྒྱ་བོད་གཙུག་ལག་གི་ཆུ་ཀླུང་འདྲེས་ཚུལ་གྱི་ཆེ་བ། ས་དབང་ཆེན་མོ་དང་མི་དབང་ཆེན་མོའི་བར་དབང་ཐོབ་སྟག་སེང་འཐབ་པའི་མཆེ་བར་འདི་ནས། ། ཆེས་ཕལ་བར་གྱུར་བའི་བུ་མོ་ཞིག་གི་མི་ཚེའི་བརྩེ་དུང་གི་གཏམ་རྒྱུད་སྐྱིད་ཆུའི་རྒྱུན་དང་བསྡོངས་ནས་ཁ་རོག་གེར་ཡར་ཀླུང་བརྒྱུད་ནས་བཞུར་སོང་ངམ།ལམ་བར་ནས་ངས་ཡིད་ལ་ཐབས་བཀོད་གསར་བ་ཞིག་དྲན་སོང་།ངས་རྒྱུད་སྐུད་ཐོག་གི་རྣམ་ཤེས་ཞེས་པའི་བརྩམས་སྒྲུང་འདིའི་རྩོམ་པ་པོ་རྩད་གཅོད་བྱས་ན་མི་ཆོག་གམ།རྩོམ་པ་པོ་འདིའི་ཕ་ཡུལ་ཡང་གཙང་རིན་སྤུངས་ནས་རེད་པས།མ་མཐའ་ཡང་མོའི་ད་ལྟའི་གནས་ཚུལ་ཤེས་རྒྱུ་རེད་དྲན།ང་ལ་ལྷ་སར་མགྱོགས་པོར་སླེབས་ན་སྙམ་པའི་བྲེལ་སྣང་ཞིག་ཀྱང་འདུག།ངས་ཐོག་མར་ཁོ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཞིག་ཡིན་ཚུལ་གོ་སོང་།ཕྱི་ཉིན་ཆེད་དུ་བོད་ལྗོངས་སློབ་ཆེན་དུ་སོང་ནས་དྲིས་པར།བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཡོད་རེད་ཟེར།དེ་ནས་ལྷ་མོའི་ཟློས་གར་ཁང་གི་ཨ་ཅག་མིག་དམར་ཕུར་སྒྲོན་ལགས་བརྒྱུད་ནས།རྒྱུད་སྐུད་ཐོག་གི་རྣམ་ཤེས་ཞེས་པའི་བརྩམས་སྒྲུང་འདིའི་རྩོམ་པ་པོ་རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་འབྲེལ་ལམ་བཙལ་ཞིང།ཁོང་ལ་དངོས་སུ་བརྩམས་སྒྲུང་འདིའི་ཁྲོད་ཀྱི་པད་སྒྲོན་ད་དུང་འཇིག་རྟེན་དུ་ཡོད་དམ་ཞེས་དྲིས་པར།ཁོང་གིས་ང་ལ་ཁྱོད་ཀྱིས་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དངོས་ཡོད་འཚོ་བའི་ཁྲོད་ནས་ཇི་ལྟར་བཙལ་རྒྱུ་ཡིན་ནམ་ཟེར།ལྡོག་འདྲི་འདིས་ང་ལ་ལན་མེད་པར་བཏང་སོང་།ངས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གྲོགས་པོ་གཞན་ཞིག་ལ་དྲིས་པར།ཁོང་གིས་ང་ལ་དེ་ནི་གཙང་ཁུལ་གྱི་བུ་མོ་མང་ཆེ་བའི་ལས་དབང་མཚོན་པའི་གླུ་གཞས་ཞིག་རེད་ཟེར།དབུས་ཀྱི་མི་མང་པོ་ཞིག་ལ་དྲིས་ཀྱང་གཅིག་མཐུན་གྱི་ལན་ནི་འདི་འདྲ་ཞིག་རེད་བཞགཁོང་ཚོས།པད་སྒྲོན་གྱི་མི་ཚེའི་གཏམ་རྒྱུད།རེ་ཞིག་གསང་ཞིང་ཞིབ་ཕྲ་ཞིག་ལབ་གླེང་མི་བྱེད་པ་འདི།དོན་དམ་པར་ཁོང་ཚོས་བུ་མོ་འདིའི་མི་ཚེའི་གཏམ་རྒྱུད།ཆེས་སྤྱིར་བཏང་བ་ཞིག་ཏུ་གཏོང་ཆེད།དེ་འདྲའི་རགས་རིམ་ཙམ་ལས་མ་བརྗོད་པ་ཡིན་པར་འདོད།ཡིན་ན་ཡང་ལུང་ཕྲན་རེ་རེ་ནས་འབབ་པའི་ཆུ་མིག་ལྟ་བུའི་ཁོ་མོའི་མི་ཚེའི་གཏམ་རྒྱུད་ཁ་འཐོར་རེ་རེ་ཁོ་བོའི་སེམས་ཀྱི་མཚོ་མོའི་ངོགས་སུ་ལྡོག་མེད་དུ་བཞུར་ཡོང་སྐབས་ངའི་ནང་སེམས་སུ་འཇགས་མེད་ཀྱི་རླབས་ཕྲེང་ཞིག་ཡང་ཡང་འཕྱུར་ཡོང་།དུས་ཚོད་མང་པོ་ཞིག་འགོར་སོང་།ད་ལྟ།ངས་པད་སྒྲོན་འཚོལ་བཞིན་པ་སློབ་གྲོགས་ཚོས་ཀྱང་ཤེས་ཀི་འདུགལ་ལས་ཁྱོད་ཀྱིས་པད་སྒྲོན་བཙལ་ནས་ག་རེ་བྱེད་དགོས་ཟེར།ལ་ལས་གལ་ཏེ་ཁྱོད་པད་སྒྲོན་ལ་ཐུག་སོང་ནའང་ཁྱོད་ལ་ཅི་ཞིག་བཤད་རྒྱུ་འདུག་ཟེར།ལ་ལས་ཅི་ཡང་མི་བཤད་པར་ཁོང་དགོད་རེ་བྱེད་བཞིན་འདུག།ཁོང་ཚོའི་རྣམ་འགྱུར་ལས་ཕལ་ཆེར་ངས་མི་དགོས་པའི་ལས་ཀ་ལྷག་མ་ཞིག་སྒྲུབ་བཞིན་འདུག་སྙམ་གྱིན་ཡོད་པ་འདྲ།ཡིན་ན་ཡང་ངས་དེ་དག་ལ་དོ་སྣང་ཅི་ཡང་མ་བྱས།ད་ལྟ་པད་སྒྲོན་སྐྱོ་གླུ་ལེན་མཁན་མང་པོ་འདུག།སྒྲུང་ལ་སྦྱར་ནས་བྲིས་འདུག་ལ་ལྷ་མོའི་འཁྲབ་གཞུང་བཟོས་ནས་འཁྲབ་ཀྱང་འདུག་མོད།པད་སྒྲོན་མོ་རང་ད་ལྟ་རྒས་ནས་རྣ་བ་འོན་འདུག་ཟེར་བ་ཙམ་ལས།གར་ཡོད་ཀྱི་གནས་ཚུལ་ཞིབ་ཏུ་ཤེས་མཁན་གཅིག་ཀྱང་མི་འདུགཡིད་ཕངས་བ་ལ།དགོང་མོ་དེར་ངས་གཅིག་པུར།ལྷ་སའི་སྦི་རག་བརྒྱགས་ཚིམས་པ་ཞིག་འཐུང་བ་དྲན།

  ངས་ཡང་བསྐྱར་རྒྱུད་སྐུད་ཐོག་གི་རྣམ་ཤེས་ཞེས་པའི་བརྩམས་སྒྲུང་འདི་ཀློག་མགོ་བརྩམས།ད་ལྟ་གཏམ་རྒྱུད་དུ་གྱུར་ཚར་བའི་པད་སྒྲོན་ནི།མི་ཁྱིམ་ཕལ་བ་ཞིག་གི་བུ་མོ་ཡིན་པ་དང་།མོའི་ཁྱིམ་ཡང་ཚོང་ལམ་གྱི་ལམ་མདོ་ཞིག་ཏུ་ཡོད་པས།སྟོད་པ་སྨད་དུ་འགྲོ་བ་དང་།སྨད་པ་སྟོད་དུ་འགྲོ་མཁན་ཚང་མ་ལམ་འདི་བརྒྱུད་དེ་འགྲོ་དགོས་ཡོད།མ་ཟད་འགྲུལ་བ་དག་ཁོང་ཚོའི་གྲོང་སྡེའི་ནང་ཞག་ཚིགས་ལ་སྡོད་དགོས་ཀྱི་ཡོད་པས།གྲོང་ཚོའི་བུ་མོ་ཕལ་ཆེ་བ་ཡར་འགྲོ་མར་འགྲོའི་ཚོང་བ་དག་གི་ཟུར་བསྟེན་སྙིང་སྡུག་ཏུ་འགྱུར་བཞིན་ཡོད།བུ་མོ་རྣམས་ཀྱིས་ཀྱང་རང་ཉིད་ལ་ཟུར་བསྟེན་སྙིང་སྡུག་ཕྱུག་པོ་རེ་ཡོང་རྒྱུའི་རེ་བ་བྱེད་ལ།ཟུར་བསྟེན་སྙིང་སྡུག་ཡོད་པའི་ཁྱིམ་ཚང་ལ།ཡར་ལམ་བོད་ཟོག་དང་མར་ལམ་རྒྱ་ཟོག་གི་ལེགས་སྐྱེས་སྤྲོད་པ་མཐོང་སྐབས།བུ་མོ་ཡོད་ཀྱང་ཟུར་བསྟེན་སྙིང་སྡུག་མེད་པའི་ཁྱིམ་ཚང་གིས།རང་གི་བུ་མོ་ལ་འཇོན་ཐང་མེད་པའི་ངོས་འཛིན་བྱེད་པ་རེད་ཟེར།ཚན་པ་འདི་ཀློག་སྐབས་ངའི་ཡིད་ལ1254ལོར་དེང་གི་ཨི་ཊ་ལིའི་བྱང་ཤར་གྲོང་ཁྱེར་བི་ནིའུ་ཟིར་སྐྱེས་ཤིང་ཕྱིས་སུ་བོད་དུ་སླེབས་མྱོང་བའི་མ་ཁུ་པོ་ལོའི་ཟིན་བྲིས་TheTravelsofMarcoPoloནང་བོད་ཀྱི་སྐོར་བྲིས་པ་དེ་དྲན་སོང་།མ་ཁུ་པོ་ལོའི་ཟིན་བྲིས་ནང་བོད་ཀྱི་ན་ཆུང་མའི་སྐོར་བྲིས་པའི་ནང་།བོད་པ་ཚོར་གོམས་གཤིས་ཤིག་ཡོད་པ་ནི།ཤ་དར་ཁྲག་དར་གྱི་གཞོན་ནུ་ཚོ།ཆགས་སྲེད་སྤྱད་མ་མྱོང་བའི་བུ་མོ་ཚོ་དང་མཉམ་དུ་འགྲོག་སྲོལ་མེད་པ་དང་།རྒྱལ་ཁབ་གཞན་ནས་ཡོང་བའི་ཕྱི་འགྲུལ་པ་དག་ལ་སྔར་ཆགས་པ་སྤྱད་མྱོང་མེད་པའི་བུ་མོ་དག་རེ་རེ་བཞིན་འགྲོག་ཏུ་འཇུག་པ་དང་།ན་ཆུང་མ་དེ་དག་སོ་སོའི་རང་རྒྱལ་དུ་འཁྲིད་མི་ཆོག་ལ་ཕྱི་འགྲུལ་དག་གིས་ན་ཆུང་མ་དག་གི་འདོད་པ་བསྐངས་རྗེས་སོར་གདུབ་དང་མཛུབ་དཀྲིས་སོགས།དྲན་རྟེན་དུ་འབུལ་སྲོལ་ཡོད་ལ་ན་ཆུང་མ་སུ་ལ་རྒྱན་ཆ་མང་པོ་ཡོད་ཚེ།དེ་ལ་བརྩི་མཐོང་བྱེད་ཅིང་དེ་ལ་ལྷ་ཡི་མགོན་སྐྱབས་གནང་བར་བཤད་པ་དེ་ཡང་ཕྱོགས་ཙམ་བདེན་པ་ཡིན་ནམ་སྙམ།ཡིན་ན་ཡང་།དབྱི་ཏ་ལི་དང་རྒྱ་ནག་གཉིས་མཉམ་འབྲེལ་གྱིས་བཏོན་པའི།མ་ཁི་པོ་ལོའི་གློག་བརྙན་དེར།མ་ཁུ་པོ་ལོ་འགྲོ་མགོན་འཕགས་པ་དང་མཇལ་འཕྲད་བྱུང་བར་བཤད་ཡོད་མོད།མཱ་ཁི་པོ་ལོ་ཀྲུང་གོར་སླེབས་པའི་སྐབས་ནི།འགྲོ་མགོན་འཕགས་པ་ཏཱ་ཏུར་དང་གྱེས་ནས་ཤིང་ཀུན་སྟེ།འགྲོ་མགོན་འཕགས་རང་གིས་བཏབས་པའི་ཤིང་ཀུན་སྡེ་ཆེན་ཞེས་པའི་དགོན་པར་སོང་ཟིན་ལ།འཕགས་པ་ཏཱ་ཏུའུ་དང་གྱེས་རྗེས་ལོ་རེ་བཞིན་ལོ་སར་གྱི་དུས་སྐབས་སུ།སེ་ཆེན་ལ་ལོ་སར་སྨོན་ཚིག་སྐུར་སྲོལ་ཡོད་པ་དང་།མཐར་ལྷ་ཁང་བླ་བྲང་དུ་སྐུ་མྱ་ངན་ལས་འདས་པའི་བར་གྱི་ལོ་རེ་རེའི་ལོ་སར་སྨོན་ཚིག་གི་མཇུག་བྱང་སོགས་སུ་བསྡུར་ནས་བལྟས་ན་མཱ་ཁི་པོ་ལོ་དང་།ཆོས་རྒྱལ་འཕགས་པ་གཉིས་འཕྲད་མི་སྲིད་ལ།གློག་བརྙན་ནང་གི་འགྲོ་མགོན་འཕགས་པ་དང་འབྲེལ་བའི་གཏམ་རྒྱུད་དག་ནི་རྟོག་བཟོ་བྱས་པ་རང་དུ་ཟད།ཡིན་ན་ཡང་བོད་ཀྱི་ན་ཆུང་མའི་སྐོར་བྲིས་པ་འདིར་བདེན་པའི་ཆ་ཡང་ཅུང་ཟད་ཡོད་པ་ཡིན་ནམ།བསམ་བློ་བཏང་ན་ལོ་རྒྱུས་ཀྱི་གནས་ཚུལ་དེ་འདྲའི་སྒང་དུ་ཚོང་བ་དག་གི་ཟུར་བསྟེན་ཆུང་མར་གྱུར་བའི་གནས་ཚུལ་འདི་འདྲ་བྱུང་མི་སྲིད་པ་ཞིག་ཀྱང་མིན་པ་འདྲ། གང་ལྟར་གནས་ཚུལ་འདི་འདྲ་ཞིག་གི་སྒང་ནས།པད་སྒྲོན་ཡང་།སྐབས་དེའི་སྐུ་དྲག་ཁྱིམ་ཚང་ཞིག་སྟེ།ནོར་ཁང་སྲས་ཀྱི་ཟུར་བསྟེན་ཆུང་མ་ནས།ལྕམ་ཆུང་སྐུ་ཞབས་བྱེད་པའི་འདུན་པ་འགྲིག།སྐུ་དྲག་གི་ཁྱིམ་ཚང་དུ་སྲས་ཀྱི་ཆུང་མ་ཆེ་བར་ལྕམ་སྐུ་ཞབས་དང་།ཆུང་བར་ལྕམ་ཆུང་དུ་འབོད་པ་རེད་ཟེར།ནོར་ཁང་སྲས་ཁྱིམ་དུ་ལྕམ་སྐུ་ཞབས་གཅིག་ཡོད་བཞིན་དུ།པད་སྒྲོན་ལྕམ་ཆུང་དུ་བླངས་པ་ཡིན་རྐྱེན།མོ་རང་ནོར་ཁང་སྲས་ཀྱི་ཕ་མའི་མིག་ལ་མི་རན་པ་དང་།ལྕམ་སྐུ་ཞབས་ཀྱི་་ཕྲག་དོག་གི་སྐད་ཆ་དང་སྦྱོར་བ་ཡང་ཡོད་པ་རེད།དེའི་ཁར་ནོར་ཁང་སྲས་ནི།ལྷོ་ཚོང་བྱང་དང་།བྱང་ཚོང་ལྷོ་ལ་སྐྱེལ་བ་དང་།རྒྱ་ཟོག་བོད་དང་།བོད་ཟོག་རྒྱ་ལ་སྐྱེལ་བར་འགྲོ་དགོས་ཀྱི་ཡོད་སྟབས།དུས་ཚོད་མང་ཆེ་བ་ནི།སྲས་སྐུ་ཞབས་མེད་པའི་སྐབས་ཡིན་ལ་ཁེལ་འདུག།

  རྗེས་སུ་ནོར་ཁང་སྲས་ནི་ལོ་སྣེར་ལོ་མཐུད་དེ་ཕྱིར་མ་སླེབས་པས།ཁོ་མོས་སེམས་ཀྱི་གདུང་བ་ཚིག་གིས་བཀྲོལ་ན།

  མི་ཚོས་ཚོང་པ་ཡིན་ཟེར།།
      ཟླ་གཅིག་ཟླ་གཉིས་སླེབས་ཀྱིས།།
      ནོར་ཁང་སྲས་ཆུང་སྐུ་ཞབས།།
      ལོ་ལ་སྐད་ཆ་བསྐྱོན་བྱུང་།།ཞེས་དྲན་གདུང་རྣལ་མའི་སྐྱོ་བ་ལ་མཐའ་མེད་པའི་ཟབ་ཚད་དེ་གླུ་རུ་བླངས་བ་རེད་སྙམ།མཐར་ཐབས་ཟད་དེ་རང་གི་གཅེས་པའི་བུ་ཡང་བསྐྱུར་ནས།ཕྱིར་ཕ་ཡུལ་དུ་ལོག་པའི་སེམས་ཐག་བཅད།ལམ་ཐག་རིང་དྲགས་པ་དང་།དཀའ་ལས་མང་པོ་བརྒྱབས་མཐ ར་ཡ་ཙེ་འཕྲང་ཞེས་པར་སླེབས་སྐབས་ཚིག་འདི་བཏང་བ་ཡིན་ནམ་སྙམ།

  འཕྲང་དེ་ཡ་ཙེ་འཕྲང་ལ།།
      ང་དང་ཨ་ཇོ་གཞིས་ཆུང་།།
      ཚེ་རིང་རྒྱ་མོ་ཨོ་ཤེ།།
      པད་སྒྲོན་བསུ་བར་ཕེབས་དང་།། ཚེ་རིང་རྒྱ་མོ་ནི་ནོར་ཁང་སྲས་ཀྱི་ཆིབས་དྲེལ་གྱི་མིང་ཡིན་སྐད།བརྩམས་སྒྲུང་ཁྲོད་དུ་པད་སྒྲོན་ཞེས་པའི་མི་སྣ་གཉིས་ཡོད་མི་སྣ་འདི་གཉིས་ཀྱི་མི་ཚེའི་གཏམ་རྒྱུད་རིང་མོ་འདི་ནས་མཇུག་བསྡུས་ཡོད།ད་ལྟ་བརྩམས་སྒྲུང་འདི་ཡང་ངས་མ་མཐའ་ཐེངས་དུ་མ་ཞིག་ལ་བཀླགས་ཟིན།ཡིན་ན་ཡང་ངས་པད་སྒྲོན་ད་དུང་རྙེད་མ་སོང་།བརྩམས་སྒྲུང་ནང་གི་པད་སྒྲོན་ནི།ཡུལ་གྱར་གཞས་མ་ཞིག་ཡིན།རྒྱུད་དྲུག་སྒྲ་སྙན་ཕྲག་ལ་ཁུར་བ་ནས།ཁོ་མོའི་དགའ་སྐྱོ་འདྲེས་མའི་མི་ཚེའི་བགྲོད་ལམ་རིང་མོར།སྐྱིད་སྡུག་གི་འཚོ་བའི་རོལ་གདངས་གང་ཞིག་ཡིན་ཡང་རྒྱུད་སྐུད་དྲུག་པོས་འཁྲོལ་མ་ཐུབ་པ་ཅི་ཡང་མེད་པས།རྒྱུད་སྐུད་ཀྱི་ཉག་མ་རེ་རེས་ཁོ་མོའི་མི་ཚེའི་སྐྱོ་གདུང་གི་ཟབ་ཚད་སྔོག་བཞིན་ཡོད།དེ་བས་རོལ་མོ་དང་པད་སྒྲོན་གྱི་མི་ཚེའང་ཤ་ལ་ཁྲག་སིམ་པ་བཞིན་དུ་གྱུར་ཡོད།དོན་དངོས་སུ།འདི་དག་ནི་ང་དང་པད་སྒྲོན་གྱི་ལས་དབང་གི་འདྲ་སའི་ཆ་རྣམས་ཡིན་སྲིད་ལ།གྲོང་ཁྱེར་ལྷ་སའི་འགྲོ་བ་གྲངས་མེད་པའི་གསེབ་ནས།ང་གཅིག་པུ་ཁོ་མོའི་མི་ཚེའི་གཏམ་རྒྱུད་ལ་དོ་སྣང་བྱེད་མཁན་གཅིག་པུ་དེ་ཡིན་པའི་རྒྱུ་མཚན་ཡང་ཡིན་པ་འདྲ།སྔོན་ང་རང་མངའ་རིས་སྤུ་རིང་གི་འཁོར་ཆགས་གྲོང་ཚོར་དམངས་ཁྲོད་ཀྱི་སྲིད་པའི་གཉེ་གླུའི་སྐོར་གྱི་དབྱངས་རྟ་འགའ་རྩད་གཅོད་དུ་འགྲོ་སྐབས།འགའ་ཞིག་གིས་ང་ལ་ཁྱོད་ཀྱི་མོ་ཊ་གང་དུ་བཞག་ཡོད་སོགས་འདྲི་ཞིང་།དམངས་ཁྲོད་ཀྱི་རིག་གནས་བསྡུ་རུབ་མཁན་ཡིན་ཟེར་མཁན་དག་ནི།ཚོགས་པ་དང་ཚོགས་པ་བྱས་ནས་རང་གིས་མོ་ཊ་བཏང་ནས་ཡོང་བ་ཞིག་རེད་ཟེར།ཁྱེད་ག་རེ་ཡིན་ནམ།ཞེས་ཡིད་མ་ཆེས་པའི་རྣམ་འགྱུར་ལྟོན་མཁན་མང་།ང་ནི་མངའ་རིས་ནས་དིང་རི།རིང་རི་ནས་ལྷ་རྩེ་སོགས་གང་ལ་སོང་ནའང་ལམ་ནས་མོ་ཊ་འགོག་ཞོར་དུ་སོང་བ་ཡིན་ལ།འདི་ལྟར་སོང་ཚེ་ལམ་གླ་སྤྲོད་རྒྱུ་མེད་ཀྱང་ཆོག་པ་ཡིན།སྐབས་རེར་ངོ་མི་ཤེས་པའི་སྡེ་བ་རེ་ནས་ལུས་འགྲོ་དུས་ཡོད་ལ།སྐབས་རེར་རང་ཉིད་འགྲོ་དགོས་སའི་ཡུལ་ལུང་ག་ལ་བ་དེར་བདེ་བར་འབྱོར་འགྲོ་དུས་ཀྱང་ཡོད།མ་གཞི་ལས་གང་ཞིག་བློ་རྩེ་གཅིག་གིས་སྒྲུབ་པར་སེམས་ཐག་བཅད་ཚེ།དེ་ནི་ལག་ཏུ་དངུལ་ལོ་འདང་ཚད་ཞིག་ཡོད་མེད་ལ་འབྲེལ་བ་གང་ཡང་མེད་པ་འདྲ་ལ།རྒྱལ་ཕྱི་ནང་ནས་ཕེབས་པའི།ཚོང་བ་དང་།ལས་འཁྱུར་ངལ་གསོ་བ་སོགས་རྒྱུ་ཆེན་དབང་ཆེན་དག་གང་དུ་ཐོན་ཐུབ་པ་དེར།ང་ཡང་གཅིག་མཐུན་གྱིས་ཐོན་ཡོད་པ་མིན་ནམ་དྲན།སྐབས་དེ་དག་ཏུ་ངའི་ཡིད་ལ་རྒྱུན་དུ་པད་སྒྲོན་དྲན་ཞིང་།མོའི་འཚོ་བའང་འདི་ལྟར་རོལ་ཡོང་བ་ཡིན་ནམ་སྙམ།

  མིག་ལྡེབ་ཡུན་ཙམ་ལ་བཞུར་འགྲོ་བའི་དུས་ཚོད་ཀྱི་རླབས་རྒྱུན་ཁྲོད་ངའི་སེམས་པ་ནི་རླབས་རྒྱུན་དེའི་ཁྲོད་དུ་གཡོ་ཞིང་འཁྱོམ་པའི་གཡོར་གྲུ་ཞིག་དང་འདྲ།།སྐྱིད་ཆུའི་འགྲམ་རྒྱུད་འཇག་མའི་གླིང་ཕྲན་གྱི་ཁ་དོག་སྣ་ལྔའི་དར་ལྕོག་རླུང་བུས་གཡོ་བཞིན་འདུག།རླུང་བུའི་རེག་བྱ་ཇེ་རྩུབ་ལ་ཕྱིན་འདུག།འཇིག་རྟེན་ལ་དགུན་ཁ་ཚེས་བཞིན་པའི་སྐད་ཅིག་མ་དང་པོའི་དུས་འདིར།སུས་ཀྱང་དགུན་ཁ་སླེབས་གྲབ་ཡོད་པར་ཡིད་འཇོག་གནང་མི་འདུག་ལ།འཚོ་བའི་ཁྲོད་དུ་ཆོས་ཉིད་ཀྱི་བདེན་པ་ཡོད་ཚད་འདི་ལྟར་ག་ལེར་ག་ལེར་སྨིན་ཡོང་བ་ཞིག་ཡིན་ན་ཡང་།ཅི་ཞིག་གི་དོན་དུ་བྲེལ་གྱིན་པའི་ཁོང་ཚོས་དེ་ཚོར་གྱིན་མི་འདུག་ལ།གྲ་སྒྲིག་ཀྱང་བྱས་མི་འདུག།དེ་བས་ཁོང་ཚོས་དགུན་ཁ་ནི་གློ་བུར་དུ་ཐོན་བཞག་པ་ཞིག་རེད་བསམ་འདུག།སྡོང་མགོར་ཚང་བཅོས་པའི་བྱེའུ་དག་ཀྱང་ད་ལྟ་གང་ཞིག་ཏུ་འཕུར་ཟིན།རིམ་གྱིས་ས་རུབ་སོང་།གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་ལྷ་སའི་མཚན་ལྗོངས།ཧ་ཅང་གཏུམ་ཧམ་གྱིས་སྐྱིད་ཤོད་གཞུང་གི་རང་བྱུང་གི་མཛེས་པ་མང་པོ་ཞིག་བརླགས་འདུག་པ་འདྲ་བ་འདིས།ལོ་ངོ་ཁྲི་ཕྲག་དུ་མའི་སྔོན་དུ་འགྲོ་བ་མིའི་རིགས་འཇིག་རྟེན་འདིར་ཇི་ལྟར་བཙན་འཛུལ་དང་འདོད་རྔམས་ཀྱིས།བཅད་གཏུབ་གཏོར་བཅོམ་གྱི་ཧམ་སེམས་ཆེན་པོས་ནགས་ལ་མེ་མཆེད་པ་བཞིན་དུ་སླེབས་ཡོང་བར་བསམ་བློ་ཡང་ཡང་འཁོར།ངས་ཡང་བསྐྱར་གཞས་འདིར་ཉན་པ་ཡིན།གླུ་སྐད་འདི་དཔྱིད་ཆར་ཞིག་དང་མཚུངས་པར་སྐྱོ་ཤས་དང་རེ་ཆད་ཀྱིས་གས་པའི་ངའི་སེམས་ཀྱི་ཞིང་ས་ཡོངས་རྫོགས་བརླན་པར་བྱས།

  ལྷ་ཞོལ་བྱེ་མའི་དཀྱིལ་ལ།།
      བུ་མོ་འདྲ་མིན་སྣ་ཚོགས།།
      མདོག་གཞུང་ལ་མོ་རྒྱག་མཁན།།
      པད་སྒྲོན་གཅིག་པུ་ཡིན་འགྲོ།། ངས་ཀྱང་གཞས་འདི་དང་འགྲོག་ནས་ཆེས་མཐོ་བའི་གླུ་སྐད་ཀྱིས་བླངས་ནས་ཚིག་དང་ཡིག་འབྲུས་མཚོན་མི་བཏུབ་པའི་ནང་སེམས་ཀྱི་སྐྱོ་བ་གནོན་ཐབས་བྱས།ངའི་སྐད་གདངས་ཀྱི་མཐོ་ཚད་ཇི་འདྲར་སླེབས་ནའང་གྲོང་ཁྱེར་ཆེན་མོ་འདིར་གནས་འཆའ་བའི་རྣམ་ཤིས་ཀྱིས་ཚོགས་ཞིང་འདིར་མཚོན་ན་འཇག་མའི་གླིང་ཕྲན་གྱི་ཁ་དོག་སྣ་ལྔའི་དར་ལྕོག་རླུང་གིས་གཡོ་བཞིན་པའི་གྲགས་འགུལ་ཆུང་ངུ་དེ་ཙམ་ལས་ཅི་ཡང་ཡིན་མི་སྲིད།ང་རང་ལྷ་སར་སླེབས་ནས་ལོ་གཅིག་འགོར་སོང་།ངས་ད་དུང་པད་སྒྲོན་རྙེད་མ་སོང་།

  2021.12.30ལ་ལྷ་ས་ནས་བྲིས།

ཨ་མས་བསྐུར་ཡོང་བའི་འདྲ་པར་དེ།

  ཨ་མ་ལགས་ཀྱིས་སྐད་འཕྲིན་ཕྱེ་ནས་ཟླ་འགའ་ལས་འགོར་མེད་མོད་ད་ལྟ་པར་དང་བརྙན་ཐུང་ཡང་བསྐུར་ཤེས་ཀྱིན་འདུགཨ་མས་ང་ལ་ཁ་པར་ལས་ཁང་པ་གསར་པ་དེ་གྲུབ་རྗེས་ཁང་རྙིང་གི་མཆོད་ཁང་དེ་ཁྱོད་ཀྱི་དཔེ་ཁང་བྱས་ཆོག་ཟེར། འདི་ལ་ཕ་མ་གཉིས་གྲོས་བསྡུར་ཡང་བྱས་ཡོད་ངེས། ངས་ཕ་ཡུལ་དུ་འགྲོ་དུས་གྱང་ངོས་ལ་སྦྱོར་རྒྱུའི་སྒྱུ་འཕྲུལ་རི་མོ་ཁ་ཤས་དང་དཔེ་ཁང་གསར་པ་ལ་ཁ་ཕབ་བྱེད་དུ་དཔེ་ཆ་གསར་པ་འགའ་ཡང་ཆེད་དུ་ཉོ་དགོས་བསམས། སྒེའུ་ཁུང་ཁ་གཏད་ཀྱི་ཕྱི་རོལ་ཏུ་ལྕང་མ་ཞིག་འཛུགས་དགོས་སྙམ། ང་ལོ་གཅིག་གི་ནང་ཕ་ཡུལ་དུ་ཐེངས་གཅིག་གཉིས་ཙམ་ལས་ལོག་མི་ཐུབ་མོད་དབྱར་ཁ་ཐོན་ཐུབ་ན་ལྕང་སྡོང་དེར་ལོ་འདབས་རྒྱས་ནས་མཐོ་རུ་འཕགས་ཚེ། ངས་དེའི་བསིལ་གྲིབ་འོག་ནས་དཔེ་ཆར་ལྟ་བ་དང་གྲོགས་པོ་རེ་གཉིས་མགྲོན་དུ་ཡོང་ན་ལྷོད་ལྷོད་ངང་ཁ་བརྡ་བྱས་ཚེ་སྐྱིད་རྒྱུ་རེད་བསམས། ཨ་མར་སྐད་ལན་ཞིག་ཀྱང་མ་བཞག་པའི་བར་གླགས་དེར་ངའི་ཡིད་ལ་འདི་འདྲའི་མང་པོ་ཞིག་འཕྲོ་རིམ་འཕྲོར་དྲན་སོང་།ང་ནི་སྟོང་བསམ་རིང་ལུགས་པ་ཞིག་ཡིན་ཡང་སྲིད་དེ་མ་མཐའ་ཡང་རང་ཉིད་དགའ་བའི་དོན་དག་ཅིག་ཐོས་ཚེ་དེའི་གཞུག་གི་དོན་དག་མང་པོ་ཞིག་ལ་ཆེད་དུ་བསམ་བློ་བཏང་བ་དེ་འདྲ་མིན་ནའང་། དེའི་ནང་ཞིག་ལ་འཁོར་འགྲོ་གི་འདུག་ལ་མཚམས་དང་མཚམས་སུ་གཉིད་ཀྱང་ཡོང་མི་ཐུབ་པའི་ཚོད་དུ་ཡོད། འདི་ནི་ང་ལ་མཚོན་ན་དོན་དག་གསར་པ་ཞིག་ཀྱང་མིན་ཏེ་སྔོན་མ་སློབ་ཆུང་དུ་ཡོད་དུས་ཀྱང་ཚོགས་ཐུན་རྣམས་སུ་གང་ཞིག་ཏུ་འདང་བརྒྱབ་ནས་ཚོགས་ཐུན་རེ་རེ་གར་སོང་མ་གོ་དུས་མང་ལ་མཚམས་རེར་འཚོགས་ཐུན་གཅིག་གི་དུས་ཚོད་ཀྱིས་ཀྱང་མ་འདང་བར་འཚོགས་ཐུན་རྗེས་མར་མུ་འབྲེལ་གྱི་ཚུལ་དུ་འདང་རྒྱག་པའི་དུས་ཀྱང་ཡོད།སྐབས་དེའི་འདང་རྒྱག་ཕྱོགས་ནི་སློབ་གྲོགས་བུ་མོ་ཞིག་ཀྱང་མི་ཐུབ་པའི་རང་ཉིད་གློ་བུར་དུ་དཔའ་བོ་ཞིག་ཏུ་གྱུར་ནས་སློབ་གྲྭའི་ནང་ནས་དཔའ་རྟགས་མང་པོ་ཞིག་བཞག་པའི་སྐོར་ལ་བྱུང་རིམ་རྙོག་འཛིང་ཅན་དང་གསོན་ཉམས་ལྡན་པ་མང་པོ་ཞིབ་ཕྲའི་སྒོ་ནས་འདང་བརྒྱབ་པ་ཡིན། མཚམས་རེར་ཚོགས་ཐུན་སྐབས་བསམ་གཞིག་གི་ཕུག་པ་གཏིང་ནས་གཏིང་དུ་བསྐོར་ཏེ་གདོས་བཅས་ཤ་ཁྲག་གི་ཕུང་པོ་རྦད་དེ་སློབ་ཁང་དུ་གད་སྙིགས་བཞིན་བསྐྱུར་ཏེ་རྟོག་བཟོའི་འཇིག་རྟེན་དེ་རུ་སླེབས་ནས་དཔའ་རྟགས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འཇོག་དང་འཇོག་བཞིན་པའི་སྐབས་སུ། གློ་བུར་དུ་དགེ་རྒན་གམ་ལ་ཡོང་བའང་མ་ཚོར་བར་འགྲམ་པའི་ངོས་གང་ཞིག་སྦྲིད་བྲེང་ངེར་བུད་འགྲོ་དུས་ཀྱང་ཡོད།ཡང་ན་ཁྲིད་སྟེགས་ཐོག་གི་དགེ་རྒན་གྱིས་སམ་ཕྱིས་སམ་ས་སྨྱུག་གཡུགས་ཏེ་ང་ནི་སྐར་མའི་གོ་ལ་གང་ཞིག་གི་ཐོག་ནས་འདྲེད་ཤུད་བརྒྱབ་ཏེ་གློ་བུར་དུ་གང་ཞིག་ཏུ་ཅལ་སེ་ལྷུང་སོང་བ་ལྟ་བུའི་དུས་ཀྱང་ཡོད། ཡིན་ན་ཡང་ད་ཐེངས་ཨ་མ་ལགས་ཀྱིས་བསྐུར་བའི་པར་དེ་ནི་ཁང་རྙིང་གི་སྐོར་མ་ཡིན་ལ་པར་འདིས་ཀྱང་ང་རང་གཞུག་གི་འཆར་གཞིའི་དྲ་རྒྱ་མང་པོ་ཞིག་གི་ནང་དུ་མ་ཚུད་པར་དེ་ལས་ལྡོག་སྟེ་མི་ལོ་བཅུའི་སྔོན་གྱི་ངའི་བྱིས་དུས་ཀྱི་འཚོ་བའི་པང་དུ་ཡུན་གྱིས་ཁྲིད་སོང་། པར་འདི་ལ་མ་མཐའ་ཡང་ང་རང་སྒེར་ངོས་ནས་བཤད་ན་གསར་ལམ་ཁག་ནས་མཐོང་དང་མཐོང་བཞིན་པའི་གནའ་བོའི་བང་སོ་དང་རིག་དངོས་གསར་རྙེད་ཁྲོད་ཀྱི་ལོ་རྒྱུས་རིན་ཐང་ལྟ་བུའི་ཕྱིར་དྲན་གྱི་རིན་ཐང་ཞིག་ཅིས་ཀྱང་ཡོད། སྐབས་དེ་དུས་ཀྱི་གཏམ་རྒྱུད་རེ་རེ་བཞིན་ཆུང་དུས་བུར་ཤོག་མཐོང་ན་ལྕེ་ཐོག་ལ་ཞིམ་མངར་གྱིས་འཁྱིལ་ཡོང་བའི་བུ་རམ་གྱི་བྲོ་བ་ནང་བཞིན་ཡིད་ངོས་སུ་ཞིམ་མངར་གྱིས་འཁྱིལ་ཡོང་བ་ཞིག་རེད།

  འདི་ནས་ལུགས་ལྡོག་གིས་བརྩིས་པའི་མི་ལོ་བཅུ་ཙམ་གྱི་སྔོན་དུ་ང་ལོ་དགུ་དང་ངའི་ཕུ་བོ་ལགས་ལོ་ན་བཅུ་ཙམ་ཡིན། སྐབས་དེར་ངེད་ཀྱི་ཨ་ཅེ་ལ་མཱན་ཐོ་ལེན་ཞིག་ཡོད། དེ་ནི་ཁྱིམ་གྱི་མཐོ་ས་ཞིག་ཏུ་བཀལ་ཡོད། མ་མཐའ་ཡང་ངའི་ལག་པས་ཐུག་མི་ཐུབ་ས་ཞིག་ཏུ་བཀལ་ཡོད་ཤག་ཤག་ཡིན། སྐབས་དེར་ང་གླུ་ལེན་རྒྱུར་དགའ་པོ་ཡོད། རྒྱུན་དུ་ཁྱིམ་མཚེའུ་ཚང་ལ་འགྲུལ་པ་གསར་པ་རེ་ཐོན་ཡོད་ཚེ་ལམ་སང་སོང་ནས་ཁོང་ཚོར་གླུ་ལེན་པ་ཡིན། ཁོང་ཚོས་ཀྱང་ང་ལ་རྔན་པར་བུ་རམ་རེ་སྟེར་གི་རེད།དབྱར་ཁ་རྣམས་སུ། མ་ལགས་དང་ཨ་ཅེ་ནུ་མོ་བཅས་ཟོག་དེད་དེ་དབྱར་སའི་ཐོག་འགྲོ་དགོས་པ་དང་ཕུ་བོ་ངེད་གཉིས་དགུན་སའི་ཐོག་ཨ་ཕ་དང་མཉམ་དུ་བསྡད་དེ་ཀློག་སློབ་པ་ཡིན། ཨ་ཕས་ཉི་མ་རེ་རེ་བཞིན་ངེད་གཉིས་ལ་ཀློག་སློབ་ཞོར་ཀློང་གསལ་བཀའ་བརྒྱད་ཀྱི་ཤོག་ངོས་མདའ་ཚད་མ་བཅུ་རེ་འབྲི།ནུབ་ཇ་འཐུང་རྗེས་རྣམས་སུ་ཨ་ཕས་ངེད་གཉིས་ལ་མདོ་མཛངས་བླུན་གྱི་ནང་གི་གཏམ་རྒྱུད་རེ་རེ་ཀློག་ཏུ་འཇུག་པ་ཡིན། དཔེར་ན་ཁྱིམ་བདག་དབྱུག་པ་ཅན་དང་སྟག་མོ་ལུས་སྦྱིན་སོགས་ཏེ་ཕྱིས་སུ་སློབ་ཆུང་ལ་འགྲོ་སྐབས་ངས་མལ་ཁང་གཅིག་པའི་སློབ་གྲོགས་ཚོར་བཤད་ཀྱང་མྱོང་།ངེད་ཚང་གི་དགུན་ས་དེ་ལུང་པ་ཆེན་པོ་ཞིག་གི་མདའ་རུ་ཡོད། ལུང་པ་ཆེན་པོ་དེའི་མདའ་རུ་རུ་བ་གཉིས་ལས་མེད་དེ་ངེད་ཚང་དང་ཁྱིམ་མཚེའུ་ཚང་ཡིན། ལུང་པ་ཆེན་པོ་དེའི་རི་མཐོ་ས་དམའ་ས་ཐང་ཡངས་ས་ནས་ངོས་གཟར་ས་གང་དུའང་ངས་རྐང་རྗེས་དཔར་མྱོང་། ལུང་པ་ཆེན་པོ་དེའི་ནང་དུ་རྩི་ཤིང་སྣ་ཚོགས་ཡོད།དབྱར་ཁ་མིག་དབང་སྲེག་པར་བྱེད་པའི་མེ་ཏོག་སྣ་ཚོགས་ཡོད། ལུང་ཕྲན་མང་པོ་ནས་འབབ་པའི་ཆུ་མིག་མང་པོ་གཞུང་ཆུར་འདྲེས་ནས་རྒྱང་དུ་བཞུར།རྒྱུ་སྐར་གྱི་འཁོར་ལམ་དང་དུས་བཞིའི་འགྱུར་བ་ཐམས་ཅད་ལ་ང་ཚོས་རང་གི་འགྲེལ་བཤད་བྱེད། ང་ཚོས་རྟེན་འབྲེལ་མཐུ་ཆེན་པོར་བརྩི་ཞིང་གཟའ་སྐར་གྱི་འཕྲོད་དང་དུས་ཀྱི་སྦྱོར་བ་ལ་མཐོང་ཆེན་པོ་སྤྲོད།སྣང་སྲིད་དྲེགས་པའི་རིགས་ལ་བསྡོས་ན་དབལ་ཚ། བཀུར་ན་སྙིང་ཉེ་ཟེར། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྒྱུ་ཞིང་ལས་དང་བྱ་བ་སྤྱི་དང་ཁྱད་པར་རྔམས་ཆེན་གྱི་རིགས་ལ་ཀོ་ལོང་སྡོམ་པའི་ས་བདག་ལྷ་ཀླུ་དྲེགས་པའི་ཚོགས་ལ་འགྱེས་ན་བཅོས་ཀ་བྱེད་ཅིང་ལོ་རེ་བཞིན་སྲུང་བ་ཚུལ་བཞིན་བྱས་ན་ཐག་རིང་མགྲོན་དུ་འགྲོ་བ་དང་བག་མ་བག་སྐྱེལ་བྱེད་པ། རོ་འདོན་དང་དུར་འདེབས་པ། སྐྱས་དང་ཁྱིམ་གསར་འཛིན་པ་སོགས་ལ་འཚུབ་དང་བར་ཆད་གང་ཡང་མེད་པར་དགེ་ཞིང་བཀྲ་ཤིས་པའི་ཡིད་ཆེས་བསྙེས།འདི་ལ་གཏོ་ཐབས་བྱིས་པའི་རྩེད་མོ་ལ་ཕན་པ་རི་རྒྱལ་ལྷུན་པོ་ཡང་ཟེར།འདི་བྱས་པས་མི་ནོར་དང་ཟས་གཡང་མི་ཉམས་པ།ལྷ་ཀླུ་མི་འཁྲུགས་པ། འཇིག་རྟེན་ལ་བདེ་བ་ཁོ་ན་འབྱུང་བའི་ལས་སུ་སྙམ།ལོ་གཅིག་གི་སྲུང་བ་རྣམས་ཅི་བཞིན་འགྲུབ་ན་དེའི་ནུས་པ་ནི་ཇི་ལྟར་གསང་བ་ཡིན་པ་དེ་ལྟར་ནུས་པ་ཆེ་བ་མཚན་མོ་སྒོ་ཟོག་མི་ཚང་བའི་དུས་སུ་ཕྱི་སྐོར་བྱེད་དགོས་པའི་ངེད་ཚང་གི་ལྷ་མོ་འོད་ཟེར་ཅན་མའི་འཁོར་ལོ་ཀོ་ཐུམ་ཅན་དེ་ལྟ་བུ་ཞིག་ཡིན།

  ང་ཚོས་རྩི་ཤིང་དང་མེ་ཏོག་ཐམས་ཅད་ལ་རྒོད་གཡུང་གི་ཁྱད་པར་གྱིས་ཕོ་མོ་གཉིས་སུ་དགར།དཔེར་ན་ཤུག་པ་ལ་རིགས་གཉིས་ཡོད། ང་ཚོས་འཇམ་རྩུམ་དབྱེ་ནས་འཇམ་པོ་དེར་འབྲི་ཤུག་དང་རྩུབ་ཤས་ཆེ་བ་དེར་གཡག་ཤུག་ཅེས་འབོད་ལ། འབྲི་ཤུག་ལ་ཤུག་ཐོག་ཆེན་པོ་སྐྱེས་ཀི་རེད།དེ་མིན་དབྱར་སྟོད་ལ་ཐོག་ཏུ་མེ་ཏོག་དཀར་པོ་བཞད་པའི་སུར་དཀར་དང་མེ་ཏོག་སྔོ་དམར་བཞད་པའི་སུར་ནག་ཉིན་ལ་སྐྱེས་པའི་སྤེན་དཀར་དང་སྲིབ་ལ་སྐྱེས་པའི་སྤེན་ནག ལྕང་མ་དང་གླང་མ་བྲ་མ། ཉ་བྲུག་ཚེར་དཀར་ཚེར་ནག་ལྗང་མ། རྟག་མ། སྤེན་མ། སྙེག་མ།འོམ་འབུ། ཨུ་གྱོ། བེ་ལོ། འཁྲུས་བ། གླ་ཁེ། སྐྱེ་ཁེ། བཀྲ་ཚེར། རྟ་ཚེར།སོགས་ཡོད། ཨ་ཕས་ང་ཚོར་མེ་ཏོག་རེ་རེའི་མིང་བཤད་དུས་དཔེར་ན་དུག་མདའ་ནག་པོ་ཕོ་རོག་མདའ་ཁུར་འདྲ།དུག་མོ་ནག་པོ་ལྕགས་ཀྱི་ཁབ་ཤུབས་འདྲ། གླ་སྒང་བ་ནི་བོན་པོའི་སིལ་བུ་འདྲ།ཧུང་ལེན་སྔོན་པོ་སྤྱང་ཀིའི་རྔ་མ་འདྲ། གཡའ་གྱི་མོ་ནི་ཟངས་ཀྱི་པ་ཊ་འདྲ།གངས་ཤམ་པ་ནི་ཤེལ་གྱི་མཆོད་རྟེན་འདྲ་ཞེས་དཔེ་འཇོག་གི་སྒོ་ནས་ངོ་སྤྲོད་གནང་བས་བརྗེད་དཀའ་ཞིང་ངོས་འཛིན་སླ་བ་ཡིན། དེ་མིན་མེ་ཏོག་གི་སྐོར་ལ་ན་རུ་ཟིལ་བ་སོགས་ཟིལ་བ་བཅུ་གསུམ་དང་ཚ་བ་གསུམ་ས་འཛིན་གསུམ། ཏིག་ཏ་གསུམ།སྔོ་ཚ་བ་གསུམ། སྟོང་རི་ཟིལ་བ། སྔོ་ཡི་བུ་མོ་སྤུན་བདུན། སོགས་ཧ་ཅང་མང་བ་ཡིན།སྐབས་དེར་དུས་བཞིའི་འགྱུར་བ་ཧ་ཅང་དལ་ལ་སོ་སོའི་དབྱེ་བའང་མངོན་གསལ་དོད་པོ་ཡིན།

  ཐོག་མར་ང་ཚོས་དགུན་ཟླ་ནས་མགོ་བརྩམས་ཏེ་གླེང་ན། ལུག་ཟླ་ནག་རིལ་མར་ཆུ་ལ་ཉིན་དར་འདུག སྤྲེལ་ཟླའི་ཡར་ངོས་ལ་མཛོ་བོའི་རྭ་གད་མར་ངོས་ལ་ཕག་མོའི་མཆུ་དྲོས་ཞེས་ཡར་ངོས་ལ་ཙག་ཆེ་ཞིང་མར་ངོས་ལ་ས་ལ་དྲོད་ལྷུང་། ཡང་ན་ཡར་ངོས་ལ་ཕོ་ལྕང་གི་གདོང་གད་མོ་ལྕང་གི་ནུ་མ་འགད་ཡང་ཟེར་བ་རེད། དེ་ནས་ལོ་གཅིག་གི་དུས་ཚོད་ནང་ཉི་མ་ཁེར་རྩི་ཉིས་རྩི་བྱས་ཏེ་བསྒུགས་པའི་ལོ་སར་གྱི་ཀ་ར་ཟོས་རྗེས་གཟོད་དཔྱིད་ཟླ་ཚེས་པ་རེད། དཔྱིད་ཀ་ནི་ཕྱེ་མ་ལེབ་ཀྱི་གཤོག་ཁུད་དུ་གཅུད་ནས་འཕུར་ཡོང་། ཡང་མིན་ན་ཁུ་ཡུག་ཚུར་འོང་དང་སྨིན་དྲུག་ཕར་འགྲོ་ལམ་ནས་འཕྲད་པའི་གཏམ་རྒྱུད་དང་བསྡོངས་ནས་སླེབས་ཡོང་བ་འདྲ། གང་ལྟར་དཔྱིད་ཀ་ཐོན་ན། ཁུ་ཡུག་སླེབས་ན། སྣོད་ཀྱི་འཇིག་རྟེན་ལ་མདངས་རྒྱས། བཅུད་ཀྱི་སེམས་ཅན་ལ་བསོད་ནམས་འཕེལ། དེ་ཡང་བྱ་ཟད་དར་ཟད་ཟེར་ཞིང་དགུན་ཁར་ཕྱུག་རིགས་ཀྱིས་དར་ཐོག་ལ་བཏང་བའི་ལྕི་བ་རིམ་གྱིས་དར་ཞི་བ་དང་ལྷན་དུ་ལྕི་ཞྭ་གྱོན་པའི་འཁྱག་དར་ཁོ་ན་ཤུལ་དུ་ལྷག་པ་རེད། ཟླ་བ་འདིར་ང་ཚོས་བྱ་ལྕི་ལུ་ཞྭ་གོན་ཟེར། དེ་ནས་རིམ་གྱིས་ནམ་ཟླ་ཇེ་དྲོར་འགྲོ་ཞིང་སྔོར་མའི་མྱུ་གུ་འབུས་ཏེ་ཁྱི་བོ་ཐོ་ཁ་སྔོན་ནང་བྱ་སྣ་འོལ་བས་ཁྲིད་དེ་བྱ་བརྒྱའི་སྲི་མོ་དང་པུ་ཤུད་ལྟག་ར་མ་ཙག་ལ་རྐང་འཇུབ་ཐོན། འོ་བྱིའུ་དང་སྤྲི་བྱིའུ་ཁུ་ཡུག་འཕྲོ་རིམ་འཕྲོར་ཐོན།ཁུ་ཡུག་ཐོན་ཁར་ཁྭ་ཏ་སྨྱོ་ཞིང་སྲེག་པས་བཟའ་འཐོར་རྒྱག སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་ཀར་སོས་ཐོན།སྤྲེལ་འབྲུག་གསེར་མགོ་ཞེས་སྤྲེལ་ཟླའི་ནང་འབྲུག་ཐོག་མར་གྲག་པ་ཡིན་ན་ཡག་པོར་རྩི་ཞིང་། བྱ་འབྲུག་ཐལ་ཁ་ཞེས་བྱ་ཟླའི་ནང་འབྲུག་ཐོག་མར་གྲག་པ་ཡིན་ན་ལོ་དེར་ཐོག་ཁ་རྒོད་ཁར་རྩི། ཁྱི་ཕག་གཉིས་ཀའི་ནང་བེའུ་ཡར་བུ་དང་ཡར་བུ་རྩིབ་བཏོག རྩིབ་བཏོག་སོ་གཉིས་དང་སོ་གཉིས་སོ་བཞི་དང་སོ་བཞི་སོ་དྲུག་སོ་དྲུག་ཁ་གང་ལ་འགྱུར། ཕག་རི་སྐྱ་ཐང་སྔོན་སོང་ན་གཞི་ནས་དབྱར་ཟླ་སླེབས་པ་རེད།བྱི་ཟླའི་ནང་འབབ་ཞོད་ཆེ་བས་བྱི་ཉ་རུལ་ཆུ་རུལ་ཟེར་ཞིང་གླང་ཆུ་བྲུག་འོ་བྲུག་ལ་འོ་མ་མང་པོ་འཇོ་རྒྱུ་ཡོད་ལ་སྟག་ཙ་དེ་འོ་ལེན་ནང་འོ་མ་ཕྱིར་ཇེ་ཉུང་ལ་འགྲོ་བ་རེད། དབྱར་གཞུང་ལ་ཉི་མ་དྲོ་སྐབས་སྦྲ་མཐའ་བཀྱགས་ནས་དེའི་བསིལ་གྲིབ་འོག་ཏུ་བསྡད་དེ་འོ་ཇ་འཐུང་ཚེ་སྐྱིད་ཅིག་ཡིན་ལ་འབྲིས་བེའུ་ཁྲིད་ནས་ཤོར་སོང་ཚེ་སྔུན་མ་ཆོད་ན་སྡུག་ཅིག་ཀྱང་ཡིན།སྟོན་མཇུག་ལ་རུ་བ་དགུན་སར་འགེལ་ཞིང་དགུན་དུས་ཕུ་བོ་ངེད་གཉིས་རྟ་རྫི་ཡིན། ཆབ་དང་ཚས་དཀར་ནག་གི་རྩེད་མོའི་རིགས་ལ་བྱང་ཆུབ་པའི་ནུ་མོ་ཁྱིམ་མི་དག་ལས་ཆུང་བ་དེ་ཡིན་ཕྱིན་གནས་ལུགས་མེད་ན་ཡང་ཕ་མ་གཉིས་མོའི་ཕྱོགས་ནས་ཀ་ལངས་ལངས་བྱེད། ང་རང་དེ་ལ་ཤིན་ཏུ་སྡང་། དུས་རྒྱུན་ཆབ་འཕངས་ཚེ་གཡོ་སྒྱུ་རེ་མ་འཁྲབ་ན་མོ་མི་རྒྱལ་དུས་མེད་ལ་དུས་འདི་འདྲར་བཟོད་མི་ཐུབ་པའི་ཚིག་པ་ཟ་རྒྱུ་ཡོང་མོད་མོའི་རྒྱབ་རྩ་ནི་བརྟན་པོ་བྲག་ཡིན་པས་བྱ་ཐབས་བྲལ།འགྲོ་ཞོར་ལ་སེན་ཏོག་བྱེད་པ་དང་ཆབ་རྡོ་གཏོར་བ་སོགས་སྐྱིན་པ་ཅུང་ཙམ་རེ་བླངས་པས་མགུ་གང་དགོས་པ་ཡིན།སྐབས་དེར་ང་ནི་མིག་གིས་མཐོང་ཚོད་ལ་ཐུག་དགོས་པ་ཞིག་དང་ཐུག་ཚོད་པོ་ཁ་ཕྱེ་ནས་ནང་དུ་ཅི་ཞིག་ཡོད་མེད་ལྟ་དགོས་མཁན་ཞིག་ཡིན།དེ་བས་ངས་རྒྱུན་དུ་ཨ་ཅེའི་མཱན་ཐོ་ལིན་དེ་མཐོང་ཐུབ་པ་ལས་རག་ཐུབ་ཀི་མེད།སྒྲ་ཐག་གི་ཕྱི་ཤུན་རྒྱབ་ཀྱི་པར་དང་ཨ་ཅེའི་མན་ཐོའི་ལེན་ལ་ཡུན་རིང་སྨོན་ཞིང་བལྟས་ཏེ་རིག་པ་ལྕགས་སྐུད་ལྟར་བསྒྲིམས་རྗེས། ངའི་ཡིད་ལ་གཞི་ནས་ཐབས་བཀོད་ཅིག་དྲན་ཞིང་ཚོད་ལྟ་དེ་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།ནང་དུ་ཅི་ཡོད་ལྟ་འདོད་ནས་ཡུན་རིང་འགོར་བའི་སྒྲ་ཕབ་འཕྲུལ་ཆས་རྙིང་སོང་དེ་ཨ་མའི་མི་མཐོང་ས་ཞིག་ནས་ཁ་ཕྱེ། ནང་གི་ཟངས་སྐུད་བླངས་ནས་རྒྱུད་སྐུད་བྱས། ཤིང་ལེབ་ཅིག་གི་ཐོག་ཏུ་ལྕགས་འཛེར་བཞི་བརྡབས། སྦུ་སོབ་ཁུ་ནག་ཅིག་གི་ཁ་ལེབ་བཞི་བཏོན་ནས་གཅུས་ཕུར་བྱས་ནས་ཏིང་ཏིང་ཏིང་ལྟ་བུ་ཞིག་གྲག་པའི་རྡོ་ཆས་རྙིང་མའི་སྐབས་ཀྱི་རོལ་ཆས་ཞིག་དང་འདྲ་ལ་ཅུང་ཟད་སྔོན་ཐོན་ཡང་ཡིན་པ་འདི་ངའི་མི་ཚེ་འདིའི་རོལ་ཆས་ཐོག་མ་དེ་ཡིན། འདི་ནི་དཔེ་མཚོན་ཙམ་ཡིན་པ་ལས་ང་ཚོས་རྩེད་ཆས་མང་པོ་གསར་གཏོད་བྱེད་ཀི་རེད། དེ་ལས་ཀྱང་ཕུ་བོའི་ལག་རྩལ་ནི་ངའི་ཡིད་ལ་དྲན་པ་ལས་ཀྱང་ཡག་པོ་ཡོད། ཁོའི་རྩེད་ཆས་དག་ནི་སྤུས་ཀ་ཅན་ཞིག་དང་མིག་ལ་འགྲོ་བ་ཤ་སྟག་ཡིན་པས། ངས་རྒྱུན་དུ་ཁོས་གསར་གཏོད་བྱས་པའི་རྩེད་ཆས་དག་ཉོ་དགོས་ཀི་ཡོད། དཔེར་ན། ཁོའི་ཚབ་ཏུ་ཟོག་རྫི་དང་རྟ་རྫི་ལ་འགྲོ་བ་སོགས་ཀྱང་རྩེད་ཆས་ཀྱི་རིན་པའི་ནང་དུ་རྩི་བ་རེད།

  ང་ཚོས་རྒྱུ་སྐར་ཉེར་བརྒྱད་པོ་ངོས་འཛིན་ཤེས་ན་དབྱར་དགུན་སྟོན་དཔྱིད་ཀྱི་རུ་བ་འདུག་སའི་ས་དགྲ་ཡོད་མེད་ལ་ལྟ་མི་དགོས་ཟེར་བས། ཨ་ཕས་ཆུང་དུས་ནས་ང་ཚོར་རྒྱུ་སྐར་ཉེར་བརྒྱད་པོར་འདྲ་བ་རྒྱུ་མཚན་དུ་བྱས་པའི་དཔེ་སྣ་ཚོགས་དང་གཏམ་རྒྱུད་ཉན་སྤྲོ་མོ་རེ་དང་མཚམས་སྦྱར་ནས་ངོ་སྤྲོད་པ་ཡིན། དཔེར་ན།སྣར་མ་ལུག་གི་བྲང་མགོ་འདྲ།རྒྱལ་གཉིས་རྟ་ཕོ་གཤིབ་པ་འདྲ།རྟ་ཆེན་སྟ་རེ་ཕྱར་བ་འདྲ།རྟ་ཆུང་ཝ་མོའི་ལག་ཡས་འདྲ།ས་རི་སྟག་གི་སྦར་མོ་འདྲ།ས་ག་ཕྱུག་པོའི་བེའུ་རྡང་འདྲ།ལྷ་འཚམས་གླང་ཆེན་སྒུར་བ་འདྲ། བྲ་ཉེ་སྔགས་པའི་ཧོམ་ཁོང་འདྲ།སེ་སྟོད་སྨད་ཕྱུག་པོ་ཁ་བཞི། སྲ་མདའ་སྤྲང་པོ་ཁ་ལྔ། བྲེ་ཁ་ཡོན།ཕུལ་རྐུབ་ཡོན་སོགས་དང་སྐེད་འཁྱོག་དང་སྨིན་དྲུག་གཡུལ་འཐབ་པ་ལ་སྐེད་འཁྱོག་གིས་མདའ་འཕངས་ཏེ་སྨིན་དྲུག་སྐར་འབྲུ་དྲུག་ཏུ་བཏང་བ་དང་སྨིན་དྲུག་གིས་རྦབ་རྡོ་བསྒྲིལ་ནས་སྐེད་འཁྱོག་གི་སྐེད་པ་བཅད་པའི་གཏམ་རྒྱུད་ཉན་ནས་མི་ཚར་བ་བཤད་རྒྱུ་ཡོད། ཕྱིས་སུ་ང་རང་སློབ་ཆུང་དུ་ཡོད་དུས་ངས་སློབ་གྲྭའི་དཔེ་ཁང་ནང་ནས་མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ་ཞེས་པའི་བྱིས་པའི་རྒྱུན་ཤེས་ཀྱི་དཔེ་ཆ་ཞིག་བཀླགས་མྱོང་། དེ་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་བསྒྱུར་བ་རེད། དཔེ་ཆ་དེར་སའི་གོ་ལ་ནི་ནམ་ཡང་འགུལ་སྐྱོད་བྱེད་དེ། དེ་ནི་ཕྱོགས་གཅིག་ནས་རང་གི་སྲོག་ཤིང་ལ་བརྟེན་པའི་ཚུལ་གྱིས་རང་འཁོར་བྱེད་ཅིང་ཕྱོགས་གཅིག་ནས་ཉི་མ་ལ་བལྟས་ནས་སྤྱི་འཁོར་བྱེད་པ་རེད། སའི་གོ་ལའི་རང་འཁོར་གྱིས་ཉིན་མཚན་གྱི་འགྱུར་ལྡོག་བསྐྱེད་དེ་རང་འཁོར་ཚར་གཅིག་ནི་ཉིན་ཞག་གཅིག་ཡིན། དེའི་ཕྱིར་སའི་གོ་ལའི་རང་འཁོར་གྱི་འཁོར་ཕྱོགས་ནི་ནུབ་ནས་ཤར་དུ་འགྲོ་བས་ང་ཚོས་ཉི་མ་དང་ཟླ་བ་སྐར་མ་རྣམས་ཤར་ནས་འཆར་ཞིང་ནུབ་ཏུ་ནུབ་པ་མཐོང་བ་རེད་ཟེར་ཞིང་། དེ་བཞིན་སའི་གོ་ལའི་ཉི་མ་ལ་སྐོར་བ་བྱེད་པའི་སྤྱི་འཁོར་གྱི་བགྲོད་པ་གཅིག་གི་དུས་ཚོད་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་དགོས་པ་ལ་ང་ཚོས་ལོ་གཅིག་ཅེས་འབོད་པ་རེད་ཟེར། རྗེས་སུ་ངའི་དགེ་རྒན་ཞིག་གི་ཁ་ནས་བོད་ཀྱི་རྩིས་གཞུང་ལ་བརྟེན་ནས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་བཙོན་ཁང་ནས་མི་ལོ་བཅོ་བརྒྱད་ལ་བསྡད་དེ་ཟླ་བའི་གོ་ལའི་ཐོག་ཆུ་ཡོད་པའང་ཐོག་མར་ཤེས་པ་རེད་ཟེར་སྐད་ཆ་འདི་གོ་བས་ང་ཡང་ཧ་ལས། རྒྱུན་ཤེས་ཀྱི་དཔེ་ཆ་དེ་རྣམས་སུ་བཤད་པའི་གཟའ་སྐར་གྱི་ཆགས་རིམ་ནི་ཨ་ཕས་བཤད་པའི་གཏམ་རྒྱུད་དེ་ཚོ་དང་མཐུན་སའང་འདུག་ལ་མི་མཐུན་ས་ཡང་འདུགསྐབས་རེར་དེ་འདྲ་རེ་ཨ་ཕས་ཇི་ལྟར་ཤེས་སོང་བ་ཡིན་ནམ་སྙམ་པའང་འདུག གང་ལྟར་ངའི་སྣང་ངོ་ནས་ཨ་ཕ་ནི་སློབ་ཆུང་སྐབས་ཀྱི་དག་ཡིག་གསར་བསྒྲིགས་ལྟ་བུ་ཞིག་དང་མཐོ་འབྲིང་སྐབས་ཀྱི་དུང་དཀར་ཚིག་མཛོད་ལྟ་བུ་ཞིག་ཡིན། ཇི་ལྟར་སྔོག་ཐུབ་ན་དེ་ལྟར་ཤེས་བྱ་གསར་པ་མང་པོ་ཞིག་རང་གི་རྒྱུད་ལ་ལེན་ཐུབ་པ་ཡིན་ལ་ད་ལྟའང་དེ་འདྲ་ཞིག་ཡིན།ཁོ་ལ་རས་ཐུམ་ནག་པོ་བརྒྱབ་པའི་ཟིན་དེབ་དང་ཕྱི་ཤུན་ལྗང་གུ་ཅན་གྱི་ཟིན་དེབ་སྣ་ཚོགས་པ་ཡོད། ནང་དུ་དབུ་མེད་རྐྱང་བས་བྲིས་པའི་ཟིན་བྲིས་དང་རིས་དབྱིབས་སྣ་ཚོགས་ཀྱང་ཡོད།ད་ལྟའི་ངའི་དཔེ་ཁང་གི་དཔེ་ཆའི་གྲངས་ཀའི་སུམ་ཆའི་ཕྱེད་ཀ་ལྟ་བུ་ཞིག་ཨ་ཕས་ཀྱང་ཡིན། གང་ལ་སོང་ཡང་དཔེ་ཆ་རེ་མ་ཉོས་ན་སེམས་མི་བདེ་བའི་གོམས་སྲོལ་འདི་ངས་ཨ་ཕ་ནས་རྒྱུད་འཛིན་བྱས་པ་ཡིན།

  ད་ལྟ་རྒྱུན་དུ་ངས་དྲན་ཡོང་བ་ནི་ཆུང་དུས་མཱན་ཐོ་ལིན་ཞིག་ཀྱང་ལག་ཏུ་བཞག་མ་མྱོང་བའི་ཨ་ཅེ་ཡིན། མོའི་འཚོ་བའི་དྲོ་འཁྱག་ལ་ངས་བསམ་བློ་གང་ཡང་བཏང་མ་མྱོང་། མོས་རང་གི་དགའ་རོགས་དང་ལྷན་དུ་ནང་མ་ཁང་ཞིག་གཉེར་ཡོད་ལ་ཚོང་ཡང་བཟང་རབས་ཟེར་མོད་ལས་ཀ་འདིར་ང་དགའ་བོ་ཁྱོན་ནས་མེད་པ་དེའི་རིགས་ཡིན། ངས་ནམ་རྒྱུན་མོ་དང་ལས་རིགས་གཅིག་པའི་མི་དག་ལ་མཐོང་ཆུང་གི་མིག་གིས་བལྟས་པ་ཡིན་ལ་ཁ་བརྡ་ཅུང་ཙམ་རེ་བྱས་ནའང་ཚིག་གཤིས་ལ་སུན་སྣང་བསྲེས་ནས་བཤད་པ་ཡིན། ཡིན་ན་ཡང་ངས་ནམ་རྒྱུན་ཨ་ཅེ་ལ་སྒོར་མོ་བསྐུར་ཤོག ངའི་སྒོར་མོ་ཆད་སོང་ཞེས་ནམ་རྒྱུན་མོའི་གློ་ཁུག་ནང་དུ་ལག་པ་བསྲིངས་བསྲིངས་ལ་ཡོད། མོས་ང་ལ་མང་པོ་ཞིག་ལྷན་དུ་བསྐུར་དུས་མེད་པ་འདྲ་མོད་མ་བསྐུར་དུས་ཤིག་ཁྱོན་ནས་མེད། ངས་ཆེན་པོ་ཆེན་པོ་ཞིག་བཤད་ནས་བར་སྣང་ཁམས་ནས་ཕོ་བྲང་ཞིག་བཞེངས་དགོས་ལབ་ཏེ་སློབ་ཆུང་གི་ཚོགས་ཐུན་སྐབས་ཀྱི་འཇིག་རྟེན་དེ་འདྲ་ཞིག་ཏུ་ཡང་བསྐྱར་འགྲོ་བར་རྩོམ་དུས་ཨ་ཅེས་ང་ལ་ད་ལོའི་དགུན་ལྭ་ཆ་ཚང་ཞིག་ཉོས་ནས་བསྐུར་བྱུང་ལ་མངའ་རིས་ནས་དགུན་ཁ་འཁྱག་གི་རེད་ཟེར།

  2021.9.22ལ་མངའ་རིས་ནས་བྲིས།

  ལྷ་ཡུལ་གུང་ཐང་གི་ས་སྲོད།

  རྟ་དང་འབྲུག་འཚོལ་བའི་ལམ་དུ་ང་རང་ལྷ་ཡུལ་གུང་ཐང་དུ་འབྱོར།ང་ནི་ཧིན་རྡུ་གཙང་བོའི་མགོ་ཁུངས་སུ་ཡོད་པར་བཤད་པའི་གནའ་བོའི་གསེར་རྐོ་ཤེས་པའི་གྲོག་མའི་རྒྱལ་ཁམས་དང་།ཡང་ན་ཕྱིས་ཀྱི་ནུབ་ཕྱོགས་པ་མང་པོའི་རྣམ་ཤེས་འཁྲི་ས་དང་མཐའ་མཇུག་གི་དག་ཞིང་དུ་སྒོམ་པའི་ཤམྦྷ་ལ་འཚོལ་བར་བོད་དུ་ཡོང་སྐབས།གངས་རིའི་གསེབ་ནས་བསྐལ་བའི་གྲང་ངར་གྱིས་ཚེ་སྲོག་གཏན་དུ་འཁང་སོང་བའི་ཡོ་རོབ་ཤར་ནུབ་ཀྱི་འཁྱམ་བསྐྱོད་པ་ཞིག་གི་རྣམ་ཤེས་ཡིན་པ་འདྲ།སེམས་ན་ཤམྦྷ་ལ་དང་གསེར་རྐོ་བའི་གྲོག་མའི་རྒྱལ་ཁམས་ལས་ཅི་ཡང་མེད་པའི་ཡོ་རོབ་ཀྱི་འཁྱམས་བསྐྱོད་པ་གང་དེའི་ཚེ་སྲོག་དེ་ལྟར་ཁ་བའི་རྒྱལ་ཁམས་ཀྱི་གྲང་རླུང་ངར་མའི་སོ་ཁར་དྲངས་ཟིན་ན་ཡང་།སྨོན་ལམ་རྣམ་དག་དང་རྟེན་འབྲེལ་ཟབ་མོའི་མཐུས་ཁོའི་ཚེ་ཡི་སྣང་བ་ནུབ་མ་ཐག་རྣམ་ཤེས་ལྷ་ཡུལ་གུང་ཐང་གི་རླུང་བུས་ཁུར་ཏེ་ཁ་བའི་ཞིང་ཁམས་འདིའི་ལུས་རྟེན་གསར་བ་ཞིག་ལ་ཉིང་མཚམས་སྦྱར།དེ་ནི་ད་ལྟའི་ང་ཡིན་པ་འདྲ།ཡང་ན་མཐའ་དམག་གི་དུས་འཁྲུག་མང་པོ་བཟློག་པའི་ཟིང་ཟིང་ལང་ལོང་གི་དུས་རབས་སུ།གངས་ཀྱི་ར་བ་སྲུང་ཆེད་ཚེ་སྲོག་འབྱུང་བཞིའི་ཟས་སུ་འཐིམ་སོང་བའི་གུ་གེའི་དམག་རྟ་ཁྲི་ཕྲག་ཁྲོད་ཀྱི་གཅིག་ཀྱང་ཡིན་པ་འདྲ།ཕྱི་དྲོ་དེར་ངས་དེ་ལྟར་བསམ་ཞོར་གངས་ཏི་སེའི་འགྲམ་ནས་ཞག་མལ་བཏང་བ་ཡིན།བསྐལ་བའི་གྲང་ངར་གྱིས་བརྩམས་པའི་གངས་རི་ཆེན་པོ་*འདིའི་རི་རྒྱུད་དང་བཅས་པ་ལ་གནའ་བོའི་དུས་ནས་བཟུང་ལྷ་ཡུལ་ཞེས་འབོད།འདི་ནི་ཕྱི་ནང་གི་སྟོན་པ་དུ་མའི་བསྟི་གནས་ཀྱང་ཡིན།འདི་ནས་ཤེས་རིག་མང་པོ་ཞིག་དར་ཞིང་ཤེས་རིག་གི་ཆབ་རྒྱུན་དེ་ཉིད་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུན་དང་བསྡོངས་ནས་ཤར་ལྷོ་ནུབ་བྱང་གི་ས་ཁོངས་དང་མི་རིགས་མི་འདྲ་བའི་ཡུལ་གྲུ་དུ་མའི་གནའ་བོའི་ཤེས་རིག་གི་རྨང་གཞིར་གྱུར་མྱོང།དེ་ནི་བསྐལ་བ་ས་ཆགས།བང་རིམ་རྡོ་ཡིས་བསྣན་པའི་དུས་ཤིག་ནས་མགོ་བརྩམས་ཡོད་པ་འདྲ་སྟེ།མ་མཐའ་ཡང་རྒྱལ་ཁབ་ཞེས་པའི་དོན་སྤྱི་འདི་དང་ས་ཁུངས་བཅད་བཟུང་གི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལམ་ལུགས་མ་དར་བའི་སྔོན་ནས་མགོ་བརྩམས་ཡོད།

  དེ་ཡང་ཆེས་གནའ་བོའི་དུས་ཤིག་ན།ཡུལ་གྲུ་གང་ན་ཡང་རྗེ་དང་འབངས་ཀྱི་ཐ་སྙད་ཡོད་མི་སྲིད་ལ།རྒྱལ་ཁབ་དང་རྒྱལ་ཕྲན་གྱི་སའི་དབྱེ་བའང་ཡོད་མི་སྲིད།ཚོ་བ་དང་ཚོ་བའི་བར་དམག་འཁྲུག་དང་དབང་བསྒྱུར་གྱི་ཧམ་སེམས་ནག་པོ་འགྲོ་བ་མིའི་སེམས་རྒྱུད་དུ་མ་འཁྲུངས་སྔོན་ནས།ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུད་དུ་འཚོ་བའི་གདོད་མའི་མིའི་རིགས་ཀྱིས་མ་ངེས་པའི་འཚོ་བ་སྣ་ཚོགས་རོལ་ཞིང་།འཚོ་ཐབས་གསར་པ་ཅི་རིགས་ལ་ཚོད་ལྟ་དང་གདོང་མཆོང་སྣ་ཚོགས་བྱས།གོ་རིམ་དེ་དག་ཁྲོད་ཐོབ་པའི་ཉམས་མྱོང་དང་བློ་སྐྱེད་སོགས་གཅིག་གིས་གཅིག་ལ་བཤད་ཅིང་མི་རབས་ནས་མི་རབས་བརྒྱུད་རྗེས་དེ་ཉིད་སོ་སོའི་ཤེས་རིག་སྐྲུན་པའི་རྨང་གཞིར་གྱུར།དེ་ལྟ་བུའི་ཤེས་རིག་གི་ལྟེ་བ་འདིའི་ཁྱབ་ཁོངས་ནི་གནའ་བོའི་ཞང་ཞུང་དང་བོད།སུམ་པ།རྒྱ་གར།བལ་བོ།ཀསྨིར་སོགས་ཡིན་ནོ།།ཕྱིས་སུ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུད་དུ་འཚོ་ཞིང་།གོང་ན་དཔོན་དང་འོག་ན་འབངས་ཞེས་སྤྱི་ཚོགས་གྲལ་རིམ་གྱི་སྒྲིག་གཞི་གང་ཡང་མེད་པའི་མིའི་ཚོགས་ཁག་དེ་དག་བར་རིམ་གྱིས་མ་རྒྱུད་རུས་རྒྱུད་སྤྱི་ཚོགས་ནས་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་དབང་བཙན་པར་གྱུར་ཅིང་།ཚོ་ཁག་སོ་སོ་ནས་མནའ་འབྲེལ་ཚོ་ཁག་སོགས་སྤྱི་ཚོགས་སྒྲིག་གཞིའི་ལམ་ལུགས་སྣ་ཚོགས་པ་རིམ་གྱིས་དར་ཞིང་དེ་ཉིད་འཕེལ་རྒྱས་སུ་ཕྱིན།ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུད་དུ་འཚོ་བའི་ཚོ་བ་མང་པོ་ཞིག་ཀྱང་དེ་ལྟར་ཁ་འཐོར་ནས་གཅིག་གྱུར་དང་སོ་སོ་ལ་སོ་སོའི་རྗེ་དང་འབངས་ཡོད་པའི་རྒྱལ་ཕྲན་དང་མཁར་རྫོང་རྒྱལ་ཁབ་ཏུ་གྱུར།ཆུ་རྒྱུད་གཅིག་ནས་དེ་ལྟར་ལོ་ངོ་སྟོང་ཕྲག་དུ་མའི་རིང་མཉམ་འཚོ་མཉམ་གནས་ཀྱི་འཚོ་སྡོད་ཡུན་རིང་བྱས་པའི་བརྒྱུད་རིམ་ཁྲོད།ཁོང་ཚོར་ཐུན་མོང་གིས་དད་མོས་བྱེད་སའི་བླ་རི་དང་བླ་མཚོ་ཡོད་པ་ནི་གངས་ཏི་སེ་དང་མཚོ་མ་ཕམ་ཡིན་ལ།ལོ་རྒྱུས་སུ་དེ་ལྟ་བུའི་འདྲ་མཉམ་མཉམ་གནས་ཀྱི་འཚོ་སྡོད་ཡུན་རིང་ལ་བྱས་མྱོང་བའི་བདེན་དཔང་ནི་ཕྱིས་སུ་ས་ཁོངས་བཅད་བཟུང་གི་སྤྱི་ཚོགས་ཀྱི་རྣམ་པ་འདི་གྲུབ་པའི་རྗེས་སུ་ཡང་རུས་རྒྱུད་སོ་སོའི་བར་གྱི་རིག་གནས་ཀྱི་འབྲེལ་བ་དེ་དང་།གངས་ཏི་སེར་དད་མོས་བྱེད་པའི་བསམ་བློ་དེར་འགྱུར་བ་གང་ཡང་མ་ཐེབས་པར།གནའ་བོའི་ཧིན་རྡུ་བ་དག་བྱང་ཕྱོགས་བོད་དུ་སླེབས་ནས།གངས་ཏི་སེར་ཕྱག་སྐོར་མཆོད་གསུམ་བྱས་ཏེ་དབང་ཕྱུག་ཆེན་པོའི་མགོན་སྐྱབས་ཡོང་བར་ཡིད་ཆེས་གནང་བའི་སྲོལ་དེ་ད་དུང་ཡང་མ་ཉམས་པར་ཡོད་པ་འདི་བདེན་དཔང་དུ་བཞག་ཆོག་པ་ཡིན།དེ་མིན་སངས་རྒྱས་ཆོས་ལུགས་མ་བྱུང་སྔོན་གྱི་གནའ་བོའི་ཧིན་རྡུའི་རིག་གནས་ཁྲོད་ཀྱི་སྟོན་པ་ལྟ་བུར་བཀུར་བའི་དབང་ཕྱུག་ཆེན་པོ་དང་།ཚངས་པ་ཁྱབ་འཇུག་བཅས་ཀྱི་བསྟི་གནས་ནི།ཧིན་རྡུ་སྟེ་རྒྱ་གར་མ་ཡིན་པར་དེ་ལས་ལྡོག་སྟེ་བྱང་ཕྱོགས་ཀྱི་རི་བོ་གངས་ཏི་སེ་འདི་ཡིན་ཞེས་རིག་བྱེད་ཀྱི་གཞུང་རང་དུ་བཤད་ལ།ལྷ་ཆེན་དབང་ཕྱུག་ཙམ་མ་ཟད་ཁོང་གི་ཆུང་མ་དུས་མཚན་མ་དང་སློབ་མ་ལང་གའི་བདག་པོ་ཞུ་བ་སོགས་ཀྱི་ལོ་རྒྱུས་ཡང་གངས་ཏི་སེ་འདི་དང་འབྲེལ་ནས་བཤད་པ་ཡིན།དེ་བས་ལྷོ་ཕྱོགས་རྒྱ་གར་གྱི་ཡུལ་དུ་འབབ་པའི་གླང་ཆེན་ཁ་འབབ་གཙང་བོ་སོགས་ཀྱི་ཆུ་རྒྱུན་དེད་དེ་རིམ་གྱིས་ལྷ་དབང་ཕྱུག་གི་མཆོད་བཀུར་ཏེ་འཕེལ་རྒྱས་སུ་ཕྱིན་ཞིང་རིག་གནས་དེའི་ཁུངས་ནི་བསྐལ་བའི་གངས་རི་ཆེན་པོ་འདི་དང་འབྲེལ་ནས་འཆད།ད་ལྟའི་རྒྱང་གྲགས་དགོན་གྱི་ཉེ་འགྲམ་བྲག་གནས་སངས་རྒྱས་བཞུགས་ཁྲི་ནི།གཅེར་བུ་པའི་སྟོན་པ་ཐོག་མ་དྲང་སྲོང་རྒྱལ་བས་གངས་ཏི་སེར་དཀའ་ཐུབ་དྲག་པོ་སྤྱད་དེ་མཐར་གྲུབ་པ་ཐོབ་པའི་གནས་ཡིན་ཟེར་ཞིང་།མུ་སྟེགས་གཅེར་བུ་པར་སྟོན་པ་ཉེར་ལྔ་བྱུང་བའི་ཐ་མ་དེ་དང་བདག་ཅག་གི་སྟོན་པ་གཉིས་དུས་མཉམ་པར་གསུངས།དེ་བས་ན་གཅེར་བུ་པའི་སྟོན་པ་དྲང་སྲོང་རྒྱལ་བ་པ་སོགས་གནའ་བོའི་རྒྱ་གར་གྱི་ཆོས་ལུགས་མང་ཆེ་བ་ཡང་གངས་ཏི་སེ་དང་འབྲེལ་བ་བྱུང་མྱོང་ལ་མ་མཐའ་ཡང་ཁོང་ཚོའི་ཆོས་ལུགས་ཀྱི་རྨང་འདིང་བར་གངས་ཏི་སེའི་ཤེས་རིག་གིས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅེས་ཕྱི་ནང་གི་ཞིབ་འཇུག་པ་དུ་མས་གསུངས།

  དེས་ན་བོད་དང་རྒྱ་གར་གྱི་ཤེས་རིག་གི་འབྲེལ་བ་དེ་ཆེས་གནའ་བོའི་དུས་ཤིག་ནས་མགོ་བརྩམས་ཡོད་ལ་ཕན་ཚུན་བར་གྱི་འགྲོ་འོང་གི་ལམ་བུ་ཡང་སྣ་ཚོགས་པ་ཞིག་ཡོད་ངེས།ཕྱིས་སུ་བཙན་པོའི་རྒྱལ་རབས་དང་དེའི་རྗེས་ཀྱི་བོད་སིལ་བའི་སྐབས་ཀྱི་བོད་ཀྱི་ལོ་པཎ་རྣམས་ལྷོ་ལམ་དང་ནུབ་ལམ་བརྒྱུད་དེ་རྒྱ་གར་དུ་སློབ་གཉེར་དུ་འབྱོན་བཞུད་མཛད་ཅིང་།ལྷོ་ལམ་ནི་ད་ལྟའི་སྐྱིད་རོང་རྫོང་ནས་བལ་ཡུལ་བརྒྱུད་དེ་རྒྱ་གར་ཡུལ་དབུས་སུ་བརྟོལ་བའི་ལམ་དང་།ནུབ་ལམ་ནི་བོད་ནས་ཁ་ཆེ་དང་དེ་ནས་ཨོ་རྒྱན་དུ་བརྟོལ་བའི་ལམ་སྟེ་ལོ་ཆེན་རིན་ཆེན་བཟང་པོ་དང་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་སོགས་ལམ་འདི་བརྒྱུད་དེ་ཕེབས་པར་བཤད།སྔར་བོད་ཀྱི་ལོ་ཙཱ་བ་ཕལ་ཆེ་བ་ནི།རྟ་མཆོག་ཁ་འབབ་དང་གླང་ཆེན་ཁ་འབབ་ཀྱི་ཆུ་མཇུག་རྒྱ་གར་བྱང་ཤར་ཁོ་ནར་རྒྱུ་འགྲུལ་བྱས་པ་ལས།རི་བོ་འབིགས་བྱེད་བརྒལ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས་སིངྒ་ལའི་གླིང་བར་དུ་ཕེབས་མཁན་གྱི་ལོ་ཙཱ་བ་ནི་དགེ་འདུན་ཆོས་འཕེལ་གཅིག་པུ་ཡིན་པར་བཤད་ཅིང་།ལོ་ཙཱ་བ་ཁ་ཤས་ཀྱིས་རྒྱ་གར་ནུབ་བྱང་ཨོ་རྒྱན་དང་ཁ་ཆེའི་ཡུལ་ནས་སློབ་གཉེར་མཛད་པར་གསུངས།

  ཡ་གླིང་ཆུང་བ་ནས་སྐྱེས་ཤིང་ཡུན་རིང་བོར་ཡ་ཏེན་དང་དབྱི་ཐ་ལིའི་ལྷོ་རྒྱུད་ནས་འཚོ་བ་རོལ་བའི་ལོ་རྒྱུས་སྨྲ་བ་ཧེ་རོ་ཏོ་ཐུ་ཡིས།ཐོག་མར་ཡི་གེར་བཀོད་པའི་གསེར་རྐོ་ཤེས་པའི་གྲོག་མ་ཞེས་པའི་གཏམ་རྒྱུད་འདིས་འཛམ་གླིང་ཧྲིལ་བོར་མཚར་སྣང་བྱིན་པ་དང་།གསེར་དེ་དག་རྒྱ་གར་བྱང་རྒྱུད་ཀྱི་ཧུན་རྡུ་ཆུ་བོའི་སྟོད་རྒྱུད་ནས་བྱུང་བ་ཤེས་པ་ནས་བཟུང་།ཧུན་རྡུ་ཆུ་བོའི་མགོ་ཁུངས་ཤེས་འདོད་ཀྱི་གཟུགས་མེད་ཀྱི་གྲོག་མ་ཞིག་དངོས་གནས་ནུབ་ཕྱོགས་པ་མགོ་སེར་དེ་དག་གི་ཀླད་པའི་རྩ་ལམ་དུ་འཛུལ་ཟིན་པ་འདྲ།དུས་དེ་ནས་བཟུང་གྲོག་མ་དེ་ནུབ་ཕྱོགས་ཀྱི་མིའི་ཀླད་པའི་རྩ་ལམ་ནས་འགུལ་ཐེངས་རེར་ཆོས་པ་དང་ཚོང་བ།མི་སེར་དང་གསང་ཉུལ་བ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་སྡོད་མ་བཟོད་པར་དཀའ་བ་ཁྱད་བསད་ཀྱིས་ཧུན་རྡུ་གཙང་བོའི་མགོ་ཁུངས་འཚོལ་བར་བོད་དུ་ཡོང་མྱོང་སྐད།ནུབ་ཕྱོགས་ཀྱི་རླབས་ཆེ་བའི་མཚན་ཉིད་རིག་པ་བ་དང་རང་བྱུང་ས་ཁམས་རིག་པའི་སྲོལ་འབྱེད་པ་ཡ་ལིས་ཧྲི་ཏའོ་ཏི་ཡིས་རི་བོ་ཧི་མ་ལའི་རི་རྒྱུད་ངོས་མ་ཟིན་པར་རྒྱ་གར་གྱི་ཧིན་རྡུ་ཆུ་བོའི་མགོ་ཁུངས་ནི་འཁྱག་རོམ་གྱི་རི་རྒྱུད་ཕའར་ན་སོ་སོ(Parnasosཞེས་པ་ཞིག་ཏུའང་ངོས་བཟུང་མྱོང་བར་བཤད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ས་སྐྱ་བ་དང་བཀའ་བརྒྱུད་པའི་མཁས་གྲུབ་དག་གི་བར།མངོན་པ་མཛོད་ལས་བཤད་པའི་གངས་རི་དང་མཚོ་མ་དྲོས་པ་སོགས་གངས་ཏི་སེ་དང་མཚོ་མ་ཕམ་ཡིན་མིན་ཐད་རྩོད་པ་བྱུང་མྱོང་ཡང་།རྗེ་མི་ལ་དང་ན་རོ་བོན་ཆུང་ནས་མགོ་བརྩམས་ཏེ་བོད་ཀྱི་གྲུབ་མཐའ་ཁག་ལས་བཀའ་བརྒྱུད་པའི་སྐྱེས་བུ་མང་ཆེ་བ་གངས་ཏི་སེ་དང་འབྲེལ་བ་ཡོད།ད་ལྟའི་གངས་ཏི་སེའི་སྐོར་ལམ་འདི་ཡང་རྒྱ་རས་པ་ཡེ་ཤེས་རྡོ་རྗེའི་སློབ་མ་རྒོད་ཚང་བ་མགོན་པོ་རྡོ་རྗེ་ཡིས་གསར་དུ་བཏོད་པར་གསུངས།དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་ནས་བཀའ་བརྒྱུད་པའི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་རི་བ་བརྫངས་ཞེས་པའི་གངས་ཏི་སེའི་གཙོས་གནས་ཆེན་ཁག་ལ་བུ་སློབ་དག་གངས་ཏི་སེར་སྒོམ་སྒྲུབ་ལ་གཏོང་བའི་སྲོལ་ཡང་དུས་དེ་ཀ་ཙམ་ནས་དར་བར་བཤད།

  གནའ་བོའི་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུད་དུ་འཚོ་བའི་ཚོ་ཁག་དེ་དག་གིས་ཁག་ཐེག་མེད་པའི་འཚོ་བའི་ཁྲོད།ངལ་ཞིང་དུབ་པའི་ཉིན་མཚན་གྱི་དགའ་སྐྱོའི་ཚོར་བ་ཤུགས་དྲག་འཕེལ་བའི་རྣམ་འགྱུར་སྐད་ཤུགས་ཆེན་པོས་དབྱངས་ལ་དྲངས་ནས་གླུ་བླངས།རྡོ་དང་ཤིང་གི་ལག་ཆ་བཟོས་ནས་རི་དྭགས་རྔོན་པའི་གོ་རིམ་ཁྲོད་གཞུ་རྒྱུན་འཐེན་ལྷོད་ཀྱི་གོ་རིམ་ཁྲོད་བློ་སྒོ་ཕྱེས་ཏེ།རྒྱུད་གཅིག་ནས་རྒྱུད་བརྒྱའི་བར་གྱི་རོལ་ཆ་མང་པོ་རིམ་བཞིན་གསར་རྟོད་མཛད་ཅིང་།སྡོང་དུམ་གྱི་ཁོག་དྲུས་ཤིང་དེའི་ཐོག་ཏུ་རི་དྭགས་ཀྱི་པགས་པས་གཡོག་ནས་རྔ་ཆེ་ཆུང་མང་པོ་བཟོས།ངག་རྒྱུན་དང་རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་མོ་དབྱངས་ཅན་མ་ཡང་དོན་དུ།རྒྱལ་ཕྲན་བཟང་ཡུལ་རྒྱན་མེད་ཡུལ་གྱི་སྲས་མོ་ཡིན་ལ།བཟང་ཡུལ་རྒྱན་མེད་ཡུལ་ནས་ལྷ་ཡུལ་གུང་ཐང་དུ་བྱོན་པའི་རྒྱལ་རྒྱུད་ཀྱི་སྲས་མོ་ཡིན་ཏེ།ཕྱི་ལྟར་ན་དབྱངས་ཅན་ཚངས་སྲས་ལྷ་མོ།ནང་ལྟར་ན་ཡུམ་ཆེན་བཟང་བཟའ་རིང་བཙུན།གསང་བ་ལྟར་ན་ལྷ་མོ་སྒྲ་དབྱངས་ཅན་གྱི་རྒྱལ་མོ་ཞེས་དངོས་སུ་གསུངས།དེ་བཞིན་རྒྱལ་ཆེན་ཡུལ་འཁོར་སྲུང་ཡང་དྲི་ཟའི་ཡུལ་ཏེ་ལྷ་ཡུལ་གུང་ཐང་གི་ནུབ་ཕྱོགས་དྲི་ཟའི་ཡུལ་གྱི་ནུབ་སྒོ་སྲུང་བའི་དམག་དཔོན་ཡིན་པར་བཤད་ལ།དྲི་ཟའི་ཡུལ་ནི་པ་ཀི་སི་ཐན་གྱི巴基斯坦བྱང་ཕྱོགས་སེངྒེ་ཁ་འབབ་དང་གླང་ཆེན་ཁ་འབབ་གྱི་ཆུ་གཞུག་གི་ཧིན་དྷུ་གཙང་པོ་དང་ཀ་བིལ་གྱི་喀布河གཙང་པོ་གཉིས་འདྲེས་མཚམས་ཀྱི་ཉེ་འགྲམ་པིས་ཤཝརPeshawarསྟེ།དེང་སང་白沙瓦ཞེེས་འབོད་པ་དེའི་རྒྱུད་ལ་ཡིན་ནོ།།ད་སྐབས་ཀྱི་མ་ཕམ་གཡུ་མཚོའི་ཕྱོགས་བཞིའི་ཁྲུས་སྒོ་བཞི་ནི་མདོ་དྲི་མེད་གཟི་བརྗིད་སོགས་སུ་ལྷའི་ཡུལ་གྱི་མི་དང་དྲི་ཟའི་ཡུལ་གྱི་མི་རྣམས་ཀྱིས་མཉམ་དུ་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོར་ཁྲུས་བྱེད་སའི་སྒོ་བཞི་དང་།དྲི་ཟ་ནི་བོད་ཀྱི་མངའ་འབངས་ཡིན་པར་པ་ཅི་སི་ཐན་གྱི་སི་ཁ་ཏུའུ་རྫོང་གི་བཙན་པོའི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་ལས་དྲི་ཟའི་ཡུལ་དེ་བོད་ཀྱི་མངའ་ཁོངས་ཡིན་པ་གསལ་བཤད་བྱས་ཡོད་ལ་དུས་རབ་བདུན་པར་ཏ་ཟིག་གི་ལག་ནས་དྲི་ཟ་ཚུར་བླངས་ཚུལ་ལྷོ་ཁ་འཕྱོང་རྒྱས་སྟག་རྩེའི་རྡོ་རིང་གི་ངོས་སུ་གསལ་བ་བཞིན་ནོ།།དེ་བཞིན་ད་ལྟའི་སྤུ་རང་རྫོང་དུ་ཆོས་རྒྱལ་ནོར་བཟང་གི་ཕོ་བྲང་རྒྱལ་ཏི་མཁར་དང་དགུང་འཕུར་དགོན་ནི་ཡིད་འཕྲོག་མ་ལྷ་ཡུལ་དུ་འཕུར་སའི་གནས་ཡིན་པར་བཤད་ལ།ཡིད་འཕྲོག་ལྷ་མོ་ནི་དྲི་ཟའི་རྒྱལ་པོའི་སྲས་མོ་ཡིན་པར་བཤད།ཁུ་ནུ་སོགས་ནི་མིའམ་ཅི་བྱ་བ་ཡིན་ཞིང་ཡིད་འཕྲོག་མའི་རྟོགས་བརྗོད་དུ་གསལ་བའི་མིའམ་ཅིའི་ཡུལ་གྱི་ལམ་བཤད་དེ་ཡང་ཡུལ་འདི་རུ་བསམ་པ་ལྟར་ཡོད་ཚུལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་ནོ།།

  དེ་ལྟར་ལྷ་ཡུལ་གུང་ཐང་ནས་བྱུང་བའི་ཤེས་རིག་མང་པོ་ཞིག་ཕྱོགས་བཞིའི་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུན་དེད་དེ་རིམ་གྱིས་ཡུལ་གཞན་པར་དར་ཡོད་ལ།ཡུལ་འདིའི་ལྟེ་བ་གངས་ཏི་སེའི་ཤར་ཕྱོགས་ཀྱི་བྲག་རྟ་མགོ་འདྲ་བའི་གསེབ་ནས་འབབ་པའི་ཆུ་མིག་དེ།མངའ་རིས་བརྒྱུད་ནས་འབབ་དུས་རྟ་མཆོག་ཁ་འབབ་ཏུ་འབོད་ལ།རྒྱལ་རྩེ་ནས་ཉང་ཆུ་དང་འདྲེས་ཤིང་གཞིས་ཀ་རྩེ་ནས་བཞུར་དུས་གཡོ་རུ་གཙང་བོར་འབོད།ཆུ་ཤུར་ནས་ལྷ་སའི་སྐྱིད་ཆུ་དང་འདྲེས་ཏེ་ཡར་ཀླུང་བརྒྱུད་ནས་འབབ་དུས་ཡར་ཀླུང་གཙང་བོར་འབོད་ཅིང་།དབུས་པ་རྣམས་ཀྱིས་ཡར་ཆབ་གཙང་བོར་འབོད།དེ་ནས་ཀོང་ཉག་དྭགས་གསུམ་གྱི་ཡུལ་བརྒྱུད་ནས་རི་བོ་གནམ་ལྕགས་འབར་བ་ལ་རྟའི་རྨིག་པ་ལྟ་བུའི་སྐོར་བ་ཞིག་བརྒྱབ་རྗེས་རྒྱ་གར་ཤར་ཕྱོགས་སུ་འབབ།ཆུ་བོ་འདིའི་རྒྱུད་དུ་རྩ་མདའི་བར་ཀྱོག་སྒྲ་སྙན་དཀྲོལ་གཏོང་དར་བ་ལས་ལ་སྟོད་དིང་རི་ལྷོ་མའི་སྒྲ་སྙན་དཀྲོལ་གཏོང་ཕྱག་རྒྱུན་བྱུང་བ་དང་།བལ་ཡུལ་གྱི་ཤར་པའི་སྒྲ་སྙན་དཀྲོལ་ཕྱག་རྒྱུན་དང་ལྷ་རྩེ།དེ་ལས་རིམ་བཞིན་རྒྱལ་རྩེ།ལྷ་ས།འབྲུག་པ་བཅས་ཀྱི་སྒྲ་སྙན་དཀྲོལ་གཏོང་གི་ཕྱག་རྒྱུན་དར།སེང་གེ་དང་གླང་ཆེན་ཁ་འབབ་གཙང་བོའི་རྒྱུད་དུ་ཀ་ཤི་རྨིར་དང་པ་ཅི་སི་ཐན།རྒྱ་གར་ཏ་ཟིག་གི་རྒྱུད་དུ་རྩ་མདའི་གཏི་ཡག་གི་སྒྲ་སྙན་ཕྱག་རྒྱུན་ལས་གྱེས་པའི་ལ་དྭགས་ཀྱི་ཕྱག་རྒྱུན་དང་རོལ་ཆ་ཡང་མང་དུ་དར་ཡོད་ལ།རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་དང་འགྲོགས་ནས་བལ་ཡུལ་རྒྱུད་དུ་མངའ་རིས་རྩ་མདའི་བར་ཀྱོག་གི་སྒྲ་སྙན་དཀྲོལ་རྩལ་དར་བ་ནས་རིམ་འགྱུར་བྱུང་སྟེ་བོད་ཡུལ་དོལ་པོའི་སྒྲ་སྙན་ཕྱག་རྒྱུན་བྱུང་བ་དང་།སྟོན་པ་གཤེན་རབས་ཀྱིས་ཀོང་པོ་བོན་རིའི་གནས་སྒོ་ཕྱེ་བ་དང་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པ་ནས་མགོ་བཙུགས་ཏེ་འཐེན་དཀྲོལ་གཉིས་ལྡན་གྱི་པི་དབྱངས་དེ་ཀོང་པོའི་ཁུལ་དུ་དར་ཞིང་།རལ་མ་ཞེས་འབོད་པ་ནི་རོལ་མོ་ཞེས་པའི་སྒྲ་ཟུར་ཆག་ནས་ན་རོ་དོར་བར་བཤད།ཀོང་པོའི་སྒྲ་སྙན་དཀྲོལ་གཏོང་ཕྱག་རྒྱུན་ལས་ཁམས་ཁུལ་དང་ལྷོ་ཁའི་སྒྲ་སྙན་དཀྲོལ་གཏོང་ཕྱག་རྒྱུན་དུ་འཕེལ་འགྱུར་བྱུང་།དེ་བཞིན་དུ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་བཞུར་རྒྱུན་ལ་སྲིད་པའི་གཉའ་རབས་ཀྱི་གཞུང་གླུ་བཞི་དར་སྟེ།རྟ་མཆོག་ཁ་འབབ་ཀྱི་གཞུར་རྒྱུན་དུ་གྲོ་ཤོད་གླུ་ཕྲེང་གི་གཞུང་གླུ་དང་།སེང་གེ་ཁ་འབབ་བཞུར་རྒྱུན་དུ་ལ་དྭགས་ཀྱི་ཁ་སྐྱ་རུ་རིང་གི་གཞུང་གླུ།གླང་ཆེན་ཁ་འབབ་ཀྱི་བཞུར་རྒྱུན་ལ་གུ་གེའི་ཝ་མའི་ཁྱུང་ཆེན་གྱི་གཞུང་གླུ།རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་ལ་སྤུ་རང་གི་གཡུ་སྒོང་བར་ཆེན་གྱི་གཞུང་བཅས་དར་བའོ།།

  ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་ཚེས་གཉིས་ཀྱི་ཉི་འོད་དེ་ལྟར་གངས་ཏི་སེའི་རྩེ་ནས་བྱུར་ཆུང་དམར་པོའི་ཏོག་ཅིག་ཏུ་གྱུར་འགྲོ་དུས་ངས་ད་གཟོད་མཐའ་འཁོར་གྱི་ཁང་ཁྱིམ་མུན་པས་ཟོས་ཚར་བ་ཤེས།བྱ་རྒྱལ་ཁྱུང་གི་མངལ་ལས་བཙས་པའི་ས་དབང་བཙན་པོའི་དཔུང་ཆེན་ཞིག་ཀྱང་གནས་འདིའི་ཉི་འོད་ལ་བཅིབས་ནས་བཞུད་སོང་།མཐའ་བཞིའི་སྟག་སེང་ཁྲོས་པའི་མཆེ་བ་བཅག་པའི་མ་མཐོང་རྒྱང་སྙན་ཆེ་བའི་བཙན་པོའི་རྟ་དམག་གི་རྨིག་སྒྲ་དོ་དགོང་ངའི་རྨི་ལམ་དུ་འཁོར་ཡོང་ངམ།

  2021.9.2ལ་མངའ་རིས་ནས་ས་བོན་ཙམ་བྲིས།

  2022.12.1ལ་ཁྲིན་ཏུ་ནས་བཅོས་གྲུབ།
 
  གནའ་བོའི་ཚྭ་ལམ་རིང་མོ།

  མཐོ་འབྲིང་སྐབས་ཤིག་ལ་འཇར་མན་དང་སུད་སེ་མཉམ་འབྲེལ་གྱིས་ཕབ་ལེན་བྱས་པའི་དངོས་བཤུས་གློག་བརྙན་ཚྭ་པ་ཞེས་པ་དེར་ཐོག་མར་བལྟས་པ་ཡིན་ལ།དེའི་རྗེས་ཤིག་ལ་ཧྥ་རན་སི་དང་།བལ་བོ།སུའུ་ཙེ་ལན།དབྱིན་ཇི་བཅས་རྒྱལ་ཁབ་བཞིས་མཉམ་དུ་དུས་ཡུན་ཟླ་དགུ་ཙམ་ལ་བརྙན་ལེན་བྱས་པར་བཤད་པའི་༼ཧི་མ་ལ་ཡ༽ཞེས་པའི་ཚྭ་འབྲུ་བརྗེ་འཚོང་གི་གཏམ་རྒྱུད་བརྗོད་པའི་གློག་བརྙན་དེ་ལ་ཡང་སྔ་ཕྱིར་ཚར་འགའ་བལྟས།དེ་ལས་སྔོན་མ་ནི་དངོས་བཤུས་གློག་བརྙན་དང་ཕྱི་མ་ནི་གཏམ་རྒྱུད་གློག་བརྙན་རེད།སྐབས་དེར་རང་གི་མྱོང་བ་གཞིར་བྱས་ཚྭ་པ་དང་ཚྭ་འབྲུ་བརྗེ་འཚོང་ཟེར་ན་ཧ་ཆེན་པོ་གོ་མ་སོང་མོད།མི་སྣ་དེ་དག་གི་སྣང་བརྙན་ནམ་ཡང་བརྗེད་མི་ཐུབ་པ་ཞིག་རེད།ང་རང་སྐྱེས་ས་ནི་བྱང་འབྲོག་སྨན་ལྗོངས་སུ་ཁེལ་སྟབས་འབྲུ་རིགས་ཉོ་དགོས་ཚེ་འབྲོག་པ་ཚོས་ཚོ་དང་ཚོ་བྱས་ནས་རྒྱལ་པོ་ལ་བརྒྱབ་ཏེ་ཏྲེ་ཤོད་དཀར་མཛེས་ལ་འགྲོ་དགོས་པ་ཡིན་མོད།ཚྭ་དང་འབྲུ་བརྗེ་འཚོང་གི་སྐོར་ནས་ང་ལ་ཕྱིར་དྲན་ཅི་ཡང་མི་འདུག།དེ་བས་ཀྱང་ཚྭ་ལེན་ཞེས་པ་ང་ལ་མཚོན་ན་གསང་བ་ཞིག་རེད།ད་ཐེངས་ལྷ་ས་ནས་ལམ་ལ་བུད་དེ་འཕན་ཡུལ་བརྒྱུད་བཀའ་གདམས་པའི་གདན་ས་གླང་ཐང་དགོན་དང་།ཤ་བ་དགོན།པོ་ཏོ་དགོན།བྱང་རྭ་སྒྲེང་བཅས་སུ་མཇལ་ནས་འདམ་གཞུང་ལ་བུད་དེ་བྱང་ཐང་ནག་ཆུའི་ནུབ་རྒྱུད་ཀྱི་འབྲོག་སྡེ་ཁག་ལ་འགྲོ་སྐབས་ལམ་ནས་ངོ་ཤེས་པའི་ནག་ཆུའི་འབྲོག་པ་ལོ་ལྔ་བཅུ་ང་བརྒྱད་ཅན་ཞིག་དང་མཉམ་དུ་ཚྭ་པའི་སྐོར་ནས་ཁ་བརྡ་མང་པོ་བྱུང་ཞིང་།ཁོ་རང་ཚྭ་པའི་མི་རབས་ཐ་མའི་གྲས་རེད་འདུག།ངེད་གཉིས་ཉིན་གསུམ་ལ་མཉམ་དུ་སོང་བ་ཡིན་ལ་བྱང་ཐང་གི་ཚྭ་ལམ་སྐོར་ནས་གླེང་སློང་ཙམ་བྱས་པས་ཁོང་གིས་ང་ལ་རིམ་གྱིས་གནའ་བོའི་ཚྭ་ལམ་རིང་མོའི་སྐོར་གྱི་གཏམ་རྒྱུད་ཀྱི་གཞུང་རྐང་ལ་འཇུས་བྱུང་།ཞག་གྲངས་ཚིགས་ཀྱིས་གཅོད་པའི་འགྲུལ་བཞུད་རིང་མོ་དེ་ཁོང་ཚོའི་མི་རབས་འདིར་སླེབས་རྗེས་མཇུག་ཡོངས་སུ་རྫོགས་ཡོད་པས་ན་གཏམ་རྒྱུད་མང་པོ་ཞིག་ཀྱང་ཁོང་ཚོའི་མིི་རབས་འདིའི་མི་མང་པོ་ཞིག་གི་སེམས་སུ་ཧ་ཅང་གསོན་ཉམས་ཀྱིས་ཁེངས་པ་ལས།དེའི་རྗེས་ཀྱི་ཕྱི་རབས་པའི་སེམས་སུ་ནམ་ཡང་གསང་བའི་སྒྲུང་རིང་ཞིག་ལས་ཅི་ཡང་ཡིན་མི་སྲིད།

  ​དེ་ཡང་ཐོག་མར་ཚྭ་ལེན་དུ་འགྲོ་བའི་དུས་ཚིགས་ནི་གཉིས་ཏེ་སོས་ཚྭ་ཞེས་དཔྱིད་ཀ་བོད་ཟླ་དང་པོའི་ཟླ་མཇུག་གམ་གཉིས་པའི་ཟླ་མགོ་ཡིན་ལ་སྐབས་དེར་ཚྭ་མཚོའི་རླན་གཤེར་གྱི་ཆ་རྣམས་ས་འོག་ཏུ་སིམ་པའམ་འཁྱག་དར་བརྒྱབ་ཡོད་ཅིང་ཚྭ་རྣམས་མཚོ་ཁ་རུ་ཞགས་ལྟར་ཆགས་ནས་ཡོད་པས་ས་རྐོ་བ་ལྟར་རྐོ་ཆོག་ཟེར།ཅིག་ཤོས་ནི་བོད་ཟླ་བཞི་པའི་ཟླ་སྟོད་ཡིན་ཟེར།ཚྭ་ལེན་དུ་འགྲོ་མཁན་ནི་སྐྱེས་པ་དར་མ་ནད་མེད་གཅོང་མེད་ཅིག་ཡིན་དགོས་ལ་མི་དྲག་དང་སྤྲང་པོ་ཚྭ་ལེན་དུ་འགྲོ་སྲོལ་མེད་ཟེར།གནམ་རུ་སྤྱང་ལུང་སྒར་ཐོག་ནས་བཙན་རྫོང་ཚྭ་མཚོའི་བར་ཚྭ་ཁ་ཐག་ཉེ་ཤོས་ཡིན་པ་ལ་ཚུགས་སའི་ཉིན་གྲངས་དང་པོ་ཐབ་ལྷ་འཛོམས་པའི་ཉིན་ནས་ཚུགས་སའི་ཉིན་གྲངས་བཅུ་གཅིག་པར་བཙན་རྫོང་ཚྭ་ཁར་སླེབས་ཐུབ་ཟེར།ཐབས་ལྷ་འཛོམས་པའི་ཉིན་འགྲུལ་བཞུད་གོ་རིམ་ཧྲིལ་བོའི་ཁྲོད་ཀྱི་གལ་ཆེའི་མི་སྣ་སྟེ་ཉམས་མྱོང་ལྡན་པའི་སྐྱེས་པ་ཞིག་“ཕ་རྒན་”ལ་བསྐོས་ནས་འགྲུལ་བཞུད་ཁྲོད་དུ་བཟའ་དཔོན་ལྟ་བུའི་གོ་གནས་ཡོད་ཅིང་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱེད་མཁན་དང་རུ་ཁག་གི་ལམ་སྣ་འདྲེན་མཁན་བྱེད་དགོས།སྐྱེས་པ་གཞན་ཞིག་“མ་རྒན་”ཏུ་བསྐོས་ཏེ་ཁྱིམ་ནང་གི་མ་ལྟར་མེ་འབུད་ཟས་སྐོལ་སོགས་འཚོ་བའི་ཕྱོགས་ལ་འགན་འཁུར་བ་དང་དེ་ནས་ཁྲིམས་དཔོན་དང་བསང་དཔོན་བཅས་གདམས་དགོས།བྱེས་ཝ་ར་ཁྲ་མོའི་བཏགས་ཁྲིམས་ནི་ཚྭ་པ་རྣམས་ཀྱིས་ངེས་པར་དུ་སྲུང་དགོས་པའི་ཁྲིམས་ཡིན་ཟེར།བཏགས་ཁྲིམས་སྡོམ་པའི་དུས་ནི་ཐབས་ལྷ་འཛོམས་པའི་ཉི་ནས་སྡོམ་མཁན་དང་རང་ཡུལ་གྱི་རི་མགོ་མི་མཐོང་བའི་སར་སླེབས་རྗེས་སྡོམ་མཁན་གཉིས་ཡོད་ལ་དེའི་ཉིན་ནས་གཞིས་ཕ་ཡུལ་ལུང་པར་ཕྱིར་མ་སླེབས་བར་དུ་བུད་མེད་ལ་འབྲེལ་བ་བྱེད་མི་ཆོག་པ།མི་གཞན་གྱི་ས་ནས་དངོས་པོ་ཁབ་སྐུད་ཙམ་ཡང་ཁྱེར་ཡོང་མི་ཆོག་པ་དང་མི་དང་ཕྱུག་ལ་དམོད་མོ་བྱེད་མི་ཆོག་པ་ནང་ཁུལ་ལ་འཐབ་རྩོད་བྱེད་མི་ཆོག་པ་བཅས་ཁྲིམས་ཆེན་པོ་བཞི་དང་།ཉིན་དེ་ནས་བཟུང་དངོས་པོ་ཡོད་ཚད་ལ་བཏགས་སྐད་རྒྱག་པ་ལས་ཡུལ་སྐད་དུ་ཤོར་ནས་ཁྲིམས་ཕོག་ཟེར།དཔེར་ན་ནམ་མཁའ་ལ་འབྱུང་རྐུབ།ས་ལ་ཙོག་རྒན།རྐྱང་ལ་མཆན་གོང་།སྤྱང་གི་ལ་འདེབ་རྫུག།རྟ་ལ་ཨོང་ངུ།ཁལ་མ་ལ་མཛོ།ཁྱི་ལ་སྐྱག་ར་སོགས་བཏགས་སྐད་རང་དུ་འབོད་དགོས་ཟེར།མ་རབས་བྱེས་པའི་སྐུ་རིམ་ཞེས་བཏགས་སྐད་ཀྱི་མིང་ཕལ་ཆེ་བར་མ་རབས་ཀྱི་ཆ་འདྲེས་ཡོད།བཏགས་སྐད་འདི་དག་ཚྭ་པ་ཚོར་མཚོན་ན་སྤྱི་ཡོངས་ཀྱིས་བཀོལ་བའི་ཐ་སྙད་དུ་ཆགས་ཡོད་ཟེར།རྨིག་རྗེས་ཀྱི་རི་ལུང་བཀང་བའི་ཚྭ་ལམ་རིང་མོའི་འགྲུལ་བཞུད་དེ་ཉིན་དེ་ནས་མགོ་བརྩམས་པ་ཡིན་ནོ།།

  ཐབ་ལྷ་འཛོམས་པ་ནི་བྱེས་སུ་འགྲོ་བའི་ཉིན་དང་པོ་ཡིན་ཞིང་སྔ་མོར་ལངས་ནས་བསང་བཏང་།གཏན་ཁེལ་གྱི་ཚུགས་སར་སླེབས་རྗེས་ཇ་སྐོལ་ཞིང་ཐེངས་འདིའི་འགྲུལ་བཞུད་ཀྱི་གལ་ཆེའི་མི་སྣ་ཕ་རྒན་དང་མ་རྒན་ཁྲིམས་པ་གཏེར་དཔོན་བསང་དཔོན་སོགས་གཏན་ཁེལ་བཟོ།བྱེས་ཝ་ར་ཁྲ་མོའི་བཏགས་ཁྲིམས་སྡོམ་མཁན་ནི་ཁྲིམས་དཔོན་ཡིན་ནོ།།ཚྭ་འགྲོའི་གནའ་ལམ་རིང་མོ་ནི་ཕ་མེས་ཡང་མེས་ཀྱི་བཞུད་ལམ་ཡིན་ལ་བུ་ཚ་ཡང་ཚའི་འགྲུལ་ལམ་ཡང་ཡིན་ནོ།།བྱ་ངང་པའི་སྐྱེ་བ་མ་ཡིན་ཡང་།།མཚོ་སྔོན་མོའི་ནང་ན་སྒུ་རུ་རུ།།གཙོད་གོག་པོའི་སྐྱེ་བ་མ་ཡིན་ཡང་།།བྱང་བྱེ་མའི་དཀྱིལ་ན་སྒུ་རུ་རུ།།ཞེས་པའི་གླུ་ཡང་མང་དུ་ལེན་སྲོལ་འདུག།ཚ་ལེན་སའི་མཚོ་ནི་བཙན་རྫོང་ཚྭ་མཚོ།མར་རིལ་ཚྭ་མཚོ།སྤྲེལ་ལོག་ཚྭ་མཚོ།སྔོ་གཡེར་ཚྭ་མཚོ།བོང་གཡེར་ཚྭ་མཚོ།ཁུང་ཁུང་ཚྭ་མཚོ།ཚྭ་ཡི་རིགས་ལ་རྒྱ་ཚྭ་དང་།རྒྱམ་ཚྭ།ལྕེ་མྱང་ཚྭ།རྭ་ཚྭ།ཁ་རུ་ཚྭ།ཙབས་རུ་ཚྭ།ཟེ་ཚྭ།ཝ་ཚྭ།མཚལ་ཚྭ།ཐལ་ཚྭ།ཤིང་ཚྭ།ཡ་བག་ཀྵར།བུལ་ཏོག་བཅས་ཡོད་པར་བཤད་ཅིང་ཚྭ་མཚོ་རེ་རེ་དང་འབྲེལ་བའི་གླུ་ཡང་དཔེར་ན།དཀར་ལེ་གཡེར་ཚྭ་མཚོ་མ་ཤེས་ན།།སྲིབ་བག་ཁྲ་ལག་པ་གཡས་ལ་ཞོག།།མགར་རྒྱ་རག་ལག་པ་གཡོན་ལ་ཞོག།།རི་གཏོར་ཟོར་བུམ་པ་ཐོད་ལ་ཆིངས།།དཀར་ལི་གཡར་ཚྭ་དེ་རུ་ཡོད།།དཀར་ལེ་ཡེར་གྱི་ཤེལ་ཚྭ་ཤོ་ཁྲིག་དེ།།ལྷོ་ཞིང་རོང་གི་འབྲུ་ལ་བརྗེ་པོ་ཡིན།།གཡག་རྒན་ཚྭ་མཚོ་མ་ཤེས་ན།།རི་དུག་རི་ལག་པ་གཡས་ལ་ཞོག།རི་མཐོང་སྐྱིད་ལག་པ་གཡོན་ལ་ཞོག།།རི་རིན་ཆེན་སྤུངས་པ་ཐོད་ལ་ཆིངས།།གཡག་རྒན་ཚྭ་མཚོ་དེ་རུ་ཡོད།།སོགས་ཚྭ་མཚོ་རེ་རེ་དང་འབྲེལ་བའི་གླུ་ལེན་སྲོལ་ཀྱང་ཡོད་འདུག

  ཞིང་འབྲོག་ཚོང་ཟོག་བརྗེ་འཚོང་གི་དུས་ཚོད་ནི་འབྲོག་པའི་ཕྱུགས་རིགས་ལ་ཤ་ཤེད་རྒྱས་པའི་དུས་དང་ཕྱུགས་རྫིར་འགྲོ་མཁན་ལས་གཞན་འབྲོག་ལས་ཉུང་ཞིང་ཆར་ཆུ་འཕེལ་བའི་དུས་ཡོལ་ཞིང་འགྲུམ་འགྲུལ་ལ་སྟབས་བདེ་བ།གནམ་གཤིས་དྲོ་གྲང་སྙོམ་པའི་སྟོན་དུས་ཏེ་བོད་ཟླ་དགུ་བའི་ཚེས་ཉི་ཤུའི་ནང་ཡིན་ཟེར།སྐབས་དེར་ཞིང་པས་ཀྱང་ལོ་གཅིག་གི་ཞིང་བསྡུས་ཟིན་པའི་དུས་ཡིན་སྐད།ཞིང་འབྲོག་ཚོང་ཟོག་བརྗེ་ཚོང་གི་ཡུལ་ནི་གཙང་དང་སྙེ་མོའི་ཁུལ་ཡིན་ཟེར།ཡར་ཀླུང་གཙང་བོའི་བྱང་རྒྱུད་སྟོད་དུ་རྒྱ་ཚོ་དང་།ར་ཐང་།རྣམ་གླིང་།ཧྲི་མོ།སྟག་རྩེ།འུ་ཡུག།ནུས་མ།ཐོབ་རྒྱལ་སོགས་དང་།སྨད་དུ་སྙེ་མོའི་ཁོངས་སུ་འགྲོ་ཡི་ཡོད་ཟེར།གཙང་བོའི་ལྷོ་རྒྱུད་དུ་མཁར་སྟོད་མཁར་སྨད་དང་།པ་སྣམ་གཞུང་།རྒྱལ་རྩེ་གཞུང་སོགས་ཡིན་ཟེར།ཐག་རིང་ཤོས་ལ་ཁང་དམར་རྫོང་གི་ས་ཁོངས་སུ་འགྲོ་སྲོལ་འདུག།དུས་ཡུན་ཟླ་བ་གཉིས་ནས་གསུམ་འགོར་གྱི་ཡོད་ཟེར།དབུས་ལྷ་སར་གནས་ཚོང་སྦྲགས་མར་འགྲོ་སྲོལ་ཡང་ཡོད་འདུག་གོ།།ཚོང་ལམ་གྱི་སྒྲིག་གཞི་ནི་ཚྭ་ཚོང་དུ་འགྲོ་སྐབས་དང་གཅིག་པར་འདུག།གནམ་གཤིས་དྲོ་བས་གྲོ་ཤ་མང་པོ་འཁྱེར་སྲོལ་མེད་པར་གྲོ་ལུག་ཅེས་ལམ་ནས་རིམ་བཞིན་བཤའ་རྒྱུའི་ལུག་དེད་ནས་འགྲོ་བ་རེད་ཟེར།ཚོང་ལས་ཀྱི་ཉམས་མྱོང་བཟང་བ་དང་ཞིང་ཁུལ་དུ་ཚོང་ཤག་ཡོད་མཁན་ཞིག་ཚོང་དཔོན་དུ་བརྐོ་བར་བཤད།ད་དུང་བུ་ཚ་སྟག་མོ་ཞེས་ཚོང་པའི་རོགས་སུ་ཁྲིད་པའི་ཁལ་རྫིའམ་གཡོག་པོ་དེར་ཡང་སྟག་མོ་རྐྱང་པ་དང་སྟག་ཕྱེད་ཀྱི་རིགས་གཉིས་འདུག་པ་ལ་ཡང་རང་སྒེར་གྱི་ཁལ་མ་ལྔ་ནས་བཅུ་བར་འདེད་ཆོག་མིན་གྱི་ཁྱད་པར་མགོ་འཁྲུག་པ་ཞིག་འདུག།འབྲང་མི་རྣམས་ཀྱིས་མི་རེས་གྲོ་ར་གྲོ་ལུག་བསྡུས་ནས་སྟག་མོར་སྤྲད་དགོས།ཇ་དང་མར་མ་རྒན་གྱི་ལག་ཏུ་སྤྲད།འགྲུལ་བཞུད་ལ་ཁལ་མ་དལ་མོར་དེད་ནས་འགྲོ་དགོས་པ་དང་།སྐབས་དེར་མཛོ་གླུ་ཞེས་པ་ཞིག་གཏོང་སྲོལ་འདུག་པ་ནི།

  མ་མཛོ་པའི་མཛོ་མཐུད་གོར་རོ་རོ།།མཛོ་བྲེལ་འདེད་མ་བྱེད་དལ་འདེད་བྱོས།།

  གཙང་བཀྲ་ཤིས་མི་ཚེ་གཏན་སྡོད་རེད།།མཛོ་ལ་ལུས་བྱུང་ན་ངོ་ཚ་རེད།།

  མ་དྲེལ་པའི་དྲེལ་འདེད་གོ་རོ་རོ།།དྲེལ་བྲེལ་འདེད་མ་བྱེད་དལ་འདེད་བྱོས།།

  རྒྱ་ཚར་ཚ་མི་ཚེ་གཏན་སྡོད་རེད།།དྲེལ་ལ་ལུས་བྱུང་ན་ངོ་ཚ་རེད།།

  ཞེས་ཁལ་མ་དལ་འདེད་བྱེད་ཅིང་འགྲོ་བར་བཤད།རོང་འབྲོག་བར་གྱི་ལ་མོ་བརྒལ་རྗེས་ས་མ་འབྲོག་གི་དུད་ཁྱིམ་ལ་ཤ་མར་ཐུད་གསུམ་གྱི་གྲོ་བཅོལ་བ་དང་ཕྱིར་ཕ་ཡུལ་ལ་ལོག་དུས་ཀྱི་རྒྱགས་ཕྱེ་བྱེད་སྲོལ་ལ་དུད་ཚང་དེ་དག་ཀྱང་མི་རབས་ཕྲེང་བརྒྱུད་ཀྱི་ངོ་ཤེས་ཤག་པོ་རྐྱང་བ་ཡིན་སྐད།འབྲོག་པ་རྣམས་གཙང་དང་སྙེ་མོའི་ཁུལ་དུ་སླེབས་རྗེས་གཙང་པོའི་བྱང་རྒྱུད་དུ་དངོས་ཟོག་བྲིན་པ་མེད་ཚེ་ཀོ་གྲུར་བསྡད་དེ་གཙང་བོ་བརྒལ་ནས་གཙང་པོའི་ལྷོ་རྒྱུད་དུ་འགྲོ་དགོས་པར་འདུག།གཙང་བོའི་ལྷོ་རྒྱུད་དུ་གཙང་བོའི་བྱང་རྒྱུད་ལས་ཀྱང་ཚྭའི་རིན་གོང་ལྡབ་འགྱུར་གྱིས་ཆེ་བ་ཡོད་ཟེར།གནའ་དུས་སུ་ཡར་ཀླུང་གཙང་བོར་ཞང་འབྲོག་ཚོང་ཟོག་བརྗེ་འཚོང་གི་གྲུ་ཁ་འགའ་ཞིག་ཡོད་པ་ནི།ཨེ་མ་སྒང་ཀོ་ས།ཐོབ་རྒྱལ་ཀོ་ས།སྟག་གྲུ་ཀོ་ས།ར་ལག་ཀོ་ས་སོགས་ཡིན་པར་བཤད་ལ་གྲུ་དཔོན་དང་འབྲེལ་བ་བྱས་ནས་ཚོང་ཟོག་དང་མི་རྣམས་གྲུ་ལ་བསྟེན་ནས་གཙང་པོ་བརྒལ་དགོས་ཞིང་།ཚྭ་ཤོ་དང་སྤུ་ཤོ་ཞེས་གྲུ་ཁ་ཁག་ནས་དོ་དམ་ནན་མོ་བྱས་ཏེ་ཁྲལ་འགེལ་བ་ཡིན་ཟེར།ཁལ་མར་རྩྭ་རིན་དང་།གྲུ་དཔོན་ལ་མཇལ་ཤོ་ཞེས་ཤ་མར་ཐུད་གསུམ་གང་ལེགས་མ་སྤྲད་ན་གཙང་བོར་སྒྲོལ་རོགས་མི་བྱེད་པ་ཡིན་སྐད།ཚ་འབྲུ་གཉིས་ལ་གཏན་ཁེལ་རིང་བཞིན་གྱི་ཐང་གཞི་མེད་ལ་སོ་སོར་དགོས་མཁོའི་ཚད་ལྟར་སྣོད་བརྗེ་ཞེས་སྣོད་ཆེ་ཆུང་མེད་པར་འཇལ་ནས་བརྗེ་སྲོལ་དང་།ལྔ་བཞི་ཚུར་ལེན་ཕར་སྤྲོད་ཅེས་ཚྭ་ཟོ་བ་བཞི་ལ་འབྲུ་ཟོ་བ་ལྔ་ཚུར་ལེན་པ།ཉི་ཤུ་ཁལ་ཞེས་ཚྭ་ཟོ་བ་བཅུ་དགུ་སྤྲད་པར་འབྲུ་ཟོ་བ་ཉི་ཤུ་ཚུར་ལེན་པ།བརྗེ་པོ་ཡ་དོ་ཞེས་ཚྭ་སྒྱེ་གང་ལ་འབྲུ་སྒྱེ་གང་བརྗེ་བ་སོགས་མི་འདྲ་བ་སྣ་ཚོགས་ཡོད་སྐད།དེ་བཞིན་མངའ་རིས་ནས་དགེ་རྒྱས་རྫོང་གི་ཚྭ་མཚོ་ལ་སྐད་གྲགས་ཡོད་ཅིང་།སྔར་ཚྭ་མཚོ་དེའི་ནང་གི་ཚྭ་རྒྱ་གར་དང་བལ་ཡུལ། ཡུ་གུར་སོགས་སུ་ཡང་ཕྱིར་འཚོང་མང་དུ་བྱེད་མྱོང་བར་ཁ་རྒྱུན་དུ་ཡང་ཤར་གྱི་ཇ་རྟའི་གནའ་ལམ་དང་། ནུབ་ཀྱི་ཚྭ་ལུག་གནའ་ལམ་ཟེར་སྲོལ་འདུག་གོ།ཚྭ་ལམ་དང་འབྲེལ་ནས་ཅུང་ཙམ་འཕྲོས་ན།བོད་དང་ནུབ་གླིང་བར་གྱི་ཉོ་ཚོང་གི་ལམ་ཐིག་གཙོ་བོ་གླ་རྩིའི་ཚོང་ལམ་ཡང་ནག་ཆུའི་ཤར་རྒྱུད་ཀྱི་གཤོང་ས་བརྒྱུད་ནས་འཐེན་ཡོད།སྔོན་མ་པེ་ཅིན་དུ་སྡོད་སྐབས་ཡོན་རྒྱལ་རབས་ཀྱི་ཏི་ཤྲི་རིམ་བྱོན་དང་མིང་རྒྱལ་རབས་ཀྱི་ཆོས་རྗེ་རིམ་བྱོན་ཆིང་གི་ཧུ་ཐོག་ཐུ་རིམ་བྱོན་གྱི་འབྱོན་བཞུད་ལམ་ཐིག་ཇི་ལྟར་ཡོད་ལུགས་ལ་དོ་སྣང་བྱས་མོད་གསལ་བོ་ཞིག་མ་ངེས།ད་ཐེངས་ཡོན་གྱི་སྐབས་བཙུགས་པའི་ནག་ཆུའི་འཇའ་མོའི་སྐོར་དེ་བརྗེད་ཐོ་ཙམ་འབྲི་སྐལ་བྱུང་།ཡོན་རྒྱལ་རབས་སྐབས་བོད་དང་ནང་སའི་ས་མཚམས་ནས་ས་སྐྱའི་བར་འཇའ་མོ་རྟ་ཟམ་ཉི་ཤུ་རྩ་བདུན་བཙུགས་པར་བཤད་ལ།དེ་ལས་མདོ་སྨད་ལ་འཇའ་མོ་བདུན། མདོ་སྟོད་དུ་འཇའ་མོ་དགུ། དབུས་གཙང་ལ་འཇའ་མོ་བཅུ་གཅིག་ཡོད་པ་ལས། དབུས་ལ་འཇའ་མོ་བདུན་ཁེལ་ཡོད་པར་བཤད་པ་ནི་སོག་ནས་ཡངས་པ་ཅན་བར་ཡིན་པས་ཕལ་ཆེ་བ་བྱང་རྒྱུད་ས་ཁུལ་དུ་ཁེལ་ཡོད་ལ་དེའི་ཁྲོད་ད་ལྟའི་ནག་ཆུ་ཁུལ་དུ་བཞི་ཙམ་ཁེལ་ཡོད།སྐབས་དེའི་དབུས་ཀྱི་རྟ་ཟམ་བདུན་ནི་སོག་ནས་ཡངས་པ་ཅན་བར་ཡིན་ལ། སོག་ནི་ད་ལྟའི་སོག་རྫོང་གནས་ཡུལ་རེད། ཕྱིས་སུ་མིང་དང་ཆིང་གི་སྐབས་སུ་ཡང་རྟ་ཟམ་འདི་དག་རྩ་བའི་ཆ་ནས་སོར་བཞག་བྱས་འདུག མིང་རྒྱལ་རབས་སྐབས་ཀྱི་ཆོས་རྗེ་རྣམ་གསུམ་ཡང་ལམ་འདི་དག་བརྒྱུད་ནས་འབྱོན་བཞུད་མཛད།

  བྱང་ཐང་གི་འགྲོ་ལམ་རིང་མོ་གཏམ་གྱིས་བཅད་དེ་མཚམས་འདིར་སླེབས་དུས་བྱང་རྟ་སྒོ་གངས་རིའི་འདབས་སུ་འབྱོར་འདུག།རྨིག་རྗེས་ཀྱིས་རི་ལུང་བཀང་བའི་འགྲུལ་བཞུད་རིང་མོ་དེའི་དོན་སྤྱི་ཙམ་བློ་ལ་འཆར་དུ་ཡོད་པ་ནི།ཆུང་དུས་ཏྲེ་ཤོད་གཞུང་དུ་གཤར་བའི་རོང་ཚོང་བ་དག་གི་བག་ཆགས་རེད།བག་ཆགས་དེའི་ཁྲོད།བས་པས་ཚོང་བ་སྒུག་སྒུག་ཅེས་སྒུག་ཐག་རིང་བའི་ཚད་དུ་འཇོག་པ་དེ་ཡང་ཡིད་ལ་ཡང་ཡང་འཁོར།།སྣང་བ་ཞིག་ལ་ད་ལྟ་ཡང་ངའི་མིག་མདུན་དུ་ཁལ་མ་འདེད་མཁན་གྱི་རོང་ཚོང་བ་མང་པོ་ཞིག་གཤར་བཞིན་ཡོད་པ་འདྲ།ཆེས་མཐའ་མཇུག་གི་ཚྭ་པ་ཁོང་གིས་བཤད་པའི་སྐད་ཆ་དག་ཟིན་ཐོར་ཕབ་རྗེས་ཁུངས་བཙུན་པའི་འབྲེལ་ཡོད་ཡིག་ཆ་འགའ་ཡང་བཙལ་ཏེ་དག་བཅོས་བྱས་ཐོག་གནའ་བོའི་ཚྭ་ལམ་རིང་མོ་འདི་ཉིད་བྲིས།

  2023.4.3ལ་བྱང་རྟ་སྒོ་གངས་རིའི་འདབས་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དགྲ་ཟོར་གྱི་ལྷུག་རྩོམ་བདམས་བཀོད།

2023-09-05 དགྲ་ཟོར།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།